Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 133

Văn bản gốc(Tây Tạng)

Trang 17 / 23 (50.000 ký tự/trang)
འགྱུར་བ་དེར་སྐྱེ་བར་སྨོན་ལམ་འདེབས་པ་དང་། དེ་དག་གི་སྤྱན་སྔར་ཆོས་ཉན་པར་སྨོན་ལམ་འདེབས་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པར་སྨོན་པ་ཉིད་དང་། སངས་རྒྱས་མཐོང་བ་དང་ཡིད་ལ་བྱེད་པ་དང་མི་འབྲལ་བ་དང་། དམ་པའི་ཆོས་ཐོས་པ་དང་
མི་འབྲལ་བ་དང་། སེམས་ཅན་གྱི་དོན་ཡིད་ལ་བྱེད་པ་དང་མི་འབྲལ་བའོ། །ས་ལ་ཞུགས་པ་རྣམས་ཀྱི་ནི་བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་འཐོབ་པ་རྣམས་ཀྱི་ནི་ཉན་པའི་འཁོར་ཚོགས་པར་སྨོན་པའོ། །དགེ་བ་ལ་བརྟེན་པའི་ཕྱིར་དེའི་བསམ་པས་སེམས་ཅན་གྱི་དོན་གང་ཅི་བྱས་པ་དེ་གྲུབ་པར་
འགྱུར་ཞེས་བྱ་བ་ནི་སྦྱོར་བ་དང་འབྲས་བུ་དང་བཅས་པའོ། །འདི་དག་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱི་བྱ་བ་བསྟན་པའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དེའི་ཕྱིར་སྨྲས་པ། མཆོད་པ་དང་། བསྟེན་པ་དང་། ཚད་མེད་པའི་ལེའུ་ལས་ཞེས་བྱ་བའོ། །གང་གིས་སྦྱོར་བ་དང་། གང་
ལྟར་སྦྱོར་བ་དང་། གང་ལ་སྦྱོར་བའི་དབང་དུ་བྱས་ནས་ཡང་དག་པའི་སྦྱོར་བ་རྣམ་པར་གཞག་པར་བྱའོ། །རྗེས་སུ་བསྲུང་བའི་སྦྱོར་བས་རབ་ཏུ་སྦྱོར་བའོ། །ཁ་ན་མ་ཐོ་བ་མེད་པའི་སྦྱོར་བས་གང་ལྟར་སྦྱོར་རོ། །མོས་པས་སྤྱོད་པའི་ས་དང་། སྐྱོན་མེད་པའི་ས་ལ་འཇུག་པ་དང་སྤྱོད་པའི་ས་
ལ་རབ་ཏུ་སྦྱོར་བར་བྱེད་དོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་ནན་ཏན་བྱེད་པ་དང་། བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པར་ནན་ཏན་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་ནན་ཏན་བྱེད་པའི་དབང་དུ་བྱས་ནས་འཕགས་པའི་ཆོས་རྗེས་སུ་བསྲུང་ངོ་། དེ་ལ་ཡིད་
གཞུངས་པ་ནི་ཤེས་རབ་ཀྱི་ཁྱད་པར་རོ། །དེའི་ཕྱིར་སྨྲས་པ། ཤེས་པ་དེས་ཞེས་བྱ་བ་སྟེ་གང་གིས་མྱུར་དུ་འཛིན་པར་ནུས་པར་འགྱུར་བའོ། །དེས་ན་སྨྲས་པ། མྱུར་བ་མྱུར་བ་ཁོ་ནར་ཞེས་བྱའོ། །དྲན་པ་ནི་ཐོས་པ་བརྗེད་པར་མི་འགྱུར་བའོ། །དེའི་ཕྱིར་སྨྲས་པ། བླངས་པའི་
ཆོས་རྣམས་ཞེས་བྱའོ། །ཤེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ། །གཟུང་བའི་ཆོས་རྣམས་ཀྱི་དོན་ལ་ཉེ་བར་རྟོག་གོ་ཞེས་བྱ་བས་ནི་བསམས་པ་ལས་བྱུང་བའི་ཤེས་པ་བསྟན་ཏོ། །སོ་སོར་རྟོགས་པར་འགྱུར་རོ་ཞེས་བྱ་བ་ནི་བསྒོམས་པ་ལས་བྱུང་བའོ། །འགྲིབ་པ་ནི་

ཡང་མི་འབྱུང་བ་སྟེ་ཟད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་འཐོབ་པར་བྱེད་པ་ནི་འགྲིབ་པ་དང་མཐུན་པའོ། །དེ་ལ་ཕན་པ་ཡིན་པས་ན་འགྲིབ་པ་དང་མཐུན་པའི་གཞི་ཞེས་བྱའོ། །གཞི་དེ་ཉིད་ལ་ཡང་རྣམ་པ་གཉིས་ཏེ། ཚེ་འདི་ལ་ཉམས་པའི་ཆ་དང་མཐུན་པ་དང་། མ་གུས་པར་སྤྱོད་པའོ། །མ་འོངས་
པའི་ནི་ལས་ཀྱི་ཉེས་པས་བསྡུས་པ་རྣམས་ཏེ། གང་གིས་ཡིད་གཞུངས་པ་ལ་སོགས་པ་ཉམས་པར་བྱེད་པའི་ངག་གི་ལས་དེ་དང་མཐུན་པ་རྣམས་སོ། །དེ་དག་གཉི་ག་ཡོངས་སུ་སྤངས་པ་དང་ངེས་པར་བསྟན་པ་ནི་བྱ་བའོ། །གནས་པ་ནི་དུས་ཀྱི་རྗེས་སུ་འཇུག་པའོ། །འཕེལ་བ་ནི་ཁྱད་པར་དུ་འཕགས་
པར་འགྲོ་བའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དབང་པོ་རྣམས་ཀྱི་སྒོ་བསྡོམས་པས་ནི་ཡུལ་དང་ཉོན་མོངས་པ་རྣམས་ལས་རང་གི་སེམས་ཀུན་དུ་བསྲུང་ངོ་། །འཇིག་རྟེན་གྱི་རྗེས་སུ་འཇུག་པའི་ཉོན་མོངས་པ་མེད་པས་ནི་གཞན་གྱི་སེམས་ཀུན་དུ་བསྲུང་ངོ་། །སྦྱོར་བ་རྣམ་པ་གསུམ་གྱིས་ཁ་ན་མ་ཐོ་བ་མེད་
