Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 133

Văn bản gốc(Tây Tạng)

Trang 22 / 23 (50.000 ký tự/trang)
ུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ངོ་། །ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ། དུས་ནི་
འདི་སྙེད་ཅིག་ཏུ་གནས། ཚེའི་མཐའ་ནི་འདི་ཙམ་དུ་ཐུབ་པར་འགྱུར། དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས་པའི་སྔོན་གྱི་གནས་དུ་མ་རྗེས་སུ་དྲན་ནོ། །གང་དུ་གནས་པ་དེ་བསྟན་པའི་ཕྱིར་སེམས་
ཅན་གྱི་རིས་རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ། སྣ་ཚོགས་ཉིད་ཀྱང་ཕྱོགས་ཀྱི་དབྱེ་བས་བསྟན་པའི་ཕྱིར། ཤར་ཕྱོགས་རྣམས་དང་ཞེས་བྱ་བ་ལ་སོགས་པའོ། །སྔོན་གྱི་དོན་བསྟན་པའི་ཕྱིར། སྔོན་འདས་པའི་ལུས་རྣམས་ལ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་རྣམས་
ཀྱི་སྤྱོད་པའི་དབྱེ་བ་བསྟན་པའི་ཕྱིར་མིང་དང་བརྡ་སྣ་ཚོགས་རྣམ་པར་གཞག་པ་ཐ་དད་པ་ཞེས་བྱ་བའོ། །གཞི་རྣམ་པ་བརྒྱད་བསྟན་པའི་ཕྱིར་ཐ་སྙད་ཀྱི་གཞི་བརྒྱད་ཅེས་བྱ་བ་ལ། མིང་དང་བརྡ་ལ་སོགས་པའི་ཐ་སྙད་ཀྱི་རྟེན་དུ་གྱུར་པའི་མིང་ལ་སོགས་པ་བརྒྱད་ནི་ཐ་སྙད་ཀྱི་གཞི་ཞེས་བྱའོ། །དེ་ལ་
བརྟེན་པ་ཞེས་བྱ་བ་ནི་དེ་ལ་གནས་ནས་འཇུག་པའོ། །སྤྱོད་པ་དྲུག་ཏུ་འགྱུར་བ་ནི་སྤྱོད་པར་བྱེད་པས་ན་སྤྱོད་པ་ཞེས་བྱ་བ་སྟེ། ཉེ་བར་སྤྱོད་པར་བྱེད་ཅིང་ཐོབ་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་འདས་པའི་སྐྱེ་བའི་སྤྱོད་པ་དྲུག་རྣམ་པ་དུ་མས་རྗེས་སུ་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་
པའོ་ཞེས་པ་བསྟན་པ་ནི་བསྡུས་པའི་དོན་ཡིན་ནོ། །ཐ་སྙད་ཀྱི་ཚིག་རྣམས་ནི་མདོའི་རྗེས་སུ་འབྲངས་ནས་བསྟན་པ་ཡིན་ཏེ། མིང་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོགས་པའོ། །སྤྱོད་པ་དྲུག་པ་བསྟན་པའི་ཕྱིར། ཐ་སྙད་ཀྱི་གཞི་བརྒྱད་པ་བརྟེན་པའི་སྤྱོད་པ་དྲུག་གང་ཞེ་ན། བོད་པའི་བརྡ་ཞེས་བྱ་

བ་ལ་སོགས་པ་ལ། མིང་གི་བརྡ་ནི་མིང་ནི་འདི་ཞེས་བྱ་ཞེས་བྱ་བའོ། །རིགས་ཀྱི་བརྡ་ནི་སྐྱེ་བ་ལ་སོགས་པའོ། །ཕ་མའི་བརྡ་ནི་རིགས་རྣམས་སོ། །ཟས་སྐོམ་ལ་སོགས་པའི་བརྡ་ནི་ཁ་ཟས་སོ། །འབྱོར་པ་དང་རྒུད་པའི་བརྡ་ནི་བདེ་བ་དང་སྡུག་བསྔལ་བ་རབ་ཏུ་མྱོང་བའོ། །ཚེ་སྣ་ཚོགས་ཀྱི་
བརྡ་ནི་ཚེ་རིང་བ་ལ་སོགས་པ་རྣམ་པ་གསུམ་ཡིན་ནོ། །བདག་དང་གཞན་རྣམས་ནི་འདས་པའི་གནས་སྐབས་ངེས་པར་སྤྱོད་པར་བྱེད་པ་ནི་སྣོད་དུ་རུང་བའི་ཕྱིར་སྤྱོད་པ་དྲུག་པོ་ཐ་སྙད་འདོགས་པར་ངེས་པ་ཡིན་ནོ། །བདག་གི་མིང་ནི་འདི་ཞེས་བྱ་བ་ནི་བདག་གི་མིང་ནི་ཐ་སྙད་དོ། །འདིའི་མིང་ནི་འདི་ཞེས་བྱ་བ་ནི་
གཞན་གྱིའོ། །རྒྱལ་རིགས་སོ་ཞེས་བྱ་བ་ནི་བདག་གམ་གཞན་གྱི་ཐ་སྙད་དོ། །འདིའི་ཞེས་བྱ་བ་ནི་གཞན་གྱིའོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །འདི་ནི་ཞེས་བྱ་བ་ནི་བདག་ཡིན་ནོ་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་གཞན་གྱིའོ། །བདག་ཁ་ཟས་ཀྱི་བྱ་བ་བདག་གུའམ་ཞེས་
བྱ་བ་ལ་བདག་གམ་ཞེས་བྱ་བ་ནི་བདག་ཉིད་དོ། །ཡང་ན་འདི་ཞེས་བྱ་བ་ནི་གཞན་དག་གོ། །དེ་ལྟའི་ཚུལ་གྱིས་དར་བའམ་རྒུད་པ་ནི་བདེ་བ་དང་སྡུག་བསྔལ་ལོ། །བདག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །འདི་ཞེས་བྱ་བ་ནི་གཞན་དག་གོ། །ན་ཚོད་ཀྱིས་ནི་ཞེས་བྱ་བ་ནི་བདག་ཉིད་ཀྱི་ན་ཚོད་སྣ་
ཚོགས་བསྟན་པའོ། །འདི་ཞེས་བྱ་བ་ནི་གཞན་དག་གིའོ། །དེ་ལྟར་ན་བདག་དང་གཞན་དག་གི་སྤྱོད་པ་དྲུག་བསྟན་པ་ཡིན་ནོ། །རྣམ་པ་དང་བཅས་དོན་རྟགས་དང་བཅས་པར་ཞེས་བྱ་བའི་དོན་གྱི་ཁྱད་པར་བསྟན་པའི་ཕྱིར། དེ་ལ་ཐ་སྙད་ཀྱི་གཞི་ཞེས་བྱ་བ་ལ་སོགས་པའོ། །གཞན་ནི་
གཞན་དུ་ཡང་འཆད་དེ་བདག་གི་མིང་ནི་འདི་ཞེས་བྱ་ཞེས་བྱ་བ་ནས་བདག་དེ་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནི་སྔོན་གྱི་གནས་བསྟན་པ་ཡིན་ལ། གནས་ཀྱི་བྱེ་བྲག་ནི་རྣམ་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་པ་རྣམས་འདི་སྐད་རྗོད་པར་བྱེད་དེ། ཁྱོད་གནས་གང་ནས་འོངས་ཞེས་འདྲི་བར་
བྱེད་པ་ཡིན་ནོ། །གཞན་ཡང་སྔ་མ་བཞིན་ནོ། །དེའི་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པ་དང་ཡང་དག་པར་ལྡན་པས་སེམས་ཅན་འཆི་འཕོ་བ་རྣམས་དང་། སྐྱེ་བ་རྣམས་དང་ཁ་དོག་བཟང་པོ་རྣམས་དང་ཁ་དོག་ངན་པ་རྣམས་དང་། དམན་པ་རྣམས་དང་། གྱ་ནོམ་པ་རྣམས་དང་། བདེ་

འགྲོར་འགྲོ་བ་རྣམས་དང་། ངན་འགྲོར་འགྲོ་བ་རྣམས་ཀྱི་ལས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་ནས་ཡིད་ཀྱིས་ཉེས་པར་སྤྱོད་པའི་བར་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ།
ལོག་པར་ལྟ་བའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་གནས་པའི་རྒྱུ་དང་རྐྱེན་གྱིས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཡང་སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་ཞེས་བྱ་བ་ནས། སྔ་མ་ལས་
བཟློག་པས་བདེ་འགྲོ་མཐོ་རིས་སུ་ལྷའི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་ཏེ། འདི་ནི་སྟོབས་དགུ་པའོ། །དེ་ལ་ལྷའི་མིག་བསྟན་པའི་ཕྱིར། ལྷའི་གནས་པས་བསྡུས་པའི་ཕྱིར་བསམ་གཏན་རྣམས་ཀྱང་ལྷའི་ཞེས་བྱ་བ་ལ། དེ་ལ་བརྟེན་པའི་ཕྱིར་དེ་ལ་ཡང་ལྷའི་མིག་ཅེས་བྱའོ་ཞེས་
བསྟན་པའི་ཕྱིར་ཇི་ལྟར་མིག་གིས་ཤེས་པར་བྱ་བའི་གཟུགས་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་བསྟན་པའི་ཕྱིར། དེའི་འབྲས་བུ་དང་ཞེས་བྱ་བ་ལ། འདི་དག་གིས་ནི་མིག་རྣམ་པ་གཉིས་སུ་བསྟན་པ་ཡིན་ཏེ། དད་པའི་མིག་དང་། ཤེས་རབ་ཀྱི་མིག་གོ། །ཡོངས་སུ་དག་པའི་བསམ་
གཏན་གྱི་འབྲས་བུ་ཡིན་པས་ན་ཞེས་པ་ནི་མངོན་པར་ཤེས་པའི་རང་བཞིན་ཡིན་པར་བསྟན་པའི་ཕྱིར་དང་། འདོད་པ་ན་སྤྱོད་པའི་ལྷའི་མིག་བསལ་བའི་ཕྱིར་རོ། །དེ་དག་ཀྱང་ལྷའི་མིག་ཡང་དག་པ་མ་ཡིན་ཏེ། སྐྱེ་བས་ཐོབ་པ་ཡིན་པའི་ཕྱིར་རོ། །རྣམ་པ་གཉིས་ཀ་ཡང་མི་ལས་འདས་པ་ཡིན་
པར་བསྟན་པའི་ཕྱིར། མིང་འདྲ་བ་ཉིད་དང་། མཐུ་ཉིད་ཀྱིས་དེའི་རིགས་སུ་གཏོགས་པ་རྣམས་ལ། དེ་དག་དང་འདྲ་བ་ཡང་མེད་དོ་ཞེས་སྨྲས་པ། མི་རྣམས་ལ་དེ་དག་དང་འདྲ་བ་ཡང་མེད་དོ་ཞེས་བྱ་བར་ཡང་སྨྲས་པ་མི་རྣམས་ལ་ཐ་ན་འདྲ་བ་ཡང་མེད་ཅེས་བྱ་བ་ལ་མིང་ཡང་མེད་དོ་ཞེས་བྱ་བ་ལ་སོགས་
པའི་དོན་ཏོ། །འདོད་པའི་ཁམས་ཀྱི་མི་ལས་གཞན་རྣམས་ལ་མིང་འདྲ་བ་ཡོད་དོ་ཞེས་བྱ་བ་བསྟན་པའི་ཕྱིར། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ནི་མིང་མཐུན་པ་ཙམ་ཡོད་མོད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །འཆི་བ་རྣམས་ལ་ནི་འཆི་འཕོ་ཞེས་བྱ་སྟེ། འཆི་བ་ལ་མངོན་པར་ཕྱོགས་པའི་

ཕྱིར་རོ། །སྲིད་པ་བར་མ་ན་གནས་པ་ལ་ནི་སྐྱེ་བ་ཞེས་བྱ་སྟེ་སྐྱེ་བ་ལ་མངོན་པར་ཕྱོགས་པའི་ཕྱིར་རོ། །སྲིད་པ་བར་མ་ན་གནས་པ་དེ་ཡང་རྣམ་པ་གཉིས་ཏེ། བདེ་འགྲོར་འགྲོ་བ་དང་། ངན་འགྲོར་འགྲོ་བའི་དབྱེ་བས་སོ། །དེ་དག་ནི་འགྲོ་བའི་བྱེ་བྲག་གིས་ཁ་དོག་གི་བྱེ་བྲག་ཏུ་འགྱུར་རོ་ཞེས་
བྱ་བ་ནི་ངེས་པ་ཡིན་པར་སྨྲས་པ། རྣམ་པ་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འགའ་ཞིག་ལེགས་པར་སྤྱད་པའི་འབྲས་བུ་ལ་གནས་ནས་ཉེས་པར་སྤྱད་པ་སྤྱོད་པ་དེ་དག་ནི་ངན་འགྲོར་འགྲོ་བས་སྣང་བ་ནས་མུན་པར་འཇུག་པར་འགྱུར་རོ། །ཡང་འགའ་ཞིག་ཉེས་པར་སྤྱད་པའི་འབྲས་བུ་ལ་གནས་
ནས་ཉེས་པར་སྤྱད་པ་སྤྱོད་པ་དེ་དག་ནི་མུན་པ་ནས་མུན་པར་འཇུག་པའོ་ཞེས་བྱ་བས་རྣམ་པ་གཉིས་ཀ་ཡང་མུན་ཁྲོད་དུ་འཇུག་པ་ཡིན་པས་ལ་བ་ནག་པོའི་ཁ་དོག་འདྲ་བའམ་ཞེས་དཔེས་བསྟན་དེ་ནག་པོ་ཉིད་ཡིན་པས་ཁ་དོག་ངན་པ་ཞེས་བྱའོ། །རྒྱུ་རྣམ་པ་གཉིས་ཀྱིས་ཞེས་བྱ་བ་ནི་འགའ་ཞིག་ལེགས་པར་
སྤྱད་པའི་འབྲས་བུ་ལ་གནས་ནས་ལེགས་པར་སྤྱད་པའི་ལས་བྱེད་པ་དེ་དག་ནི་སྣང་བར་འཇུག་པར་འགྱུར་ཞེས་བདེ་འགྲོར་འགྲོ་བའོ། །དེའི་ཕྱིར་དཔེ་ཡང་ཤིན་ཏུ་དཀར་བ་ཉིད་བསྟན་པ་སྟེ། དཀར་བ་ཡིན་པའི་ཕྱིར་ཁ་དོག་བཟང་པོ་ཞེས་བྱ་བས་བསྟན་ཏོ། །དེ་དག་ནི་ཁ་དོག་གི་དབང་གིས་བགྲོད་པར་
བྱ་བའི་གནས་དམན་པ་དང་གྱ་ནོམ་པར་འགྲོ་བར་འགྱུར་རོ། །དེ་ཡང་། ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ་བར་འགྱུར། །ཚུལ་ཁྲིམས་བསྲུངས་པས་མཐོ་རིས་སྐྱེ་བར་འགྱུར། །ཞེས་བྱ་བའི་ངེས་པས་སོ། །ཚུལ་ཁྲིམས་འཆལ་པས་ནི་ངན་སོང་དུ་འགྲོ་བར་འགྱུར་རོ། །དེའི་ཕྱིར་སྨྲས་པ།
ཚུལ་ཁྲིམས་ཉམས་པ་ཀུན་ནས་སློང་བ་དང་བཅས་པ་ཞེས་བྱ་བ་ལ། ལུས་དང་ངག་གིས་ཉེས་པར་སྤྱོད་པ་ནི་ཚུལ་ཁྲིམས་ཉམས་པའོ། །དེ་ཀུན་ནས་སློང་བ་ནི་ཡིད་ཀྱིས་ཉེས་པར་སྤྱོད་པའོ། །དེ་ཉིད་ནི་ཚུལ་ཁྲིམས་ཉམས་པ་སྟེ། མདོའི་ཚིག་དང་སྦྱར་བར་བྱའོ། །ལུས་དང་ངག་དང་ཡིད་ཀྱིས་
ཉེས་པར་སྤྱོད་པ་ཞེས་བྱ་བ་ཡང་ཡིད་ཀྱིས་ཉེས་པར་སྤྱོད་པ་བསྟན་ཟིན་ན་ཡང་འཕགས་པ་ལ་སྐུར་པ་འདེབས་པ་ལ་སོགས་པའི་ལྟ་བ་ལོག་པ་བསྟན་པའི་དགོས་པ་བསྟན་པའི་ཕྱིར། ཡིད་ཀྱིས་ཉེས་པར་སྤྱོད་པའི་གཙོ་བོ་ནི་ལྟ་བ་ལོག་པ་ཉིད་ཡིན་ཏེ། ཉེས་པར་སྤྱོད་པ་ཀུན་ནས་སློང་བ་ནི་ཐུན་མོང་མ་

