Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 133
Văn bản gốc(Tây Tạng)
Trang 20 / 23 (50.000 ký tự/trang)
ོ། །ཡང་དེའི་རྗེས་ལ་མདོའི་ཚིག་བསྟན་པ་ནི། དེ་ སེམས་བསྐྱེད་པ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་དག་པར་བསྒྲུབ་པ་ཡང་དག་པར་འགྲུབ་པོ་ཞེས་བྱ་བ་ནས། མདོར་ན་བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་རེ་རེ་ལ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་ཡིན་ནོ། །དེའི་དོན་བསྟན་པ་ནི། དེ་ནི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཁྱད་པར་དུ་འཕགས་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་ཡང་མདོའི་ཚིག་བསྟན་པ་ནི། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་ གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་དག་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྐྱེས་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་སྐད་ཅིག་རེ་རེ་ལ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའོ། །འདིའི་ དོན་བསྟན་པའི་ཕྱིར། གནས་པ་གཞན་དག་ལ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནས། མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱ་སྟེ། གནས་པ་དང་པོ་ལ་ནི་སྨོན་ལམ་གྱིས་ཡོངས་སུ་བསྡུས་པའི་བྱང་ཆུབ་ཀྱི་ཆོས་རྣམས་ལ་ཀུན་དུ་སྤྱོད་དོ། །གནས་པ་གཉིས་པ་ལ་ནི་ཚུལ་ཁྲིམས་འཆལ་པའི་དྲི་མ་དང་ བྲལ་བའི་ཕྱིར་དང་། དེའི་གཉེན་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ་ལས་ཀྱི་ལམ་གྱིས་བསྡུས་པ་ཉིད་དོ། །གནས་པ་གསུམ་པ་ལ་ནི་སྨོན་ལམ་རྣམས་རྣམ་པར་འཕེལ་ཞིང་མང་དུ་ཐོས་པ་ཚོལ་ཞིང་། བསམ་གཏན་དང་། ཏིང་ངེ་འཛིན་ལ་བརྟེན་ནས་ཆོས་ཀྱི་སྣང་བས་ རབ་ཏུ་ཕྱེ་བ་ལ་ཀུན་དུ་སྤྱོད་པའོ། །གནས་པ་བཞི་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པའི་རྣམ་པའོ། །གནས་པ་ལྔ་པ་ལ་ནི་འཇིག་རྟེན་པའི་བཟོའི་ལས་ཀྱི་གནས་ཁ་ན་མ་ཐོ་བ་མེད་པ་རྣམས་ཀྱིས་ཡོངས་སུ་བསྡུས་པའོ། །གནས་པ་དྲུག་པ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་ མོ་ལ་སོ་སོར་རྟོག་པ་ལ་འཇུག་པར་གཏོགས་པའོ། །དེ་ལྟ་བུའི་ཚུལ་གྱིས་རྣམ་པ་རེ་རེ་ནས་ཡོངས་སུ་བཅད་པས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །ཡང་གནས་པ་བདུན་པ་འདི་ལ་ནི་ཁྱད་པར་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྐྱེད་པས་བྱང་ཆུབ་ཀྱི་ ཕྱོགས་རྣམས་ཡོངས་སུ་རྫོགས་པར་འགྱུར་བས་ལྷུན་གྱིས་གྲུབ་ཅིང་མཚན་མ་དང་བྲལ་བ་རྟོག་པ་དང་། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་ལ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསལ་བར་བསྟན་པ་ཡིན་ནོ། །དེ་དག་གི་རྒྱུ་བསྟན་པ་ནི་མདོ་ལས། དེ་ཅིའི་ཕྱིར་ ཞེ་ན། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པས་ཡེ་ཤེས་དང་། མངོན་པར་ཤེས་པའི་སྤྱོད་པ་གནོན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདིར་ཡང་དེའི་རྒྱུ་བསྟན་པའི་ཕྱིར། གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱོར་ བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པས་བསྡུས་པ་དང་། ཡེ་ཤེས་དང་། མངོན་པར་ཤེས་པ་དང་། སྤྱོད་པ་རྣམ་པར་དག་པས་བསྡུས་པའི་གནས་པ་བརྒྱད་པ་ལ་འཇུག་པ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་དེའི་ཕྱིར་འདི་ནི་ཡོངས་སུ་རྫོགས་པར་འགྱུར་བར་བསྟན་པ་ཡིན་ནོ། །གནས་ པ་བརྒྱད་པ་ལ་འཇུག་པ་བསྟན་པའི་ཕྱིར་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། གཅིག་ཏུ་ངེས་པར་ཞེས་བྱ་བ་ནི་དྲི་མ་རྣམ་པ་བཞི་རབ་ཏུ་སྤངས་པས་ལྷུན་གྱིས་གྲུབ་པར་འགྱུར་བའི་ཕྱིར་རོ། དེ་དག་སྤོང་བ་ནི་དེ་ཉིད་ནས་སྟོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ གྲོལ་བའི་ཟླ་བས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས་བརྩམས་ནས་དཔེ་དང་བཅས་པར་བསྟན་པས་འདི་དག་ཁོ་ནས་འགྲོ་བ་ཐམས་ཅད་དུ་རྒྱུ་ཞིང་ཀུན་ནས་ཉོན་མོངས་པའི་ཉེས་པ་རྣམས་ཀྱང་རབ་ཏུ་ཤེས་ཏེ། ཤིན་ཏུ་འདས་པས་དེ་དག་གིས་གོས་ པར་གྱུར་ཅེས་མི་བྱའོ་ཞེས་བྱ་བའི་བར་དུའོ། །འདི་དག་གི་དོན་ནི་འདི་ཡིན་ཏེ། གནས་པ་བདུན་པོ་འདི་དག་ནི་འདྲེན་པ་མ་ཡིན་ཏེ། རྣམ་གྲངས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་ཞེས་བརྗོད་དོ། །རྣམ་པར་དག་པ་ཉིད་བསྟན་པའི་ཕྱིར། གནས་པ་རྣམ་པར་དག་པའི་ སྔོན་དུ་འགྲོ་བའི་ཕྱིར་ནི་ཀུན་ནས་ཉོན་མོངས་ཅན་ཡང་མ་ཡིན་ལ་ཞེས་བྱ་བ་ནི་གནས་པ་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་དག་པ་ཞེས་བསྟན་ཏོ། །དེ་མ་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་དེའི་ངོ་བོ་མ་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་ཅན་གྱི་སྤྱོད་ པར་གཏོགས་པར་བརྗོད་དོ་ཞེས་བྱ་བ་ནི་རྣམ་པར་དག་པར་གནས་པའི་ངོ་བོ་མ་ཡིན་པའོ་ཞེས་བྱ་བའོ། །འདིའི་མདོ་ནི། ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནས། དེ་བཞིན་ གཤེགས་པའི་ཡེ་ཤེས་མངོན་པར་འདོད་པ་དང་། བསམ་པ་ཡོངས་སུ་མ་རྫོགས་པས་ཉོན་མོངས་པ་མེད་པ་ཞེས་ཀྱང་མི་བྱའོ་ཞེས་བྱ་བའི་བར་དུ་སྟེ། དེའི་དོན་ནི། གནས་པ་དེ་ལ་དེའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནས། སངས་རྒྱས་ཀྱི་ཡེ་ཤེས་འདོད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུའོ། །དེ་ལ་མདོ་ནི། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཞེས་བྱ་བ་ནས་ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་བར་ཡིན་ཏེ། དེའི་རྣམ་ པར་དབྱེ་བ་བསྟན་པའོ། །དེ་ལྟར་གྱུར་པ་དེ་ནི་ལྷག་པའི་བསམ་པ་ཡོངས་སུ་དག་ཅིང་ལུས་དང་ངག་དང་ཡིད་ཀྱི་ལས་ཚད་མེད་པར་འཇུག་གོ་ཞེས་བྱ་བའོ། །དེའི་རྗེས་ལ། དེ་མི་དགེ་བའི་ལས་ཀྱི་ལམ་གང་དག་དེ་བཞིན་གཤེགས་པས་སྨད་པ་དེ་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་ ལྷག་པར་འདས་པ་ཡིན་ཞེས་བྱ་བ་ནས། སློབ་དཔོན་དུ་ལྷག་པའི་གྲགས་པ་ཡིན་ཏེ། དེ་དག་དང་བསམ་པའམ་སྦྱོར་བས་མཉམ་པ་སུ་ཡང་མེད་དོ་ཞེས་བྱ་བའི་བར་འདི་དག་གི་དོན་བསྟན་པ་ནི་མདོ་ལས་བསྟན་པའི་རྗེས་སུ་འབྲངས་པ་ཉིད་ཀྱིས་ཏེ། དེ་ལས་གང་ དག་དེ་བཞིན་གཤེགས་པས་མ་བསྔགས་པ་རྣམས་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནས། ལྷག་པའི་བསམ་པ་དང་སྦྱོར་བ་མཚུངས་པ་འགའ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་མདོ་བསྟན་པ་ནི། བསམ་གཏན་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། སྙོམས་པར་འཇུག་པ་ རྣམས་དང་མངོན་པར་ཤེས་པ་རྣམས་དང་། རྣམ་པར་ཐར་པ་རྣམས་གང་དག་ཡིན་པ་དེ་དག་ཀྱང་བསྒོམ་པའི་ཚུལ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་དེ་ལ་མངོན་དུ་འགྱུར་རོ། །འོན་ཀྱང་དེ་ཙམ་གྱིས་རྣམ་པར་སྨིན་པ་ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། དེའི་དོན་བསྟན་པ་ནི། བསམ་གཏན་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཞེས་བྱ་བ་ནས། གནས་པ་བརྒྱད་པ་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྨིན་པ་ལ་གནས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་འདི་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་ཞེས་བྱ་བ་ནས། ཏིང་ངེ་འཛིན་དང་། ས་ཡོངས་སུ་སྦྱོང་བར་བྱེད་པ་འབུམ་ཕྲག་བཅུ་ཚང་བ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བའི་མདོའི་དོན་བསྟན་པ་ནི། དེ་ལྟར་ཞུགས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཞེས་བྱ་བ་ནས། འབུམ་ཕྲག་བཅུ་མངོན་པར་བསྒྲུབ་པོ་ཞེས་བྱ་བའི་བར་ཡིན་ནོ། །དེའི་ རྗེས་ལ་མདོས་བསྟན་པ་ནི། དེ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་སྦྱངས་པའི་ཞེས་བྱ་བ་ནས། རྣམ་པར་དཔྱད་པའི་ས་ཡང་མངོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་དོན་ཉེ་བར་བསྟན་པར་བྱ་སྟེ། དེ་དག་ཐོབ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལས་ ཡང་དག་པར་འདས་པར་འགྱུར་རོ་ཞེས་བྱ་བ་ལ། དེ་དག་གིས་ནི་བསམ་གཏན་གྱི་སྟོབས་དང་ཏིང་ངེ་འཛིན་རྣམས་ཀྱི་མིང་ཡང་མི་ཤེས་ན་སྙོམས་པར་འཇུག་པ་དང་ལྡན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ཡིན་ནོ། །ཡང་མདོ་ལས། ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ལུས་ ཀྱི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་འབྱུང་ཞེས་བྱ་བ་ནས། ཡིད་ཀྱི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་ཤིན་ཏུ་ཡོངས་སུ་སྦྱངས་པའི་མི་སྐྱེ་བའི་ཆོས་ལ་བཟོད་པས་སྣང་བར་གྱུར་པ་འབྱུང་ངོ་ཞེས་བྱ་བའི་བར་གྱི་མདོའི་དོན་བསྟན་པ་ནི་ལེགས་པར་ཡོངས་སུ་སྦྱངས་པས་ན་ཤིན་ཏུ་ ཡོངས་སུ་སྦྱངས་པ་ཞེས་བྱའོ། །ཚད་མེད་པ་ཉིད་ཀྱི་ཕྱིར་ཤེས་པར་དཀའ་བ་ཡིན་ནོ། །མཚན་མ་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པའི་ཀུན་དུ་རྒྱུ་བ་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །རྒྱལ་པོའི་བུའི་དཔེས་རང་གི་བློས་རྣམ་པར་དཔྱོད་པའི་ཕྱིར་བྱས་ནས། ལུས་དང་ངག་དང་ཡིད་ ཀྱི་ལས་ཟབ་ཅིང་དབེན་ལ་རྒྱུ་བ་མེད་པ་ཡང་ཐོབ་པ་ཡིན་ཏེ་ཞེས་བསྟན་ནས། གོང་དུ་ཁྱད་པར་དུ་འཕགས་པ་ཡོངས་སུ་ཚོལ་བའི་བརྩོན་པ་ཡང་ཡོངས་སུ་མི་གཏོང་ངོ་ཞེས་གསུངས་པའི་མདོའི་དོན་བསྟན་པ་ནི། གོང་དུ་ཁྱད་པར་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ་ཡང་མི་གཏོང་སྟེ། བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། སྔར་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་པ་ཡོད་ན་ཡང་། དེ་ལས་གཞན་པའི་གནས་པ་དྲུག་པོ་སངས་རྒྱས་ཀྱི་ཆོས་རྣམས་ལ་དམིགས་པའི་ཕྱིར་གནས་པ་འདི་ལ་ནི་རང་གི་བློས་ཡུལ་དུ་ ཤེས་པ་ལ་གནས་པའོ་ཞེས་བྱ་བ་སྟེ། སྔར་ཉིད་དུ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ད་ནི་བློ་ཡོངས་སུ་སྨིན་པར་རྟོགས་པར་བྱས་ནས་དེ་དག་གི་ཡུལ་ལས་འདས་པ་ཡིན་ནོ་ཞེས་བྱ་བར་དཔེར་ མཚོན་པའི་ཕྱིར། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་གང་ཡན་ཆད་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་ཅེས་བྱ་བ་ནས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཡང་དག་པའི་མཐའ་ལ་གནས་པས་ཀྱང་གནས་ལ་འགོག་པ་ཡང་མངོན་སུམ་དུ་མི་བྱེད་དོ་ ཞེས་བྱ་བའི་མདོའི་དོན་བསྟན་པ་ནི། གནས་པ་དྲུག་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། གནས་པ་དྲུག་པ་ལ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་རིམ་གྱིས་འགོག་པ་ལ་སྙོམས་པར་འཇུག་པར་འགྱུར་རོ། །འདི་ལ་ནི་སྐད་ཅིག་རེ་རེ་ལ་ཡང་སྙོམས་པར་འཇུག་པར་ འགྱུར་རོ་ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་སྐད་ཅིག་གཅིག་ལ་སྙོམས་པར་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་འདོད་པར་གྱུར་ན་འདོད་པ་ན་ཀུན་དུ་སྤྱོད་པའི་སེམས་ཀྱི་རྗེས་ཐོགས་ལ་འགོག་པ་ལ་སྙོམས་པར་འཇུག་པར་བྱེད་དོ་ཞེས་བྱ་བ་ནས། འགོག་པ་ལ་སྙོམས་པར་ཞུགས་ པ་ལས་ལངས་ནས་དེ་ཡོངས་སུ་ཤེས་པ་ལ་མཁས་པ་ལ་སོགས་པ་ཡང་གོ་བར་བྱའོ། །འགོག་པ་ཡང་མངོན་སུམ་དུ་མི་བྱེད་ཅེས་བྱ་བ་ནི་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་བཞིན་དུ་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་རིགས་ པས་དཔྱད་དུ་མེད་པའི་ཚིག་དང་། ཐབས་ལ་མཁས་པའི་ཚུལ་གྱིས་བསྡུས་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་གྲུ་བོ་ཆེའི་དཔེས་བསྟན་པས་ཇི་སྐད་བསྟན་པའི་ཐབས་ཀྱི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པ་ལ་བརྟེན་ནས། མདོ་ལས་གསུངས་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ ཡིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་བཅུ་པོ་འཇིག་རྟེན་པའི་སྤྱོད་པ་ལྟར་སྣང་ཡང་དེའི་བདག་ཉིད་མ་ཡིན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་མདོར་བསྡུས་པའི་དོན་རྣམ་པ་བཅུ་བསྟན་ཏེ། ཚིག་དང་ཡི་གེ་ནི་མདོ་ནས་གཟུང་བར་བྱའོ། །དོན་འདི་བསྟན་ཏོ་ཞེས་ཤེས་པར་བྱ་བའི་ཕྱིར། འཁོར་བའི་ སྒོ་ཡང་སྟོན་ལ། །མྱ་ངན་ལས་འདས་པ་ལ་ཡང་གནས་པ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། བསོད་ནམས་བྱ་བ་ལས་བརྩམས་པ་དང་ཞེས་བྱ་བས་བསྟན་པ་ཡིན་ཏེ། འཁོར་བ་ན་རྣམ་པར་སྨིན་པའི་འབྲས་བུ་ཡང་དག་པར་སྒྲུབ་པར་བྱེད་པའི་བསོད་ནམས་ཀྱི་ལས་ཀྱང་བྱེད་ལ། དེ་ལྟ་ན་ ཡང་མྱ་ངན་ལས་འདས་པར་གཏོགས་པའི་བསམ་པ་ཡང་མི་གཏོང་བར་འགྱུར་རོ། །འཁོར་མང་པོས་ཀུན་ནས་བསྐོར་བར་ཡང་སྣང་ལ། རྟག་པར་རྒྱུན་དུ་ཤིན་ཏུ་དབེན་པའི་སེམས་ཐོབ་པ་ཡང་ཡིན་ཞེས་བྱ་བའི་མདོའི་དོན་ནི། ཆུང་མ་དང་འཁོར་ཡོངས་སུ་འཛིན་པ་དང་ཞེས་བྱ་བ་ཡིན་ནོ། ། སྨོན་ལམ་གྱི་དབང་གིས་ཁམས་གསུམ་དུ་སྐྱེ་བ་ཡང་མངོན་པར་སྒྲུབ་ལ། འཇིག་རྟེན་གྱི་ཉེས་པས་ཀྱང་མི་གོས་པ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། མངོན་པར་འགྲུབ་པའི་ཁྱད་པར་འདོད་པ་ཡང་དག་པར་བརྩམས་པ་དང་ཞེས་བྱ་བ་ཡིན་ནོ་ཞི་ཞིང་རབ་ཏུ་ཞི་བ་ཡང་ཡིན་ལ། ཐབས་ཀྱིས་ ཀྱང་རབ་ཏུ་འབར་ཏེ་འབར་ཡང་འཚིག་པར་མི་འགྱུར་བ་ཡིན་ཞེས་བྱ་བའི་དོན་ནི། རྣམ་པར་ཐར་པ་གསུམ་ལ་གནས་པ་དང་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་འཇུག་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཀྱང་ལྡོག་པ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། ཐེག་པ་དམན་པ་ ལ་མོས་པ་ཐབས་ཀྱིས་འདུལ་བ་དང་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་ཡུལ་གྱི་མཛོད་དུ་ཡང་སོན་ལ། བདུད་ཀྱི་ཡུལ་ན་འདུག་པར་སྣང་བ་ཡང་ཡིན་ཞེས་བྱ་བའི་དོན་ནི། འདོད་པ་ཡོངས་སུ་སྤྱད་པ་དང་ཞེས་བྱ་བ་ཡིན་ནོ། །བདུད་བཞིའི་ཡུལ་ལས་ཀྱང་ཡང་དག་པར་འདས་ལ། བདུད་ཀྱི་ སྤྱོད་ཡུལ་ཡང་སྟོན་པ་ཡིན་ཞེས་བྱ་བའི་དོན་ནི། འདོད་པའི་ཁྱད་པར་དོན་དུ་གཉེར་བ་དང་ཞེས་བྱ་བ་ཡིན་ནོ། །མུ་སྟེགས་ཀྱི་གནས་ཐམས་ཅད་ན་ཡང་འདུག་པར་སྣང་ལ། སངས་རྒྱས་ཀྱི་མུ་སྟེགས་ཀྱི་གནས་མི་འདོར་བའི་བསམ་པ་དང་ལྡན་པ་ཡང་ཡིན་ཞེས་བྱ་བའི་དོན་ནི། མུ་སྟེགས་ཅན་ བཟློག་པ་དང་ཞེས་བྱ་བའོ། །འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་ལྡན་པར་ཡང་སྣང་ལ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཚུལ་ལ་ཡང་དག་པར་གཞོལ་བ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། གཞན་གྱི་སེམས་དང་མཐུན་པར་འཇུག་པ་དང་ཞེས་བྱ་བ་ཡིན་ནོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་ དང་ཞེས་བྱ་བ་ནས། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ལས་ལྷག་པའི་བཀོད་པ་རྣམ་པར་སྒྲུབ་པ་ཡང་ཐོབ་ལ། ཆོས་ལ་དགའ་བའི་ཡིད་ལ་བྱེད་པ་ཡང་མི་སྤོང་བ་ཡིན་ནོ་ཞེས་བྱ་བའི་དོན་ནི། སྐྱེ་བོའི་ཚོགས་ཆེན་པོ་དང་མཐུན་པར་འཇུག་པ་ལས་བརྩམས་པའོ་ཞེས་བྱ་བས་བསྟན་པ་ཡིན་ནོ། ། དཔེའི་ཁྱད་པར་ནི་མདོའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དག་པས་རྣམ་པ་ཐམས་ཅད་ཀྱིས་མཁས་པ་དང་ལྡན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་སྒྲུབ་པ་ལ་མཁས་པ་དང་ཞེས་བརྗོད་དོ། །སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་ སུ་རྫོགས་པས་བསྟན་པ་དང་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་མཐར་ཐུག་པར་གྱུར་པས་རིང་དུ་སོང་བའི་ཕྱིར་རིང་དུ་སོང་བ་ཞེས་བསྟན་པ་ཡིན་ནོ། །འབད་པ་དང་བཅས་པ་མཚན་མ་མེད་པའི་གནས་པའོ།། །།ཆོས་ཐམས་ཅད་ཀྱི་དོན་དམ་པ་ལ་འཇུག་པའི་ཡེ་ཤེས་ཀྱི་རྣམ་པ་ནི་ བཅུ་ཡིན་པས་དོན་དམ་པ་ལ་འཇུག་པའི་ཡེ་ཤེས་ཀྱི་རྣམ་པ་ཞེས་བྱའོ། །དེའི་དོན་རྣམ་པར་གཞག་པ་བསྟན་པ་ནི། དུས་གསུམ་དུ་ཅི་རིགས་པར་ཞེས་བྱ་བའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་བདུན་པོ་དག་ལ་རྣམ་པར་འབྱེད་པ་ཤིན་ཏུ་བྱས་པས་ཞེས་བྱ་བ་ ནས། ཡེ་ཤེས་ཀྱི་ལམ་ཚད་མེད་པ་དང་ལྡན་པ་དེ་ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་གོ། །མ་བྱུང་བ་དང་། མ་སྐྱེས་པ་ཉིད་དང་། མཚན་ཉིད་མེད་པ་ཉིད་དང་། འབྱུང་བ་མེད་པ་ཉིད་དང་། འཇིག་པ་མེད་པ་ཉིད་དང་། ཐུག་པ་མེད་པ་ཉིད་དང་། འཇུག་ པ་མེད་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཐོག་མ་དང་། བར་མ་དང་། ཐ་མར་མཉམ་པ་ཉིད་དང་། དེ་བཞིན་ཉིད་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྟོགས་པར་བྱ་བ་ཉིད་ལས་བརྩམས་ནས་འཇུག་གོ་ཞེས་བྱ་བའི་དོན་བསྟན་པ་ལ། མ་འོངས་པའི་དུས་ཉེ་བར་ བཟུང་ནས་ནི་གཟོད་མ་ནས་མ་བྱུང་བ་ཉིད་ནི་རྣམ་པར་བྱང་བའི་ཕྱོགས་སོ། །མ་སྐྱེས་པ་ཉིད་ནི་འདས་པའི་དུས་ལ་ལྟོས་པའོ། །མཚན་མ་མེད་པ་ལ་གནས་པ་ནི་ད་ལྟར་གྱི་དུས་ལ་ལྟོས་ནས་སོ། །འབྱུང་བ་མེད་པ་ཉིད་ཀྱིས་འཇིག་པ་མེད་པ་ཉིད་ནི་ལྡོག་པ་མེད་པ་ཉིད་ཡིན་ནོ། །དུས་གསུམ་དུ་ཡང་ དོན་དམ་པའི་ངོ་བོ་ཉིད་ཀྱིས་གཟོད་མ་ནས་རང་བཞིན་ཉིད་ཀྱིས་མ་སྐྱེས་པའི་ཕྱིར། གཟོད་མ་ནས་མ་སྐྱེས་པ་ཉིད་དེ། དེ་ཉིད་ནི་མ་སྐྱེས་པ་ཉིད་དོ། །དེ་ཉིད་ནི་བྱིས་པའི་སྐྱེ་བོས་བཏགས་པའི་རྣམ་པའི་མཚན་ཉིད་དང་བྲལ་བའོ། །དེ་ལས་གཞན་པའི་རྒྱུའི་དངོས་པོ་ལས་མ་བྱུང་བས་ན་འབྱུང་བ་མེད་པ་ཉིད་དང་། བརྗོད་པ་མེད་པར་སྣང་བའི་ངོ་བོ་ཉིད་དང་། མཚན་ཉིད་དང་རྒྱུའི་དངོས་པོར་མེད་པ་དང་། ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་འཇུག་པ་མེད་པས་འཇུག་པ་མེད་པ་ཉིད་དོ། །དེ་ཉིད་ལ་ཀུན་ནས་ཉོན་མོངས་པ་ལས་ལྡོག་པ་མེད་པས་ལྡོག་པ་ཡང་མེད་པ་ལས་བརྩམས་པ་ཉིད་དོ། །ཡོད་པའི་དངོས་པོ་བརྗོད་དུ་མེད་ པའི་ངོ་བོ་ཉིད་མ་ཤེས་པས་དེ་ཉིད་ལ་མི་བདེན་པའི་མངོན་པར་ཞེན་པའོ། །དེའི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། ཐོག་མ་དང་བར་དང་ཐ་མ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །དེ་ལ་ཀུན་ནས་ཉོན་མོངས་པ་འཇུག་པ་དང་ལྡན་པ་མེད་པ་ཉིད་དོ། །དེ་བཞིན་ཉིད་ཀྱི་ ཕྱིར་རྣམ་པར་མི་རྟོག་པ་ལ་འཇུག་པ་དང་། སྤྱིའི་དུས་ན་ཡང་དེ་བཞིན་ཉིད་ལ་ཡང་དག་པར་འཇུག་པ་ནི་མཉམ་པ་ཉིད་དོ། །ཀུན་ནས་ཉོན་མོངས་པ་མཉམ་པ་ཉིད་ནི་ཀུན་ནས་ཉོན་མོངས་པ་འཇུག་པའི་དུས་ནའོ། །འདི་ལ་གནས་པ་ནི་ཞེས་བྱ་བ་ནི་གནས་པ་བརྒྱད་པ་ལ་གནས་པའོ། །མཆོག་ཉིད་ནི་ཤིན་ཏུ་ རྣམ་པར་དག་པ་ཞེས་བྱ་བའོ། །བཟོད་པའི་ངོ་བོ་ཉིད་བསྟན་པའི་ཕྱིར། དེ་ཡང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་ཚོལ་བ་རྣམ་པ་བཞིས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་མངོན་པར་ཞེན་པ་ཐམས་ཅད་བསལ་ནས་བདག་གི་དངོས་ པོས་བསྡུས་པའི་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མི་སྐྱེ་བ་དང་རྗེས་སུ་མཐུན་པར་བཟོད་པ་གང་གིས་མཐོང་བ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །འདས་པའི་སྐྱེ་བར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བ་རྣམས་དང་། དེའི་རྒྱུ་ཅན་གྱི་འདུ་བྱེད་རྣམས་ཕྱི་མ་ལ་ཡང་མི་ སྐྱེ་བར་ཡང་དག་པར་མཐོང་ངོ་། དེའི་ཕྱིར་བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྟེ། དེ་རྣམ་པར་དག་པས་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་དག་མོས་པས་སྤྱོད་པ་ལ་གནས་པ་ཡན་ཆད་ཅེས་བྱ་བ་ལ་སོགས་པ་ལ། སྐྱེ་བ་མེད་པའི་ཆོས་ཀྱི་རྣམ་པར་དག་པར་ གྱུར་པའི་ཤེས་རབ་གང་ཡིན་པ་དེ་བཟོད་པ་ཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གནས་པ་ཟབ་མོ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ལ། འདིའི་མདོའི་ཚིག་ནི། ཀྱེ་རྒྱལ་བའི་སྲས་དག་དེ་ལ་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་ དཔའི་གནས་པ་ཟབ་མོ་ཤེས་པར་དཀའ་བ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ལ། ཤེས་པར་དཀའ་བ་ཞེས་བྱ་བའི་མདོའི་ཚིག་བསྟན་པ་ནི། གནས་པ་ཟབ་མོ་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་དཔེ་དང་བཅས་པར་བསྟན་པ་ཡིན་ནོ། །བཟོད་པ་རྣམ་པར་དག་པའི་རྒྱུ་བསྟན་པའི་ཕྱིར། སྐྱོན་རྣམ་པ་བཞི་པོ་ གང་ཡིན་པ་དེ་དག་ཀྱང་སྤངས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། རྩོལ་བའི་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ཡང་སྤངས་པ་ཡིན་ཞེས་བྱ་བ་ནི་གང་ཡང་མདོ་ལས། འབད་པ་ཐམས་ཅད་དང་བྲལ་ཏེ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཐོབ་ཅིང་ཞེས་བྱ་བའི་བར་གྱིས་བསྟན་པ་ཡིན་ནོ། །སྙིང་ལས་སུ་གྱུར་པ་ཡང་ སྤངས་པ་ཡིན་ཞེས་བྱ་བ་ནི་གང་ཡང་མདོ་ལས། ལུས་དང་ངག་དང་སེམས་ཀྱི་རྩོལ་བ་དང་བྲལ་ནས་ཞེས་གསུངས་པ་ཡིན་ནོ། །འདུ་ཤེས་ཕྲ་མོ་ཀུན་དུ་འབྱུང་བ་ཡང་སྤངས་པ་ཡིན་ཏེ་ཞེས་བྱ་བ་ལ། མདོ་ལས་གང་ཡང་གསུངས་པ། རྩོལ་བ་ཐམས་ཅད་དང་བྲལ་བའི་རྣམ་པར་སྨིན་པའི་ཆོས་ ལ་གནས་པ་ཞེས་བྱ་བ་ནས་འཇིག་རྟེན་པའི་ཀུན་དུ་འབྱུང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་གྱིས་སོ། །ཟབ་མོའི་གནས་པ་དེ་ལ་མངོན་པར་དགའ་བ་དེའི་ཆོས་ཀྱི་སྒོའི་རྒྱུན་དེ་ལ་དེ་བཞིན་གཤེགས་པས་བསྐུལ་བ་དང་ཞེས་བྱ་བའི་མདོ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་ ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པར་མཛད་དེ་ཞེས་བྱ་བའི་བར་ཡིན་ནོ། །ཡང་དག་པར་འཛིན་དུ་འཇུག་པ་དང་ཞེས་བྱ་བའི་མདོ་ནི། རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡེ་ཤེས་མངོན་པར་བསྒྲུབ་པའི་སྒོ་ཚད་མེད་པ་ ཞེས་བྱ་བ་ཡིན་ནོ། །མངོན་པར་བསྒྲུབ་པའི་སྒོ་དང་ཞེས་བྱ་བ་ནི་ཡེ་ཤེས་རྣམ་པར་ཕྱེ་བ་ཚད་མེད་པས་མངོན་པར་བསྒྲུབ་པའི་ལས་རྣམས་མངོན་པར་བསྒྲུབ་པར་མཛད་དོ་ཞེས་བྱ་བའི་དོན་བསྟན་པ་ཡིན་ནོ། །ཡེ་ཤེས་དང་མངོན་པར་ཤེས་པའི་ལས་དཔག་ཏུ་མེད་པ་ཉེ་བར་བསྒྲུབ་པ་སྟེ་ཞེས་བྱ་བའི་མདོ་ནི། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཞེས་བྱ་བ་ནས། སྔན་ཆད་ནི་ལུས་གཅིག་གིས་མངོན་པར་བསྒྲུབ་པས་སྤྱོད་པ་མངོན་པར་བསྒྲུབ་པར་གྱུར་གྱི་ཞེས་བྱ་བའི་བར་ཡིན་ནོ། །དེ་ལྟར་བསྐུལ་བས་ལུས་རྣམ་པར་དབྱེ་བ་ཤེས་པ་ཚད་མེད་པ་མངོན་པར་བསྒྲུབ་པ་དང་ཞེས་བྱ་བ་ནི་ས་འདི་ལ་ གནས་པའི་བྱང་ཆུབ་སེམས་དཔའ་ནི་ཞེས་བྱ་བ་ནས། གཟུགས་ཀྱིས་ལུས་གསལ་བར་བྱེད་པ་ཉིད་ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་གྱི་དོན་ཡིན་ནོ། །དབང་བཅུ་ཡང་ཐོབ་པར་འགྱུར་ཏེ་ཞེས་བྱ་བའི་མདོ་ནི། དེས་ལུས་དང་ཤེས་པ་མངོན་པར་བསྒྲུབ་པ་དེ་ལྟ་བུ་འདོད་པས་ཞེས་བྱ་བ་ནས། དེ་བཞིན་ གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་དུ་སྟོན་པས་ཡེ་ཤེས་ལ་དབང་ཐོབ་པོ་ཞེས་བྱ་བའི་བར་གྱི་ས་བཅུ་ལས་བསྟན་པ་བཞིན་ནོ། །དབང་བཅུའི་བསྡུས་པའི་དོན་བསྟན་ པའི་ཕྱིར། དབང་ཐོབ་པ་དེ་ནི་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ། ཚེ་ལ་དབང་བ་ནི་བསྐལ་པ་དུ་མར་ཡང་གནས་པར་ནུས་པ་དང་ལྡན་པའོ། །སེམས་ཀྱི་གནས་པ་གང་གིས་ཤེས་བྱ་བ་ལ་སོགས་པ་ནི་སེམས་ལ་དབང་བ་སྟེ། དཔག་ཏུ་མེད་པའི་ཏིང་ངེ་འཛིན་ ལ་འཇུག་པ་ཤེས་པའི་ཕྱིར་རོ། །བསམ་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་ནི་ཡོ་བྱད་ལ་དབང་བ་བསྟན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཀོད་པ་དུ་མའི་རྒྱན་རྣམ་པར་བཀོད་པ་ཡང་དག་པར་སྟོན་པའི་ཕྱིར་རོ། །བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་ནས། སྐྱེ་བའི་གནས་ཐམས་ཅད་ལ་ཡང་ཞེས་བྱ་བའི་བར་གྱིས་ནི་ལས་ལ་དབང་བ་བསྟན་ཏེ། ཇི་ལྟར་འདོད་པ་བཞིན་ལས་ཀྱི་བྱ་བ་དང་། རྣམ་པར་སྨིན་པ་གནས་པར་ཡང་དག་པར་སྟོན་པའི་ཕྱིར་རོ། །སྐྱེ་བའི་གནས་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བར་འགྱུར་བའི་ལས་ཐམས་ཅད་བྱེད་པ་ནི་སྐྱེ་བ་ ལ་དབང་ཐོབ་པའོ། །དངོས་པོ་གང་དང་གང་ལ་ཇི་ལྟར་མོས་པ་དེ་ཡང་ཞེས་བྱ་བ་ལ་སོགས་པས་ནི་མོས་པ་ལ་དབང་བ་བསྟན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རབ་ཏུ་གང་བར་ཡང་དག་པར་སྟོན་པའི་ཕྱིར་རོ། །སྨོན་ལམ་གྱི་མངོན་པར་ཤེས་པས་ སྤྲུལ་པ་ཉིད་ནི་སྨོན་ལམ་ལ་དབང་བ་ཡིན་ཏེ། ཇི་ལྟར་འདོད་པ་བཞིན་སངས་རྒྱས་ཀྱི་ཞིང་རྣམས་སུ་མངོན་པར་བྱང་ཆུབ་པའི་དུས་ཡང་དག་པར་སྟོན་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ཀྱང་ཇི་ལྟར་འདོད་པ་བཞིན་དུ་བྱེད་དོ་ཞེས་བྱ་བས་ནི་རྫུ་འཕྲུལ་ལ་དབང་བ་བསྟན་པ་ཡིན་ཏེ། སངས་ རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་ཡང་དག་པར་སྟོན་པའི་ཕྱིར་རོ། །ཤེས་བྱ་གང་ཤེས་པར་འདོད་པ་དེ་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་ལ་དབང་བ་བསྟན་ཏེ། དེ་བཞིན་གཤེགས་པའི་མི་འཇིགས་པ་མངོན་པར་བྱང་ཆུབ་པ་སྟོན་པའི་ཕྱིར་རོ། །མིང་གི་ཚོགས་དང་། ཚིག་གི་ཚོགས་ དང་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ལ་དབང་བ་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་ཡང་དག་པར་རྣམ་པར་གཞག་པ་ལ་ཡང་མཁས་པ་སྟེ། མཐའ་དང་དབུས་མེད་པར་ཆོས་ཀྱི་སྒོའི་སྣང་བ་ཡང་དག་པར་སྟོན་པའི་ཕྱིར་རོ། །དབང་ཐོབ་པས་བྱས་པའི་ཕན་ཡོན་བསྟན་པ་ནི། དེ་དེ་ལྟར་བྱང་ཆུབ་ སེམས་དཔའི་ས་མི་གཡོ་བ་འདི་ཐོབ་པས་ཞེས་བྱ་བའི་བར་དུ་ཡིན་པར་རིག་པར་བྱའོ། །སངས་རྒྱས་མཐོང་བ་རགས་པ་ཡང་སྤངས་ནས་ཞེས་བྱ་བ་འདིའི་མདོའི་ཚིག་ནི། ཀྱེ་རྒྱལ་བའི་སྲས་དག་དེ་ལ་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་པའི་བྱང་ཆུབ་སེམས་ དཔའ་དེ་ནི་ཞེས་བྱ་བ་ནས། ཆོས་ཀྱི་སྣང་བ་ཉེ་བར་བསྒྲུབས་པ་ཡང་ཡང་དག་པར་ལེན་ཏོ་ཞེས་བྱ་བའི་བར་ཡིན་ནོ། །ལྷག་མ་དགེ་བའི་རྩ་བ་རྣམ་པར་དག་པ་ཞེས་བྱ་བའི་མདོ་ནི། དེ་དེ་བས་ཀྱང་ཤས་ཆེར་ཞེས་བྱ་བ་ནས། ཡོངས་སུ་དག་པ་དང་། ཤིན་ཏུ་འོད་གསལ་བར་འགྱུར་རོ་ཞེས་བྱ་བའི་བར་ གྱིས་བསྟན་ཏོ། །གསེར་གྱི་དཔེ་དང་། འོད་ཀྱི་དཔེས་མདོ་བཞིན་དུ་རིག་པར་བྱའོ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ཞེས་བྱ་བ་ནི་སྐྱེ་བས་ནི་ཚངས་པ་ཆེན་པོར་རོ། །མཐུའི་ཁྱད་པར་ནི་སངས་རྒྱས་ཀྱི་ཞིང་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པའོ། །མཚན་མ་མེད་ ཅིང་ལྷུན་གྱིས་གྲུབ་པའི་གནས་པ་སྟེ་བརྒྱད་པའོ།། །།གནས་པ་ཟབ་མོ་དེས་ཀྱང་ཆོག་པར་མི་འཛིན་ཏེ། གོང་དུ་ཡེ་ཤེས་ཁྱད་པར་དུ་འཕགས་པའི་རྗེས་སུ་འགྲོ་ལ་ཞེས་བྱ་བའི་མདོ་ནི། ཀྱེ་རྒྱལ་བའི་སྲས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་ས་དགུ་པ་གནོན་ཏེ་ཞེས་བྱ་བའི་བར་དུའོ། །ཆོས་ རྣམས་ལ་ཤེས་པ་མངོན་པར་འདུ་བྱེད་པ་ནི་ཆོས་ཤེས་པ་ལ་མངོན་པར་འདུ་བྱེད་པ་སྟེ། ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཤེས་པ་མངོན་པར་འདུ་བྱེད་པ་གང་དག་གིས་ཞེས་བྱ་བ་འདིས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་མངོན་པར་ འདུ་བྱེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་བཅུ་ཚན་གྱི་དོན་བསྟན་པ་ཡིན་ནོ། །བསྟན་པར་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རང་ཉིད་ཀྱིས་བཤད་པ་ནི། དེ་ལ་ཆོས་ཡང་དག་པར་བསྟན་པར་བྱ་བ་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ་གང་དག་ཅེས་བྱ་བ་ནི་སེམས་ གཙོ་བོར་གྱུར་པའི་སེམས་ཅན་རྣམས་སོ། །དེའི་ཕྱིར་མདོ་ལས། སེམས་ཅན་གྱི་སེམས་ཀྱི་རྒྱུ་བའི་ཐིབས་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ་ཞེས་བྱ་བའོ། །གང་ཡིན་པ་དེ་དག་ཞེས་བྱ་བ་ནི་གང་ཡང་གསུངས་པ། ཉོན་མོངས་པ་རྒྱུ་བའི་ཐིབས་པོ་དང་ཞེས་བྱ་བ་ལ་སོགས་པའོ། །གང་གིས་ རྣམ་པར་དག་པར་འགྱུར་བ་ཞེས་བྱ་བ་ལ་དེའི་ཕྱིར་མདོ་ལས་དབང་པོའི་རྒྱུ་བའི་ཐིབས་པོ་དང་ཞེས་བྱ་བའོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གང་ཡིན་པ་དང་ཞེས་བྱ་བའི་མདོ་ནི། གང་ཡང་མོས་པའི་རྒྱུའི་ཐིབས་པོ་དང་ཞེས་བྱ་བ་ལ། ཀུན་ནས་ཉོན་མོངས་པ་ཅན་དང་། ཀུན་ནས་ཉོན་ མོངས་པ་ཅན་མ་ཡིན་པ་ལས་ཕྱིན་ཅི་ལོག་གི་མོས་པ་དང་། ཡང་དག་པའི་མོས་པ་རྣམ་པར་གཞག་གོ། །གཅིག་ཏུ་མ་ངེས་པ་གང་ཡིན་པ་ནི་དེའི་ཕྱིར་མདོ་ལས་ཁམས་ཀྱི། རྒྱུའི་ཐིབས་པོ་དང་། བསམ་པ་དང་། བག་ལ་ཉལ་གྱི་རྒྱུ་བའི་ཐིབས་པོ་དང་ཞེས་བྱ་བ་སྟེ། མྱ་ངན་ལས་འདས་པའི་ཁམས་ ཅན་དང་། མྱ་ངན་ལས་མི་འདའ་བའི་ཁམས་ཅན་གྱི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཅིག་པུ་ཉིད་དེ་ཞེས་བྱ་བ་ནི་གང་ཡང་མདོ་ལས། སྐྱེ་བའི་རྒྱུ་བའི་ཐིབས་པོ་དང་བག་ཆགས་ཀྱི་མཚམས་སྦྱོར་བའི་རྒྱུ་བའི་ཐིབས་པོ་དང་ཞེས་བྱ་བ་ཡིན་ཏེ། རྣམ་པར་བྱང་བ་ལ་གཅིག་ཏུ་ངེས་པ་ ཉིད་དོ། །ཕུང་པོ་གསུམ་དུ་རྣམ་པར་གནས་པའི་རྒྱུའི་ཐིབས་པོ་ནི་གཅིག་ཏུ་ངེས་པ་དང་གཅིག་ཏུ་མ་ངེས་པ་ཡིན་ནོ། །བཅུ་པོ་འདི་དག་ནི་རེ་རེ་ལ་ཡང་བཅུ་བཅུར་མདོ་ནས་བསྟན་ཏོ། །དེ་ལྟར་ཆོས་བསྟན་པ་ལ་མཁས་པ་དང་ཞེས་བྱ་བའི་མདོའི་ཚིག་ནི། བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་ འདི་ལ་གནས་པའི་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་ས་བསྟན་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་ཡིན་ནོ། །བསྟན་པའི་བྱ་བ་ལ་མཁས་པ་དང་ཞེས་བྱ་བ་འདིའི་མདོ་ནི། དེས་དེ་ལྟར་ཤེས་ནས་ཞེས་བྱ་བ་ནས་བརྩམས་ཏེ་ཚིག་སོ་སོ་ཡང་དག་པར་རིག་པ་བཞི་མངོན་པར་བསྒྲུབས་པས་ ཆོས་སྟོན་ཏེ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་ཡང་སྔར་བསྟན་པ་མདོར་བསྡུས་པའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །ཤེས་པ་མངོན་པར་འདུ་བྱེད་པ་གང་དག་གིས་ཆོས་སྟོན་པའི་བྱ་བ་གང་བྱེད་པ་ཞེས་བྱ་བས་ཆོས་སྨྲ་བ་ཆེན་པོ་ཉིད་དོ། །དེའི་ཕྱིར་མདོ་ལས། དེ་ནི་ཆོས་སྨྲ་བ་ཆེན་པོ་ཉིད་བྱེད་ཅིང་ཞེས་བྱ་བ་ ནས། ཤེས་པ་ལ་མཁས་པ་ཚད་མེད་པ་དང་ལྡན་པས་ཞེས་བྱ་བའི་བར་ཡིན་ནོ། །གཟུངས་དཔག་ཏུ་མེད་པ་ཐོབ་པ་དང་ཞེས་བྱ་བ་ནི་ཡོངས་སུ་འཛིན་པར་ནུས་པ་ནི་སོ་སེ་ཡང་དག་པར་རིག་པའི་སྟོབས་ཀྱིས་ཚིག་གིས་གཞན་ལ་སྟོན་པར་ནུས་སོ་ཞེས་བསྟན་པའི་ཕྱིར་བསྟན་བཅོས་ལས་གཟུངས་ཐོབ་པ་སྔོན་དུ་ བསྟན་ལ་སོ་སོ་ཡང་དག་པར་རིག་པ་ནི་ཕྱིས་བསྟན་ཏོ། །འདིར་མདོ་ནི་བྱང་ཆུབ་སེམས་དཔའ་ས་དགུ་པ་ཐོབ་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ཐོབ་པ། ཆོས་སྨྲ་བ་ཆེན་པོ་བྱེད་པ་ནི་དོན་དང་ལྡན་པའི་གཟུངས་ཐོབ་པ་ཡིན་ཏེ་ཞེས་བྱ་བ་ནས། མཐའ་ཡས་པའི་ སྒོ་དང་ལྡན་པའི་གཟུངས་དང་ཞེས་བྱ་བའི་བར་ཡིན་ནོ། །ཚིག་གི་ཡན་ལག་རྣམ་པར་དབྱེ་བ་ཐམས་ཅད་ལ་མཁས་པ་དང་ཞེས་བྱ་བའི་མདོ་ནི། གཟུངས་ཀྱི་སྒོ་གྲངས་མེད་པ་འབུམ་ཕྲག་བཅུ་ཚང་བ་ཐོབ་སྟེ་ཞེས་བྱ་བ་ནས། བསྐལ་པ་འབུམ་དུ་གཟུང་བའི་བྱིན་གྱི་རླབས་ཀྱིས་དེ་ལྟར་མི་ཟིན་ཏོ་ ཞེས་བྱ་བའི་བར་དུའོ། །སྤོབས་པ་མི་ཟད་པ་ཞེས་བྱ་བའི་མདོ་ནི། དེ་དེ་ལྟ་བུའི་གཟུངས་ཐོབ་ཅིང་སྤོབས་པ་ཐོབ་པས་ཞེས་བྱ་བ་ནས། ཐམས་ཅད་ལ་ལན་འདེབས་ཤིང་གོ་བར་བྱེད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ཆོས་འཛིན་པ་ཉིད་ཀྱི་མདོ་ནི། དེ་དེ་ལྟ་བུའི་ཚད་མེད་པ་ཞེས་བྱ་ བྱ་བ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཆོས་ཀྱི་སྒོ་ཞེས་བྱ་བའི་བར་ཡིན་ནོ། །སོ་སོ་ཡང་དག་པར་རིག་པས་མངོན་པར་བསྒྲུབས་པའི་ཚིག་གང་དང་ཞེས་བྱ་བ་ལ། འདིའི་མདོའི་ཚིག་ནི། སོ་སོ་ཡང་དག་པར་རིག་པ་བཞིས་མངོན་པར་བསྒྲུབས་པས་ཆོས་སྟོན་ཏོ་ཞེས་བྱ་བ་ནས། དེ་ བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྣང་བ་སྤྱོད་པའི་དཀྱིལ་འཁོར་ལ་མོས་པས་སྟོན་ཏོ་ཞེས་བྱ་བའི་བར་ཡིན་ནོ། །ཆོས་ཀྱི་སྟན་ཇི་ལྟ་བུ་ལ་འདུག་པ་དང་ཞེས་བྱ་བའི་མདོ་ནི། ཆོས་ཀྱི་སྟན་ལ་འདུག་ཅིང་བསམ་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནས། སྣང་བ་ཚད་མེད་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་བར་ ཡིན་ནོ། །གང་དག་ལ་ཞེས་བྱ་བ་ནི་འཁོར་གྱི་དཀྱིལ་འཁོར་དུའོ། །དེས་ན་མདོ་ལས། འདོད་ན་སྒྲ་སྐད་གཅིག་གིས་འཁོར་ཐམས་ཅད་གོ་བར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །གང་དུ་ཞེས་བྱ་བ་དེ་ནི་འཇིག་རྟེན་གྱི་ཁམས་སུའོ། །གང་གི་ཕྱིར་སྨྲས་པ། འདོད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་ཁམས་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆོས་ཀྱི་སྒོ་ཇི་སྙེད་དང་ཞེས་བྱ་བ་ལ་སོགས་པ་ནི་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །སྐྱེ་བས་ནི་ཚངས་པ་ཆེན་པོར་རོ། །མཐུའི་ཁྱད་པར་ནི་སངས་རྒྱས་ཀྱི་ཞིང་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་དང་མཉམ་པའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་སོགས་ པའོ། །སོ་སོ་ཡང་དག་པར་རིག་པའི་གནས་པ་སྟེ་དགུ་པའོ།། །།རྣམ་པ་བརྒྱད་ཀྱིས་གནས་པ་མཆོག་རྣམ་པར་གཞག་པར་བྱ་སྟེ། ས་ཡོངས་སུ་སྦྱངས་པའི་ལས་ཡོངས་སུ་རྫོགས་པ་ཉིད་ནི། ཆོས་ཀྱི་རྒྱལ་པོར་འོས་ཤིང་ཞེས་བྱ་བའོ། །དེ་ལ་མདོའི་ཚིག་ནི། ཀྱེ་རྒྱལ་བའི་ སྲས་བྱང་ཆུབ་སེམས་དཔའ་དེ་དེ་ལྟར་ཞེས་བྱ་བ་ནས་བརྩམས་ནས། རྣམ་པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཐོབ་པ་ཞེས་བྱའོ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་ཐོབ་པ་ཉིད་ནི། དེའི་ཕྱིར་སྨྲས་པ། དབང་བསྐུར་བ་ཐོབ་པ་ཏིང་ངེ་ འཛིན་དྲི་མ་མེད་པ་ཞེས་བྱ་བ་ནས། དེའི་བྱ་བ་བྱེད་པ་དང་ཞེས་བྱ་བའི་བར་དུའོ། །དེ་ལ་མདོ་ནི། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་དབང་བསྐུར་བའི་ས་ཐོབ་པ་དེ་ལ་ཞེས་བྱ་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་དང་ལྡན་པར་དབང་བསྐུར་བ་དང་ ལྡན་པ་ཞེས་བྱ་བ་མངོན་དུ་འགྱུར་ཏེ་ཞེས་བྱ་བའི་བར་ཡིན་ནོ། །དབང་བསྐུར་བ་ཐོབ་པ་ཉིད་ནི། དེས་ན་དེ་སྨྲས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་ལ་དབང་བསྐུར་བའི་ཐ་མའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་དང་ལྡན་པར་དབང་བསྐུར་བ་ཐོབ་པ་དང་ ཞེས་བྱ་བའི་བར་གྱི་མདོའི་ཚིག་ནི། དེ་མངོན་དུ་གྱུར་མ་ཐག་ཏུ་ཞེས་བྱ་བ་ནས། དེ་དག་གིས་དབང་བསྐུར་མ་ཐག་ཏུ་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་བ་ཞེས་བྱ་སྟེ་ཞེས་བྱ་བའི་བར་ཡིན་ནོ། །དབང་བསྐུར་བ་ཐོབ་པ་རྣམས་ཀྱི་ཆེ་བའི་བདག་ཉིད་མཐར་ཐུག་པ་ཉིད་ནི་གང་ཡང་སྨྲས་པ། དབང་བསྐུར་བ་ ནས་ཀྱང་འདུལ་བ་ཐམས་ཅད་ཅེས་བྱ་བ་ནས། མངོན་པར་ཤེས་པ་དཔག་ཏུ་མེད་པ་ཐོབ་པ་དང་ཞེས་བྱ་བའི་བར་དུའོ། །དེ་ལ་མདོའི་ཚིག་ནི། དེའི་རྗེས་ལ་ཆོས་ཟབ་མོའི་ཚུལ་ལ་འཇུག་པ་འབུམ་དང་། སྙིང་རྗེ་ཆེན་པོ་ལ་འཇུག་པ་འབུམ་དང་། བྱང་ཆུབ་སེམས་དཔའི་དབང་ལ་འཇུག་པ་འབུམ་འཐོབ་པོ་ ཞེས་བྱ་བའི་བར་དུ་ཡིན་ནོ། །དེའི་དབང་གིས་དྲན་པ་ཆེན་པོས་ཉེ་བར་སྒྲུབ་པ་དང་ཞེས་བྱ་བ་ལ། འདིར་མདོ་ནི། དེ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བློ་དང་ཞེས་བྱ་བ་ནས། བདག་གིར་བྱེད་དོ། །ཡང་དག་པར་འཛིན་ཏོ་ཞེས་བྱ་བའི་བར་དུ་ཡིན་ནོ། །སའི་ངེས་པའི་ཚིག་ཉིད་ནི་གང་ཡང་སྨྲས་པ། ངེས་པའི་ ཚིག་རྣམ་པར་གཞག་པ་དང་ཞེས་བྱའོ། །འདིའི་མདོ་ནི། དེའི་རྗེས་ལ་ཡང་དག་པར་ལེན། བདག་གིར་བྱེད། ཡང་དག་པར་འཛིན་ཏོ། །དེའི་ཕྱིར་ས་འདི་ཆོས་ཀྱི་སྤྲིན་ཞེས་བྱའོ་ཞེས་བྱ་བའི་བར་དུ་ཡིན་ནོ། །མངོན་པར་ཤེས་པ་ཆེན་པོ་མངོན་པར་སྒྲུབ་པ་དང་། དགེ་ བའི་རྩ་བ་རྣམ་པར་དག་པ་དང་། སྐྱེ་བ་དང་མཐུའི་ཁྱད་པར་ལས་གནས་པ་མཆོག་མདོར་བསྟན་པར་རིག་པར་བྱའོ་ཞེས་བྱ་བ་ལ། འདི་དག་གཉི་གའི་མདོ་ནི་དེའི་རྗེས་ཐོགས་ལ་མདོ་རྫོགས་པའི་བར་གྱིས་བསྟན་པར་ཤེས་པར་བྱའོ། །ས་དགུར་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་རྫོགས་ པར་བྱས་པ་འདི་ས་བཅུ་པ་ཡོངས་སུ་སྦྱོང་བར་བྱེད་པའི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །སའི་ངེས་ཚིག་བསྟན་པ་ནི། དེ་བཞིན་གཤེགས་པ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟ་བས་ན་ས་དེ་ཆོས་ཀྱི་སྤྲིན་ཞེས་བྱ་སྟེ་ཞེས་བྱ་བའི་བར་དུའོ། གནས་པ་དང་གནས་པ་ལ་འཇུག་པའི་ཆོས་བསྟན་པ་རྣམས་ནི་གནས་པ་སྔ་མ་རྣམས་ལ་ཡང་ཡོད་མོད་ཀྱི། ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཀྱི་ཁྱད་པར་ཡོད་པར་བསྟན་པའི་ཕྱིར། གནས་པ་གོང་མ་གོང་མ་རྣམས་སུ་ཡན་ལག་གང་དག་བསྟན་པ་དེ་དག་གི་ནི་ཞེས་བྱ་བ་ལ་ སོགས་པ་ལ། ཆོས་བཅུ་པོ་འདི་དག་ས་འདི་ལ་རྣམ་པར་གཞག་པར་བྱའོ་ཞེས་བྱ་བས་བསྟན་པའི་ཆོས་རྣམས་ནི་རྟེན་གྱིས་སྔ་མ་རྣམས་ལ་ཡང་ཡོད་ཀྱང་ཆུང་བའི་ཕྱིར་ཆོས་འདིའི་གྲངས་སུ་མི་ཆུད་པས་གོང་མར་རྣམ་པར་མི་གཞག་གོ། །དེས་ན་བདག་གིས་དེ་དག་ས་གོང་མ་ཐོབ་པས་ཆེན་པོར་ གྱུར་པ་དེའི་ཚེ་དེའི་ཆོས་ཁྱད་པར་ཅན་དུ་རྣམ་པར་གཞག་པ་ཡིན་ནོ། །གནས་པ་འདི་དག་ནི་དུས་ཆེན་པོས་ཡོངས་སུ་འགྲུབ་པར་བསྟན་པའི་ཕྱིར། དེ་ལ་གནས་པ་རེ་རེ་ཡང་བསྐལ་པ་ཆེན་པོ་ཞེས་བྱ་བའོ། །ཐམས་ཅད་ཀྱིས་ཐོབ་པའི་དུས་ཀྱི་ཚད་ངེས་པར་བསྟན་པ་ནི། བསྐལ་ཆེན་པོ་གྲངས་མེད་པ་གསུམ་ གྱིས་ཞེས་བྱ་བ་ལ་སོགས་པས་ནི་བརྩོན་འགྲུས་འབར་བ་རྒྱུན་མི་འཆད་པར་དགེ་བའི་རྩ་བ་ལ་གནས་པས་ནི་མོས་པས་སྤྱོད་པའི་ས་ནས་གྲངས་མེད་པ་ཡིན་པར་བསྟན་པའི་ཕྱིར། དེ་ཡང་རྟག་ཏུ་འབད་པས་ཞེས་བྱ་བ་ལ་སོགས་པ་ལ། འབད་པ་ཞེས་བྱ་བ་ནི་མྱུར་དུ་ཞེས་བྱ་བའི་ཐ་ཚིག་གོ། །གྲངས་མེད་པ་ གཉིས་པས་ནི་མཚན་མ་མེད་པ་གཉིས་པའི་གནས་པ་ཐོབ་པོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལ་ནི་བསྐལ་པ་གྲངས་མེད་པ་རྣམ་པར་གཞག་པ་ཐམས་ཅད་ཀྱང་འདྲ་བར་བསྟན་པ་ནི། དེ་ནི་ངེས་པ་ཁོ་ན་སྟེ་ཞེས་བྱ་བ་ལ། བསམ་པ་དག་པ་རྣམས་ལ་བརྩོན་འགྲུས་རྩོམ་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། ། དེའི་ཕྱིར་སྨྲས་པ། དེ་ནི་ངེས་པར་འབད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གསུམ་ཞེས་བྱ་བ་དང་། གྲངས་མེད་པ་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟར། དེ་ལ་བསྐལ་པ་གྲངས་མེད་པ་ནི་གཉིས་སུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ། རྣམ་པ་གཉིས་ཀྱིས་བསྐལ་པ་ཆེན་པོ་ལ་གྲངས་མེད་པ་ཞེས་བྱ་ སྟེ། ཉིན་ཞག་ལ་སོགས་པ་བགྲང་བའི་ལམ་ལས་འདས་པས་བསྐལ་པ་གཅིག་ལ་ཡང་གྲངས་མེད་པ་ཞེས་བྱ་བའོ། །དེའི་ཕྱིར་སྨྲས་པ། ཉིན་མཚན་དང་ཟླ་བ་དང་ཞེས་བྱ་བ་ལ་སོགས་པས་བགྲང་བར་མི་ནུས་པས་ན་གྲངས་མེད་པ་ཞེས་བྱའོ། །བསྐལ་པ་ཆེན་པོ་ནི་གྲངས་ཀྱི་གནས་གཞན་གྱི་ཁྱད་ པར་གྲངས་མེད་པས་བསྡུས་པའི་ཕྱིར་གྲངས་མེད་པ་གཉིས་པ་ཞེས་བྱའོ། །དེའི་ཕྱིར་སྨྲས་པ། བགྲང་བའི་ཚུལ་གྱིས་བགྲང་བ་ཐམས་ཅད་ལས་འདས་པའི་ཞེས་བྱ་བ་ལ་སོགས་པ་ལ། ཡང་དེ་ནི་རྣམ་པ་གཉིས་ཀྱིས་གྲངས་མེད་པ་ཞེས་བརྗོད་དེ། ཐ་མལ་པའི་གྲངས་ལས་འདས་པའི་ཕྱིར་ ནི་གང་ཡང་སྨྲས་པ། བགྲང་བ་ཐམས་ཅད་ལས་འདས་པའི་ཞེས་བྱ་བ་སྟེ། དེའི་མིང་གིས་རྣམ་པར་གཞག་པའི་ཕྱིར་རོ། །དེ་ལྟ་བུའི་གྲངས་ཀྱི་གནས་གཞན་དུ་ཕྱིན་པ་ལ་ཡང་བྱ་སྟེ། ལྷུག་པར་བསྟན་པའི་མདོ་ལས་འདོན་པའི་གནས་གཞན་དྲུག་ཅུར་ཕྱིན་པ་ནི་གྲངས་མེད་པ་ཞེས་བྱ་བ་ཡིན་ ནོ། །དེའི་ཕྱིར་སྨྲས་པ། ཕྱི་མ་ཤོས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་དབང་དུ་བྱས་ནས་གྲངས་མེད་པ་གསུམ་ཞེས་བསྟན་པ་དེ་ནི་ཕྱི་མ་ཤོས་ཀྱི་ཡིན་ནོ། །ལྷག་པས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་སྡེ་པ་གཞན་གྱི་འདོད་པ་འགོག་པར་བྱེད་པ་ཡིན་ནོ། །འགའ་ཞིག་གིས་བསྐལ་པ་ འགའ་ཞིག་འདུམས་པར་བྱ་བར་ནུས་པ་ནི་སྲིད་ཀྱི་བསྐལ་པ་གྲངས་མེད་པ་འདུམས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སུ་བརྩོན་འགྲུས་རྩོམ་པ་ཆེན་པོ་ཡང་ཆེན་པོས་སྦྱོར་བ་དེའི་ཞེས་བྱ་བ་ལ་སོགས་པ་ལ་གང་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བསྐལ་པ་དགུ་འདུམས་ སོ་ཞེས་འདོན་པ་ཡིན་ནོ། །སྒྲིབ་པ་གཉིས་སྤང་བ་ནི་ཤིན་ཏུ་དཀའ་བའི་ཕྱིར་དུས་རིང་པོར་འབད་པ་ཆེན་པོས་ཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཉིས་པོ་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་ པ་གཉིས་ཀྱི་ཕྱོགས་ཀྱི་གནས་ངན་ལེན་རིམ་གྱིས་སྤོང་བར་བསྟན་པའི་ཕྱིར། དེ་ལ་གནས་པ་གསུམ་པོ་དག་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པའི་དབྱེ་བ་ནི་གཉིས་ཏེ། མཐོང་བས་སྤང་བར་བྱ་བ་དང་། སྒོམ་པས་སྤང་བར་བྱ་བའོ། །དེ་ལ་མཐོང་བས་ སྤང་བར་བྱ་བ་ནི་རབ་ཏུ་དགའ་བའི་གནས་པ་ལ་སྟེ། བག་ལ་ཉལ་དང་མངོན་དུ་རྒྱུ་དང་བཅས་པ་རབ་ཏུ་སྤོང་ངོ་། །དེའི་ཕྱིར་སྨྲས་པ། ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་ངོ་ཞེས་བྱའོ། །སྒོམ་པས་སྤང་བར་བྱ་བ་ལ་ནི་གཞིའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། ཆེན་པོ་དང་། འབྲིང་དང་། ཆུང་ངུ་ཞེས་བྱའོ། ། སྒོམ་པས་སྤང་བར་བྱ་བ་ཆེན་པོའི་མངོན་དུ་རྒྱུ་ནི་ས་ལ་ཞུགས་པ་ལ་མེད་དོ་ཞེས་བསྟན་པའི་ཕྱིར། ཀུན་དུ་སྤྱོད་པ་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་ནོ། །ཆུང་ངུའི་དབྱེ་བ་ཡང་ཁ་ཅིག་ནི་གནས་པ་གཉིས་པ་ལ་གཉི་ག་ཇི་ལྟར་སྤོང་བར་བསྟན་པའི་ཕྱིར། མཚན་ མ་མེད་པ་ལྷུན་གྱིས་གྲུབ་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། གནས་ངན་ལེན་ནི་ཡོངས་སུ་རྒྱས་པར་བྱེད་པའི་ས་བོན་ནོ། །བག་ལ་ཉལ་ནི་ས་བོན་ཕྲ་བའོ། །དེའི་ཕྱིར་སྨྲས་པ། ཉོན་མོངས་པའི་བག་ཆགས་ཀྱི་བག་ལ་ཉལ་གྱི་སྒྲིབ་པ་ཐམས་ཅད་སྤོང་བར་རིག་པར་བྱ་སྟེ་ཞེས་བྱ་བའོ། །གནས་པ་མཆོག་ ལས་འདའ་བ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པ་ནི། དེ་ཡང་དེ་བཞིན་གཤེགས་པའི་གནས་པ་ལ་འཇུག་པའོ་ཞེས་བྱ་བས། ཉོན་མོངས་པའི་སྒྲིབ་པ་སྤོང་བའི་དབྱེ་བ་བསྟན་ནས་ཤེས་བྱའི་སྒྲིབ་པ་སྤོང་བའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། རྣམ་པ་གསུམ་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ། པགས་ཤུན་ལ་ཡོད་པ་ཞེས་བྱ་བ་ནི་པགས་ཤུན་དང་འདྲ་བས་པགས་ཤུན་ལ་གནས་པ་ལྟར་དུས་དང་འབད་པ་ཉུང་ངུ་ཞིག་གིས་སྤོང་བར་ནུས་པའོ། །བྲི་ལ་ཡོད་པ་ལྟ་བུ་ནི་དུས་དང་འབད་པ་འབྲིང་གིས་སྤོང་བར་ནུས་པའོ། །སྙིང་པོ་ལ་ཡོད་པ་ལྟ་བུ་ནི་དུས་རིང་པོར་འབད་པ་ཆེན་པོས་སྤང་བར་བྱའོ། དེས་ནི་གནས་པ་གསུམ་ལ་དུས་ཆེན་པོ་ཉིད་དང་། འབད་པ་ཆེན་པོ་ཉིད་བསྟན་པའི་ཕྱིར། དེ་སྤངས་མ་ཐག་ཉིད་དུ་དེའི་གཉེན་པོའི་ཡེ་ཤེས་འཐོབ་པར་བསྟན་པའི་ཕྱིར། རྣམ་པར་དག་པའི་ཡེ་ཤེས་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ལ། གནས་པ་རྣམ་པ་གསུམ་ལས་སྤངས་པའི་དབྱེ་བ་རྣམ་པ་ གསུམ་ཡིན་ལ། དེ་དག་ལས་གཞན་པའི་གནས་པ་རྣམས་ནི་ཞུགས་པའི་ལམ་དུ་རྣམ་པར་གཞག་པར་བྱ་བའི་ཕྱིར། དེ་མ་ཡིན་པའི་གནས་པ་རྣམས་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །གནས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་ཡང་དག་པས་བསྡུས་པ་བསྟན་པའི་ཕྱིར། གནས་ པ་གཅུ་གསུམ་པོ་དེ་དག་ལ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་དག་པ་བཅུ་གཅིག་པོ་དེ་དག་ཀྱང་མདོར་བསྡུ་ན་ཐོག་མ་དང་། བར་དང་། ཐ་མར་རིག་པར་བྱའོ། །རིགས་ཉིད་རྣམ་པར་དག་པ་ནི་རིགས་རྣམ་པར་དག་པ་སྟེ། རབ་ཏུ་ཁྱད་པར་དུ་འཕགས་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ སུ་གྱུར་པའི་ཕྱིར་གསེར་གྱི་རིགས་བཞིན་ནོ། །མོས་པས་སྤྱོད་པའི་གནས་སྐབས་ན་ནི་དད་པས་མོས་པ་རྣམ་པར་དག་པ་ཞེས་བྱ་སྟེ། གཞན་གྱིས་མི་འཕྲོགས་པའི་ཕྱིར་རོ། །རབ་ཏུ་དགའ་བ་ལ་ནི་ལྷག་པའི་བསམ་པ་རྣམ་པར་དག་པ་ཞེས་བྱ་སྟེ། བདག་དང་གཞན་མཉམ་པ་ཉིད་རབ་ཏུ་ཐོབ་པའི་ ཕྱིར་རོ། །དྲི་མ་མེད་པའི་ས་ལ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱ་བ་སྟེ། རང་བཞིན་གྱི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་རོ། །འོད་བྱེད་པ་ལ་ནི་ལྷག་པའི་སེམས་རྣམ་པར་དག་པ་སྟེ། འཇིག་རྟེན་པའི་བསམ་གཏན་དང་སྙོམས་པར་འཇུག་པའི་ཁྱད་པར་ཐམས་ཅད་ཐོབ་པའི་ཕྱིར་རོ། །ལྷག་པའི་ ཤེས་རབ་ཀྱི་གནས་པ་གསུམ་ལ་ནི་ཡེ་ཤེས་ལ་ཀུན་དུ་རྩོམ་པ་རྣམ་པར་དག་པ་ཞེས་བྱ་སྟེ། ཤེས་རབ་རྣམ་པ་གསུམ་གྱི་ཁྱད་པར་ཐོབ་པའི་ཕྱིར་རོ། །རྩོལ་བ་དང་བཅས་པའི་མཚན་མ་མེད་པའི་གནས་པ་ལ་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཡོངས་སུ་རྫོགས་པ་རྣམ་པར་དག་པ་ཞེས་བྱ་སྟེ། དེའི་ མཐར་ཐུག་པར་འགྲོ་བའི་ཕྱིར་རོ། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངོན་པར་སྒྲུབ་པ་རྣམ་པར་དག་པ་ལ་ནི་བཟོད་པའི་མཆོག་ཐོབ་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པའི་གནས་པ་ནི་རྣམ་པ་ཐམས་ཅད་དུ་ཚིག་གི་དོན་ཐམས་ཅད་སྟོན་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པའོ། ། གནས་པ་མཆོག་ལ་ནི་རྣམ་པ་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་དང་ལྡན་པས་ཤེས་བྱ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཡེ་ཤེས་རྣམ་པར་དག་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་གནས་པ་ལ་ནི་སྒྲིབ་པ་གཉི་ག་སྤངས་པ་ཉིད་དེ། ཤིན་ཏུ་དྲི་མ་མེད་པའི་ཕྱིར་རོ། །སྔར་བསྟན་པའི་ཐེག་པ་ཆེན་པོ་སྡུད་པར་བྱེད་པའི་ཆོས་རྣམས་དང་གནས་པ་འདི་དག་ཇི་ལྟར་རིགས་པར་ཕན་ཚུན་བསྡུས་པར་བསྟན་པའི་ཕྱིར་སྨྲས་པ། གནས་པ་བཅུ་གསུམ་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ བསྟན་པ་ལ་སོགས་པ་ནས་ཤེས་པར་བྱའོ། །གནས་པ་དང་པོ་དང་། གཉིས་པ་ལ་ནི་ཞེས་བྱ་བ་ལ། །གཉིས་པའི་ཚིག་དང་མང་པོའི་ཚིག་གིས་བསྟན་ཏེ། དང་པོ་ལ་དད་པ་སྐྱེས་པ་དང་། གཉིས་པ་ལ་ལྷག་པར་མོས་པ་སྐྱེས་པས་སོ། །ལྷག་པའི་བསམ་པ་ཉམས་སུ་ལེན་པ་ནི་ སྒོམ་པའི་རྣམ་པས་འཇུག་པ་ཉིད་དུ་བསྟན་པའི་ཕྱིར་དང་། དེ་ལས་གཞན་པའི་སྒོམ་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་རོ། །དེས་ན་སྨྲས་པ། བསྒོམ་པ་མང་དུ་བྱེད་དོ་ཞེས་བྱ་བ་ལ། དེ་ཁོ་ནའི་དོན་ལ་འཇུག་པ་དང་། མཐུའི་དོན་ལ་འཇུག་པ་ནི་བསྡུ་བར་མ་བསྟན་དུ་ཟིན་ཀྱང་བསྡུ་བ་ཐམས་ ཅད་དུ་དེ་དག་ཤེས་པར་བྱའོ། །ཅིའི་ཕྱིར་གནས་པ་བཅུ་གཉིས་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བའི་དོན་འདིར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཉིས་པོ་འདི་དག་ནི་གོ་རིམས་བཞིན་དུ་ཉན་ཐོས་ཀྱི་གནས་པ་དང་འདྲ་བར་རིག་པར་བྱ་སྟེ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་ རང་གི་རིགས་ལ་གནས་པ་ཇི་ལྟ་བ་དེ་བཞིན་དུ་འདིའི་གནས་པ་དང་པོ་ཞེས་བྱ་བ་ལ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ནས་ཉེ་བར་བཟུང་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྐྱེད་པ་དང་། དེའི་ཡང་དག་པ་སྐྱོན་མེད་པའི་ས་ལ་འཇུག་པའི་སྦྱོར་བ་ལ་གནས་པ་ནི་མོས་པས་ སྤྱོད་པའི་གནས་པ་ལྟ་བུ་དང་། ངེས་པའི་ས་ལ་འཇུག་པའི་གནས་པ་ནི་མཐོང་བའི་ལམ་ཐོབ་པ་ལྟ་བུའོ། །དེ་ལྟར་ངེས་པ་ལ་ཞུགས་པའི་གནས་པ་ལ་གནས་པ་ནི་སྡིག་པ་རྣམ་པ་ལྔ་ནི་ཤིན་ཏུ་མི་བྱེད་ཅིང་འཕགས་པས་བསྔགས་པའི་ཚུལ་ཁྲིམས་ལ་གནས་པ་ཟག་པ་ཟད་པར་བྱ་བའི་ཕྱིར་ འབད་པ་དང་འདྲ་བར་བྱང་ཆུབ་སེམས་དཔའི་ཡང་དེ་དང་འདྲའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཤིན་ཏུ་མི་བྱེད་པས་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་ཞིང་བསམ་གཏན་མངོན་པར་བསྒྲུབ་པ་ལ་གནས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་དེ་དང་འདྲའོ། །ཇི་ལྟར་དང་པོ་གསུམ་ ལ་ལྷག་པའི་ཤེས་རབ་ཀྱིས་གནས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་ཡིན་ནོ། །ཇི་ལྟར་བསམ་གཏན་དང་། ཏིང་ངེ་འཛིན་ཐོབ་པ་དང་། མཚན་མ་མེད་པའི་སྦྱོར་བ་ལ་གནས་པ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་ཡིན་ནོ། །ཇི་ལྟར་དེ་དག་མཚན་མ་མེད་པ་ལ་གནས་ པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་ཡིན་ནོ། །ཇི་ལྟར་དེའི་དེ་ལས་ལངས་ནས་རྣམ་པར་གྲོལ་བའི་སྐྱེ་མཆེད་ལ་གནས་པ་དབེན་པ་ལ་སེམས་གཞོལ་བར་འགྱུར་བར་བསྟན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་ཡིན་ནོ། །ཇི་ལྟར་དགྲ་བཅོམ་པའི་གནས་པ་ལ་མ་གནས་པར་ བྱ་བ་བྱས་པ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གནས་པ་ཡང་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་པ་ལས་གནས་པའི་ལེའུ་བཞི་པ་སྟེ་རྣལ་འབྱོར་གྱི་གནས་པ་གཉིས་པའི་འགྲེལ་པ་རྫོགས་སོ།། །།ཇི་སྐད་ བསྟན་པའི་གནས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མང་དུ་བདག་པོའི་སྐྱེ་བ་ལེན་པར་བསྟན་པས་དེའི་རྗེས་ལ་ཐམས་ཅད་དུ་སྐྱེ་བ་ལེན་པ་བསྟན་པའི་ཕྱིར་སྐྱེ་བ་ལེན་པ་བསྟན་པ་བརྩམ་པར་བྱའོ། །སྐྱེ་བ་རེ་རེ་ལ་ཡང་དབྱེ་བ་དཔག་ཏུ་མེད་པའི་ཕྱིར་མདོར་བསྡུས་ནས་སྨྲས་ པ། ཡང་སྐྱེ་བ་དེ་ནི་རྣམ་པ་གཉིས་ཏེ། བསམས་བཞིན་དུ་སྐྱེ་བ་ཞེས་བྱ་བ་སྟེ། སྨོན་ལམ་གྱི་སྟོབས་དང་། དབང་ཐོབ་པའི་སྟོབས་ཀྱིས་སོ། །དེ་ལ་སྐྱེ་བ་དང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་སྐྱེས་པའི་སྡུག་བསྔལ་གྱི་གཉེན་པོ་ཉིད་ཀྱི་བདེ་བ་སྐྱེད་པར་བྱེད་པ་ནི་བདེ་བ་སྐྱེད་ པར་བྱེད་པ་ཡིན་ནོ་ཞེས་བརྗོད་དོ། །ཡང་གཉིས་པ་ནི་རིས་མཐུན་པ་འཕེན་པར་བྱེད་པའི་མི་དགེ་བའི་གནས་ནས་བཟློག་ནས་དགེ་བའི་གནས་ལ་འགོད་པའི་ཕྱིར་འབད་པའི་དོན་དུ་འགྱུར་རོ་ཞེས་བྱ་སྟེ། ཕན་པ་སྐྱེད་པར་བྱེད་པ་ཞེས་བྱ་བའོ། །རིས་མཐུན་པ་རྣམས་འདྲ་བར་འདོན་ན་ཡང་ ཁྱད་པར་དུ་འཕགས་པ་མངོན་པར་བསྒྲུབས་པས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་སྐྱེད་པར་བྱེད་པ་ནི་གསུམ་པའོ། །གནས་སྐབས་དང་རྗེས་སུ་མཐུན་པར་ལྷ་དང་མི་རྣམས་སུ་དབང་ཕྱུག་གི་བདག་པོའི་གནས་ཐོབ་པ་ནི་བདག་པོར་སྐྱེ་བ་སྟེ་བཞི་པའོ། །དེ་ ལྟར་ན་སྐྱེ་བའི་གནས་ཀྱི་དབྱེ་བས་རྣམ་པ་བཞི་སྟེ། དུས་ཀྱི་དབང་གིས་སོ། །སྐྱེ་བ་རྣམས་ཀྱི་ཕྱི་མ་ནི་ཐ་མའི་སྐྱེ་བ་སྟེ། སྐྱེ་བ་རྣམས་ཀྱི་ཐ་མ་ཡིན་པའི་ཕྱིར་ཇི་ལྟར་དགྲ་བཅོམ་པའི་བཞིན་ནོ། །གང་ཡང་མདོར་བསྡུས་ནས་སེམས་ཅན་རྣམས་ཀྱི་ཡོ་བྱད་དང་། བདག་གི་དངོས་པོས་ ཕོངས་པར་བྱེད་པ་ནི་གནོད་པ་ཞེས་བྱའོ། །དེ་ཡང་སེམས་ཅན་ཐམས་ཅད་ལ་དུས་དང་ཡུལ་གྱི་དབང་གིས་བཟའ་བ་དང་བཏུང་བས་ཕོངས་པས་མུ་གེས་གནོད་པ་དང་། འབྲོག་ཉམ་ང་བར་འཁྱམས་པའི་གནོད་པ་རྣམས་སོ། །དེའི་ཕྱིར་སྨྲས་པ། མུ་གེས་ཕོངས་ཤིང་གནོད་པ་ཆེན་ པོ་བྱུང་བའི་དུས་དག་ཏུ་ཞེས་བྱ་བ་ལ་སོགས་པའོ། །སྨོན་ལམ་བཏབ་ནས་ཞེས་བྱ་བ་ནི་སྔར་ཉིད་ནས་བྱང་ཆུབ་སེམས་དཔའ་སེམས་འདི་ལྟར་མངོན་པར་འདུ་བྱེད་དེ། འདི་ལྟ་བུའི་སེམས་ཅན་རྣམས་བདེ་བར་བྱ་བའི་ཕྱིར་བདག་འདི་དང་འདི་ལྟ་བུར་གྱུར་ཅིག་ཅེས་སྨོན་པར་བྱེད་དེ། དེ་ལྟ་བུའི་ སྨོན་ལམ་དེ་ནི་བསོད་ནམས་ཤིན་ཏུ་ཆེ་བའི་ཕྱིར་དང་། བསམ་པ་དགེ་བའི་ཕྱིར་དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། དགེ་སློང་དག་བསོད་ནམས་དང་ལྡན་པའི་སྨོན་ལམ་འགྲུབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཚེགས་ཆུང་ངུས་ཞེས་བྱ་བ་ནི་འབད་པ་མེད་པར་རོ། །འཚོ་བར་ འགྱུར་བའི་རྒྱུར་ཞེས་བྱ་བ་ནི་ལྟད་མོའི་ཆེད་དུ་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་བྱ་བའི་ཕྱིར་ཉ་ཆེན་པོ་ལ་སོགས་པར་སྐྱེ་བར་འགྱུར་ཏེ། རློན་མིད་དང་རློན་མིད་ཆེན་པོ་ལ་སོགས་པར་སྨོན་ལམ་གྱི་སྟོབས་ཀྱིས་ཤ་མི་ཟད་པར་གྱུར་པས་འགྲོ་བ་མ་ལུས་པ་ཚིམ་པར་བྱེད་དོ། །ཁམས་མ་ སྙོམས་པས་ལུས་ལ་གནོད་པར་གྱུར་པ་རྣམས་ལ་གྲུབ་པའི་རིག་པ་འཛིན་པ་ལ་སོགས་པའི་ལུས་ཡོངས་སུ་བཟུང་ནས་ཇི་ལྟ་བུར་གནས་ན་གནོད་པ་ཞི་བར་བྱེད་པའི་སྔགས་གྲུབ་པ་དང་། མཐུ་ཆེ་བའི་སྨན་ཤེས་པའི་སྨན་པར་གྱུར་ནས་དེ་བཞིན་དུ་གནོད་པ་ཞི་བར་བྱེད་དོ། །ལོངས་སྤྱོད་དང་ འཁོར་རྣམ་པར་ཉམས་པར་བྱེད་པའི་ཕ་རོལ་གྱི་དཔུང་ལ་སོགས་པའི་ཚེ་ནི་སྟོབས་ཀྱི་བདག་པོར་གྱུར་ནས་གཞན་གྱི་དཔུང་གི་འཇིགས་པ་ཟློག་པར་བྱེད་ཀྱི། ཆོས་དང་ལྡན་པ་ཡིན་པས་གཞན་གྱི་དཔུང་བརླག་པར་ནི་མི་བྱེད་དོ། །དེ་ནི་ཡང་ཆོས་དང་ལྡན་པའི་སྟོབས་ཅན་དུ་འགྱུར་རོ་ཞེས་བྱ་ བར་སྨྲས་པ། ཐབས་མཁས་པས་ཞེས་བྱ་བ་ནི་གཞན་ལ་གནོད་པར་མ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཕན་ཚུན་མི་མཐུན་པ་རྣམས་ལ་ནི་བདག་ཉིད་ལ་ཚིག་གཟུང་བར་འོས་པ་དང་། སྡུམས་བྱེད་པར་ནུས་པར་གྱུར་ནས་འཁོར་རྣམས་ཞི་བར་བྱེད་པའི་ཚད་མར་གྱུར་པར་སྐྱེ་བར་འགྱུར་རོ། ། ཕན་ཚུན་དགྲར་གྱུར་ཅིང་སྲོག་གཅོད་པར་བྱེད་པ་དག་ཏུ་ནི་སྲོག་བསྐྱབ་པའི་ཕྱིར་དང་། ཐ་མལ་པའི་ཡུལ་གྱི་རྒྱལ་པོ་གཏུམ་པོས་ཆོས་དང་མི་ལྡན་པར་འབངས་རྣམས་ལ་ཆད་པ་དང་། འཆིང་བ་དང་། གནོད་པ་སྣ་ཚོགས་བྱེད་པ་ལ་ཞུགས་པ་དག་ལ་ནི་གནོད་པ་དེ་དག་ཞི་བར་བྱ་བའི་ཕྱིར། རྒྱལ་པོར་སྐྱེ་བར་འགྱུར་ཏེ། བུ་ལ་བྱམས་པའི་རིགས་སུ་སྐྱེས་པ་ཙམ་གྱིས་བཅིངས་པ་ལ་སོགས་པ་ཐམས་ཅད་གྲོལ་བར་འགྱུར་རོ། །བདག་ཉིད་རྒྱལ་པོར་གྱུར་ནས་གནོད་པ་དེ་དག་ཉེ་བར་ཞི་བར་བྱེད་དོ། །ཆོས་དང་ལྡན་པར་གྱུར་ནས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་བསམ་ པས་སྙིང་བརྩེ་བ་ཅན་ཡིན་ནོ། །དེ་ལྟར་ན་མུ་གེའི་གནོད་པའི་སྡུག་བསྔལ་དང་། ཕ་རོལ་གྱི་དཔུང་གིས་གནོད་པའི་སྡུག་བསྔལ་དང་། འཚོ་བ་མེད་པས་འཇིགས་པའི་སྡུག་བསྔལ་དང་། རང་གི་འཁོར་གྱིས་འཇིགས་པའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། གནོད་པ་དེ་དག་ཉིད་ཞི་བར་བྱ་བའི་ ཕྱིར་རོ། །དེའི་ཕྱིར་སྨྲས་པ། སྙིང་བརྩེ་བ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་སྐྱེ་བར་འགྱུར་བའོ། །དེ་དང་སྐལ་བ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་ནི་ཕན་ཚུན་མི་མཐུན་པའི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ནས་རང་ཉིད་ཀྱི་བྱམས་པའི་སེམས་ཀྱིས་ ཁོན་རྣམས་ཞི་བར་བྱེད་དོ། །ལོག་པར་ལྟ་བ་ཤིན་ཏུ་མང་བའི་བྲམ་ཟེའི་རིགས་དང་། ཉེས་པར་སྤྱད་པ་སྤྱོད་པའི་ཉ་པ་ལ་སོགས་པའི་རིགས་དང་། འདོད་པ་ལ་གཅིག་ཏུ་ཞེན་པའི་རིགས་རྣམས་ཀྱི་གཙོ་བོར་སྐྱེས་ནས་ལྟ་བས་བྱས་པ་དང་། ཉེས་པར་སྤྱོད་པ་དང་། འདོད་པ་ལ་སྲེད་པ་རྣམས་རབ་ཏུ་ ཞི་བར་བྱེད་དོ། །དེའི་ཕྱིར་སྨྲས་པ། ཉེས་པ་དེ་བཟློག་པའི་ཕྱིར་ཞེས་བྱ་བའོ། །འཇིག་རྟེན་ཐ་མལ་པ་རྣམས་ཀྱི་གཙོ་བོའི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་དེ་དག་ལས་བཟློག་པ་ལས་སྤྱོད་ཅིང་སྟོན་ཏོ་ཞེས་བསྟན་པའི་ཕྱིར། དེ་ལྟ་བུའི་སྐལ་བ་མཉམ་པར་སྤྱོད་པ་ཉིད་ ཀྱིས་ཉེས་པ་ལས་ཟློག་པར་བྱེད་དོ་ཞེས་བསྟན་ཏོ། །རིགས་པས་མན་ངག་སྟོན་པའི་དབང་དུ་བྱས་ནས་སྨྲས་པ། དེ་དག་ལ་ཆོས་སྟོན་པ་སྟེ་ཞེས་བྱ་བའོ། །དེ་བཞིན་དུ་རེས་འགའ་འགའ་ཞིག་ཏུ་སྐྱེས་པ་ན་བྱང་ཆུབ་སེམས་དཔའ་དེ་ཚེ་ལ་སོགས་པ་མཐུན་པ་རྣམས་ལས་ཁྱད་པར་དུ་འཕགས་པར་ འགྱུར་ཏེ། རྣམ་པར་སྨིན་པ་མཉམ་པ་མེད་པ་ཡོངས་སུ་གཟུང་བའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུས་ཀྱང་སེམས་ཅན་རྣམས་ཀྱང་ཡང་དག་པར་སྡུད་ཅིང་བདག་ཉིད་ཀྱང་ཅི་རིགས་པར་སྤྱོད་དོ། །དེའི་ཕྱིར་སྨྲས་པ། བདག་དང་གཞན་གྱི་དོན་གྱི་ལེའུ་ལས་ཇི་སྐད་བཤད་པའི་ལས་བྱེད་དོ་ཞེས་བྱ་བ་ ཡིན་ནོ། །འདི་ལྟ་བུ་ནི་བདག་དང་གཞན་གཉིས་ཀ་ལ་ཕན་པ་ཡིན་ལ། སྔ་མ་ནི་གཞན་འབའ་ཞིག་ལ་ཕན་པ་ཉིད་ཡིན་ནོ། །ས་ལ་ཞུགས་པ་རྣམས་ཀྱི་ནི། ལྷ་དང་མི་རྣམས་ཀྱི་ནང་དུ་གཙོ་བོར་སྐྱེས་པ་གང་ཡིན་པ་དེ་ནི་བདག་པོའི་སྐྱེ་བ་ཞེས་བྱ་སྟེ། དེ་ནི་གནས་པ་བསྟན་པ་བསྟན་ཟིན་ཏོ། །གནས་ པ་མཆོག་ལ་གནས་པའི་བདག་པོར་སྐྱེ་བ་བསྟན་པའི་ཕྱིར། འོག་མིན་ལས་འདས་ནས་ཞེས་བྱ་བའོ། །ཡང་དེ་ནི་འཇིག་རྟེན་ལས་འདས་པའི་དགེ་བ་ལས་སྐྱེས་པས་ཐུན་མོང་མ་ཡིན་པའི་སྐྱེ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེ་བའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ ལ་སོགས་པའོ། །ཚོགས་ཡོངས་སུ་རྫོགས་པའི་མིའི་སྐྱེ་བ་ནི་སྲིད་པ་ཐ་མ་པའོ་ཞེས་བསྟན་པའི་ཕྱིར། དེར་སྐྱེས་པ་དེ་ནི་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཀྱང་མཛད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ནི་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་སུ་ དག་ཀྱང་རུང་བ་དེ་དག་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མངོན་པར་བྱང་ཆུབ་པའི་འབྲས་བུ་ཅན་དུ་བསྟན་པའི་ཕྱིར། དེ་དག་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས་སྐྱེ་བའི་ལེའུའི་འགྲེལ་པ་སྟེ་དང་ པོ་རྫོགས་སོ།། །།དེ་ལྟར་གཞན་གྱི་དོན་དང་ཉེ་བར་བསྟན་པའི་དོན་བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་གྱི་དོན་བྱ་བ་ཡོངས་སུ་འཛིན་པར་བྱེད་ཀྱི། ནོར་དང་འབྲུ་ཡོངས་སུ་འཛིན་པར་མི་བྱེད་དོ་ཞེས་བསྟན་པའི་ཕྱིར། སྐྱེ་བ་བསྟན་པའི་རྗེས་ལ་ཡོངས་སུ་འཛིན་པ་བསྟན་ཏོ། །བྱང་ ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་ཇི་ལྟར་རིགས་པར་རྣམ་པ་དྲུག་ཏུ་ཡོངས་སུ་བསྡུས་པར་རྗེས་སུ་བསྟན་པའི་ཕྱིར་སྨྲས་པ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ལ་གནས་པའི་ཞེས་བྱ་བ་ལ། ཡོངས་སུ་འཛིན་པའི་ཉེས་པ་དང་བྲལ་བར་བསྟན་པའི་ཕྱིར། ཡང་དག་པར་ཡོངས་སུ་ འཛིན་པ་ཞེས་བྱ་བ་སྨྲས་སོ། །ཕྱི་རོལ་གྱི་དངོས་པོ་ཡོངས་སུ་འཛིན་པ་བསལ་བའི་ཕྱིར་དང་། སེམས་ཅན་ཡོངས་སུ་འཛིན་པ་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཅིག་ཅར་ཡོངས་སུ་འཛིན་པ་དང་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པར་གྱུར་པ་དང་། རབ་ཏུ་བྱུང་བའི་ཐུན་མོང་དང་ཐུན་མོང་མ་ཡིན་ པས་ཡོངས་སུ་འཛིན་པ་ནི་རྣམ་པ་གསུམ་མོ། །དེ་ཉིད་དུས་ཀྱི་དབྱེ་བས་ཀྱང་རྣམ་པ་གསུམ་མོ། །དེ་ལྟར་ན་རྣམ་པ་དྲུག་སྟེ། སེམས་བསྐྱེད་མ་ཐག་ཏུ་སེམས་ཅན་གྱི་ཁམས་ཐམས་ཅད་ཆུང་མའི་ཚུལ་དུ་ཅིག་ཅར་ཡོངས་སུ་གཟུང་སྟེ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་འཛིན་པ་ཐ་མལ་པའོ། །ཁྱད་ པར་ཅན་ནི་བདག་པོར་གྱུར་པའི་ཚུལ་གྱིས་ངེས་པ་ཁོ་ནར་དགའ་བར་བྱ་བ་དང་། གསོ་བར་བྱ་བ་དང་། སྐྱོང་བར་བྱེད་པ་ནི་བདག་པོས་ཡོངས་སུ་འཛིན་པ་ཞེས་བྱའོ། །རབ་ཏུ་བྱུང་བར་གྱུར་པས་ནི་ཡང་དག་པའི་འཁོར་ཡོངས་སུ་འཛིན་པ་ནི་སེམས་ཅན་ཡོངས་སུ་འཛིན་པས་འཛིན་པ་ཞེས་བྱའོ། ། ཡུན་རིང་པོ་ནི་མདོར་བསྟན་པ་ཉིད་དུ་རྣམ་པར་ཕྱེ་བས་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཤིན་ཏུ་ཕན་པ་དང་བདེ་བའི་བསམ་པས་སྒྲུབ་པ་དང་ལྡན་བཞིན་དུ་ཅིག་ཅར་སེམས་ཅན་ཡོངས་སུ་འཛིན་པའོ་ཞེས་བསྟན་པ་ནི། བདག་གིས་འདི་དག་ལ་ཅི་ནུས་ཅི་ལྕོགས་ཀྱིས་ཞེས་བྱ་བ་ལ་སོགས་པས་ བསྟན་ཏེ། ཇི་སྐད་དུ། སྐྱེ་བོ་སྡུག་བསྔལ་དུ་གྱུར་པ་འདི་དག་ནི། བསྐྱབ་པའི་ཕྱིར་ཁྱེད་ཀྱིས་བྱང་ཆུབ་མངོན་པར་བསྒྲུབས་ཞེས་བསྟན་པ་ཡིན་ནོ། །ཡོངས་སུ་འཛིན་པའི་དངོས་པོ་ནི། རྒྱལ་པོར་གྱུར་པ་ན་འབངས་ལ་ཞེས་བྱ་བ་ནི་རང་གི་ཡུལ་གྱི་ཉེ་འཁོར་ན་གནས་པ་ལ་ཡོངས་སུ་ འཛིན་པའི་འདུ་ཤེས་འབྱུང་སྟེ་ཞེས་བྱ་བ་ལ། དེ་ལས་གཞན་པ་ལ་སྐྱེ་བོ་གཞན་གྱི་འདུ་ཤེས་འབྱུང་བའོ། །ཡོངས་སུ་འཛིན་པ་དང་འཚམ་པའི་ཞེས་བྱ་བ་ནི་འཇིག་རྟེན་ལ་གྲགས་པ་སྟེ། ངེས་པར་གསོ་བར་བྱ་བ་དང་། ཡོངས་སུ་བསྐྱང་བར་བྱ་བའོ། །བྱང་ཆུབ་ སེམས་དཔའི་རྗེས་སུ་མཐུན་པ་ནི་འཇིག་རྟེན་ཕལ་པ་ལས་འདས་པའོ། །ཕ་དང་མ་ཡོངས་སུ་གཟུང་བའི་བྱ་བ་ནི་རྣམ་པ་གསུམ་དུ་བསྟན་པ་སྟེ། དགེ་བའི་ཕྱོགས་ལ་ཡང་དག་པར་སྦྱོར་བར་བྱེད་པ་ཉིད་ནི་དད་པ་མེད་པ་ནི་དད་པ་ཕུན་སུམ་ཚོགས་པ་ལ་སྦྱོར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་མདོ་ ལས་འབྱུང་བ་ཡིན་ནོ། །བླ་མར་བྱ་ཞིང་བསྙེན་བཀུར་བྱ་བས་ཉེ་བར་གཟུང་བ་ནི་དུས་དུས་སུ་བསྙེན་བཀུར་དང་བླ་མར་ཡང་བྱེད་པའོ། །དེའི་དབང་དུ་གྱུར་པས་གནས་པར་བྱ་བ་ནི་ཕའི་སེམས་དང་མཐུན་པར་བྱེད་པའོ། །བུ་དང་ཆུང་མ་ལ་སོགས་པ་ལ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་ཡོངས་སུ་འཛིན་ པར་བྱེད་དོ། །བསམ་པ་ཉིད་དང་སྦྱོར་བ་ཉིད་ཀྱིས་སོ་སྦྱོར་བ་ཉིད་ཀྱིས་ནི་རྣམ་པ་དྲུག་གོ། །བསམ་པ་ཉིད་ཀྱིས་ནི་རྣམ་པ་གཅིག་གོ། །འཚོ་བའི་ཡོ་བྱད་ཀྱིས་ཕོངས་པ་མེད་པར་ཡོངས་སུ་འཛིན་པ་ནི་གང་ཡང་སྨྲས་པ། ཟས་དང་གོས་ལེགས་པར་སྦྱིན་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །རྗེས་སུ་ མཐུན་པའི་ལས་ལ་སྦྱོར་བར་བྱེད་པ་ནི་ལས་ཀྱི་མཐའ་རྣམས་ཀྱིས་གནོད་པར་ཡང་མི་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །གནོད་པ་བྱས་ཀྱང་བཟོད་པ་ནི་གང་གི་ཕྱིར་སྨྲས་པ། ཉེས་པར་བྱེད་པ་ཡང་བཟོད་པར་བྱེད་དོ་ཞེས་བྱ་བའོ། །ན་བ་རྣམས་ལ་མགོན་བྱ་བ་ནི་གང་གི་ཕྱིར་སྨྲས་པ། ལེགས་པར་ནད་ གཡོག་བྱེད་དོ་ཞེས་བྱ་བའོ། །དགེ་བ་ལ་སྦྱོར་བར་བྱེད་པ་ཉིད་ནི་གང་ཡང་སྨྲས་པ། དེ་དག་དགེ་བ་ལ་ཡང་འཛུད་པར་བྱེད་དོ་ཞེས་བྱ་བའོ། །དུས་སུ་ཁྱད་པར་དུ་སྡུད་པར་བྱེད་པ་ནི་གང་ཡང་སྨྲས་པ། དུས་དུས་སུ་ལྷག་པར་བྱ་དགའ་སྦྱིན་པ་དང་ཞེས་པའོ། །ཅི་ནས་ཀྱང་ཚིག་འཇམ་པར་བྱེད་དོ་ཞེས་བྱ་བ་ནི་ ཉེ་བར་ཕན་པ་ལ་སྦྱོར་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བསམ་པ་ཉིད་སྨྲས་པ། དེ་དག་ལ་བྲན་དང་བྲན་མོའི་འདུ་ཤེས་ཀྱང་མི་སྐྱེད་དེ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོར་གྱུར་ན་རྒྱལ་པོའི་འཁོར་རྣམས་ལ་རྣམ་པ་དགུས་ཡོངས་སུ་འཛིན་པའི་བྱ་བ་མཛད་པའི་བསྟན་པའི་ཆོས་ཀྱིས་རྒྱལ་སྲིད་བྱེད་པ་ ཉིད་ནི་གང་གི་ཕྱིར་སྨྲས་པ། འབངས་ལ་ཆད་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ལོངས་སྤྱོད་འཕྲོགས་པ་དང་། སྲོག་གཅོད་པའི་བྱ་བ་མ་ཡིན་པ་མི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཤོ་གམ་ལ་སོགས་པར་ཅི་རིགས་པར་འབེབས་པར་བྱེད་པས་དེས་ན་སྨྲས་པ། ཆོས་བཞིན་དུ་ལོངས་སྤྱོད་ སྒྲུབ་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །རིགས་བརྒྱུད་ཀྱི་རིགས་ཀྱིས་འོངས་པའི་རྒྱལ་སྲིད་ལ་དབང་བྱེད་ཀྱི་གཞན་ལ་མི་གནོད་པར་བསྟན་པ་ནི། རྒྱུད་ཀྱིས་བྱུང་བའི་ཞེས་བྱ་བ་ལ་སོགས་པའོ། །ཕན་པ་ལ་ཡང་དག་པར་སྦྱོར་བ་ཉིད་ནི་གང་གི་ཕྱིར་སྨྲས་པ། ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་རྣམས་ སྡིག་པ་ལས་ཟློག་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པའོ། །བུའི་འདུ་ཤེས་བསྐྱེད་པར་བསྟན་པ་ཉིད་ནི་དེ་ནི་སྨྲས་པ། འབངས་རྣམས་ཀྱི་ཕ་དང་འདྲ་བ་ཡིན་ཞེས་བྱ་བའོ། །ཕོངས་པ་རྣམས་ལ་ལོངས་སྤྱོད་རབ་ཏུ་སྦྱིན་པ་ཉིད་ནི་དེས་ན་སྨྲས་པ། བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་ཞེས་བྱ་བ་ལ་ སོགས་པའོ། །རིགས་པ་མ་ཡིན་པའི་བྱ་བ་མི་བྱེད་པ་ཉིད་ནི་གང་ཡང་སྨྲས་པ། མའི་ཁུ་བ་དང་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ཁས་བླངས་པ་བཞིན་བྱ་བ་བྱེད་པ་ནི་གང་ཡང་སྨྲས་པ། བདེན་པར་སྨྲ་བ་ཞེས་བྱ་བ་ཡིན་ནོ། །གཞན་ལ་གནོད་པ་བྱེད་པ་སྤངས་པ་ཉིད་ནི། གསད་པ་དང་། བཅིང་བ་དང་ ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་གཉིས་ཀྱིས་ཚོགས་ཡང་དག་པར་སྡུད་པ་ཡིན་པར་བསྟན་པ་ཉིད་ནི་བསམ་པ་ཉིད་དང་སྦྱོར་བ་ཉིད་ཀྱིས་ཏེ། དེའི་ཕྱིར་སྨྲས་པ། ཟང་ཟིང་མེད་པའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཟང་ཟིང་ཉིད་ནི་བསྙེན་བཀུར་གྱི་ཕྱིར་དང་། འདོད་པའི་ཕྱིར་ཡོངས་སུ་འཛིན་ པ་མ་ཡིན་པའོ་ཞེས་བྱ་བའོ། །རང་གི་དོན་གྱི་སྦྱོར་བ་ཡང་མདོར་ན་རྣམ་པ་གཉིས་ཏེ། དོན་ལ་རབ་ཏུ་སྦྱོར་བ་ཉིད་ནི་གང་ཡང་སྨྲས་པ། རང་གི་དོན་ལ་ལེགས་པར་འཛུད་པར་བྱེད་དེ། ལོག་པའི་སྦྱོར་བས་སླུ་བར་མི་བྱེད་པའོ་ཞེས་བྱ་བའོ། །སྦྱོར་བ་མཉམ་པ་ཉིད་བསྟན་པའི་ཕྱིར། སེམས་སྙོམས་ པ་ཡིན་ཏེ་ཞེས་བྱ་བ་ལ། སེམས་སྙོམས་པ་དེ་ཉིད་བཤད་པ་ནི། ཕྱོགས་འཛིན་པར་མི་བྱེད་དོ་ཞེས་བྱ་བའོ། །ཆོས་ལ་རབ་ཏུ་སྦྱོར་བ་ཉིད་ནི་ཆོས་ལ་སེར་སྣ་བྱེད་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་མི་སྟོན་པའོ། །དེ་མེད་པ་ནི་ཆོས་ལ་སེར་སྣ་མི་བྱེད་པའོ། །སློབ་དཔོན་གྱི་དཔེ་མཁྱུད་ནི་དོན་གྱི་ གཙོ་བོ་སྦེད་པ་སྟེ། དེ་མེད་པའོ་གཞན་གྱི་དོན་གཅིག་པུ་བྱེད་པར་བསྟན་པའི་ཕྱིར། རིམ་གྲོ་དང་བསྙེན་བཀུར་བྱེད་པ་ལ་ཡང་མི་རེ་བ་ཞེས་བྱའོ། །དེ་དག་ཉིད་རང་བྱེད་པ་ལ་ཡང་ཚོགས་སོག་ཏུ་གཞུག་པའི་ཕྱིར་ཟློག་པར་མི་བྱེད་དེ། འཁོར་གྱི་བསླབ་པ་ཡོངས་སུ་རྫོགས་པར་ བྱེད་དུ་གཞུག་པའི་ཕྱིར་རོ། །དུས་ལ་བབ་ན་ཞེས་བྱ་བ་ནི་ཕོངས་པར་གྱུར་པའི་དུས་སུ་ཞེས་བྱ་བའི་དོན་ཏོ། །དམན་པ་ལ་སོགས་པ་རྣམས་ལ་རང་གི་དོན་ལ་སྦྱོར་བར་བསྟན་པའི་ཕྱིར། དེ་དག་གིས་མ་རྟོགས་པའི་དོན་ཡང་རྟོགས་པར་བྱེད་ལ་ཞེས་བྱ་བ་ལ་སོགས་པ་ལ། མ་རྟོགས་པའི་དོན་ནི་མི་ཤེས་ པས་ཀུན་དུ་རྨོངས་པའོ། །དེ་ལ་དོན་ཡང་དག་པར་སྟོན་པ་ནི་རྟོགས་པར་བྱེད་པའོ། །རྟོགས་པ་ནི་ཆོས་ཀྱི་དོན་ལ་མཁས་པའོ། །ཁྱད་པར་ཅན་གྱི་དོན་ལ་སྦྱོར་བར་བྱེད་པ་ནི་གསལ་བར་བྱེད་པའོ། །ཐེ་ཚོམ་སྐྱེས་པའི་རྨོངས་པ་རྣམས་ཀྱི་ཐེ་ཚོམ་ཡང་སེལ་བར་བྱེད་པའོ། །གཅིག་ཏུ་བདེ་བ་འདོད་པ་ རྣམས་ཀྱི་དབང་དུ་བྱས་ནས་སྨྲས་པ། འགྱོད་པ་ཡང་སེལ་བར་བྱེད་དོ་ཞེས་བྱ་བའོ། །སེམས་ཅན་རྣམ་པ་གསུམ་ཆར་ཡང་རྒྱུད་ཡོངས་སུ་སྨིན་པར་ཤེས་ནས་མངོན་པར་རྟོགས་པ་སྟོན་པར་བྱེད་དོ་ཞེས་བྱ་བར་བསྟན་པ་ནི། དོན་ཟབ་མོའི་ཚིག་ཀྱང་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་ མངོན་དུ་གྱུར་པ་ན་དོན་མཐུན་པར་བསྟན་པའི་ཕྱིར། སྡུག་བསྔལ་དང་བདེ་བ་ཡང་དེ་དག་དང་མཚུངས་པར་བྱེད་དོ་ཞེས་བྱ་བའོ། །གནོད་པ་དང་ལྡན་པ་རྣམས་ཀྱི་གནོད་པ་བསལ་བའི་ཕྱིར་བདག་ཉིད་སྤྲོ་བ་བསྟན་པ་ནི། བདག་ཉིད་ལས་དེ་དག་གིས་ཞེས་བྱ་བ་ལ་སོགས་པའོ། །ཉེས་པ་དང་ལྡན་པ་རྣམས་ ཀྱི་རྗེས་སུ་མཐུན་པར་བྱ་བ་བསྟན་པའི་ཕྱིར། དུས་དུས་སུ་དེ་དག་གི་ཉེས་པ་ཡང་གླེང་བར་བྱེད་དེ་ཞེས་བྱ་བ་ལ་སོགས་པའོ། །སྡུག་བསྔལ་བ་དང་ཡིད་མི་བདེ་བ་བསལ་བར་བྱ་བ་བསྟན་པའི་ཕྱིར། དེ་དག་ན་བའམ་མི་དགའ་བས་ཞེས་བྱ་བ་ལ་སོགས་པའོ། །བརྙས་པར་མི་བྱ་བ་བསྟན་པའི་ཕྱིར། དམན་པ་ལ་ཡང་བརྙས་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །གདམས་ངག་དང་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པ་བསྟན་པའི་ཕྱིར། དུས་དུས་སུ་དེ་དག་ལ་སྐྱོ་བ་དང་དུ་བླངས་ཏེ་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་གིས་བརྒལ་བ་ན་རྣམ་པར་བརྟགས་ནས་མི་བརྗེད་པར་རྗེས་སུ་མཐུན་པའི་ ལན་འདེབས་ཤིང་མི་འཁྲུགས་པའོ། །ཚུལ་དང་སྤྱོད་པ་མཐུན་པའི་དོན་མཐུན་པའི་དབང་དུ་བྱས་ནས་བསྟན་པའི་ཕྱིར། དམན་པར་ཡང་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །བརྟེན་པ་མེད་པར་འཇུག་པ་བསྟན་པའི་ཕྱིར། རྙེད་པ་དང་བཀུར་སྟི་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །ཚིག་ ལྷག་མ་རྣམས་ཀྱིས་ནི་བསམ་པ་དང་སྦྱོར་བ་དག་གིས་ངེས་པར་འཇུག་པ་བསྟན་པ་ཡིན་ནོ། །ཡོངས་སུ་འཛིན་པའི་ཉེ་བར་བཟུང་ནས་གཅིག་ཏུ་འཛིན་པའམ། གཅིག་ཏུ་མི་འཛིན་པར་འཇུག་པ་ཡང་འགོག་པར་བྱེད་དོ་ཞེས་བྱ་བར། ཡོངས་སུ་འཛིན་པར་མི་བྱེད་དེ་ཞེས་བྱ་བ་ལ་སོགས་པ་ལ། གང་ གི་ཚེ་གདུལ་བྱ་གདུལ་དཀའ་བ་བདག་ཉིད་ཀྱིས་འདུལ་བར་མི་ནུས་པ་དེའི་ཚེ་རང་སངས་རྒྱས་བཞིན་དུ་ཀུན་ནས་ཉོན་མོངས་པ་སྤང་བའི་ཕྱིར་འཁོར་ཡོངས་སུ་འཛིན་པར་མི་བྱེད་དོ། །མི་འཛིན་པར་མི་བྱེད་དོ་ཞེས་བསྟན་པའི་ཕྱིར་མི་འཛིན་པར་ཡང་མི་བྱེད་དོ་ཞེས་བྱ་བའོ། །ཡང་དག་པ་མ་ཡིན་པར་ མི་བྱེད་དོ་ཞེས་བསྟན་པའི་ཕྱིར། གཞན་དུ་ཡང་མི་བྱེད་དོ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་གང་དག་གིས་འགའ་ཞིག་ཡོངས་སུ་འཛིན་པ་ནི་འདི་དག་ཁོ་ནར་ངེས་པ་ཡིན་ཞེས་བྱ་བར། དེ་ལྟར་ན་རྣམ་པ་དྲུག་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་འཇིག་རྟེན་པ་རྣམས་ཡོངས་སུ་འཛིན་ པ་ལ་ཞུགས་པར་གྱུར་པ་ན་གནོད་ཅིང་ཉམ་ང་བ་དང་ཕྲད་པར་གྱུར་པ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡོངས་སུ་འཛིན་པ་ལ་ཞུགས་པར་གྱུར་པ་ན་གནོད་ཅིང་ཉམ་ང་བ་དང་ཕྲད་པར་འགྱུར་རོ་ཞེས་བྱ་བའོ། །ཁྱད་པར་ནི་འདི་ཡོད་དེ་འདི་དག་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ན་ཀུན་དུ་རྨོངས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ནི་ཡང་མཁས་པ་ཡིན་པའི་ཕྱིར་རོ། །བཅོས་པའི་ཐབས་ཚོལ་བར་བྱེད་དོ། །གནོད་པ་ཡང་དེ་ཡིན་ལ་ཉམ་ང་ཡང་དེ་ཡིན་པའམ། ཡང་ན་གནོད་པ་དང་ཉམ་ང་བ་ནི་གནོད་ཅིང་ཉམ་ང་བ་སྟེ། གཉིས་ཀའི་ཕྱོགས་ཀྱི་ཚུལ་གྱིས་དེ་བྱས་སམ་མ་བྱས་ན་ཡང་སྐྱོན་དུ་འགྱུར་བའི་ ཕྱིར། གནོད་ཅིང་ཉམ་ང་བ་ཞེས་བྱ་བའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཕྱོགས་གཉིས་ཀའི་ཚུལ་ལ་མཁས་པར་བྱའོ་ཞེས་བྱ་བ་སྟེ། དེའི་ཚེ་རང་དང་རྗེས་སུ་མཐུན་པའི་བྱ་བ་ཉམས་སུ་བླང་བ་ལ་མཁས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ལ་གནོད་པ་བྱེད་པ་སྤོང་བའི་སྒོ་ནས་བཏང་སྙོམས་སུ་ འཇོག་པ་ཡང་ཚུལ་དང་མཐུན་པ་མ་ཡིན་པ་ལ། གཞན་ལ་གནོད་པ་བྱེད་པ་ཡང་དེ་དང་འདྲ་བས་དེ་ལྟར་ན་དངོས་པོ་གཅིག་ལ་བྱ་བ་ཡང་ཡིན་ལ། མི་བྱ་བ་ཡང་ཡིན་པ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་དང་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་ཐབས་ལ་མཁས་པར་འགྱུར་བར་བྱ་ སྟེ། དེ་ལ་གནོད་པ་བྱས་པས་བྱ་བ་མ་ཡིན་པ་ལས་ཀྱང་བཟློག་པར་བྱ་ལ། ཤིན་ཏུ་གནོད་པར་ཡང་མི་བྱ་བ་ལ་ཡང་ཐབས་ལ་མཁས་པར་བྱ་བའོ། །སྦྱོར་བ་དྲག་པོ་ཡང་ཀུན་དུ་སྤྱོད་པ་ནི་གནོད་པ་ཡིན་ལ་བདག་ཉིད་ཀྱི་ཉོན་མོངས་པ་བསྲུང་བར་བྱ་དགོས་པ་ནི་ཉམ་ང་བ་ཞེས་བྱ་བའོ། །འདིར་ནི་ལྕི་བ་དང་། ཡང་བ་ཡོངས་སུ་བརྟགས་ལ་ཐབས་ལ་མཁས་པས་བཏང་སྙོམས་སུ་བྱ་ཞིང་སེམས་ཀྱི་གཡེང་བ་བཟློག་པར་བྱའོ། །སྦྱིན་པར་བྱ་བའི་ཆོས་ནི་ཉུང་ངུ་ཞིག་ལ་དེ་ལ་དོན་དུ་གཉེར་བ་ནི་མང་དུ་ལྷགས་ལ། གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་གྱི་སེམས་མི་དགའ་བར་འགྱུར་ལ། འོན་ཏེ་ཐམས་ཅད་ལ་བྱིན་ ན་ནི་ཆུང་བས་སྦྱིན་གྱི་མི་ལོང་བས་མ་བྱིན་ན་ཡང་བྱང་ཆུབ་སེམས་དཔའི་རྗེས་སུ་མཐུན་པ་མ་ཡིན་ནོ། །དེ་ལྟ་བུ་ནི་ཉམ་ང་བ་ཡིན་ནོ། །དེས་ན་འདིར་གང་ཟག་རྣམ་པར་དཔྱད་པར་བྱ་སྟེ། དོན་དུ་གཉེར་བ་དང་། སྡུག་བསྔལ་བ་དང་། མགོན་མེད་པ་དང་སྐྱབས་མེད་པ་དག་ལ་སྦྱིན་པར་བྱ་ཞིང་། གཞན་ དག་གི་རྗེས་སུ་མཐུན་པས་བཟོད་པར་བྱས་ལ་གཏང་བར་བྱའོ། །དེ་ནི་གཅིག་པུ་ཡིན་ལ་ཞེས་བྱ་བ་ནི་བདག་ནི་གྲོགས་མེད་པ་གཅིག་པུ་ཡིན་ཞིང་མཐུན་ཡང་མེད་ལ། གཅིག་ཅིག་གི་གྲོགས་བྱས་ན་ནི་མང་པོ་དག་མི་དགའ་བར་འགྱུར་ལ། ཐམས་ཅད་ཀྱི་གྲོགས་བྱ་བའི་ནུས་པ་ཡང་མེད་པས། ཁ་ཅིག་གི་ཡང་གྲོགས་མི་བྱ་བ་ཡང་བྱང་ཆུབ་སེམས་དཔའི་ཚུལ་དང་མཐུན་པ་མ་ཡིན་པས་དེའི་ཕྱིར་གནོད་པ་དང་ཉམ་ང་བ་དང་ཕྲད་པ་ཡིན་ནོ། །འདིར་ཡང་ལྕི་བ་དང་ཡང་བ་ལ་བཏང་སྙོམས་སུ་བྱ་བའམ། ནུས་པ་ཡོད་པའམ། ནུས་པ་མེད་པའི་གང་ཟག་རྣམ་པར་དཔྱད་པར་བྱའོ། །དགེ་བ་ཞེས་བྱ་ བ་ནི་དག་པ་ཞེས་བྱ་བའི་ཐ་ཚིག་གོ། །སྙོམས་པར་འཇུག་པ་དགེ་བ་མ་བསྐྱེད་ན་ཡང་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་མི་འགྱུར་བ་ལ་སོགས་པའི་མཐུ་མེད་པར་འགྱུར་ལ། སྙོམས་པར་འཇུག་པ་བསྐྱེད་ན་ཡང་བག་མེད་པའི་གནས་སུ་འགྱུར་ཏེ། དེའི་རོ་མྱངས་པས་དབང་མ་ཐོབ་པ་རྣམས་ ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་སྨྲས་པ། སེམས་ལས་སུ་མི་རུང་བ་ནི་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ནོ་ཞེས་བྱ་བ་ལ། དེས་ན་འདིར་བསྟན་པ་ལ་དམིགས་པ་འཇུག་པར་བྱ་སྟེ། གཉེན་པོའི་ཕྱོགས་ཀྱི་རྒྱུ་གང་གིས་རོ་མྱང་བ་དེ་སྤོང་བར་བྱེད་པའམ། ཡང་ན་གནས་དེ་ནས་མྱུར་དུ་ འཆི་བར་འགྱུར་བའི་ཐབས་བྱེད་པའོ། །སེམས་ཅན་གྱི་དོན་བྱ་བར་འདོད་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ནི་བྱེད་པར་འདོད་ལ་ལུས་ཉམ་ཆུང་བ་ལ་སོགས་པའི་རྒྱུས་དེ་བྱེད་པར་མི་ནུས་པའོ། །དེ་ལ་ནི་ཡང་དག་པའི་སྨོན་ལམ་གདབ་པར་བྱ་བའམ། སོ་སོར་རྟོགས་པ་དྲག་པོ་ཉེ་བར་གཞག་ནས་སྐྱོ་བ་ མེད་པར་བརྩམ་པར་བྱའོ། །བླུན་པོ་སྟེ་བློ་དམན་པ་རྣམས་ལ་ཆོས་སྟོན་པ་ཡང་ཤིན་ཏུ་དཀའ་བ་དང་། གཡོན་ཅན་དེ་བཞིན་དུ་ཞུགས་པར་འགྱུར་བ་ཉིད་དང་། དམུ་རྒོད་དེ་ཚིག་ངན་པར་སྨྲ་བ་ཉིད་ལ་ནི་བསྟན་ཡང་འབྲས་བུ་མེད་པའི་ཕྱིར་དང་། བཏང་སྙོམས་སུ་གནས་པ་ཡང་རྗེས་སུ་མཐུན་པ་མ་ ཡིན་ན་ཇི་ལྟར་བྱ་སྟེ། འདིར་ཡང་སོ་སོར་རྟོགས་པའི་སྟོབས་ཀྱིས་བླུན་པོ་ལ་ནི་རིམ་གྱིས་སྐྱོ་བ་མེད་པར་བྱའོ། །གཡོན་ཅན་དང་དམུ་རྒོད་ལ་ནི་བཏང་སྙོམས་ཉིད་དུ་གནས་པའོ། །འཁོར་བའི་ཉེས་དམིགས་མཐོང་བས་འཁོར་བ་ཡོངས་སུ་གཏོང་བའི་སྒོ་ནས་ནི་ཐེག་པ་དམན་པར་ལྷུང་བར་འགྱུར་ལ། སྐྱོན་མེད་པར་མཐོང་བ་ལས་ནི་མྱ་ངན་ལས་འདས་པར་འགྲོ་བའི་བསམ་པ་མེད་པས་འཁོར་བ་མི་གཏོང་བ་ཉིད་དོ། །དེའི་ཕྱིར་གནོད་ཅིང་ཉམ་ང་བ་དང་ཕྲད་པ་ཡིན་ཏེ། འདིར་ཡང་ཐབས་ལ་མཁས་པ་བསྒོམ་པར་བྱ་སྟེ། ཤེས་རབ་ལ་བརྟེན་ནས་ནི་འཁོར་བའི་སྐྱོན་མཐོང་བར་འགྱུར་རོ། །སྙིང་རྗེ་ ལ་བརྟེན་ནས་