པའི་སྦྱོར་བ་རྣམ་པ་ལྔ་བསྡུས་པ་ཡིན་ཏེ། ཆོ་ག་མ་ཉམས་པའི་སྦྱོར་བ་ཉིད་དང་། ཆེན་པོ་ཉིད་དང་། རང་གི་སྦྱོར་བ་མཐར་ཐུག་པར་འགྲོ་བ་ཉིད་དོ། །སྦྱོར་བ་རྣམ་པ་འདི་གསུམ་ནི་གུས་པར་བྱེད་པའི་སྦྱོར་བ་ཞེས་བྱ་བ་ཡིན་ལ། གཞན་ནི་རྟག་ཏུ་བྱེད་པའི་སྦྱོར་བ་དང་། ཡོངས་སུ་བསྔོ་
བའི་སྦྱོར་བ་ཞེས་བྱའོ། །མོས་པའི་སྟོབས་བསྐྱེད་པའི་སྦྱོར་བ་སོ་སོར་རྟོག་པའི་སྟོབས་བསྐྱེད་པའི་སྦྱོར་བ་ནི་མོས་པས་སྤྱོད་པའི་ས་ལའོ། །བསམ་པའི་ཁྱད་པར་འཐོབ་པས་ལྷག་པའི་བསམ་པ་དག་པའི་སྦྱོར་བ་ནི་ས་བདུན་ལའོ། །ངེས་པར་གྱུར་པའི་སྦྱོར་བ་ནི་ས་ལྷག་མ་རྣམས་ལའོ། །འབྲི་བ་
དང་མཐུན་པ་ནི་ཐོས་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་པའི་མི་མཐུན་པར་གྱུར་པར་རྣམ་པར་གཞག་པར་བྱ་སྟེ་གོ་རིམས་བཞིན་དུ་དང་པོ་དང་། གསུམ་དང་། གཅིག་གིས་སོ། །གཉིད་ལ་སོགས་པ་བདེ་བའི་དབང་དུ་གྱུར་པས་ཇི་ལྟར་ཐོས་པའི་དོན་སེམས་པར་མི་བྱེད་
པ་ནས་ཇི་སྲིད་ཡོངས་སུ་མི་རྟོག་པའི་བར་དུའམ། བྱ་བ་ངན་པའི་ལས་ཀྱི་མཐའ་ལ་ཞེན་པ་དང་། གཅིག་ཏུ་དབེན་པར་སོང་ནས་སྒྲིབ་པའི་རྣམ་པར་རྟོག་པ་ལ་ཀུན་དུ་སྤྱོད་པ་ལ་གནས་པ་ཉིད་ཀྱིས་དང་། དེའི་དབང་དུ་གྱུར་པས་ནི་བསམས་པ་ལས་བྱུང་བའི་ཤེས་པ་ལས་ཉམས་པར་

འགྱུར་རོ། །དཔོག་པར་བྱེད་ཅིང་དམན་པ་ལ་སོགས་པ་རྟོག་ཅིང་ང་རྒྱལ་བྱེད་པ་སྟེ། དེ་ལྟར་ན་བརྙས་པ་དང་། འགྲན་པ་དང་། ཕྲག་དོག་གིས་ཉོན་མོངས་པའི་དབང་དུ་གྱུར་པས་དགེ་བའི་བཤེས་གཉེན་དག་ལས་གདམས་ངག་མི་འཐོབ་ཅིང་གདམས་ངག་ཚོལ་བར་མི་བྱེད་དོ། །
མངོན་པའི་ང་རྒྱལ་བྱེད་པ་ནི་མ་ཐོབ་པ་ལ་ཐོབ་པོ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་པས་ཡང་དང་ཡང་དུ་དགེ་བའི་བཤེས་གཉེན་ལ་ཡོངས་སུ་འདྲི་བར་མི་བྱེད་དོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པས་ཕྱིན་ཅི་ལོག་ཏུ་མངོན་པའི་ང་རྒྱལ་བྱེད་ཅིང་རང་གི་རྣམ་པར་རྟོག་པས་རབ་ཏུ་སྦྱོར་བར་བྱེད་དོ་ཞེས་བྱས་ནས་སོ། །
ཡང་ཆོས་ལ་ཕྱིན་ཅི་ལོག་ཏུ་མངོན་པའི་ང་རྒྱལ་བྱེད་པ་ནི་དམན་པ་ལ་སོགས་པར་རོ། །མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་ལ་སོགས་པ་ལས་བཟློག་པ་ནི་ཁྱད་པར་དུ་འགྲོ་བ་ལ་མཐུན་པར་རྣམ་པར་གཞག་གོ། །ཉེས་པ་དང་བཅས་པའི་གང་ཟག་ཡོངས་སུ་སྤོང་ཞིང་གནོད་སེམས་ཀྱིས་ཀུན་ནས་
བསླང་བའི་གནོད་པ་བྱེད་པའི་བྱ་བ་དང་། རྙེད་པ་དང་། བཀུར་སྟི་འདོད་པས་སྤྱོད་ལམ་ཕུན་སུམ་ཚོགས་པ་དང་། ཕྱི་རོལ་པའི་གཞུང་ཐོས་པ་དང་། ཤེས་པས་མཁས་པར་བགྲང་བ་དང་། ཁ་ན་མ་ཐོ་བ་དང་བཅས་པའི་དགེ་བ་སྤྱོད་པ་དང་། སྲེད་པ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་བྱེད་
པར་འདོད་པའོ། །སྟོན་པ་ནི་གཞན་དག་ལ་ངེས་པར་སྦྱོར་བར་བྱེད་པའོ། །རྣམ་པར་འཇོག་པ་ནི་རིགས་པས་ངེས་པར་དཔྱོད་པའོ། །དེ་དག་ལས་བཟློག་པ་ནི་ཡང་དག་པའི་ཡོན་ཏན་ནོ། །བསླབ་པ་གསུམ་ནི་གདུལ་བྱའི་དབང་དུ་བྱས་ནས་གནས་བཅུར་རྣམ་པར་གཞག་པར་བྱ་བ་སྟེ། ཁྱིམ་པ་དང་
རབ་ཏུ་བྱུང་བའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་དང་། ཚུལ་ཁྲིམས་དེ་མ་ཉམས་ཤིང་མ་རལ་བའི་དབང་དུ་བྱས་ནས་གསུམ་མོ། །སྡོམ་པ་དང་བཅས་པའི་ལྷག་པའི་སེམས་ཀྱི་བསླབ་པ་ཡང་དག་པར་བླངས་པའི་དབང་དུ་བྱས་ནས་ནི་དྲུག་གོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡང་
དག་པར་བླངས་པའི་དབང་དུ་བྱས་ནས་ནི་ཐ་མའོ། །ཡང་ཁ་ཅིག་ཏུ་ནི་མངོན་དུ་རྒྱུ་དང་། བག་ལ་ཉལ་གྱི་གཉེན་པོར་འགྱུར་བའི་ཕྱིར་གནས་ཐ་མ་གཉིས་ལྷག་པའི་ཤེས་རབ་ཀྱི་བསླབ་པར་འཇོག་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ལུང་བསྟན་པ་ཐམས་ཅད་མདོར་བསྡུ་ན་རྣམ་པ་དྲུག་ཏུ་གཞག་