ཡིན་ན་ཡང་། མི་འདོད་པའི་འབྲས་བུ་འབྱུང་བ་མ་མཐོང་བ་ནི་ལྟ་བ་ཡིན་པས་སོ། །ཡང་ལོག་པར་ལྟ་བ་དེ་ནི་རྣམ་པ་གཉིས་ཏེ། འཕགས་པ་ལ་སྐུར་པ་འདེབས་པ་དང་། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའོ། །དེ་ལ་དང་པོ་ནི་འཕགས་པ་ལ་སྐུར་པ་
འདེབས་པ་ཡིན་ལ། གཉིས་པ་ནི་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བའོ། །དེའི་མི་མཐུན་པའི་ཕྱོགས་སུ་རྣམ་པར་གནས་པའི་འཕགས་པ་ནི་སངས་རྒྱས་དང་ཉན་ཐོས་རྣམས་ཏེ། དེའི་གཉེན་པོའི་ཕྱོགས་ཟག་པ་མེད་པའི་ལྟ་བ་དང་ཡང་དག་པར་ལྡན་པ་རྣམས་སོ། །དེ་དག་ལ་
སྐུར་པ་འདེབས་པ་ནི་ལོག་པར་ལྟ་བའི་ལས་ཀྱི་ཆོས་ཡང་དག་པར་བླངས་ནས་གནས་པའི་རྒྱུས་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། ལོག་པར་ལྟ་བ་དེས་ན་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཕྱིར་རྒྱུ་དང་འབྲས་བུ་ལ་ལོག་པར་མངོན་པར་ཞེན་ཏོ། །དེས་ན་ལོག་པའི་ལས་དེ་མངོན་པར་འདུ་བྱེད་དོ། །
ལོག་པར་ལྟ་བའི་ལས་དེ་མངོན་པར་འདུ་བྱས་པས་ནག་པོའི་ཕྱོགས་ཀྱི་ཆོས་ཡང་དག་པར་བླང་བ་གཉིས་ཡང་དག་པར་ལེན་ཏོ། །དེའི་རྒྱུས་ལོག་པར་ལྟ་བའི་ལམ་གྱི་ཆོས་ཡང་དག་པར་ལེན་པ་དེ་གཉིས་ཡང་དག་པར་ལེན་ཏོ། །ཡང་དེའི་རྐྱེན་བསྟན་པའི་ཕྱིར་དང་དེའི་དོན་བསྟན་པའི་ཕྱིར། དེ་མ་
ཡིན་པའི་དགེ་བའི་ཆོས་རྣམ་པ་དུ་མ་དང་ལྡན་ཡང་ཞེས་བྱ་བ་ལ། དེ་ལས་གཞན་པའི་དགེ་བའི་རྩ་བ་དག་ཡོད་དུ་ཟིན་ཀྱང་། དེའི་དབང་གིས་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་སྨྲས་པ། རྒྱུ་དེ་དང་རྐྱེན་དེས་ཞེས་བྱ་བ་ལ་སོགས་པའོ། །ལུས་ཞིག་པར་བསྟན་པའི་ཕྱིར་མིང་དང་གཟུགས་གཅིག་
ལ་གཅིག་ཅེས་བྱ་བ་ལ་སོགས་པ་ལ། སྔར་མིང་དང་གཟུགས་དག་ཕན་ཚུན་ལྟོས་ཤིང་བསྟེན་ནས་ཀུན་དུ་འབྲེལ་པར་གྱུར་པ་ལས། མ་འབྲེལ་པར་གྱུར་པ་ནི་ལུས་ཞིག་པ་ཞེས་བྱ་སྟེ། དབང་པོ་རྣམས་ཡོངས་སུ་བྱེ་ཞིང་རྣམ་པར་ཤེས་པས་བཏང་བའོ། །ཤི་བ་ཐམས་ཅད་ཀྱི་ནང་ན་ཤི་བ་ཐ་མ་
དེ་མཆོག་ཏུ་ངན་པ་ཞེས་བྱ་བ་ལ། འཆི་བ་རྣམ་པ་བཞིའི་ནང་ནས་མ་དུལ་བའི་འཆི་བ་གང་ཡིན་པ་དེ་ནི་ངན་པ་སྟེ། དེའི་ཕྱིར། མ་དུལ་བ་ནི་འཆི་འགྱུར་ཞེས། །སེམས་ནི་སྐྱོ་བ་བསྐྱེད་པར་བྱ། །ཞེས་གསུངས་པ་ཡིན་ནོ། །མཆོག་ཏུ་ངན་པ་ཡིན་པས་ཞེས་བྱ་བ་ནི་མ་དུལ་པར་འཆི་བའོ་

ཞེས་བྱ་བའི་དོན་དུ་བསྟན་པའི་ཕྱིར། འདི་དག་ནི་དོན་གྱིས་འཕངས་པ་དང་། ཚིག་དང་ཡི་གེས་འཕངས་པའོ། །སྐྱེས་པ་རྣམས་ནི་འཆི་བར་ངེས་པ་ཡིན་ལ། ཤི་བ་རྣམས་ནི་ཉོན་མོངས་པ་དང་བཅས་པ་ཡིན་ན་སྐྱེ་བར་འགྱུར་གྱི། ཉོན་མོངས་པ་མེད་ན་ནི་སྐྱེ་བར་མི་འགྱུར་རོ་ཞེས་འདིར་
བསྟན་པ་ཡིན་ནོ། །དམྱལ་བ་རྣམས་ཀྱི་མིང་བསྟན་པའི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་གྱི་མིང་བསྟན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ངན་སོང་ཞེས་བྱ་བ་ནི་དམྱལ་བ་ཞེས་བྱ་བར་གྲགས་པའོ། ངན་འགྲོ་ལོག་པར་ལྟུང་བ་ཞེས་བྱ་བ་ཡང་དེ་བཞིན་ནོ། །རང་བཞིན་དང་ལུས་དང་དངོས་པོ་བསྟན་
པའི་ཕྱིར་ཞེས་བྱ་བ་ལ། དེའི་ངོ་བོ་ཉིད་ནི་དམྱལ་བ་ཞེས་བྱ་བའོ། །ལུས་ཞེས་བྱ་བ་ནི་ངོ་བོ་ཉིད་དེ། ངོ་བོ་ཉིད་གཞན་ལ་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཁྱད་པར་དུ་གཞན་གྱི་མཚན་ཉིད་ཀྱི་རྟེན་ཡིན་པའི་ཕྱིར་དངོས་པོ་ཞེས་ཀྱང་བརྗོད་དེ། དེ་ལ་བརྟེན་ནས་དེ་དག་གི་ཁྱད་པར་དུ་འཇུག་པའི་ཕྱིར་
རོ། །འགྲོ་བ་དེར་འགྲོ་བའི་རྒྱུ་ནི་ཤིན་ཏུ་དམན་པ་ཡིན་པའི་ཕྱིར་ངན་སོང་ཞེས་བརྗོད་དོ། །ངན་འགྲོ་ཞེས་བྱ་བ་ནི་ལམ་ངན་པ་སྟེ། དེའི་ཕྱིར་སྨྲས་པ། ཆོས་ངན་པར་སྤྱོད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ཆོས་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་
གོ། །དེ་ཉིད་ནི་བདག་དང་གཞན་ལ་གནོད་པར་བྱེད་པར་ཞུགས་པའི་ཕྱིར་ཡང་བར་སྤྱོད་པའོ། །དེ་ནི་དེར་འགྲོ་བའི་ལམ་ཡིན་པའི་ཕྱིར་ངན་སོང་ཞེས་བྱའོ། །སྡུག་བསྔལ་གྱི་འདུས་ཏེ་རེག་པ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ནི་འགྲོ་བ་ངན་པ་རྣམས་ཀྱིའོ། །འདུས་ཏེ་ཞེས་བྱ་བ་ནི་
ཚོགས་པའོ། །རེག་པ་ཞེས་བྱ་བ་ནི་ཚོགས་པ་དེ་ཉིད་དོ། །མྱོང་བར་འགྲོ་བས་ཞེས་བྱ་བ་ནི་རེག་པ་མི་བཟད་པ་མྱོང་བའི་ཕྱིར་ངན་འགྲོ་ཞེས་བྱའོ། །དེའི་ཕྱིར་སྨྲས་པ། སྡུག་བསྔལ་མྱོང་བར་འགྲོ་བས་ཞེས་བྱ་བ་ལ་སོགས་པའོ། །འོག་གི་ཕྱོགས་སུ་འགྲོ་བས་རབ་ཏུ་ཕྱེ་བ་ཡིན་
པའི་ཕྱིར་དང་། ཉམ་ང་བའི་སྡུག་བསྔལ་མྱོང་བས་སྨྲེ་སྔགས་འདོན་པའི་སྒྲ་ཆེན་པོ་འདོན་པས་ན་ལོག་པར་ལྟུང་བ་ཞེས་བྱའོ། །སྒྱིད་ལུག་པ་ཆེ་ཐང་དུ་སྐྱེས་པས་ན་དམྱལ་བ་ཞེས་བྱའོ། །དེ་ལྟར་ན་ལས་བྱས་པ་གང་གིས་སྐྱེ་བ་དང་། གང་ཉམས་སུ་མྱོང་བ་ཞེས་བྱ་བ་ནི་སྡུག་བསྔལ་

ཉིད་དོ། །སྡུག་བསྔལ་དེ་མ་ཡིན་པ་གཞན་ཡང་མངོན་པར་འགྲུབ་པ་སྟེ་ཞེས་བྱ་བ་ལ། མ་འོངས་པའི་སྡུག་བསྔལ་འགྲུབ་པའི་རྒྱུའི་ལས་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ཤིན་ཏུ་དམན་པའི་རྒྱུ་དང་འབྲས་བུས་རབ་ཏུ་ཕྱེ་བའི་ཕྱིར་དང་། དེར་སྐྱེས་
པར་གྱུར་པ་རྣམས་དམད་པའི་ལས་ཀུན་དུ་སྤྱོད་པའི་ཕྱིར་དེ་དག་ལ་བརྟེན་ནས་དམྱལ་བའི་མིང་རྣམ་པ་གསུམ་བསྟན་ཏོ། །ཡང་ན་རྒྱུ་དང་རྣམ་པར་སྨིན་པའི་འབྲས་བུ་དང་སྐྱེས་བུ་བྱེད་པའི་འབྲས་བུའི་དབང་དུ་བྱས་ནས་བསྟན་ཏོ། །དེ་ལས་བཟློག་པའི་ལས་ཅི་རིགས་པར་བྱའོ་ཞེས་
བྱ་བ་ནི་སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ནས་སློང་བ་དང་བཅས་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ཡང་དག་པར་ལྡན་པའོ། །ལྟ་བ་ཕུན་སུམ་ཚོགས་པ་རྣམ་པ་
གཉིས་ལ་སོགས་པ་ཡང་སྔར་བསྟན་པ་ལས་བཟློག་པ་ཡིན་ནོ། །རྒྱུ་ཉིད་དང་འབྲས་བུ་ཉིད་ཀྱང་ཁྱད་པར་ཅན་དུ་ཤེས་པར་བྱའོ། །དེའི་ཕྱིར་སྨྲས་པ། ལེགས་པར་སྤྱོད་པ་སྔོན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པའོ། །སྔ་མ་བཞིན་དུ་གཞན་ཡང་གང་ཟག་པ་རྣམས་ཟད་པས་ཟག་པ་
མེད་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བས་ཚེ་འདི་ཉིད་ལ་བདག་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ནས་སྙོམས་པར་ཞུགས་ནས་གནས་སོ། །གཞན་དག་ལ་ཡང་སྟོན་པར་བྱེད་དོ། །བདག་གི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་ནས། འདི་ལས་སྲིད་པ་གཞན་ནི་མི་ཤེས་
སོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་པའོ། །ཟག་པ་ཐམས་ཅད་ཀྱི་བག་ལ་ཉལ་མ་ལུས་པར་སྤངས་པའི་ཕྱིར་ཞེས་བྱ་བས་ནི་ཟག་པ་ཟད་དོ་ཞེས་བྱ་བའི་དོན་བསྟན་པ་ཡིན་ནོ། །ཟག་པ་མེད་པའི་སེམས་དང་ཞེས་བྱ་བ་ལ། སེམས་རྣམ་པར་གྲོལ་བའི་
དོན་འདོད་ཆགས་ལ་ཆགས་པ་དང་བྲལ་བར་འགྱུར་བ་ནི་སེམས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འདོད་པའི་ཟག་པ་དང་སྲིད་པའི་ཟག་པ་སྤངས་པའི་ཕྱིར་རོ། །ཟག་པ་མེད་པའི་ཤེས་རབ་ནི་ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། མ་རིག་པའི་ཟག་པ་སྤངས་པའི་ཕྱིར་