པར་བྱའོ། །དེའི་ཕྱིར་ལུང་བསྟན་པ་ནི་རྣམ་པ་དྲུག་སྟེ། རིགས་ལ་གནས་པ་ལུང་སྟོན་པ་ནི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་མ་ལུས་པ་དང་ལྡན་པའི་སེམས་ཅན་སྐལ་བ་དང་ལྡན་པ་ཁྱད་པར་ཅན་ལ་མ་འོངས་པའི་དུས་ན་འདི་སངས་རྒྱས་སུ་འགྱུར་རོ་ཞེས་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ། །དེ་
ལྟར་ན་རིགས་ལ་གནས་པ་ཐམས་ཅད་ལུང་སྟོན་པ་མ་ཡིན་གྱི། འོན་ཀྱང་བསམ་པ་དང་སྦྱོར་བ་ཁྱད་པར་ཅན་འགའ་ཞིག་ལུང་སྟོན་པར་མཛད་དོ། །སེམས་བསྐྱེད་པ་ལུང་སྟོན་པ་ནི་ཁ་ཅིག་ཤིན་ཏུ་དྲག་ཅིང་དང་བའི་དད་པ་རོ་གཅིག་པར་གྱུར་པས་བསོད་ནམས་རྒྱ་ཆེན་པོ་ཡོངས་སུ་གཟུང་བ་
བྱས་ནས་དེ་བཞིན་གཤེགས་པའི་སྤྱན་སྔར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དེ་ལྟ་བུ་ལ་ཡང་དག་པར་གཟེངས་བསྟོད་པའི་ཕྱིར་ལུང་སྟོན་པར་མཛད་དོ། །མངོན་སུམ་དུ་གྱུར་པ་ལ་ལུང་སྟོན་པ་ནི་སངས་རྒྱས་ཀྱི་སྤྱན་སྔ་ན་གནས་པ་ལུང་སྟོན་པའོ། །ལྐོག་ན་གནས་པ་ནི་རབ་ཏུ་
གྲགས་པའི་གང་ཟག་མངོན་སུམ་དུ་མ་གྱུར་པ་ལུང་སྟོན་པའོ། །དུས་དཔག་ཏུ་རུང་བ་ནི་དུས་ཐམས་ཅད་ཀྱི་ཚད་བྱས་ནས་ལུང་སྟོན་པའོ། །དུས་དཔག་ཏུ་མི་རུང་བ་ནི་དུས་ངེས་པ་མེད་པར་ལུང་སྟོན་པའོ། །དེ་ལྟར་ན་གནས་སྐབས་ཀྱི་དབྱེ་བ་དང་། ཉེ་བ་དང་ཉེ་བ་མ་ཡིན་པའི་དབྱེ་བ་དང་།
དུས་ཀྱི་དབྱེ་བར་ལུང་བསྟན་པ་རྣམ་པ་དྲུག་གོ། །ངེས་པར་ཞུགས་པ་ནི་རྣམ་པ་གསུམ་སྟེ། སྐལ་བ་དང་ལྡན་པ་ཉིད་དང་། རིགས་ལ་གནས་པའི་ཐེག་པ་གཞན་གྱིས་མྱ་ངན་ལས་འདའ་བའི་སྐལ་བ་ཅན་མ་ཡིན་པའམ། མྱ་ངན་ལས་མི་འདའ་བ་མ་ཡིན་པའོ། །དེ་ལྟ་བས་ན་དུས་རིང་དུ་
གནས་ཀྱང་བྱང་ཆུབ་ཀྱི་སྣོད་ཉིད་ཡིན་པས་དེས་ན་ངེས་པར་ཞུགས་པ་ཞེས་བྱའོ། །གཉིས་པ་ནི་བརྟན་ཞིང་སྙིང་པོར་གྱུར་པའི་སྨོན་ལམ་ཡོངས་སུ་གཟུང་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཅིས་ཀྱང་ལྡོག་པར་མི་འགྱུར་ཞིང་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཅིས་ཀྱང་
གཞན་དུ་སྨོན་ལམ་འདེབས་པར་མི་འགྱུར་རོ་ཞེས་བྱ་བས་དེ་སེམས་བསྐྱེད་པའི་ངེས་པ་ལ་འཇུག་པ་ཡིན་ནོ། །སྤྱོད་པ་ངེས་པ་ལ་འཇུག་པ་ནི་ལྷུན་གྱིས་གྲུབ་པའི་སྦྱོར་བས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་སྤྱོད་པའི་སྦྱོར་བ་འབྲས་བུ་དང་བཅས་པ་ཡིན་ནོ། །ཡང་དེ་ནི་ས་བརྒྱད་པ་ལ་གནས་པ་

སྟེ། ཕྱི་མ་གཙོར་བྱས་ནས་ངེས་པ་ལ་འཇུག་པ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་སྨྲས་པ། དེ་ལ་དེ་བཞིན་གཤེགས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔས་ངེས་པར་བྱ་བ་ནི་ཞེས་བྱ་བ་ལ། ཇི་ལྟར་རིགས་པ་དེ་དག་མ་བྱས་ན་བྱང་ཆུབ་
སེམས་དཔའ་ཞེས་བྱ་བར་རྣམ་པར་མི་གཞག་ལ་སངས་རྒྱས་ཉིད་ཐོབ་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ངེས་པར་བྱ་བ་ཡིན་ནོ། །དེས་ན་སྨྲས་པ། དེ་དག་མ་བྱས་ན་ཞེས་བྱ་བ་ལ་སོགས་པ་ལ་སེམས་མ་བསྐྱེད་པའི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་བྱ་བ་རྣམས་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་མི་
ཆུད་པས། དེས་ན་དང་པོར་སྨོན་ལམ་ཉིད་གདབ་པར་བྱ་བ་ཡིན་ནོ། །སྙིང་རྗེ་ཅན་མ་ཡིན་པ་ལ་སེམས་ཅན་སེམས་ཡོངས་སུ་སྨིན་པར་བྱེད་པ་མེད་ལ། དེ་མེད་པར་སངས་རྒྱས་ཉིད་ཐོབ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྙིང་བརྩེ་བ་ནི་ངེས་པར་བྱ་བ་ཡིན་ནོ། །སེམས་བསྐྱེད་པ་དང་། སྙིང་
བརྩེ་བ་དང་བཅས་པ་ཡིན་ཡང་བརྩོན་འགྲུས་བརྩམས་པ་མེད་ན་ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་བས། དེས་ན་བརྩོན་འགྲུས་འབར་བ་ནི་ངེས་པར་བྱ་བ་ཡིན་ནོ། །བརྩོན་འགྲུས་ཀྱང་ཐབས་ཀྱིས་ཡོངས་སུ་ཟིན་པར་གྱུར་ན་གནས་དེ་དང་དེ་ལ་འདོད་པའི་འབྲས་བུ་བསྒྲུབ་པར་ནུས་པར་