རོ། །དེ་གཉིས་ཀའི་ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པར་རྣམ་པར་གཞག་པར་བྱའོ། །མཆོག་ཉིད་ཀྱིས་ནི་ཡོངས་སུ་རྫོགས་པར་བསྟན་པའི་ཕྱིར། སྲིད་པ་ཐ་མ་དེ་ཉིད་ལ་ཞེས་བྱ་བ་འདིའི་དོན་ནི་མཐོང་བའི་ཆོས་ཉིད་ལ་ཞེས་བྱ་བའོ། །རང་གིས་ཞེས་
བྱ་བ་ནི་བདག་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །མངོན་པར་ཤེས་པ་དྲུག་པས་ཞེས་བྱ་བ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པས་ཞེས་བྱ་བའི་དོན་བསྟན་པ་ཡིན་ནོ། །ཡང་དེ་ནི་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོའི་ལམ་གྱིས་བསྡུས་པ་ཡིན་ནོ་ཞེས་བསྟན་
པའི་ཕྱིར། མཐོང་བའི་ལམ་ལ་ཡང་བརྟེན་ཞེས་བྱ་བ་ལ་སོགས་པའོ། །བདག་གིས་ཐོབ་པོ་སྙམ་དུ་ཞེས་བྱ་བས་ནི་བདག་ཉིད་ཀྱིས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ་ཞེས་བྱ་བ་དེའི་དོན་བསྟན་པ་ཡིན་ནོ། །འདོད་ན་གཞན་དག་ལ་ཡང་ཞེས་བྱ་བས་ནི་དེ་དག་གཉིས་ཀའི་དོན་བསྟན་
པ་ཡིན་ཏེ། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པའོ། །ཚིག་རྣམས་ཀྱི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་བདག་གི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་ནི་བརྒྱད་པ་ལ་ཞུགས་པའོ། །བདག་གིས་ཚངས་པར་སྤྱོད་པ་ནི་སྤྱད་དོ་ཞེས་བྱ་བ་ནི་ལམ་ལེགས་པར་བསྒོམས་པས་ཡོངས་སུ་ཉམས་པ་མེད་པའོ། །
བྱ་བ་བྱས་སོ་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པས་ལམ་འབྲས་བུ་དང་བཅས་པར་ཐོབ་པའོ། །འདི་ལས་སྲིད་པ་གཞན་ནི་མི་ཤེས་སོ་ཞེས་བྱ་བ་ནི་སྲིད་པ་བདུན་པ་ལ་སོགས་པ་ཟད་པའོ། །དེ་ལྟར་མདོའི་དོན་བསྟན་ནས་ཡང་རྣམ་པ་བདུན་གྱིས་སྟོབས་བསྟན་པར་འདོད་ནས་
སྨྲས་པ། རང་བཞིན་དང་ནི་རབ་དབྱེ་དང་། །ཞེས་བྱ་བ་ལ་སོགས་པ་ནི་སྟོབས་ཀྱི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བསྟན་པའི་དོན་ཏོ། །མ་འདྲེས་པ་ནི་ཐུན་མོང་མ་ཡིན་པ་ཉིད་དོ། །མཉམ་པ་ཉིད་ནི་ཐུན་མོང་བ་ཉིད་དོ། །ལས་བྱེད་པ་ནི་སྟོབས་ཀྱི་བྱ་བའོ། །གོ་རིམས་ནི་
མཐར་གྱིས་བསྟན་པའོ། །བྱེ་བྲག་ནི་ཕན་ཚུན་གྱི་བྱེད་པ་སྣ་ཚོགས་པའོ། །ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པས་རང་བཞིན་ནི་དབང་པོ་ལྔ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པར་ནུས་པའི་ཕྱིར་སྟོབས་བཅུའི་བྱ་བ་ཉིད་དེ། ལྷན་ཅིག་བྱེད་པ་དང་བཅས་པས་དོན་བྱ་བ་བྱེད་

ནུས་པ་དང་ལྡན་པའི་ཕྱིར་རོ། །གཙོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མདོ་ལས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་ཚིག་གིས་མཁྱེན་པའི་སྟོབས་ཞེས་ཐ་སྙད་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་སྨྲས་པ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་
བྱ་བ་ལ་སོགས་པ་ལ། དངོས་པོ་ཚད་མེད་པ་ལ་དམིགས་པའི་ཕྱིར་ཚད་མེད་པ་ཉིད་དོ། །ཚད་མེད་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་བསྟན་པར་བྱ་སྟེ། དུས་གསུམ་ཀུན་ནས་འཇུག་པའི་ཕྱིར་དུས་ཚད་མེད་པ་ཉིད་ཀྱི་དབྱེ་བའོ། །ཤེས་བྱའི་དངོས་པོ་གཅིག་གི་ཡང་རབ་ཏུ་དབྱེ་བ་ཚད་མེད་པའི་ཕྱིར་ཤེས་བྱའི་རབ་ཏུ་
དབྱེ་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རྒྱུད་ཀྱི་དོན་ལ་འཇུག་པ་ཉིད་ནི་རྒྱུད་ཚད་མེད་པའི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་བཞིན་དུ་སྟོབས་ཐམས་ཅད་ཀྱང་རེ་རེ་ཞིང་ཚད་མེད་པར་རིག་པར་བྱའོ། །འདི་དག་ནི་དེ་བཞིན་གཤེགས་པ་ཁོ་ནའི་ཡིན་གྱི་ཉན་ཐོས་ལ་
སོགས་པའི་ནི་མ་ཡིན་པས་དེས་ན་དེ་བཞིན་གཤེགས་པའི་སྟོབས་ཞེས་བྱའོ། །དེའི་ཕྱིར་ཐུན་མོང་མ་ཡིན་པ་ཞེས་བྱ་ཞིང་དེས་ན་མ་འདྲེས་པ་ཞེས་བྱའོ། །མཉམ་པ་ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་ལ་ཁྱད་པར་མེད་དེ། སྐུའི་སྟོབས་དང་ཡེ་ཤེས་ཀྱི་སྟོབས་
མཉམ་ཞེས་བྱ་བའོ། །གཞན་དུ་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་མཉམ་པ་ཉིད་ཐོབ་པར་མི་འགྱུར་རོ། །སྟོབས་རྣམས་ལ་ཁྱད་པར་མེད་པ་བདེན་ན་ཡང་གནས་པ་ལས་ཁྱད་པར་ཡོད་པ་བསྟན་པའི་ཕྱིར་དུས་ཀྱི་ཁྱད་པར་དང་མོས་པའི་ཁྱད་པར་དང་། གདུལ་བྱའི་ཁྱད་པར་ལ་ལྟོས་ནས་དེ་
བཞིན་གཤེགས་པ་འགའ་ཞིག་ལ་གནས་པར་འགྱུར་བའི་ཕྱིར་རོ། །སྟོབས་ལྡན་ཐམས་ཅད་ལས་རྒྱལ་ཞིང་། །འཇིག་རྟེན་ན་ནི་གང་བརྗོད་པ། །རྩོད་བྲལ་ཁྱད་པར་འཕགས་པ་ཉིད། །ཐུབ་པ་ཁྱོད་ལ་རྫོགས་པར་མངའ། །ཞེས་བསྟོད་པ་ཡིན་ནོ། །དེ་ལྟ་བུ་དང་ཡང་དག་པར་ལྡན་པ་དེ་
སེམས་ཅན་རྣམས་ལ་འཇིགས་པ་སྐྱེད་པར་མཛད་དམ། འོན་ཏེ་ཕན་འདོགས་པར་མཛད་ཅེ་ན། མཛད་པ་ཡང་ངེས་པར་སྟོན་པར་མཛད་པ་ནི་དེས་ན་བསྟོད་པ་ལས། སྟོབས་ལྡན་འཇིགས་མི་འགྱུར་བས་ཁྱོད། །མི་བསྙེངས་གང་ལགས་རིགས་ལགས་ན། །མཐུ་མངའ་བཞིན་དུ་གཞན་

དུ་ཡང་། །ཁྱད་དུ་མི་གསོད་གང་དེ་རྨད། །ཅེས་བསྟན་པ་ཡིན་ནོ། །སྟོབས་འདི་དག་ནི་རེ་རེ་ཞིང་ཡང་རང་གི་དོན་བསྒྲུབ་པ་དང་། གཞན་གྱི་དོན་བསྒྲུབ་པའི་དབང་དུ་བྱས་ནས་ལས་རྣམ་པར་གཞག་གོ། །དེ་ལ་རང་གི་དོན་བསྒྲུབ་པའི་ཕྱིར་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པའི་ཡེ་ཤེས་
དང་ལྡན་པ་ཡིན་ནོ། །གང་ཡང་དང་པོའི་དབང་དུ་བྱས་ནས་སྨྲས་པ། རྒྱུ་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ཁ་ན་མ་ཐོ་བ་དང་བཅས་པའི་གནས་ནས་སློང་བ་ནི་གཞན་གྱི་དོན་བསྒྲུབ་པ་སྟེ། གང་ཡང་རྒྱུ་མེད་པ་དང་མི་མཐུན་པ་རྒྱུར་སྨྲ་བའི་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་མེད་པ་
དང་མི་མཐུན་པ་རྒྱུར་སྨྲ་བ་ནི་ཕ་རོལ་རྒོལ་བ་སྨྲ་བ་བཅུ་དྲུག་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཚར་གཅོད་པར་མཛད་དོ་ཞེས་བྱ་བ་ནི་དེའི་ལྟ་བ་བཟློག་པར་མཛད་པའོ། །ལས་བདག་གིར་བྱ་བ་མཁྱེན་པའི་ཞེས་བྱ་བས་ནི་བདག་གི་དོན་བསྟན་པ་ཡིན་ནོ། །གཉིས་པས་ནི་གཞན་གྱི་དོན་ཏོ། །
བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། སྦྱིན་པ་དང་བླང་བའི་སྦྱོར་བས་འཕོ་བར་སྨྲ་བ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་གཞན་གྱིས་བྱས་ནས་གཞན་གྱི་སྤྱོད་པར་སྨྲ་བའོ། །མངོན་པར་ཤེས་པ་རྣམས་ནི་བསམ་གཏན་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དེའི་ཁྱད་པར་ལས་ཆོ་
འཕྲུལ་རྣམ་པ་གསུམ་ཡིན་པས། ཆོ་འཕྲུལ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་གཉིས་པ་བསྟན་པའི་ཕྱིར་སོ་སོ་དང་འགལ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་ལ་སྡང་བ་རྣམས་ཚར་གཅོད་པར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཚར་གཅོད་པ་ཡང་དེའི་གཞུང་
འགོག་པར་བྱེད་པའོ། །ཡང་ན་དེ་དག་གཟུ་བོར་གནས་པར་བྱེད་པའོ། །དེའི་ཕྱིར་དེ་དག་ཉིད་ལ་ཆོ་འཕྲུལ་གྱིས་གཟུ་བོར་འཇོག་ཅིང་དང་པོར་ཡིད་འཕྲོག་པར་བྱེད་པས་ན་ཆོ་འཕྲུལ་ཞེས་བྱའོ། །ཆོ་འཕྲུལ་གྱི་སྒྲ་ནི་ལས་དང་པོ་པ་ཤིན་ཏུ་སེམས་འཕྲོག་པར་བྱེད་པའི་དོན་ཏོ། །དབང་པོ་མཆོག་དང་
མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་སེམས་ཅན་རྣམས་ཀྱི་དབང་པོ་མཁྱེན་ནས་དབང་པོ་མཐུན་པར་ཆོས་སྟོན་པ་མཛད་དོ་ཞེས་བྱ་བ་ནི་མཛད་པ་རྣམ་པ་གཉིས་ཡིན་ནོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་སེམས་ཅན་རྣམས་ཀྱི་མོས་པ་ཆུང་ངུ་ལ་སོགས་པ་གནས་ངན་པ་ལ་མོས་

པ་མཁྱེན་ནས་དེ་དག་ལས་བཟློག་པར་མཛད་དོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་དེ་དང་དེ་མཁྱེན་ནས་འཇུག་པའི་སྒོ་དེ་དང་དེ་ལ་སྦྱོར་བར་མཛད་པས་ན་འཇུག་པར་མཛད་དོ་ཞེས་བྱ་བའོ། །ཉན་ཐོས་རྣམས་ལ་གདམས་པའི་བྱ་བ་ནི་ཉན་ཐོས་ཀྱིས་
ལས་གསུངས་པས་ཡང་བརྗོད་པར་མི་བྱའོ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་བདག་མེད་པར་རབ་ཏུ་རྟོགས་པར་བྱ་བ་ལ་སྦྱར་བར་བྱ་བ་ཡིན་པས་ཞེས་བྱས་ནས་དེ་དག་ལ་གདམས་པའི་བྱ་བ་ནི་གཞན་ཡིན་པས་དེའི་ཕྱིར་དེ་དག་གི་ཁྱད་པར་རབ་ཏུ་བསྟན་པའི་
ཕྱིར་རོ། །ལས་དང་པོ་པ་ནི་ཏིང་ངེ་འཛིན་བསྒོམ་པ་ལ་འདྲིས་པར་མ་བྱས་པའོ། །དེ་ཉིད་བསྟན་པ་ནི། ལས་ཐོག་མ་པ་ཞེས་བྱ་བའོ། །ཡང་ན་སྒོམ་པ་ཡིད་ལ་བྱེད་པ་ལ་ཡང་དག་པར་མ་ཞུགས་པ་ནི་ལས་ཐོག་མ་པའོ། །ཡང་དེ་ནི་རྣམ་པ་གཉིས་ཏེ་ཏིང་ངེ་འཛིན་གྱི་ཚོགས་ཡོངས་
སུ་རྫོགས་པ་དང་། ཏིང་ངེ་འཛིན་གྱི་ཚོགས་ཡོངས་སུ་མ་རྫོགས་པ་སྤང་བའི་ཕྱིར་སྨྲས་པ། ཏིང་ངེ་འཛིན་གྱི་ཚོགས་ཡོངས་སུ་འཛིན་པ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། མངོན་པར་ཞེན་པ་དང་། མངོན་པར་ཞེན་པ་མེད་པའོ། །མངོན་པར་ཞེན་པ་མེད་པ་སྤང་
པའི་ཕྱིར་སྨྲས་པ། སེམས་གནས་པར་འདོད་པ་དེ་ལ་ཞེས་བྱ་བའོ། །འདིར་ཡང་མཚན་མ་མེད་པ་ལ་སེམས་གནས་པའི་སྒོམ་པའི་དབང་དུ་བྱས་ནས་གདམས་ངག་གི་བྱ་བ་བསྟན་པ་ཡིན་ནོ། །མཚན་མ་མེད་པའི་སྒོམ་པ་དང་ཆོས་ཐམས་ཅད་བརྗོད་དུ་མེད་པའི་དོན་ལ་ཞུགས་པ་ན་ངེས་པར་
འགྲུབ་པ་ཡིན་ཏེ། དོན་དེ་ལ་མིང་དང་རྒྱུ་མཚན་ལ་སོགས་པའི་རྣམ་པར་རྟོག་པ་རབ་ཏུ་སྤངས་པའི་ཕྱིར་རོ། །དེ་དག་སྤངས་པས་ཡང་མིང་དང་རྒྱུ་མཚན་དག་གློ་བུར་བར་མཐོང་བའི་ཕྱིར་རོ། །མིང་དེ་ཡང་རྣམ་པ་གཉིས་ཏེ། ཐོག་མ་མེད་པའི་དུས་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྔོན་གྱི་
སྤྲོས་པའི་བག་ཆགས་སུ་གཏོགས་པ་སྟེ། འདི་ལྟ་སྟེ། གཟུགས་དང་སྒྲ་ཞེས་བྱ་བ་ལ་སོགས་པ་དང་། མ་དང་ཕ་ལ་སོགས་པས་དང་པོ་སྒྲོ་བཏགས་པའོ། །འདིར་ནི་དང་པོར་དེ་ལ་འཇུག་པར་འགྱུར་རོ། །རབ་ཏུ་དབེན་པའི་གནས་མལ་དུ། །ཞེས་སྨོས་པ་ནི་དབེན་པའི་གནས་སུ་དོན་

ཡིད་ལ་བྱ་བའོ། །འདུ་འཛི་གནས་པས་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེའི་ཕྱིར་ལུས་དབེན་པར་བྱའོ་ཞེས་བྱ་བར་སྨྲས་པ་དང་། གཅིག་པུ་ཞེས་བྱ་བ་ལ་སོགས་པ་དང་། དེ་ལ་མིང་ནི་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་དང་། རབ་ཏུ་བྱུང་བའི་ཕྱོགས་ཀྱིའོ། །ཁྱིམ་པའི་ཕྱོགས་
ཀྱིར་གཏོགས་པ་སྨྲས་པ། ཕ་མ་གཉིས་སམ་ཞེས་བྱ་བའོ། །རབ་ཏུ་བྱུང་བའི་ཕྱོགས་ཀྱིས་སྨྲས་པ། མཁན་པོ་དང་སློབ་དཔོན་གཉིས་ཀྱིས་ཞེས་བྱ་བའོ། །ཡིད་ལ་བྱེད་པའི་རྣམ་པ་བསྟན་པའི་ཕྱིར་མིང་དེ་ཉིད་ནང་དུ་ཡིད་ལ་བྱོས་ལ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་
གྱི་རྫས་ཀྱི་རྩ་བ་ནི་སྐྱེ་མཆེད་དྲུག་ཡིན་ལ་དེ་དག་སོ་སོ་ལ་དེའི་མཚན་ཉིད་མེད་པས་དེའི་ཕྱིར་སྨྲས་པ། བདག་གི་སྐྱེ་མཆེད་ལ་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པ་ལ། ནང་ངམ་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་གྱི་སྐྱེ་མཆེད་དེ་དེའི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཕྱི་རོལ་ན་ཞེས་བྱ་
བ་ནི་ཕྱིའི་སྐྱེ་མཆེད་ཅེས་བྱ་བ་སྟེ། དེའི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །གཉིས་ཀའི་བར་ན་ཡང་ཡོད་དམ་ཞེས་བྱ་བ་ནི་དེ་དག་གཉིས་ཀ་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་ཐ་ཚིག་གོ། །མི་དམིགས་ཀྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་མིང་དང་བྲལ་བའི་ཕྱིར་དང་། མིང་ནི་གློ་བུར་བ་ཡིན་
པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། ཁྱོད་འདི་ཁོ་ན་སྙམ་དུ་ཞེས་བྱ་བ་ལ། དེ་ལྟར་རྗེས་སུ་མི་མཐུན་པའི་དམིགས་པས་གློ་བུར་བའི་ཆོས་རྣམས་ལ་མིང་མི་བརྟེན་ལ། མིང་ལ་ཡང་དེ་དག་མེད་དེ་གློ་བུར་བ་ཡིན་པའི་ཕྱིར་རོ། །འདུ་ཤེས་སྐྱེས་ཤིང་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་དང་མཐུན་པ་
བསྒོམས་པའི་སྟོབས་ཀྱིས་རབ་ཏུ་ཐོབ་པའོ། །དེ་ལྟར་རེ་ཞིག་རང་གི་མིང་གློ་བུར་བའི་འདུ་ཤེས་ཀྱི་དབང་དུ་བྱས་ནས་སྨྲས་པ། མིག་ལ་མིག་ཅེས་བྱ་བ་དང་། །ཞེས་བྱ་བ་ལ་སོགས་པ་ལ། གཉིས་དམིགས་ཏེ་ཞེས་བྱ་བ་ནི་མིང་དང་རྒྱུ་མཚན་ཏེ། མངོན་པར་བརྗོད་པ་དང་། མངོན་
པར་བརྗོད་པའི་ཚིག་གི་གནས་སོ། །དེ་ཡང་མིང་དང་མིང་ཉིད་དེ། དེ་ཡང་བརྗོད་བྱ་དང་རྗོད་པའི་དབྱེ་བའོ། །རྒྱུ་མཚན་གྱི་ངོ་བོ་ཉིད་མིག་ཅེས་བརྗོད་ན་ཡང་རྒྱུ་མཚན་གྱི་ངོ་བོ་ཉིད་ནི་མིག་མ་ཡིན་ཏེ། གཟུགས་ལ་སོགས་པ་བཞིན་དུ་མིང་ལ་མ་ལྟོས་པར་གཟུང་དུ་མེད་པའི་ཕྱིར་རོ། །

དེའི་ཕྱིར་སྨྲས་པ། མིག་གི་གདགས་པ་མེད་པར་ནི་སུ་ཡང་མིག་གི་བློ་འཇུག་པར་མི་འགྱུར་ལ་ཞེས་བྱ་བ་ལ། གལ་ཏེ་ཡང་གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་མིང་མ་ཐོས་པའི་སྔོན་དུ་ཡང་གཟུགས་ལ་སོགས་པའི་བློ་འཇུག་པར་འགྱུར་ན་ནི་དེ་བཞིན་དུ་
མིག་ལ་ཡང་འཇུག་པར་འགྱུར་ན་དེ་ལྟར་ནི་འཇུག་པ་མ་ཡིན་ནོ། །དེའི་ཕྱིར་མིང་དང་མིག་ནི་ཤིན་ཏུ་ཐ་དད་པ་ཡིན་ཏེ། མིང་ཡང་གཞན་ལ་མིག་ཀྱང་གཞན་ཡིན་ནོ་ཞེས་བྱ་བའོ། །དེས་ན་གློ་བུར་བའི་ཆོས་ལ་གློ་བུར་བའི་མིང་གིས་འདུ་ཤེས་པར་རིག་པར་བྱའོ། །དེ་དེ་ལྟར་ཡིད་ལ་བྱེད་པ་ན་མིག་གི་
འདུ་ཤེས་ལ་ཡང་སྔ་མ་བཞིན་དུ་གློ་བུར་བ་ཡིན་པའི་འདུ་ཤེས་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་བདག་ཉིད་ཀྱི་མིང་ཐམས་ཅད་ཀྱི་མངོན་པར་ཞེན་པ་བསལ་བའི་ཕྱིར། སྦྱོར་བའི་ལམ་གྱིས་བསྡུས་པར་ཆོས་རྣམས་དེ་ལྟར་རིག་པར་བྱའོ། །འདུ་ཤེས་འདི་ལྟ་བུས་ཀུན་དུ་རྟོག་པར་བྱེད་པའི་
སྟོབས་ཀྱིས་ཆོས་ཐམས་ཅད་ལ་སྤྲོས་པའི་འདུ་ཤེས་བསལ་ནས་དངོས་པོ་དེ་ཉིད་ལ་རྣམ་པར་མི་རྟོག་པའི་སེམས་ཀྱིས་གནས་པར་བྱའོ། །དེ་ལྟ་བུར་གནས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་དག་པ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་རིགས་དང་
རིགས་རྒྱུད་ཅེས་བྱ་བའི་ཐ་ཚིག་སྟེ། དེའི་རིགས་སུ་གྱུར་པའི་ཏིང་ངེ་འཛིན་དེ་ལ་སེམས་རྩེ་གཅིག་པ་ཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །དེ་ལྟར་ཡིད་ལ་བྱེད་པ་དེ་ནི་མིག་ཐམས་ཅད་ལ་འཇུག་པ་ན་རྗེས་སུ་འགྲོ་བ་ཡིན་པར་བསྟན་པའི་ཕྱིར་ཡིད་ལ་བྱེད་པ་འདི་མ་བཏང་ཞིག་ཅེས་བྱ་
བའོ། །ཉན་ཐོས་རྣམས་ཀྱིས་ཀྱང་ཡིད་ལ་བྱེད་པ་འདི་ཉིད་མང་དུ་བྱའོ་ཞེས་བསྟན་པའི་ཕྱིར། མངོན་པར་ཤེས་པ་ཤིན་ཏུ་མྱུར་བར་འགྱུར་རོ་ཞེས་བྱ་བ་ནི་ཐོས་ནས་སྐྲག་པར་འགྱུར་ལ་གོམས་པར་བྱེད་ནུས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྟོབས་ལྷག་མ་རྣམས་ཀྱི་ལས་ནི་གཞུང་ཉིད་ལས་རིག་
པར་བྱའོ། །སྟོབས་རྣམས་ནི་རིམ་གྱིས་ཐོབ་པ་མ་ཡིན་པར་བསྟན་པའི་ཕྱིར། མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་ཅིག་ཅར་བརྙེས་ཏེ་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་དུ་བྱ་བ་དང་བྱ་བའི་དབང་གིས་འདི་དག་གི་རིམ་པ་བསྟན་པའི་ཕྱིར་སྨྲས་པ། དེ་དག་གི་རིམ་གྱིས་མངོན་སུམ་དུ་

འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་ཞེས་བྱ་བ་ནི་འཁོར་བ་ལས་ངེས་པར་འབྱུང་བ་སྟེ། འཁོར་བ་ལས་ངེས་པར་རྒལ་བའི་གནས་པ་ལ་གནས་པའོ། །ཡུན་རིང་པོར་ཞུགས་པར་གྱུར་པའི་འཁོར་བའི་རྒྱུ་དང་འབྲས་བུ་འཇུག་པར་འགྱུར་བ་ལ།
རྣམ་པར་གཟིགས་ནས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་མངོན་སུམ་དུ་མཛད་དོ་ཞེས་བྱ་བའོ། །དེ་ལྟར་རྣམ་པར་གཟིགས་ནས་དུས་རིང་པོར་གོམས་པར་བྱས་པའི་ལུས་ཐ་མ་ཐོབ་པ་གང་ཡིན་པ་དང་། རིས་མཐུན་པའི་འདོད་པའི་ཁམས་ལ་མངོན་པར་མཐོ་བ་འདོད་པ་
རྣམས་ལ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་མི་དགེ་བ་ཡོངས་སུ་སྤོང་དུ་གཞུག་པ་དང་། དགེ་བ་ཡང་དག་པར་བསྒྲུབ་པ་ལ་སྦྱོར་བའོ། །ཁམས་གོང་མ་དག་ཏུ་སྐྱེ་བར་འདོད་པ་རྣམས་ལ་ནི་སྟོབས་གསུམ་པ་མངོན་སུམ་དུ་བྱས་ནས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་གདམས་
ངག་སྦྱིན་པར་མཛད་དོ། །དེ་བཞིན་དུ་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་སྟོབས་གསུམ་པོ་རྣམས་རིམ་གྱིས་མངོན་སུམ་དུ་མཛད་པར་ཤེས་པར་བྱའོ། །འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་མངོན་
སུམ་དུ་བྱ་བའི་རིམ་པ་བསྟན་པའི་ཕྱིར། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་འདོད་པ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་འདོད་པ་རྣམས་ལ་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་དང་བསམ་པ་དང་བག་
ལ་ཉལ་གྱི་ཁྱད་པར་ལ་ལྟོས་ནས་དེ་དག་གི་ལམ་བསྟན་པའི་ཕྱིར་སྟོབས་གསུམ་མངོན་དུ་བྱས་ནས་དབང་པོ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་གཟིགས་པར་མཛད་དོ། །ཀུན་དུ་གཟིགས་ནས་སྤྱོད་པ་དང་རྗེས་སུ་མཐུན་པའི་འཇུག་པའི་སྒོ་ཐམས་ཅད་དུ་རྗེས་སུ་འགྲོ་བའི་ལམ་མཁྱེན་པའི་
སྟོབས་ཀྱིས་འཛུད་པར་མཛད་དོ། །དེ་ལྟར་འཇུག་པའི་སྒོའི་ཏིང་ངེ་འཛིན་ཐོབ་ནས་སྟོབས་གཉིས་ཀྱིས་དབུ་མའི་ལམ་སྟོན་པར་མཛད་དོ། །ཡང་དེས་ན་མཐའ་གཉིས་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་ལ། དབུ་མའི་ལམ་ནི་བདག་མེད་པ་མཐོང་བའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །

བདག་དང་བདག་གིར་ལྟ་བའི་དངོས་པོས་ནི་རྟག་པ་དང་ཆད་པར་ལྟུང་བར་བྱེད་དོ། །དབུ་མའི་ལམ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་སྤོང་བར་ཞུགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཡང་དག་པར་བརྩོན་ཞིང་རྒྱུ་དགེ་
བའི་རྩ་བས་ཉེ་བར་བསྟན་པ་དེ་ནི་བརྒྱ་ལ་མ་སྤངས་ན་ཡང་ཉོན་མོངས་པས་ཀུན་དུ་སྤྱོད་པར་མི་འགྱུར་རོ། །དེའི་ཕྱིར་ཁ་ཅིག་ནི་མ་བྱས་བཞིན་དུ་བྱས་པར་མངོན་པའི་ང་རྒྱལ་བྱེད་དོ། །དེ་དག་གི་མངོན་པའི་ང་རྒྱལ་སྟོབས་བཅུ་པས་སྤོང་བར་མཛད་དོ་ཞེས་བྱ་བ་ནི། གོ་རིམས་ཀྱི་རྣམ་གྲངས་གཅིག་
ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ལ་ཞེས་བྱ་བ་ནི། གང་རབ་ཏུ་མ་རྟོགས་པས་དུས་རིང་པོར་འཁོར་བར་གནས་པར་གྱུར་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡིན་ཞེས་བྱ་བས་ཀྱང་ཆོས་གནས་པའི་ཡེ་ཤེས་ཀྱིས་རྟོགས་པར་མཛད་དོ། །ཡེ་ཤེས་དེ་ནི་ཕྱིན་ཅི་མ་ལོག་
པའི་རྒྱུ་དང་འབྲས་བུའི་མཚན་ཉིད་ཅན་ཡོངས་སུ་ཤེས་པའི་རྣམ་པ་ཡིན་པའི་ཕྱིར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བརྗོད་དོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་གཟིགས་ནས་ཁྱིམ་པ་རྣམས་ལ་སྟོབས་གཉིས་པས་ལས་ཀྱི་ལམ་ཡང་དག་པར་
བླངས་པ་ལ་དུས་གསུམ་དུ་གཟིགས་པར་མཛད་དེ། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཅན་གྱི་ཁམས་ལ་རྣམ་པར་གཟིགས་པའི་ཕྱིར་རོ། །སྟོབས་གསུམ་པས་རབ་ཏུ་བྱུང་བ་རྣམ་པར་བྱང་བ་ཡང་དག་པར་བླང་བ་ལ་འགའ་ཞིག་རྣམ་པར་བྱང་བའི་སྣོད་དུ་གྱུར་པ་ཡོད་དམ་ཞེས་རྣམ་
པར་གཟིགས་པར་མཛད་པའི་ཕྱིར་རོ། །སྟོབས་ལྷག་མ་རྣམས་ཀྱི་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །གཟིགས་ནས་ཀྱང་རྣམ་པར་བྱང་བ་ལ་སྦྱོར་བར་མཛད་དེ། ལྷག་མ་རྣམས་ཀྱང་རིམ་པ་དེ་བཞིན་ནོ། །ཆོས་ཀྱི་ཁམས་དང་ཞེས་བྱ་བ་ནི་ཆོས་རྣམས་ལ་འཇུག་པའི་རྒྱུ་ཡིད་ལ་བྱེད་པས་ཆོས་
དེ་དག་ཉིད་ལ་ཐ་སྙད་ཀྱི་རྗེས་སུ་འཇུག་པས་བྱེད་པ་པོ་ལ་སོགས་པའི་སེམས་ཅན་གྱི་ཁམས་མེད་ན་ཡང་རང་གིས་བྱས་པའི་ལས་ལ་ཉེ་བར་སྤྱོད་པ་ཡིད་ལ་བྱེད་པ་ལ་རྣམ་པར་གཟིགས་པར་མཛད་དོ། །དེ་བཞིན་དུ་འདུས་བྱས་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་སྒོ་ནས་