འགྱུར་ཏེ། ཚུལ་བཞིན་བརྩོན་འགྲུས་བརྩམས་པ་ལ། །དཀའ་བ་ཅུང་ཟད་ཡོད་མ་ཡིན་ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟ་བུས་རིག་པའི་གནས་རྣམས་ལ་སྦྱར་བར་བྱ་བ་ཡིན་ནོ། །དེ་ལྟ་བུའི་སྦྱོར་བ་དང་ལྡན་ཡང་སྐྱོ་བས་སྦྱོར་བ་ལྷོད་པར་གྱུར་ན་ཡང་སྦྱོར་བ་ལྷོད་པའི་རིག་པའི་གནས་ཡོངས་
སུ་རྫོགས་པར་འགྱུར་བ་མ་ཡིན་པས་དེའི་ཕྱིར་སྐྱོ་བ་མེད་པར་བྱའོ། །རྣམ་པ་གསུམ་གྱིས་སྐྱོ་བ་སྐྱེ་བར་གྱུར་ན་ཡང་དག་པར་རྫོགས་པར་བྱང་ཆུབ་པར་མི་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ལ་ཡོངས་སུ་ངལ་བ་དང་། སེམས་ཅན་རྣམས་ཀྱི་ལོག་པར་བསྒྲུབ་པའི་སྡུག་བསྔལ་བ་
དང་། འཁོར་བའི་སྡུག་བསྔལ་ལོ། །དེའི་ཕྱིར་སྐྱོ་བ་མེད་པའི་ཡིད་ཀྱིས་བརྟན་ཞིང་ངེས་པར་བྱའོ་ཞེས་སྐྱོ་བ་མེད་པར་བྱའོ། །རྟག་པར་བྱ་ཞེས་བྱ་བ་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དང་། ཉི་མ་རེ་རེ་ཞིང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་དབང་དུ་བྱས་ནས་བག་ཡོད་

པར་དགེ་བའི་ཆོས་བསྒོམ་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པའི་དབང་དུ་བྱས་ནས་སེམས་ཅན་རྣམས་མགོན་དང་བཅས་པའི་བྱ་བ་དང་། བྱས་པ་ཤེས་པ་དང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པ་ལ་མཆོད་པའོ། །བདག་གི་
འཁྲུལ་པ་ཡོངས་སུ་ཤེས་པ་ནི་ལྟུང་བའི་གནས་ཀྱི་ཆོས་ལ་སོ་སོར་རྟོག་པའོ། །བྱ་བ་དང་སྤྱོད་པར་གཏོགས་པ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བྱ་བ་ཐམས་ཅད་ཡོངས་སུ་བསྔོ་བ་ནི་བརྟག་པར་བྱ་བ་ཕྱི་མ་སྟེ། སྤྱོད་ཡུལ་ཡོངས་
སུ་དག་པའི་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་གནས་བཅུ་གཙོ་བོ་ཡིན་པར་ཡིད་ལ་བྱ་ཞིང་གཞན་དག་ལ་ཡང་དེ་བཞིན་དུ་བསྟན་པར་བྱ་བ་ཡིན་ནོ། །དེའི་ཕྱིར་སྨྲས་པ། འཛིན་ཞིང་མཆོག་ཏུ་འདོགས་པ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་རིགས་ན་རིགས་ཐམས་
ཅད་ཀྱི་གཙོ་བོ་ཡིན་ཏེ། ཡོན་ཏན་ཐམས་ཅད་ཀྱི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་དང་། གཞན་གྱི་དོན་ཐམས་ཅད་བསྒྲུབ་པའི་རྒྱུར་འགྱུར་བའི་ཕྱིར་རོ། །སྨོན་ལམ་ཐམས་ཅད་ཀྱི་གཙོ་བོ་ནི་དང་པོ་སེམས་བསྐྱེད་པ་ཡིན་ཏེ། དེའི་རྒྱུ་ལས་དགེ་བའི་རྩ་བ་གཞན་ཐམས་ཅད་འབྱུང་བའི་ཕྱིར་རོ། །དགེ་
བའི་ཆོས་ཐམས་ཅད་ལ་སྦྱོར་བ་དང་། དགེ་བ་ཐམས་ཅད་ལ་རྩོམ་པས་བསྡུས་པའི་ཕྱིར་བརྩོན་འགྲུས་དང་། ཤེས་རབ་ནི་གཙོ་བོ་ཡིན་ནོ། །ཁ་ན་མ་ཐོ་བ་མེད་པའི་ཆོས་བསྟན་པས་བསྡུས་པའི་ཕྱིར་སྙན་པར་སྨྲ་བ་ཉིད་གཙོ་བོ་ཡིན་ནོ། །སྐྱོན་དང་ཡོན་ཏན་ཐམས་ཅད་སྤངས་པ་དང་། མཐར་
ཐུག་པ་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་གོ། །ཐབས་ལ་མཁས་པ་རྣམས་ཀྱི་ནང་ན་ནི་རྣམ་པར་དག་པའི་ཐབས་ལ་མཁས་པ་གཙོ་བོ་ཡིན་ནོ། །གང་ལ་གདགས་པར་བྱ་བ་དང་། གང་གི་ཕྱིར་གདགས་པར་བྱ་བ་དང་། གང་ལྟར་གདགས་པ་དང་། གང་
གི་སྒོ་ནས་གདགས་པའི་དབང་དུ་བྱས་ནས་གདགས་པ་རྣམ་པ་བཞིར་རྣམ་པར་གཞག་གོ། །མདོའི་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་གོ་རིམས་བཞིན་དུ་སྦྱར་བ་དང་། གོ་རིམས་བཞིན་དུ་ཡང་དག་པར་བཀོད་པ་རྣམས་གཞན་དག་གིས་གདགས་པ་མ་བྱས་ཤིང་མ་

བསྟན་ཏེ། དེའི་ཕྱིར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཁོ་ནས་རྣམ་པར་གཞག་པའོ། །དེས་ན་དེ་ལྟ་བུའི་ཚིག་གསུངས་པ་དེ་ནི་དེ་བཞིན་གཤེགས་པའི་བསྟན་པ་ཞེས་བྱ་བའམ། སངས་རྒྱས་ཀྱི་གསུང་ཞེས་བྱའོ། །ཆོས་དེ་ཡང་
བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བར་དེའི་རྗེས་ལ་དེ་རྣམ་པར་གཞག་གོ། །བདེན་པའི་དོན་ནི་ཕྱིན་ཅི་མ་ལོག་པའི་དོན་ཏེ། རྣམ་པ་དེ་དང་དེས་ཕྱིན་ཅི་མ་ལོག་པའི་དོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཉན་ཐོས་རྣམས་ཀྱི་བདེན་པའི་དབྱེ་བ་རྣམ་པར་གཞག་པ་ནི་བཞིའི་བར་དུ་སྟེ། ལ་
ལར་ནི་གཅིག་གོ། །ཁ་ཅིག་ཏུ་ནི་གཉིས་སོ། །ཁ་ཅིག་ཏུ་ནི་གསུམ་མོ། །ལ་ལར་ནི་བཞིར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་གཅིག་ལ་སོགས་པ་བཅུའི་བར་གྱི་དབྱེ་བས་སོ། །སྟོན་པ་པོའི་གཞུང་ཐ་དད་ཀྱི་དབང་དུ་བྱས་ནས་བདེན་པ་ནི་གཅིག་ཁོ་ན་སྟེ། གཉིས་སུ་མེད་དོ་ཞེས་
བསྟན་ཏེ། ཕན་ཚུན་གཅིག་ལ་གཅིག་འགལ་བར་གྱུར་པ་ནི་བདེན་པ་ཡིན་པར་དཀའ་སྟེ། ཕན་ཚུན་འགལ་བ་ནི་བདེན་པ་མ་ཡིན་པའི་ཕྱིར་རོ། །རྣམ་པ་གཉིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚད་ནམ་མཁའི་སྤྱོད་ཡུལ་གྱི་དབང་དུ་བྱས་ནས་ཏེ། འཁྲུལ་པ་མེད་པའི་འཇིག་
རྟེན་གྱི་ཤེས་པའི་དབང་དུ་བྱས་ནས་ནི། ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྗོད་པ་འཇུག་པ་ནི་ཀུན་རྫོབ་ཅེས་བྱ་སྟེ། ཀོ་བས་ཕ་རོལ་ཏུ་སྒྲོལ་བར་བྱེད་པ་ལ་ཀོ་བས་སྒྲོལ་ཞེས་བྱ་བ་ལྟ་བུའོ། །དམ་པའི་ཤེས་པ་ནི་འཇིག་རྟེན་ལས་འདས་པའོ། །དེའི་དོན་ནི་དོན་དམ་
པ་སྟེ། དོན་དམ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཞེས་བྱའོ། །དེ་ལ་དང་པོ་ནི་འཇིག་རྟེན་ལ་གྲགས་པ་དང་། རིགས་པས་གྲགས་པའི་དབང་དུ་བྱས་པའོ། །གཉིས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་དོ། །མཚན་ཉིད་ཀྱི་བདེན་པ་ནི། ཆོས་
རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་མེད་ན་མི་འབྱུང་བའོ། །ངག་གི་བདེན་པ་ནི་དྲང་པོའི་ངག་སྟེ། སླུ་བ་མེད་པ་ཉིད་དོ། །བྱ་བའི་བདེན་པ་ནི། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་སྟེ། རང་གི་ཚིག་དང་རྗེས་སུ་མཐུན་པའི་བྱ་བ་བྱེད་པའོ། །ཡང་ལས་ཀྱི་མཚན་ཉིད་ཀྱི་

དབང་དུ་བྱས་ནས། སྐྱེ་བོ་བྲམ་ཟེ་རྣམས་ཀྱི་མཆོད་སྦྱིན་ལས་ནི། སེམས་ཅན་དེ་དང་དེ་བསད་ན་ཞེས་འབྱུང་ལ། དེའི་གཉེན་པོའི་ཕྱོགས་ལས་ནི་སེམས་ཅན་རྣམས་ལ་གནོད་པ་མི་བྱ་ཞེས་འབྱུང་ངོ་། །ཡང་གཞན་དག་ན་རེ་ནི། རྟག་པའི་འཇིག་རྟེན་ཐོབ་པར་འགྱུར། །ཞེས་ཟེར་རོ། །འདི་ལྟ་བུ་དག་ནི་
བརྫུན་ཏེ། དེ་ལས་བཟློག་ནས་ནི་འདུ་བྱེད་ཐམས་ཅད་མི་རྟག་པར་སྟོན་པའི་ཚིག་ནི་བདེན་པ་ཡིན་ནོ། །ཡང་དེ་དག་གིས་སྨྲས་པ་དེའི་འབྲས་བུ་ནི་བདག་གིར་འགྱུར་རོ། །བདག་ནི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་རོ་ཞེས་བྱ་བའོ། །ཡང་དག་པའི་བྲམ་ཟེ་རྣམས་ཀྱིས་ནི་དེ་དག་གིས་སྨྲས་པ་དེ་དག་བརྫུན་
པར་ཤེས་པས་དེ་ལས་བཟློག་པས་འདི་དག་བདག་ཀྱང་མ་ཡིན་ལ། བདག་གི་ཡང་མ་ཡིན་པ་ཞེས་བསྟན་པ་ནི་བྱ་བའི་བདེན་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་དག་གི་རྒྱུ་དང་འབྲས་བུས་བསྡུས་པས་ཕྱིན་ཅི་མ་ལོག་པ་དག་གི་དབང་དུ་བྱས་ནས་འཕགས་པའི་
བདེན་པ་བཞིའོ། །བཞི་པོ་དེ་དག་ཉིད་ཀྱི་དབྱེ་བ་ལས་རྣམ་པ་ལྔར་བསྟན་ཏེ། རྒྱུའི་བདེན་པ་ནི་ཀུན་འབྱུང་གི་བདེན་པའོ། །འབྲས་བུའི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པའོ། །རྒྱུ་དང་འབྲས་བུའི་བདེན་པ་རྣམ་པར་གཞག་པའི་རིམ་གྱིས་དབྱེ་བ་ཐ་དད་པ་ཉིད་དེ། ཤེས་པའི་བདེན་པ་ནི་ལམ་གྱི་
བདེན་པའོ། །བཞི་པོ་ཀུན་ཀྱང་ཤེས་བྱའི་བདེན་པ་སྟེ། ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཡང་ཕྱིན་ཅི་མ་ལོག་པའི་རྒྱུ་རྣམ་པར་གཞག་པ་ནི་རྒྱུའི་བདེན་པའོ། །དེ་བཞིན་དུ་འབྲས་བུ་རྣམ་པར་གཞག་པ་ནི་འབྲས་བུའི་བདེན་པའོ། །བདེན་པ་བཞི་ལ་རྗེས་སུ་ཤེས་པ་རྣམས་ནི་ཤེས་