སྡུག་བསྔལ་ཉམ་ང་བ་ཐོབ་པ་རྣམས་ཀྱི་སྡུག་བསྔལ་རྣམས་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་སྟོབས་གསུམ་པས་དབང་པོ་དང་། མོས་པ་དང་རྗེས་སུ་མཐུན་པའི་ལམ་ཉེ་བར་སྟོན་པར་མཛད་དོ། །ལྷག་མ་རྣམས་ཀྱི་གོ་རིམས་ནི་སྔ་མ་བཞིན་ནོ། །སྟོབས་རྣམས་ཀྱི་ཕན་ཚུན་བྱེ་བྲག་ཡོད་
པ་དང་བྱེ་བྲག་མེད་པ་བསྟན་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་འབྲས་བུ་འདོད་པ་དང་མི་འདོད་པའི་འབྲས་བུ་རབ་ཏུ་མཁྱེན་ཏོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱང་དེ་བཞིན་ནོ། །དེ་ལྟར་ན་བྱེ་བྲག་ཅི་ཡོད་ཅེ་ན་ཞེས་
བྱ་བ་ལ། སྤྱི་དང་བྱེ་བྲག་གི་རྣམ་པ་ནི་དེ་དག་གི་བྱེ་བྲག་གོ། །གཞན་ཡང་འདོད་པ་དང་མི་འདོད་པའི་འབྲས་བུ་ངེས་པར་ཡོད་པ་ཡང་རྒྱུ་གང་གིས་ལས་བྱས་པ་དེ་ལ་འབྲས་བུ་སྨིན་གྱི་གཞན་ལ་མ་ཡིན་པ་དང་མ་བྱས་པ་དང་མི་ཕྲད་པའི་དབང་དུ་བྱས་ནས་སྟོབས་གཉིས་པའི་བྱེ་བྲག་དེ་ཡིན་པར་
ཤེས་པར་བྱའོ། །བསམ་གཏན་དང་རྣམ་པར་ཐར་པ་གང་ལ་ཡང་བརྟེན་ནས་སེམས་ཅན་རྣམས་ལ་གདམས་པར་བྱེད་པ་ནི་བསམ་གཏན་དང་རྣམ་པར་ཐར་པ་མཁྱེན་པའི་སྟོབས་ཞེས་བྱའོ། །བསམ་གཏན་ལ་བརྟེན་ནས་ལས་དང་འབྲས་བུ་འབྲེལ་པར་ཤེས་པ་གང་ཡིན་པ་དེ་ནི་ལས་བདག་གིར་
བྱ་བ་མཁྱེན་པའི་སྟོབས་ཞེས་བྱའོ། །བསམ་གཏན་གྱི་དབང་གིས་དབང་པོ་དང་མཚུངས་པར་ལྡན་པའི་སེམས་ཙམ་དུ་ཐུགས་སུ་ཆུད་པ་ཉིད་ནི་བསམ་གཏན་ལ་སོགས་པ་མཁྱེན་པའི་སྟོབས་ཀྱིས་སོ། །དབང་པོའི་བྱེ་བྲག་མཁྱེན་པ་གང་ཡིན་པ་དེ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་
པའི་སྟོབས་ཀྱིས་སོ། །དབང་པོ་སྔོན་དུ་འགྲོ་བའི་བསམ་པའི་སྤྱི་མཁྱེན་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་སོ། །ཁྱད་པར་མཁྱེན་པ་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །བསམ་པ་རྣམ་པ་དྲུག་བསྟན་པའི་ཕྱིར་སྨྲས་པ། བསམ་པ་དེ་ཡང་མདོར་བསྡུ་ན་ཞེས་བྱ་
བ་ལ་སོགས་པ་ལ། གནས་མ་ཡིན་པ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་ཀྱི་བསམ་པ་དེ་ལྟ་བུས་ངེས་པར་འབྱུང་བ་མ་ཡིན་པ་ཞེས་བྱའོ། །རང་གི་ལམ་ལ་མོས་པའི་སེམས་ཅན་རྣམས་བསམ་པ་དེས་ཁམས་གསུམ་ལས་ཡང་དག་པར་འདའ་བར་འགྱུར་བ་ནི་ངེས་པར་འབྱུང་བ་ཞེས་བྱའོ། །

དེ་ལྟར་མོས་པའི་བྱེ་བྲག་གིས་བསམ་པ་རྣམ་པ་གཉིས་སོ། །ཡང་བསམ་པ་ཕྱི་མ་དེ་དུས་ཀྱི་དབྱེ་བས་རྣམ་པ་གཉིས་སུ་བསྟན་པའི་ཕྱིར། རྣམ་པར་དག་པ་ལས་རིང་བ་དང་རྣམ་པར་དག་པ་དང་ཉེ་བའི་ཞེས་བྱ་བའོ། །ཡོངས་སུ་སྨིན་པའི་ཆུང་ངུ་དང་། འབྲིང་ལ་གནས་
པ་རྣམས་ཀྱིའོ་ཞེས་བྱ་བ་ནི་འཇུག་པ་དང་ཡོངས་སུ་སྨིན་པ་ལ་གནས་པ་རྣམས་ཀྱིའོ། །སྨིན་པ་ཆེན་པོ་ནི་སྲིད་པ་ཐ་མའི་ལུས་སུ་ཤེས་པར་བྱ་སྟེ། གང་ལ་གནས་ནས་ལམ་བསྐྱེད་པར་ནུས་པའོ། །རྣམ་པར་དག་པ་དང་ཉེ་བའི་རྣམ་པ་གཉིས་བསྟན་པའི་ཕྱིར། ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་
ཞེས་བྱ་བ་ལ་སོགས་པའོ། །གཞན་གྱིས་མྱ་ངན་ལས་འདས་པ་ཐོབ་པ་ནི་ཉན་ཐོས་རྣམས་ཀྱིའོ། །དེའི་ཕྱིར་སྨྲས་པ། ཉན་ཐོས་ཀྱི་ཐོས་པས་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་དངོས་པོ་མེད་པ་མངོན་པར་བྱང་ཆུབ་པའོ། །དེའི་ཕྱིར་སྨྲས་པ། ཐེག་པ་ཆེན་
པོས་མྱ་ངན་ལས་འདས་པ་ཐོབ་པར་མོས་པ་ཞེས་བྱའོ། །མོས་པ་སྔོན་དུ་འགྲོ་བའི་ས་བོན་གྱི་སྤྱི་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ནི་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་སོ། །རྣམ་པར་ཕྱེ་ནས་མཁྱེན་པ་གང་ཡིན་པ་དེ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ཁམས་སྣ་ཚོགས་ཀྱི་
དབང་དུ་བྱས་ནས་ཁམས་སྣ་ཚོགས་ཀྱང་རྣམ་པ་བཞིར་བལྟ་བར་བྱའོ། །དེ་ལ་དང་པོ་དང་གཉིས་པ་ནི་ས་བོན་དེ་རིགས་གཉིས་སོ། །དེ་ཡང་རིགས་གཉིས་བསྟན་པར་ཤེས་པར་བྱའོ། །རྣམ་པར་དག་པར་བྱར་རུང་བའི་ས་བོན་ནི་ཐེག་པ་གསུམ་གྱིས་བསྡུས་པའི་རིགས་ཅན་དེ། དེ་དག་ཀྱང་མཐུན་པའི་
ལམ་དང་འབྲས་བུ་ཐོབ་པ་ནི་རིགས་རྣམ་པར་དག་པར་རྣམ་པར་གཞག་པར་བྱའོ། །རྣམ་པར་དག་པར་བྱར་མི་རུང་བའི་ས་བོན་ནི་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་ཅན་མ་ཡིན་པ་རྣམས་ཀྱིའོ། །གཅིག་ཏུ་འཁོར་བའི་སྡུག་བསྔལ་གྱི་སྣོད་དུ་གྱུར་པའི་ཕྱིར་རྣམ་པར་བྱ་བར་མི་ནུས་པ་ཞེས་བྱ་
བའི་དོན་ཏོ། །ས་བོན་གྱི་སྤྱི་གང་ཡིན་པ་དང་ལམ་གྱི་སྤྱི་མཁྱེན་པ་གང་ཡིན་པ་དེ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱའོ། །རྣམ་པར་ཕྱེ་ནས་མཁྱེན་པ་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཞེས་བྱ་སྟེ། སྔོན་གྱི་འགྲོ་བའི་སྤྱོད་པའི་སྤྱི་དྲན་པ་ཉིད་ནི་འཆི་འཕོ་དང་སྐྱེ་བ་

མཁྱེན་པའི་སྟོབས་ཞེས་བྱའོ། །ད་ལྟར་གྱི་དུས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཕྱེ་ནས་ཤེས་པ་ཉིད་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་སོ། །མ་འོངས་པའི་དུས་ལ་ལྟོས་ན་ནི་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་སོ། །རྣམ་པར་གྲོལ་བ་རྣམས་ཀྱི་ཉིང་མཚམས་སྦྱོར་བ་མཁྱེན་པ་
གང་ཡིན་པ་དེ་ནི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་སོ། །སེམས་ལེགས་པར་རྣམ་པར་གྲོལ་བ་རྣམས་ཀྱི་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པ་རབ་ཏུ་མཁྱེན་པ་གང་ཡིན་པ་དེ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་སོ། །མདོ་ཉིད་ལས་འདི་སྐད་དུ་འབྱུང་བ་བཞིན་དུ་རིག་པར་བྱའོ་
ཞེས་བྱ་བ་ལ་དགེ་སློང་དག་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་སྟེ། གང་དང་ཡང་དག་པར་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་ཞེས་བྱ་བ་ནས་སེང་གེའི་སྒྲ་སྒྲོགས་སོ་
ཞེས་བྱ་བའི་བར་དུའོ། །བཞི་གང་ཞེ་ན། ང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་ན། ཆོས་འདི་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་འདིར་ཆོས་དང་མཐུན་པར་དགེ་སློང་ངམ་བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་ཆོས་དང་
མཐུན་པར་རྒོལ་བའམ་དྲན་པར་བྱེད་པའི་རྒྱུ་མ་མཐོང་ནས་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པས་གནས་པ་འདི་ནི་དང་པོའོ། །ངས་ཟག་པ་ཟད་དོ་ཞེས་ཞལ་གྱིས་བཞེས་པ་ན་ཟག་པ་འདི་མ་ཟད་དོ་ཞེས་བྱ་བར་གཞན་སུས་ཀྱང་ཞེས་བྱ་བ་སྔ་མ་བཞིན་ཏེ་གཉིས་པའོ། །གང་ཡང་ངས་ཉན་ཐོས་རྣམས་
ལ་བར་དུ་གཅོད་པ་གང་གསུངས་པ་དེ་དག་བསྟེན་ཡང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བར་ཡང་སྔ་མ་བཞིན་ཏེ་གསུམ་པའོ། །གང་ཡང་ངས་ཉན་ཐོས་རྣམས་ཀྱི་ལམ་ངེས་པར་འབྱུང་བར་བྱེད་པས་འཕགས་པའི་ངེས་པར་འབྱུང་བས་སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པ་བསྟན་པ་ནི་
འདིས་ངེས་པར་འབྱུང་བར་བྱེད་པ་མ་ཡིན་ནོ་ཞེས་གཞན་སུས་ཀྱང་ཞེས་བྱ་བ་སྔ་མ་བཞིན་ཏེ་བཞི་པའོ། །འཁོར་གྱི་ནང་དུ་དམ་འཆའ་བ་ཡིན་ཏེ་ཞེས་བྱ་བ་ནི་བདག་གི་དོན་དང་གཞན་གྱི་དོན་གྱི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་བདག་ཉིད་འཇིགས་པ་མེད་པས་འཁོར་གྱི་ནང་དུ་དམ་འཆའ་བར་བྱ་ཞིང་། གསངས་

ནས་དམ་བཅའ་བར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ཐམས་ཅད་ཀྱི་གནས་ལས་ཡང་དག་པར་འདས་པའི་གནས་དག་བདག་ཉིད་ཀྱིས་རབ་ཏུ་མཁྱེན་ནས་གཞན་དག་གིས་རྒལ་བའི་ཚིག་གི་སྐབས་མེད་པས་བདེ་བ་ཐོབ་པ་ལ་གནས་པ་ཞེས་བྱ་བར་
འབྲེལ་ཏོ། །དང་པོ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པ་སྟེ། དེ་དག་ལ་ཤེས་བྱའི་སྒྲིབ་པ་སྤངས་ནས་མེད་པའི་ཕྱིར་དང་། ཤེས་བྱའི་རྣམ་པ་ཐམས་ཅད་ཤེས་པའི་ནུས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་ནི་དང་པོའོ། །ཉན་
ཐོས་དང་ཐུན་མོང་བའི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་ཐར་པ་ནི་རྣམ་པར་གྲོལ་བ་ལ་ཐ་དད་པ་མེད་པའི་ཕྱིར་རོ། །བདག་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དབང་དུ་བྱས་པ་ལ་སྟེ་གཉིས་པའོ། །ཐར་པ་འདོད་པ་རྣམས་དེའི་དོན་དུ་ཞུགས་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་ལམ་
ཉེ་བར་བསྟན་པ་ནི་གསུམ་པའོ། །དོན་གྱི་གོ་རིམས་ཀྱིས་འདིར་དང་པོ་བསྟན་པ་ཡིན་ཏེ། ལམ་བསྟན་ནས་ལམ་གྱི་བར་དུ་གཅོད་པ་རྣམས་བསྟན་པར་བྱའོ་ཞེས་བྱ་བའི་དབང་དུ་བྱས་སོ། །ངེས་པར་འབྱུང་བ་ལ་བར་དུ་གཅོད་པར་འགྱུར་བའི་ཆོས་རྣམས་ནི་མི་མཐུན་པ་ཡིན་པས་གཅིག་ཏུ་སྤང་བར་བྱ་བ་ཉིད་ནི་
བཞི་པའོ། །ཕྱི་མ་གཉིས་ནི་ལམ་དང་དེ་ཐོབ་པའི་ཚོགས་ཀྱི་དབང་དུ་བྱས་པ་ཡིན་ནོ། །བར་དུ་གཅོད་པའི་ཆོས་བསྟན་པ་ཉིད་ཀྱིས་དེ་ཡང་བསྟན་པར་འགྱུར་བ་ཡིན་ནོ། །གནས་བཞི་པོ་འདི་དག་ནི་འགས་ཀྱང་གཞན་དུ་བྱ་བར་ནུས་པ་མ་ཡིན་པས་སོ། །དམ་བཅའ་བ་ལས་གཞན་དུ་བྱ་བའི་མཚན་ཉིད་དང་།
རྒྱུ་མཚན་མེད་པར་བསྟན་པའི་ཕྱིར་རྒྱུ་མཚན་ཡང་ཞེས་བྱ་བ་ལ་གནས་སྔ་མ་གཉིས་ཀྱིས་ཞེས་བྱ་བ་ནི་ཐམས་ཅད་མངོན་པར་བྱང་ཆུབ་པ་དང་། ཟག་པ་ཟད་པའི་གནས་དག་ལས་ཕྱིན་ཅི་ལོག་ཏུ་སྤྱོད་པ་ནི་ཇི་ལྟར་དམ་བཅས་པ་ལས་ཕྱིན་ཅི་ལོག་ཏུ་ཀུན་དུ་འཇུག་པ་ལས་བརྩམས་པའོ། །ལུས་ལ་སོགས་པའི་
ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བའི་ཕྱིར། གནས་དང་པོ་དག་ལས་བཟློག་ནས། འཇུག་པའི་སེམས་པ་མེད་པའོ། །དེ་བཞིན་གཤེགས་པས་ཉེ་བར་བསྟན་པ་ལ་སྔ་མ་དང་ཕྱི་མ་འགལ་བ་མེད་པ་དང་། རིགས་པ་དང་འགལ་བ་མེད་པས་གནས་ཕྱི་མ་དག་ཀྱང་དམ་བཅའ་བ་དང་འགལ་བར་