པའི་བདེན་པའོ། །ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་ཤེས་བྱའི་བདེན་པའོ། མྱ་ངན་ལས་འདས་པ་ནི་མཆོག་གི་བདེན་པའོ། །བདེན་པའི་བདེན་པ་ནི་དྲང་པོའི་ངག་གོ། །བརྫུན་པའི་བདེན་པ་ནི་དྲང་པོ་མ་ཡིན་པའི་ཚིག་སྟེ། དེའི་ངོ་བོར་ཡོད་པའི་ཕྱིར་རོ། །ཡང་དངོས་པོ་
བརྗོད་དུ་མེད་པ་ནི་བདེན་པའི་བདེན་པ་སྟེ། དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པའི་དོན་གྱིས་སོ། །ཁམས་གསུམ་ནི་ཉེ་བར་སྤྱོད་པའི་ཉེ་བར་ལེན་པའི་ཕུང་པོ་ནི་བརྫུན་པའི་བདེན་པ་སྟེ། སྒྱུ་མ་ལྟ་བུའོ་ཞེས་བྱ་བའི་མདོའི་ཚིག་གིས་སོ། །གཞན་དག་ནི་གཞན་དུ་སྟོན་པར་བྱེད་དེ། བདེན་པའི་

བདེན་པ་ནི་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ། །བརྫུན་པའི་བདེན་པ་ནི་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པ་ཡིན་པར་ཤེས་པར་བྱའོ་ཞེས་ཟེར་རོ། །ཡོངས་སུ་ཤེས་པར་བྱ་བའི་བདེན་པ་ནི་འཕགས་པའི་བདེན་པ་བཞིའོ། །འདུ་བྱེད་རྣམས་
སམ། འདོད་པའི་ཡོན་ཏན་རྣམས་ལ་བདེ་བའི་ཚོར་བ་ལུས་དང་སེམས་ཀྱིས་མྱོང་བར་ཕྱིན་ཅི་མ་ལོག་པར་ནི་རོ་མྱང་བའི་བདེན་པའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་ནི་ཉེས་དམིགས་ཀྱི་བདེན་པའོ། །འདོད་པ་ལ་འདུན་པ་སྤངས་པ་ནི་ངེས་པར་འབྱུང་བའི་བདེན་པའོ། །ཆོས་ལ་བདག་མེད་
པའམ། སྐྱེ་བ་ལ་སོགས་པའི་ཆོས་ཉིད་ནི་ཆོས་ཉིད་ཀྱི་བདེན་པའོ། །རང་གི་གནས་ལ་དད་པ་ཐོབ་པ་ནི་མོས་པའི་བདེན་པའོ། །འཕགས་པ་རྣམས་ཀྱི་བདེན་པ་ནི་འགོག་པ་དང་ལམ་མོ། །འཕགས་པ་ཡིན་པ་རྣམས་ཀྱི་བདེན་པ་ནི་སྡུག་བསྔལ་དང་། ཀུན་འབྱུང་དག་གོ། །ཡང་འཕགས་
པ་རྣམས་ཀྱི་བདེན་པ་ནི་བདེན་པ་བཞི་པོ་དེ་དག་ཉིད་ལ་དེ་དང་དེ་ལ་དེ་བཞིན་དུ་སྒྲུབ་པའོ། །འཕགས་པ་མ་ཡིན་པ་རྣམས་ཀྱི་བདེན་པ་ནི་དེ་དག་ཉིད་ལ་ཕྱིན་ཅི་ལོག་གི་རྣམ་པར་སྒྲུབ་པའི་དབང་དུ་བྱས་པའོ། །འདི་དག་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྣམ་པར་གཞག་པའི་ཚུལ་གྱིས་
སྡུག་བསྔལ་གསུམ་པོ་གང་ཡིན་པ་ཉིད་འཇུག་པ་དང་། ལྡོག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དབང་དུ་བྱས་ནས་རྣམ་པ་བརྒྱད་དེ། འཇུག་པའི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ལྡོག་པའི་བདེན་པ་ནི་དོན་དམ་པའི་བདེན་པའོ། །ཀུན་ནས་ཉོན་མོངས་པའི་
བདེན་པ་དང་། རྣམ་པར་བྱང་བའི་བདེན་པ་ནི་འཕགས་པའི་བདེན་པ་བཞིའོ། །བདེན་པ་ལ་རྣམ་པར་རྟོག་པའི་སྦྱོར་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྦྱོར་བ་ནི་ཡང་དག་པའི་སྦྱོར་བའི་བདེན་པའོ། །བདེན་པ་རྣམ་པ་དགུ་ནི་ལམ་གྱི་རྣམ་པ་དང་། ལམ་གྱི་མི་
མཐུན་པའི་ཕྱོགས་དང་། ལམ་གྱི་ངོ་བོ་དང་། ལམ་གྱི་འབྲས་བུའི་དབང་དུ་བྱས་པའོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་བཞི་ནི་ལམ་མོ། །དེའི་ཕྱིར་སྨྲས་པ། མི་རྟག་པའི་བདེན་པ་ནས། བདག་མེད་པའི་བར་རོ་ཞེས་བྱའོ། །ལམ་གྱི་མི་མཐུན་པའི་ཕྱོགས་ནི་སྲིད་པ་ལ་སྲེད་པ་

སྟེ། དེས་འཁོར་བའི་ཉེས་དམིགས་མི་མཐོང་བའི་ཕྱིར་རོ། །སྲིད་པ་དང་བྲལ་བ་ལ་སྲེད་པ་སྟེ། དེས་མྱ་ངན་ལས་འདས་པའི་ཕན་ཡོན་མི་མཐོང་བའི་ཕྱིར་རོ། །དེ་དག་ཉེས་དམིགས་དང་། ཕན་ཡོན་མ་མཐོང་བས་ལམ་སྐྱེ་བར་འགྱུར་བ་མེད་པས་ཤེས་ནས་སོ། །ལམ་གྱི་ངོ་བོ་
ནི་མྱ་ངན་ལས་འདས་པ་འཐོབ་པར་རིག་པར་བྱ་སྟེ། གང་གི་ཕྱིར་སྨྲས་པ། དེ་སྤོང་བའི་ཐབས་ཀྱི་བདེན་པ་དང་ཞེས་བྱ་བའོ། །འབྲས་བུ་ནི་མྱ་ངན་ལས་འདས་པ་རྣམ་པ་གཉིས་སོ། །སྡུག་བསྔལ་གྱི་བདེན་པ་ནི་རྣམ་པ་བཅུའོ། །སྡུག་བསྔལ་ཐམས་ཅད་ནི་སྡུག་བསྔལ་རྣམ་པ་གསུམ་