འཇུག་པ་མེད་དེ་རྒྱུ་མཚན་ཡང་དག་པར་མ་གཟིགས་པའི་ཕྱིར་རོ། །དགེ་སློང་བྲམ་ཟེ་དག་གི་ནི་ལྷའི་མིག་དང་མི་ལྡན་པའོ། །ལྷ་དང་བདུད་ནི་ལྷའི་མིག་དང་ལྡན་པའོ། །དེ་ལྟར་ན་ལྷའི་མིག་གིས་ཀྱང་ལོག་པར་འཇུག་པ་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བསྟན་པ་ཡིན་ནོ། །ལྷ་དང་བདུད་ནི་གཞན་གྱི་
སེམས་རིག་པའོ། །དེ་ལས་གཞན་དག་ནི་གཞན་གྱི་སེམས་རིག་པ་མ་ཡིན་ནོ། །དེ་ལྟར་ན་བདུད་ལ་སོགས་པས་ཀྱང་རྒོལ་བའི་རྒྱུ་མཚན་མ་མཐོང་བ་ཡིན་ནོ། །དམ་བཅས་པའི་གནས་ལས་བཟློག་པའི་རྒོལ་པའི་གནས་ཡང་དག་པར་མ་མཐོང་བས་བདེ་བ་ཐོབ་པ་དང་། མི་བསྙེངས་པ་ཐོབ་པ་དང་
བག་ཚ་བ་མེད་པ་ཐོབ་པ་ཡིན་ནོ། །ཐུགས་ལ་ཞུམ་པ་མི་མངའ་བའི་ཕྱིར་མི་བསྙེངས་པ་ངེས་པར་ཐོབ་པ་ཞེས་བྱའོ། །མི་བསྙེངས་པའི་ཕྱིར་ཐུགས་མ་ཞུམ་པ་ཞེས་བྱའོ། །གྲངས་བཞིར་ངེས་པ་བསྟན་པའི་ཕྱིར་བཞི་པོ་འདི་ལས་མི་མང་མི་ཉུང་བའོ་ཞེས་བསྟན་པ་ཉིད་དོ། །བདག་ལ་ཕན་པ་སྒྲུབ་པ་དང་ཞེས་བྱ་བ་
ལ་སོགས་པ་ལ། བདག་ལ་ཕན་པ་སྒྲུབ་པ་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པའོ། །གཞན་ལ་ཕན་པ་སྒྲུབ་པ་ནི་ལམ་དང་ཚོགས་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལ་ཞུགས་པའོ། །དེ་བཞིན་གཤེགས་པའི་གདུང་རྒྱུན་
མི་གཅད་པའི་ཕྱིར་དེ་བཞིན་གཤེགས་པས་ཞུགས་པའི་ཤིང་རྟར་ཞུགས་པའོ། །དེས་ན་དེའི་ཆེད་དུ་བྱེད་པ་ནི་དང་པོའོ། །ཉན་ཐོས་ལ་སོགས་པས་ཀྱང་ཉོན་མོངས་པ་སྤང་བར་བྱ་བའི་བསམ་པས་ཞུགས་པ་ནི་གཉིས་པའོ། །གནས་གཞན་ནི་དེ་དག་གཉི་གའི་དབང་དུ་བྱས་པའོ། །གནས་ཕྱི་མ་གཉིས་ནི་ཐུན་
མོང་གི་ཚུལ་གྱིས་གསུངས་པ་ཡིན་ལ། །སྡུད་པར་བྱེད་པས་ཐ་དད་དུ་བྱས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ངས་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་རྣམས་ཀྱི་དབང་དུ་བྱས་ནས་བར་དུ་གཅོད་པར་གང་བསྟན་པ་ཞེས་བྱའོ། །མདོ་ལས་ཇི་སྐད་འབྱུང་བ་ཞེས་བྱ་བ་ནི་འདིར་ཉན་ཐོས་རྣམས་ལ་སྟོན་པ་ཆོས་
འཆད་པར་མཛད་པ་ན་ཐུགས་བརྩེ་བ་ཅན་དོན་འདོད་པ། ཕན་པ་འདོད་པ། སྙིང་རྗེའི་རང་བཞིན་ཅན་གྱིས་དགེ་སློང་དག་འདི་ནི་ཁྱེད་ལ་ཕན་པ་ཡིན། བདེ་བ་ཡིན། འདི་ནི་ཕན་པ་དང་བདེ་བ་ཡིན་ཞེས་བསྟན་པ་ན། དེ་ལ་དེ་དག་ལེགས་པར་རབ་ཏུ་ཉན་པ་ཡིན། རྣ་གཏོད་པར་བྱེད། ཀུན་ཤེས་པར་

བྱེད། སེམས་ཉེ་བར་འཇོག་པར་བྱེད། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད། མི་འདའ་བར་འཇུག་པར་བྱེད་དོ། །དེ་ལ་ཡང་དེ་བཞིན་གཤེགས་པ་ལྷག་པར་དགའ་བར་ཡང་མི་མཛད། ཡིད་མི་བདེ་བ་ཡང་མི་མངའ། ཐུགས་སྤྲོ་བར་ཡང་མི་མཛད་དེ། དྲན་པ་མངོན་དུ་མཛད་པས་དེ་
ལ་ཡང་བཏང་སྙོམས་སུ་མཛད་ནས་བཞུགས་ཏེ། འདི་ནི་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་པོའོ། །ཡང་གཉིས་པ་ནི་སྔ་མ་བཞིན་དུ་ཆོས་སྟོན་པ་ན་ལེགས་པར་རབ་ཏུ་ཉན་པར་མི་བྱེད་པ་ནས། ཆོས་ཀྱི་རྗེས་སུ་སྒྲུབ་པར་མི་བྱེད་པའི་བར་དུའོ། །དེ་དག་ལ་ཡང་དེ་བཞིན་གཤེགས་པ་ཁོང་ཁྲོ་བ་
ཡང་མི་མངའ། མི་བཟོད་པ་ཡང་མི་མངའ། ཐུགས་མི་དགྱེས་པ་ཡང་མི་མངའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡང་གསུམ་པ་ནི་འགའ་ཞིག་ལེགས་པར་རབ་ཏུ་ཉན་པ་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་བར་དུ་བྱེད་ལ། འགའ་ཞིག་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་བར་དུ་
མི་བྱེད་ན་ཡང་དེ་དག་ལ་དེ་བཞིན་གཤེགས་པ་ལྷག་པར་དགའ་བར་ཡང་མི་མཛད་པ་ནས། སྤྲོ་བར་ཡང་མི་མཛད་པའི་བར་དང་། མི་དགྱེས་པ་མི་མངའོ་ཞེས་བྱ་བའི་བར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདི་ནི་གསུམ་པའོ། །དེ་བཞིན་གཤེགས་པས་དུས་རིང་པོར་ཐུགས་ལ་དགོངས་པ་ནི་ངས་བསྟན་
པའི་ཆོས་འདུལ་བ་འདི་ཅི་ནས་ཀྱང་སྒྲུབ་པར་འགྱུར་ན་ཅི་མ་རུང་སྙམ་པ་དེ་ལ་ཡང་དག་པར་སྒྲུབ་པར་བྱེད་པ་དེ་ལ་ཡང་རྗེས་སུ་ཆགས་པར་མི་མཛད་དོ། །གནོད་པ་བྱེད་པ་ལ་ཡང་ཁོང་ཁྲོ་བ་མི་མངའ། དེ་དག་གཉིས་ཀའི་རྣམ་པ་ཅན་དེ་ལ་ཡང་དེ་གཉིས་ཀའི་རྣམ་པ་མི་མངའོ། །འཁོར་གྱི་ཚོགས་ཡོངས་སུ་
སྡུད་པར་བྱེད་པ་དང་ལྡན་པ་ན་ཉོན་མོངས་པ་རྣམ་པ་གསུམ་བྱུང་བ་དང་། མ་འདྲེས་པའི་ཆོས་རྣམ་པ་གསུམ་ཉིད་འཇོག་པར་མཛད་དེ་འཁོར་གྱི་དབྱེ་བས་རྣམ་པ་གསུམ་ཉིད་དུ་བསྟན་ཏོ། །གཅིག་ཏུ་དཀར་བ་དང་། གཅིག་ཏུ་ནག་པ་དང་། འདྲེན་མ་སྟེ་རྣམ་པ་གསུམ་དུ་གསུངས་སོ། །དེའི་ཕྱིར་སྨྲས་པ།
དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པའོ། །མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྲུང་བ་མེད་པ་ནི་གསུམ་སྟེ། འགའ་ཞིག་གཞན་གྱིས་ཤེས་ན་མི་རུང་ངོ་ཞེས་བསྲུང་བར་བྱ་བ་མི་མངའོ། །གསུམ་པོ་དག་གང་ཞེ་ན། གང་དེ་བཞིན་གཤེགས་པས་བཅབ་པར་

བྱ་བ་དེ་བཞིན་གཤེགས་པ་ལ་སྐུའི་ཀུན་དུ་སྤྱོད་པ་མ་དག་པ་མི་མངའོ། །དེ་བཞིན་དུ་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པའི་བར་དུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདི་དག་གི་བསྡུས་པའི་དོན་བསྟན་པའི་ཕྱིར། རྣམ་པ་ཐམས་ཅད་དུ་ཉེས་པ་བྱས་པ་འཆབ་པ་སྤངས་པ་ཞེས་བྱ་བ་ལ། ལུས་ལ་སོགས་
པའི་བྱ་བ་ཉེས་པ་བྱས་པ་ཉིད་ནི་མི་འཇིགས་པའི་གནས་དང་པོ་གཉིས་ཀྱི་མི་མཐུན་པར་རིག་པར་བྱའོ། །དེ་བཅབ་པར་བྱ་བ་དེ་བཞིན་གཤེགས་པས་སྤངས་པ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ་ཞེས་བྱས་ནས་སོ། །ཉོན་མོངས་པར་སྣང་བ་ཙམ་ཡང་མི་མངའོ་ཞེས་བསྟན་པའི་ཕྱིར། དགྲ་བཅོམ་པ་
ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པར་གྱུར་ན། རང་གི་ལས་ལ་ཐེ་ཚོམ་མེད་པར་གྱུར་ནས་ཉན་ཐོས་ལ་སོགས་པ་ལ་དྲག་ཤུལ་གྱིས་འདོམས་པར་མཛད་ཅིང་ཚར་གཅོད་པར་མཛད་དེ་སྨ་འབེབས་པའི་སྒོ་ནས་སོ། །བདག་ཉིད་ལ་བརྗོད་དུ་མེད་པར་བསྟན་པའི་ཕྱིར། འགྲོགས་
པའི་རྒྱུ་ལས་ངའི་ཉན་ཐོས་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཚད་མེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་གཏོགས་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལ་དམིགས་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱ་བ་ནི་ཡོངས་སུ་དག་པ་ཆེན་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་ནི། རྣམ་པ་གསུམ་གྱིས་རྟག་ཏུ་གནས་པས་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅེས་བྱའོ། །སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པས་ཅུང་ཟད་མི་མཛད་པ་དེ་ལ་བསྙེལ་བ་མི་མངའ་བ་ཉིད་དོ། །དེ་ལྟ་བུའི་ཡུལ་ཐམས་ཅད་དུ་གཏོགས་པ་དང་།
ཐམས་ཅད་ཀྱིས་ཡོངས་སུ་གཟུང་བ་ཉིད་དང་། དུས་ཐམས་ཅད་དུ་རྣམ་པར་གཟིགས་པ་ཉིད་དོ། །དེ་ལྟར་མཛད་པ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་བསྙེལ་བ་མི་མངའ་བ་ཉིད་ཡིན་ནོ། །དེ་ལ་བསྐྱོད་པ་ནི་བརྐྱང་བསྐུམ་ལ་སོགས་པ་སྐུའི་ཕྲིན་ལས་སོ། །གཟིགས་པ་ནི་སྤྱན་འགྱུར་བ་ལ་སོགས་པ་སྤྱན་
གྱི་ཕྲིན་ལས་སོ། །གསུངས་པ་ནི་གསུང་གི་ཕྲིན་ལས་སོ། །གནས་པ་ནི་ཆགས་པ་ལ་སོགས་པའོ། །སྤྱོད་ལམ་ཐམས་ཅད་དུ་ཉོན་མོངས་པ་དང་བཅས་པ་ཀུན་དུ་སྤྱོད་པའི་གཡོ་བ་ཤིན་ཏུ་འཇུག་པ་མི་མངའ་བ་ཉིད་བག་ཆགས་ཡང་དག་པར་བཅོམ་པ་ཞེས་བྱའོ། །ཉན་ཐོས་ལ་སོགས་པ་ལ་ཉོན་མོངས་པ་སྤངས་

སུ་ཟིན་ཀྱང་ཉོན་མོངས་པ་དང་བཅས་པ་འདྲ་བའི་སྤྱོད་པ་དང་། བསྐྱོད་པ་ལ་སོགས་པ་འཇུག་པ་ཡིན་ནོ། །དེའི་ཕྱིར་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་ཞེས་བྱའོ། །དོན་དང་ལྡན་པ་ནི་རྣམ་པར་བྱང་བའི་ཕྱོགས་ཏེ། ཤིན་ཏུ་ཕན་པ་དང་བདེ་བའི་ཆོས་རྣམས་ཡང་དག་པར་སྒྲུབ་
པའོ། །དོན་དང་ལྡན་པ་མ་ཡིན་པ་རྣམས་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ཆོས་རྣམས་ཏེ། ཕན་པ་མ་ཡིན་པ་ཡང་དག་པར་སྒྲུབ་པའོ། །དེ་གཉིས་ཀ་ལས་རྣམ་པར་གྲོལ་བའི་ཆོས་རྣམས་ནི་ཕུང་པོ་གསུམ་པའོ། །འདི་དག་ལས་ཕྱི་མ་གཉིས་ཡོངས་སུ་ཤེས་པ་ནི་རྣམ་པ་ཐམས་ཅད་ཡོངས་སུ་མཁྱེན་
པ་ཞེས་བྱའོ། །དེ་ལྟར་གཉིས་སུ་བྱས་པའི་མཁྱེན་པས་སྔ་མའི་ཆ་མཁྱེན་པ་གང་ཡིན་པ་དེ་ནི་མཆོག་མཁྱེན་པ་ཞེས་བྱ་སྟེ། ཆོས་ཀྱི་དམ་པའི་རྣམ་པ་མཁྱེན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདི་གཉིས་ལ་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་བསྟན་
ནས་སོ། །ཡང་ཐོབ་པའི་རིམ་པ་བསྟན་པའི་ཕྱིར་དེ་ལ་མཚན་དང་དཔེ་བྱད་ལ་སོགས་པ་ལ་མཚན་དང་དཔེ་བྱད་རྣམས་ནི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་རྣམས་ཀྱིས་རྣམ་པར་སྨིན་པ་ཐོབ་པ་ཡིན་ལ། ལྷག་མ་རྣམས་ནི་བྱང་ཆུབ་ཐོབ་ནས་ཡིན་ནོ་ཞེས་སྨྲས་པ། གང་གི་ཚེ་
ཞེས་བྱ་བ་ལ་སོགས་པ་ལ། སློབ་དཔོན་མེད་པས་ཞེས་བྱ་བ་ནི་གཞན་གྱིས་ཉེ་བར་བསྟན་པ་མེད་པར་ཡང་འབྱུང་བ་ཉིད་དོ། །ཆ་ཕྱི་མ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་པ་ལ་མངོན་པར་སྦྱོར་བའི་ཚུལ་གྱིས་མཁྱེན་པའི་སྐད་ཅིག་གཅིག་གིས་ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ལ་བརྟེན་
ནས་ཏིང་ངེ་འཛིན་གྱི་བྱེ་བྲག་རབ་ཏུ་འཐོབ་པོ། །དེའི་ཕྱིར་སྨྲས་པ། སྐད་ཅིག་གཅིག་གིས་ཞེས་བྱ་བ་ལ་སོགས་པ་ལ་བསླབ་པ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱི་མ་བག་ཆགས་ཐམས་ཅད་འཇོམས་པར་ནུས་པ་གང་ཡིན་པ་དེ་ལ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེའི་རྗེས་ཐོགས་ལ་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའོ་ཞེས་བྱ་བ་ནས། སྟོབས་བཅུ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཆེན་པོར་གྱུར་པ་རྫོགས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་སྟེ། ཅིག་ཅར་འཐོབ་པར་འགྱུར་རོ། །དེ་ཐོབ་པས་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་ཐོགས་པ་མེད་པ་