གྱི་དབྱེ་བའོ། །དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ནི་རྣམ་པ་གཉིས་སོ། །རྣམ་པར་འགྱུར་བའི་སྡུག་བསྔལ་ཡང་རྣམ་པ་གཉིས་སོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་རྒྱུ་དང་འབྲས་བུའི་དབྱེ་བས་རྣམ་པ་གསུམ་མོ། །གང་གི་ཕྱིར་སྨྲས་པ། གནས་ངན་ལེན་གྱི་སྡུག་བསྔལ་གྱི་བདེན་པ་ནས་ཉོན་
མོངས་པའི་བདེན་པའི་བར་དུའོ། །ཡང་སྡུག་བསྔལ་གྱི་གཉེན་པོ་དང་སྤངས་པའི་དབང་དུ་བྱས་ནས་རྣམ་པ་གསུམ་མོ། །སྡུག་བསྔལ་གྱི་གཉེན་པོ་ནི་ཐོག་མ་དང་བར་དང་ཐ་མར་ཐོབ་པའི་ཤེས་རབ་པོ། །གང་གི་ཕྱིར་སྨྲས་པ། ཐོས་པ་དང་ཚུལ་བཞིན་ཡིད་ལ་བྱེད་པའི་བདེན་པ་དང་།
ཡང་དག་པའི་ལྟ་བའི་བདེན་པ་ཞེས་བྱའོ། །སྤངས་པ་ནི་ཡང་དག་པའི་ལྟ་བའི་འབྲས་བུའི་བདེན་པ་སྟེ་ཞེས་བྱ་བའོ། །དེའི་རྣམ་པར་དབྱེ་བ་ནི་ཚད་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནི་བདེན་པ་རེ་རེ་ཡང་དབྱེ་བ་དཔག་ཏུ་མེད་པའི་ཕྱིར་རོ། །རྣམ་པར་གཞག་པ་ནི་རྣམ་པ་བདུན་
མདོར་བསྡུ་ན་ལམ་ཉིད་དང་། ལམ་གྱི་འབྲས་བུ་རྣམ་པར་གཞག་པའོ། །དེ་ལ་ལམ་ནི་གཙོར་ཤེས་རབ་ཡིན་ཏེ། ཉོན་མོངས་པ་ཡེ་ཤེས་ཀྱིས་བཅོམ་ནས་ཞེས་བྱ་བའི་ཚིག་གིས་སོ། །གང་གི་ཕྱིར་སྨྲས་པ། ཤེས་རབ་གང་ཡིན་པ་དང་ཞེས་བྱ་བ་ལ། ཤེས་རབ་དེ་ནི་ཡང་རྣམ་པ་
དྲུག་ཏུ་བརྗོད་པར་བྱ་སྟེ། དེ་ཡང་སེམས་ལས་བྱུང་བ་ཡིན་པའི་ཕྱིར་རྟེན་དང་བཅས་པ་ཉིད་ཡིན་པས་རྟེན་མེད་པར་མི་འབྱུང་ངོ་ཞེས་བྱ་བར་སྨྲས་པ། རྟེན་དང་ཞེས་བྱ་བ་ལ་དམིགས་པ་དང་བཅས་པ་ཡིན་པའི་ཕྱིར་དེ་བཞིན་ནོ། །རྫས་དང་ལྷན་ཅིག་འཇུག་པའི་ཕྱིར་གྲོགས་མེད་པ་

མ་ཡིན་ནོ། །བྱ་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ལས་མེད་པ་མ་ཡིན་ནོ། །མ་གོམས་པར་མ་ཡིན་པའི་ཕྱིར་ཚོགས་མ་བསགས་པར་ཡང་མ་ཡིན་ནོ། །འབྲས་བུ་དང་བཅས་པའི་ཐེག་པ་ཡིན་ནོ་ཞེས་བྱ་བར་དེ་ལྟར་རྣམ་པ་བདུན་གྱིས་ཐེག་པ་རྣམ་པར་གཞག་པ་ཡིན་ནོ། །
ལམ་ཡང་ཚོགས་དང་བཅས་པའི་ལམ་སྨོས་པས་རྣམ་པ་གཉིས་སུ་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོའི་འབྲས་བུའི་སྒོ་ཉིད་ནས་ཤེས་རབ་ཀྱི་དམིགས་པའི་ཁྱད་པར་བསྟན་པའི་ཕྱིར་སྨྲས་པ་བརྗོད་དུ་མེད་པའི་དངོས་པོ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཤེས་རབ་དེ་ཉིད་ཀྱི་དམིགས་
པ་དང་། རྣམ་པ་དང་། ལས་ཀྱིས་བསྟན་པ་ནི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་ཀྱི་དོན་དམ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་དོ། །དེ་ལ་དམིགས་པའི་རྣམ་པ་ཉིད་ནི་རྣམ་པར་མི་རྟོག་པ་མཉམ་པ་ཉིད་དོ། །ཇི་ལྟར་དམིགས་པར་འགྱུར་བའི་དེ་བཞིན་ཉིད་ལ་
རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱང་ཡིན་ནོ་ཞེས་བྱ་བས་རྣམ་པར་མི་རྟོག་པ་མཉམ་པ་ཉིད་དོ། །བྱུང་བའི་ཞེས་བྱ་བ་ནི་ལས་ཉིད་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་ཉིད་ཀྱིས་ན། རྣམ་པར་མི་རྟོག་པ་མཉམ་པ་ཉིད་དོ། །དེ་ལྟར་ན་དམིགས་པ་ལ་སོགས་པའི་ཁྱད་པར་
གྱིས་ཤེས་རབ་བསྟན་ཏོ། །ཡང་འབྲས་བུ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའོ། །རྣམ་པ་འདི་དག་གིས་ཁྱད་པར་རྣམ་པར་གཞག་པ་བསྟན་པའི་ཕྱིར་འདས་པ་དང་། མ་འོངས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་པའི་
དབང་དུ་བྱས་པ་ཡིན་ཏེ། ཤེས་རབ་ལ་སོགས་པ་ཡང་བསྟན་པ་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་སྔོན་དུ་འགྲོ་བ་ཉིད་ཀྱིས་གནས་ཡིན་པའི་ཕྱིར་ཡོངས་སུ་བཙལ་བའི་དངོས་པོ་ཞེས་བྱའོ། །དེའི་ཕྱིར་ཤེས་པ་རྣམས་ལ་དངོས་པོ་ཞེས་མ་བསྟན་པ་ཡིན་ཏེ། ཡོངས་