ཞེས་བྱའོ། །ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བས་ན་དྲི་མ་མེད་པ་ཞེས་བྱའོ། །ཤེས་བྱ་ལ་འཇུག་པ་ནི་དེས་སྦྱོར་བ་མ་བྱས་པར་ཡང་བཞེད་པ་ཙམ་དང་འབྲེལ་པར་འཇུག་གོ། །དེས་ན་སྨྲས་པ། བརྩལ་བ་ཙམ་ལ་ཐོགས་པ་མེད་པ་ཞེས་བྱའོ། །མངོན་པར་བཞེད་པའི་དོན་ཐམས་ཅད་ཐོབ་པས་བརྣག་
པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ས་རབ་ཏུ་ཁྱད་པར་དུ་འཕགས་པ་ཐོབ་པས་བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་པ་ཞེས་བྱའོ། །རབ་ཏུ་བརྟན་པའི་ས་ལ་གནས་པས་དེ་བཞིན་གཤེགས་པའི་ས་ལ་ཞུགས་པ་ཞེས་བྱའོ། །སྙིང་པོ་ལ་ཡོད་པ་ལྟ་བུའི་ཤེས་བྱའི་
སྒྲིབ་པ་དང་མཐུན་པར་གནས་པའི་གནས་ངན་ལེན་མ་ལུས་པར་སྤངས་པ་རྟེན་གནས་སུ་གྱུར་པའི་མཆོག་ཐོབ་པ་ཡིན་ནོ། །དེས་ན་སྨྲས་པ། དེའི་གནས་སུ་གྱུར་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དྲི་མ་མེད་པའི་ཕྱིར་དང་། ཆོས་ཀྱི་སྐུས་ཡང་དག་པར་
བསྡུས་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་གནས་པ་ཐམས་ཅད་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གོང་མ་གོང་མ་ལ་ལྟོས་ནས་བླ་ན་ཡོད་པ་དང་བཅས་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཁ་ཅིག་ཀྱང་མཐར་ཐུག་པའི་ས་ཐོབ་པ་ཡིན་ལ། དེ་བཞིན་གཤེགས་པ་
ཡང་མཐར་ཐུག་པའི་ས་ཐོབ་པ་ཡིན་ན། དེ་དག་ལ་ཁྱད་པར་ནི་དུ་ཡོད་པར་རིག་པར་བྱ་ཞེས་ཐེ་ཚོམ་ཟ་བས་དྲིས་པ་ཡིན་ལ། སྤངས་པའི་ཁྱད་པར་ནི་རབ་ཏུ་གྲགས་པ་ཉིད་དོ། །སྙིང་པོ་ལ་ཡོད་པ་ལྟ་བུའི་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་རབ་ཏུ་སྤངས་པ་ཡིན་ནོ། །སེང་རས་ཀྱིས་བར་དུ་ཚོད་པའི་དཔེས་ནི་ཇི་ལྟར་
རིགས་པར་སྒྲིབ་པ་དང་བྲལ་བ་ཆེན་པོ་ཉིད་དང་། ལྷག་མ་མ་ལུས་པར་སྤངས་པས་དེ་བཞིན་གཤེགས་པའི་ཡོངས་སུ་གསལ་བར་བྱས་པ་ཡིན་ཏེ། དཔེ་དང་པོས་སྒྲིབ་པ་མེད་པར་བསྟན་ཏེ། ཕྱི་མས་ནི་ཚོན་གྱི་རི་མོ་ལེགས་པར་བཀྱེ་བས་ཤིན་ཏུ་མཛེས་པའི་རི་མོའི་ལས་ཀྱིས་གསལ་བར་འགྱུར་ཞིང་འོད་
གསལ་བ་དང་འདྲ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་བལྟ་བར་བྱའོ། །མུན་པ་མུན་ནག་པའི་ནང་ན་བལྟ་བ་དང་། ཐག་རིང་པོ་ནས་བལྟ་བ་དང་། དེ་དག་ལས་བཟློག་པའི་དཔེས་ཀྱང་གསལ་བར་བསྟན་པ་ཡིན་ནོ། །སྐྱེས་པ་དང་མ་སྐྱེས་པའི་ལུས་ཀྱི་དཔེས་ཀྱང་གནས་གྱུར་པ་ཆེན་པོ་ཉིད་བསྟན་པ་ཡིན་ནོ། །རབ་

རིབ་ཅན་གྱི་དཔེ་ལས་བཟློག་པས་ནི་ཤིན་ཏུ་རྣམ་པར་དག་པ་ཉིད་བསྟན་ཏོ། །ཡེ་ཤེས་ཁྱད་པར་ཆེ་བ་ནི། ཡེ་ཤེས་ཀྱི་ཁྱད་པར་རོ། །ཤིན་ཏུ་རྣམ་པར་དག་པའི་མཚན་དང་དཔེ་བྱད་བླ་ན་མེད་པའི་རྟེན་ཡོངས་སུ་གྱུར་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
སངས་རྒྱས་ནས་སྔར་བསྟན་པའི་ཆོས་རྣམས་ཀྱི་དབང་གིས་དེ་བཞིན་གཤེགས་པའི་མཛད་པ་བཅུ་བསྟན་པར་ཤེས་པར་བྱའོ། །དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་བྱ་བ་རྣམ་པ་བཅུས་ངེས་པར་བསྒྲུབ་པར་བྱ་བའི་ཕྱིར་ལེའུ་བཅུས་བསྟན་པ་ཡིན་ནོ། །དེ་དག་གི་ཡུལ་ཡང་རྒྱ་ཆེར་བསྟན་པའི་ཕྱིར།
ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་ལ། དང་པོ་ཉིད་དུ་ནི་ཉིད་ཀྱི་སྐུས་མངོན་པར་ཡིད་ཆེས་པ་བསྐྱེད་ནས་དད་པར་མཛད་པ་ཡིན་ནོ། །དེ་སྔོན་དུ་འགྲོ་བ་ལས་དེ་ལས་གཞན་པའི་གདུལ་བྱ་རྣམས་ཀྱི་བྱ་བ་ཡིན་ནོ། །དེ་ཡང་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཉིད་ལ་དེ་བཞིན་གཤེགས་པ་ལ་མོས་
པའི་དབང་གིས་སེམས་ཅན་རྣམས་ལ་སྣང་བར་འགྱུར་རོ། །དེ་ཡང་ཁ་ཅིག་གིས་ནི་བརྒྱ་བྱིན་གྱི་གཟུགས་སུ་མཐོང་ངོ་ཞེས་བྱ་བའི་མདོའི་རྗེས་སུ་འབྲངས་ནས་སོ། །དེ་ལྟར་སེམས་འདུན་པར་བྱས་པ་ལ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་གདམས་པའི་སྦྱོར་བ་ནི་གཉིས་པ་སྟེ། དེ་དག་རྣམ་པ་ཐམས་ཅད་ཡོངས་སུ་
དག་པ་ལ་སྦྱོར་བ་ཉིད་དོ། །དེ་ལྟར་གདམས་པ་བྱས་པས་བྱ་བ་ཐམས་ཅད་བྱེད་པ་ལ་ནུས་པ་དང་ལྡན་པར་བྱས་ནས་མི་ཤེས་པས་ཀུན་དུ་རྨོངས་པ་དང་། ཐེ་ཚོམ་གྱི་ཤེས་པ་དང་ལྡན་པ་རྣམས་ཀྱི་ཐེ་ཚོམ་གཅོད་པར་ནུས་པ་ནི་གསུམ་པའོ། །དེ་ཡང་སྟོབས་བཅུ་དང་ལྡན་པར་ཤེས་པར་བྱ་ཞིང་རིག་པར་བྱ་
སྟེ། དེ་དག་ནི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཕ་རོལ་རྒོལ་བ་ཐམས་ཅད་ཚར་གཅོད་པ་དང་། རང་གི་ཕྱོགས་རྣམ་པར་གཞག་པར་བྱ་བ་ནི་རྣམ་པ་བཞི་པ་སྟེ། དེ་ནི་མི་འཇིགས་པ་དང་ལྡན་པའི་ཕྱིར་རོ། །ཇི་སྐད་བསྟན་པའི་རིམ་གྱིས་བསྟན་པ་ལ་ཞུགས་པ་ནི་རྣམ་པ་གསུམ་མོ། །སེམས་ཅན་ཀུན་
ནས་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་ནི་ལྔ་པ་སྟེ། ཚོགས་ཡོངས་སུ་སྡུད་པའི་སྒོ་ནས་འདྲེན་པ་དྲན་པ་ཉེ་བར་གཞག་པ་དང་ལྡན་པའི་ཕྱིར་རོ། །བསམ་པ་དང་སྦྱོར་བ་མ་འདྲེས་པས། ཇི་སྐད་སྨྲས་པ་ནི་དྲུག་པ་སྟེ། དེ་ལ་སྲུང་བ་མེད་པའི་ཕྱིར་རོ། །ཉིན་མཚན་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་

ཐམས་ཅད་ལ་རྣམ་པར་གཟིགས་པ་ནི་བདུན་པ་སྟེ། དེ་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་མི་འདོར་ཞིང་སེམས་ཅན་གྱི་བྱ་བ་ཐམས་ཅད་ལ་ཉེ་བར་གནས་པའི་དྲན་པ་དང་ལྡན་པ་ཉིད་ནི་བརྒྱད་པ་སྟེ། བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱི་ཕྱིར་རོ། །དེ་བཞིན་
གཤེགས་པའི་སྤྱོད་པ་དང་གནས་པ་དག་ལ་ཇི་ལྟ་བ་བཞིན་དུ་རྗེས་སུ་སྒྲུབ་པ་ནི་དགུ་པ་སྟེ། དེ་ནི་བག་ཆགས་ཡང་དག་པར་བཅོམ་པའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་དོན་མ་ཡིན་པ་སྟོན་པ་སྤངས་ནས་དོན་དུ་འགྱུར་བ་ཉེ་བར་སྟོན་པར་བྱེད་པ་ནི་བཅུ་པ་སྟེ། དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་མཁྱེན་པ་དང་ལྡན་
པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་བཅུ་ཚན་འདིས་བསྡུས་པ་ལ་རབ་ཏུ་ཕྱེ་ནས་མཛད་པ་རྣམ་པ་བཅུར་འབྱེད་དོ། །མཛད་པ་རེ་རེའི་བྱ་བ་ཡང་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པས་ཚད་མེད་པར་རིག་པར་བྱའོ། །དེའི་ཕྱིར་སྨྲས་པ། འདི་ཉིད་ཀྱི་རྣམ་གྲངས་གཅད་པར་བྱ་བ་སླ་བ་ནི་མ་ཡིན་ནོ་ཞེས་བྱ་བ་
ལ་སོགས་པ་ལ། དེ་བཞིན་གཤེགས་པའི་གནས་པ་འདི་དག་ཁོ་ན་ལ་དེ་བཞིན་གཤེགས་པའི་ས་དང་རབ་ཏུ་གནས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་བསླབ་པའི་ལམ་གྱི་གནས་སུ་གྱུར་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་ལ་རབ་ཏུ་གནས་ནས་དེ་
དོན་དུ་གཉེར་བའི་ཚུལ་གྱིས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་སློབ་པ་ན་ཞེས་བྱ་བས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་རྟེན་དུ་གྱུར་པའི་ཕྱིར། རབ་ཏུ་གནས་པ་དེ་ལ་དེ་བཞིན་གཤེགས་པ་གནས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ཡང་དག་པར་སྒྲུབ་པར་མཛད་དོ། །དེས་ན་
རབ་ཏུ་གནས་པ་ཞེས་བརྗོད་དོ། །འདི་དག་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་དུ་བསྟན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་གྱི་དོན་བྱ་བ་ལ་ནུས་པ་དང་ལྡན་པའི་ཕྱིར་གཞན་གྱི་དོན་བྱ་བ་དང་མཐུན་པ་ཡིན་ལ། གཅིག་ཏུ་གཞན་གྱི་དོན་བྱེད་པས་
རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་རྣམས་ནི་དེ་ལྟ་བུ་ལས་བཟློག་པ་ཡིན་པས་དེ་དག་ལ་ཆོས་འདི་དག་མེད་པའི་ཕྱིར། དེས་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱའོ། །ཆོས་འདི་དག་ལས་ཁ་ཅིག་ནི་ཉན་ཐོས་ལ་སོགས་པ་རྣམས་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོད་པ་མ་ཡིན་

ཏེ། དེ་དག་བསྟན་པའི་ཕྱིར། འདི་ལྟ་སྟེ་ཐུགས་རྗེ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པའོ། །གང་དག་དམིགས་པ་དེ་དག་ཀྱང་། །ཞེས་བྱ་བ་ལ། རྣམ་པ་དང་དམིགས་པ་ཙམ་ཉེ་བར་བཟུང་ནས་འཇུག་པ་ནི་གནས་དང་གནས་མ་ཡིན་པ་ཤེས་པ་ལ་སོགས་པའོ། །
རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་མ་ཡིན་ནོ་ཞེས་བྱ་བས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་མིང་མི་འཐོབ་པོ། །དེ་ལས་བཟློག་པས་ནི་ཡོངས་སུ་རྫོགས་པ་ཉིད་དང་། ཤིན་ཏུ་འདས་པ་ཉིད་དེ། ཆེན་པོར་གྱུར་པ་དང་ལྡན་པའི་ཕྱིར་རོ། །ཆེས་གྱ་ནོམ་པ་ཉིད་ནི་ཚད་མེད་པའི་
ཡུལ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་མ་འདྲེས་པ་ཞེས་བྱའོ། །བསླབ་པའི་ལམ་ཡོངས་སུ་རྫོགས་པ་དང་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་ས་འདི་རྣམ་པ་དགུར་རབ་ཏུ་ཕྱེ་བ་ནི་བསླབ་པའི་ལམ་ཡིན་ལ། འབྲས་བུ་ནི་རབ་ཏུ་གནས་པའི་ལམ་རབ་ཏུ་ཕྱེ་བ་སྟེ། དེ་
གཉིས་ཀ་ཡང་སྟོན་པའི་གནས་སུ་གྱུར་པའོ། །ད་ནི་རྣམ་པ་བཞིས་བྱང་ཆུབ་སེམས་དཔའི་ས་རྣམ་པར་གཞག་པར་བྱ་སྟེ། གདུལ་བྱ་རྣམས་དེ་ལ་གུས་པ་བསྐྱེད་པའི་ཕྱིར་རོ། །ཆེ་བའི་ཡོན་ཏན་གྱི་མིང་གི་རྣམ་གྲངས་ཉིད་ནི་གང་ཡང་སྨྲས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་
ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་ས་འདི་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཤིན་ཏུ་རྒྱས་པ་མ་མོའི་གནས་ལྟ་བུ་སྟེ། མདོ་སྡེ་དེ་དག་ཐམས་ཅད་ལ་འདིས་ཁྱབ་པ་ཡིན་ཏེ། ཡི་གེའི་ཕྱི་མོ་བཞིན་ནོ། །ཐེག་པ་ཆེན་པོ་བསྡུས་པ་ཞེས་བྱ་བར་ཡང་བརྗོད་དེ། མདོ་སྡེ་ཐམས་ཅད་ཀྱི་དོན་
བསྟན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཆུད་ཟ་བ་དང་། ཆུད་ཟ་བ་མ་ཡིན་པའི་ལམ་འགྲེལ་པ་ཞེས་ཀྱང་བརྗོད་དེ། བྱང་ཆུབ་སེམས་དཔའི་དབུ་མའི་ལམ་ཡང་དག་པར་རབ་ཏུ་སྟོན་པའི་དོན་གྱིས་སོ། །སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྩ་བ་ཞེས་ཀྱང་བརྗོད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་
པ་རྣམ་པར་དག་པའི་ཡེ་ཤེས་འཐོབ་པ་ཉེ་བར་བསྟན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཆོས་འདི་ལ་ཀུན་དུ་སྤྱོད་པའི་སྦྱོར་བ་དང་ལྡན་པ་དེ་ནི་བསོད་ནམས་ཆེན་པོ་ཉིད་དུ་འགྱུར་རོ་ཞེས་བྱ་བར་གང་ཡང་སྨྲས་པ། གང་དག་ལྷ་དང་མིར་བཅས་པའི་ཞེས་བྱ་བ་ལ་སོགས་པ་ལ། ལྷ་དང་བཅས་པ་ཞེས་

སྨྲས་པ་ནི། འགྲོ་བའི་སྒྲུབ་པའི་ཁྱད་པར་གྱི་བྱེ་བྲག་མེད་པར་ཐམས་ཅད་ཀྱིས་བསོད་ནམས་ཆེན་པོ་ཉིད་ཐོབ་པར་ཤེས་པར་བྱ་བའི་ཕྱིར་རོ། །དེའི་རྒྱུ་བསྟན་པའི་ཕྱིར་མདོའི་སྡེ་ཐམས་ཅད་ཀྱི་རྩ་བ་ནི་འདི་ཡིན་པའི་ཕྱིར་རོ། །ཆོས་འདི་ལྟ་བུ་ལ་ཀུན་དུ་སྤྱོད་པའི་སྦྱོར་བ་དང་ལྡན་པ་ཡོད་པ་དེ་སྲིད་དུ་
བསོད་ནམས་རབ་ཏུ་འཕེལ་བའི་རྒྱུ་ཡིན་ནོ་ཞེས་བྱའོ། །མི་མཐུན་པ་དང་གཉེན་པོའི་བྱེ་བྲག་ཀྱང་མདོ་སྡེ་གཞན་དག་ཏུ་བཞུགས་སུ་ཟིན་ཀྱང་དམ་པའི་ཆོས་ཀྱི་གཟུགས་བརྙན་ལྟ་བུའི་ཆོས་རྣམས་ཀྱི་གཉེན་པོར་གྱུར་པ་ནི་བྱང་ཆུབ་སེམས་དཔའི་ས་འདི་ཡིན་ཏེ། དོན་ཤིན་ཏུ་གསལ་བར་བསྟན་
པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གང་ཡང་སྨྲས་པ། དམ་པའི་ཆོས་ལྟར་བཅོས་པ་རྣམས་འཕེལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གང་གི་ཚེ་དེ་འཕེལ་བར་འགྱུར་བ་དེའི་ཚེ་ཡང་དག་པའི་དོན་དང་ལྡན་པ་དེ་ནུས་པར་འགྱུར་ཞིང་། ཡང་དག་པའི་མདོ་སྡེ་རྣམས་ཀྱང་ནུས་པར་འགྱུར་རོ། །མདོ་སྡེ་ལ་བརྟེན་
པའི་དམ་པའི་ཆོས་ལྟར་བཅོས་པ་རྣམས་ནི་རྒྱས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་རབ་ཏུ་གནས་པའི་ལེའུ་སྟེ་ལྔ་པའི་འགྲེལ་པ་རྫོགས་སོ།། །།དེ་ལ་བྱང་ཆུབ་སེམས་དཔའི་སའི་གོ་རིམས་ནི་འདི་ཡིན་ཏེ། རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་
ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། སེམས་བསྐྱེད་ནས་བདག་དང་གཞན་གྱི་དོན་ལ་སྦྱར་རོ། །བདག་དང་གཞན་གྱི་དོན་ལ་སྦྱོར་ན་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་མེད་ན་མི་སྐྱོ་བའི་ཐབས་རྙེད་པར་འགྱུར་རོ། །སྐྱེ་བ་མེད་ན་དགེ་
བའི་རྩ་བ་འཕེལ་བར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །དགེ་བའི་རྩ་བ་རྣམས་ཀྱིས་རྒྱས་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཏེ། བདག་དང་གཞན་གྱི་དོན་ལ་སྦྱོར་བ་དང་། ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་དང་མི་སྐྱོ་བའི་ཐབས་དང་དགེ་
བའི་རྩ་བ་འཕེལ་བར་བྱ་བའི་ཐབས་དང་། བྱང་ཆུབ་ཐོབ་པར་བྱ་བ་ལ་བསྒྲུབ་པ་ན་ཐོག་མ་ཁོ་ནར་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་མོས་པ་རྣམ་པར་འཇོག་གོ། །དེ་ལ་མོས་ན་ཆོས་དེ་དག་ཡོངས་སུ་ཚོལ་ལོ། །ཡོངས་སུ་བཙལ་ནས་གཞན་དག་ལ་ཡང་སྟོན་ཅིང་བདག་ཉིད་ཀྱང་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །བསྒྲུབས་ནས་ཀྱང་གང་

གིས་དང་གང་དུ་དང་གང་གི་ཕྱིར་བསྒྲུབ་པར་བྱ་བ་དེས་དེར་དེའི་ཕྱིར་བསྒྲུབ་བོ། །དེས་དེར་དེའི་ཕྱིར་བསྒྲུབས་པ་ན་ཅི་ནས་བསོད་ནམས་སོགས་པ་དང་ཡེ་ཤེས་སོགས་པར་འགྱུར་བ་དེ་ལྟར་བསྒྲུབ་པོ། །བསོད་ནམས་དང་ཡེ་ཤེས་བསགས་ནས་འཁོར་བ་མི་སྤོང་བའི་ཐབས་བསྒྲུབ་པོ། །དེ་ལ་བསྒྲུབས་
པ་ན་འཁོར་བའི་ཀུན་ནས་ཉོན་མོངས་པ་མེད་པར་བསྒྲུབ་པོ། །དེ་ལ་བསྒྲུབས་པ་ན་བདག་གི་བདེ་བ་ལ་ལྷག་པར་ཆགས་པ་མེད་པར་བསྒྲུབ་པོ། །དེ་ལ་བསྒྲུབས་པ་ན་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོ་བར་བསྒྲུབ་པོ། །དེས་ཡོངས་སུ་མི་སྐྱོ་ན་བསྟན་བཅོས་རྣམས་ལ་བརྟེན་ནས་བསྟན་བཅོས་ཐམས་ཅད་ལ་མི་འཇིགས་
པར་འགྱུར་རོ། །བསྟན་བཅོས་ཤེས་ན་སུ་ལ་གང་ཇི་ལྟར་བསྟན་པར་བྱ་བ་དེ་ཤེས་པས་འཇིག་རྟེན་ཤེས་པར་འགྱུར་རོ། །དེ་ལྟར་བསྟན་བཅོས་ཤེས་ཤིང་འཇིག་རྟེན་ཤེས་ན་ཚུལ་བཞིན་དུ་ཆོས་རྣམས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལྟར་ཚོལ་བས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་
པར་ནུས་པར་འགྱུར་རོ། །དེ་ལྟར་ནུས་ན་གཞན་གྱི་ཐེ་ཚོམ་གཅོད་པས་བསོད་ནམས་ཀྱིས་མངོན་པར་སྐྱེ་ཞིང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དེ། བདག་ཉིད་ཀྱང་ཤེས་པས་མངོན་པར་སྐྱེ་བས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །ཚོགས་ཡོངས་སུ་རྫོགས་པ་ན་བདེན་པའི་
རྣམ་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་ལ་སྦྱོར་བར་འགྱུར་ཞིང་བསྒོམ་པའི་ཐབས་རབ་ཏུ་ཤེས་སོ། །དེ་ལྟར་བརྩོན་ན་བསྒོམས་པ་དེ་ཐེག་པ་ཆེན་པོའི་ཡོངས་སུ་མྱ་ངན་ལས་འདས་པར་ཡོངས་སུ་སྔོ་བར་བྱེད་དེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་ཡོངས་སུ་མྱ་ངན་ལས་འདས་པར་ནི་མ་ཡིན་ནོ། །དེ་ལྟར་
ཐབས་ལ་མཁས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པ་ཐོས་པ་ཡང་འཛིན་པར་འགྱུར་ལ། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་བསྒོམས་པའི་སྟོབས་ཀྱིས་དེ་ལ་རྣམ་པ་ཐམས་ཅད་དུ་སྣང་བར་འགྱུར་རོ། །དེ་གཟུངས་དང་སྤོབས་པ་དང་ལྡན་པས་རྣམ་པར་ཐར་པའི་སྒོ་གསུམ་གྱིས་དམིགས་པ་ཐམས་ཅད་
སྤངས་པའི་ཕྱིར་བསྒྲུབ་པོ། །དེ་ལྟར་བསྒྲུབས་ན་བདག་དང་གཞན་རྣམས་ཀྱི་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་སྤོང་བ་ལ་ཞུགས་པ་ཡིན་ཏེ། འདི་ནི་དེའི་རྣམ་པ་ཐམས་ཅད་དུ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཞུགས་པ་དེ་ནི་བསྒྲུབས་པའི་ཡོན་ཏན་གྱི་ཁྱད་པར་དང་། ཕན་ཡོན་གྱི་ཁྱད་པར་གྱིས་སེམས་ཅན་ཐམས་ཅད་དག་ཉན་ཐོས་དང་

རང་སངས་རྒྱས་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པར་འགྱུར་རོ། །དེ་ལ་བསྒྲུབས་པའི་ཡོན་ཏན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་ཞུགས་པ་དང་། གཞན་གྱི་དོན་རང་གིས་དགོས་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དེ་ལྟར་གཞན་གྱི་དོན་བདག་གིས་དགོས་པ་མ་ཡིན་ནོ། །སེམས་ཅན་ཐམས་
ཅད་ལ་སེམས་སྙོམས་པ་ཡིན་ཏེ། སེམས་སྙོམས་པས་ན་རྟག་ཏུ་ཕན་འདོགས་པའི་ཕྱིར་ཞུགས་ལ། ལན་དུ་ཕན་འདོགས་པ་ལ་ཡང་རེ་བ་མེད་དོ། །དེ་ལྟར་བརྩོན་པ་ནི་རྟག་ཏུ་དེ་ལ་ཕན་པ་དང་བདེ་བར་འདོད་དོ། །དེ་ལྟར་ཕན་པ་དང་བདེ་བའི་བསམ་པ་དང་ལྡན་པ་ནི་དེ་དག་ལ་འབྲས་བུ་ཡོད་པར་སྦྱོར་བར་བྱེད་དེ། དེ་ལྟར་ན་འདིས་ནི་གོང་ནས་གོང་དུ་
བསྒྲུབས་པའི་ཡོན་ཏན་གྱི་ཁྱད་པར་བསྒྲུབས་སོ། །དེ་ལ་ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་རྣམས་ལས་ལུང་བསྟན་པ་ཐོབ་ཀྱི། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མ་ཡིན་ནོ། །ལུང་བསྟན་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཏེ། དེ་ལ་གནས་ན་ངེས་པར་བྱ་བ་དང་རྟག་ཏུ་བྱ་དགོས་
པ་ལ་བརྗེད་པ་མེད་པའི་ཆོས་ཉིད་ཐོབ་པར་འགྱུར་རོ། །དེ་ལྟར་བརྗེད་པ་མེད་པའི་ཆོས་ཉིད་ཐོབ་པར་གྱུར་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གདགས་པ་ལ་འདོགས་པར་མཛད་དོ། །བྱ་བ་ཐམས་ཅད་དང་ཡོངས་སུ་ཉམས་པར་མི་བྱེད་དེ། མ་ཐོབ་པའི་ཡོངས་སུ་ཉམས་པས་ཀྱང་
ཡོངས་སུ་ཉམས་པར་མི་འགྱུར་རོ། །ཡོངས་སུ་མ་ཉམས་ན་རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཆོས་རྣམས་ཀྱིས་སྐྱེ་བར་འགྱུར་ཏེ། ཟླ་བ་ཡར་གྱི་ངོ་བཞིན་དུ་སྐྱེ་བ་ན་ཡང་དག་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལྟར་བཅོས་མ་མ་ཡིན་ནོ། །ཡང་དག་པའི་བྱང་ཆུབ་སེམས་དཔར་གྱུར་ན་རྣམ་པ་ཐམས་ཅད་དུ་གདུལ་
བའི་ཐབས་ཐམས་ཅད་ཤེས་སོ། །ཤེས་པར་གྱུར་ན་གང་ལས་ཡོངས་སུ་བཙལ་བ་དང་། གང་ཡོངས་སུ་བཙལ་བ་དང་། གང་གིས་ཡོངས་སུ་བཙལ་བ་རྣམ་པར་གཞག་པ་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཡོངས་སུ་བཙལ་བ་ཡང་གང་གིས་མཐར་ཐུག་པར་འགྱུར་བ་དེ་རྣམ་པར་འཇོག་པར་བྱེད་དོ། །རྣམ་
པར་གཞག་པ་ལ་མཁས་ན་གདམས་ངག་ལ་མཁས་པར་འགྱུར་རོ། །གདམས་ངག་ལ་མཁས་ན་དམིགས་པ་ཚད་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་དེ་ཐོབ་པས་འབྲས་བུ་ཡོད་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པ་སྣ་ཚོགས་ཀྱི་སྟོན་པ་འབྲས་བུ་དང་བཅས་པར་བྱེད་དོ། །ཐེག་པ་ཆེན་

པོས་ངེས་པར་འབྱུང་བར་ཡང་འགྱུར་རོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་ན་ཐེག་པ་ཆེན་པོ་སྡུད་པར་ཡང་འགྱུར་རོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་བའི་གནས་སྐབས་དེ་དང་དེར་མིང་དེ་དང་དེ་ཐོབ་པར་འགྱུར་ལ། འཇིག་རྟེན་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་
དཔའ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་མིང་འདོགས་ཤིང་བསྟོད་པར་ཡང་མཛད་དེ། འདི་དག་ནི་ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་ཡིན་པར་རིག་པར་བྱའོ། །དེ་ལྟ་བུའི་མིང་ཅན་དེ་ནི་བྱང་ཆུབ་སེམས་དཔའི་རྟགས་རྣམས་ཡིན་ཏེ། རྟགས་གང་དག་གིས་རྟགས་དེ་དང་ལྡན་ན་སྒྲུབ་པ་དེ་ཁྱིམ་པའི་ཕྱོགས་དང་རབ་ཏུ་བྱུང་བའི་ཕྱོགས་
ལ་ཡང་རྣམ་པ་ཐམས་ཅད་དུ་སྒྲུབ་པར་བྱེད་དོ། །གཉིས་ཀའི་ཕྱོགས་ལ་ཡང་སྒྲུབ་པར་བྱེད་ན་སྒྲུབ་པ་སྙིང་པོར་བྱེད་པ་ནི་གཅིག་ཏུ་ངེས་པར