སུ་ཚོལ་བ་ཉིད་དངོས་པོའི་དོན་དུ་ཤེས་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་བསྟན་པའི་ཕྱིར་སྨྲས་པ། དཔག་ཏུ་མེད་པ་ལྔ་པོ་འདི་དག་ཅེས་བྱ་བ་ལ། གྲངས་དང་ཚད་ཡོངས་སུ་ཆད་པ་མེད་པའི་ཕྱིར་དཔག་ཏུ་མེད་པའོ། །

འདི་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཐབས་མཁས་པས་འཇུག་པའི་ཕྱིར་ཞེས་བྱ་བས་ཡུལ་ཉིད་དོ། །དེའི་ཕྱིར་སྨྲས་པ་ཐབས་ལ་མཁས་པར་བྱེད་པར་ཞེས་བྱ་བ་ལ་ཐབས་ལ་མཁས་པ་ཐམས་ཅད་ནི་དེ་ལ་བརྟེན་པའི་ཕྱིར་ཞེས་བྱས་ནས་སོ། །བྱང་ཆུབ་སེམས་དཔས་གང་ལ་དམིགས་ནས་
དེ་དག་གི་དོན་དུ་འཇུག་པར་འགྱུར་བའི་སེམས་ཅན་དེ་དག་ནི་དཔག་ཏུ་མེད་པས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ཞེས་བྱའོ། །དེ་དག་གང་དུ་གནས་པ་དཔག་ཏུ་མེད་པ་དང་། ཆོས་གང་དང་ལྡན་པའི་དགེ་བ་ལ་སོགས་པ་ཀུན་དུ་སྤྱོད་པ་དཔག་ཏུ་མེད་པ་དང་། འདུལ་བར་བྱ་བ་གང་ཡིན་པ་
དཔག་ཏུ་མེད་པ་དང་། རྣམ་པ་གང་གིས་འདུལ་བར་བྱེད་པའི་ཐབས་དཔག་ཏུ་མེད་པས་འདུལ་བའི་ཐབས་དཔག་ཏུ་མེད་པའོ། །ཡིད་ཀྱིས་ལས་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དམྱལ་བ་ནས་འཁོར་ལོས་སྒྱུར་བའི་བར་དུའོ། །སེམས་ཅན་སོ་སོའི་རྒྱུད་ལ་ལྟོས་ནས་ནི་
དཔག་ཏུ་མེད་པ་ཡིན་ཏེ། དེ་ལྟར་ན་རྣམ་པར་གཞག་པ་དང་། རྒྱུད་ཀྱི་དཔག་ཏུ་མེད་པས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་བཞིན་ནོ། །འཇིག་རྟེན་གྱི་ཁམས་ཀྱང་དབྱིབས་དང་། མིང་བསྟན་པ་དཔག་ཏུ་མེད་པའི་ཕྱིར་དཔག་ཏུ་མེད་པའོ། །དེའི་ཕྱིར་སྨྲས་པ། ཕྱོགས་བཅུ་
དག་ཏུ་ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་གྱི་ཁམས་ཀྱི་དབང་དུ་བྱས་ནས་དེ་དག་གི་མིང་དང་རྣམ་པར་གཞག་པའི་དབང་དུ་བྱས་ནས་སྨྲས་པ། མི་མཇེད་དེ་ཞེས་བྱའོ། །དེ་བཞིན་དུ་གཞན་དག་ཀྱང་རིག་པར་བྱའོ། །གཅིག་ཏུ་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་སྡུག་བསྔལ་
ལས་ངེས་པར་གྲོལ་བར་བྱ་བའི་ཕྱིར་རོ། །གང་ཡང་ཐ་དད་ཀྱི་དབྱེ་བ་ནི་རྣམ་པ་བཅུའི་བར་དུའོ། །རྣམ་པ་གཉིས་ནི་ཉོན་མོངས་པ་སྤངས་པ་དང་མ་སྤངས་པའི་ཕྱིར་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་ཉོན་མོངས་པ་མ་སྤངས་པ་ནི་མཐའ་དག་གིས་བཅིངས་པ་ཞེས་བྱའོ། །ཉོན་མོངས་
པའི་ཕྱོགས་གཅིག་སྤངས་པ་ནི་མཐའ་དག་མ་ཡིན་པས་བཅིངས་པའོ། །སའི་བྱེ་བྲག་དང་ཉོན་མོངས་པའི་དབྱེ་བས་ཀྱང་ལྷག་མ་དང་བཅས་པར་སྤངས་པ་དང་། མ་སྤངས་པའི་དབྱེ་བའི་དབང་དུ་བྱས་ནས་སོ། །དབང་པོའི་བྱེ་བྲག་གིས་ནི་རྣམ་པ་གསུམ་མོ། །རིགས་ཀྱི་བྱེ་བྲག་

གིས་ནི་རྣམ་པ་བཞིའོ། །སྤྱོད་པའི་བྱེ་བྲག་གིས་ནི་རྣམ་པ་ལྔའོ། །ཕྱོགས་དང་གནས་སྐབས་ཀྱི་དབྱེ་བས་ནི་རྣམ་པ་དྲུག་གོ། །ཡང་བསྟན་པ་ལ་མ་ཞུགས་པའི་དབྱེ་བ་དང་ཞུགས་པའི་དབྱེ་བས་ནི་རྣམ་པ་བདུན་ནོ། །བསྟན་པ་ལ་མ་ཞུགས་པ་ནི་རྣམ་པ་གཉིས་ཏེ། གནས་
ངན་པ་ལ་མངོན་པར་མོས་པའི་དབང་གིས་དེ་ལ་ཞུགས་པ་དང་། དེ་ལ་མ་ཞུགས་ཀྱང་མོས་པ་མེད་པའོ། །ཞུགས་པ་ཡང་དབང་པོའི་བྱེ་བྲག་གིས་རྒྱས་པ་དང་། བསྡུས་པ་ལ་མོས་པ་རྣམ་པ་གཉིས་ཏེ། གང་གི་ཕྱིར་སྨྲས་པ། སྤྲོས་པས་ཤེས་པ་དང་ཞེས་བྱ་བ་ལ་སོགས་པའོ། །མདོར་
བསྟན་པ་ཙམ་གྱིས་རྟོགས་པར་འགྱུར་བ་ནི་མགོ་གླེངས་པས་ཤེས་པའོ། །དེ་དག་ཀྱང་གནས་སྐབས་ཀྱི་དབྱེ་བས་ནི་རྣམ་པ་གསུམ་དུ་འགྱུར་རོ། །ཚེ་དེ་ཉིད་ལ་བསྟན་པའི་དུས་སུ་འདུལ་བར་འགྱུར་བའི་ཕྱིར་དེའི་མོད་ལ་འདུལ་བར་འགྱུར་བ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པས་སོ་སོར་རིག་
པའི་ལམ་ཞེས་བྱའོ། །གོ་རིམས་བཞིན་དུ་བསྒྲུབ་པས་འདུལ་བར་འགྱུར་བ་ནི་ཕྱིས་འདུལ་བར་འགྱུར་བ་ཞེས་བྱའོ། །རྐྱེན་ཇི་ལྟ་བ་བཞིན་དུ་འཇུག་པར་འགྱུར་བས་ན་རྐྱེན་ལས་འགྱུར་བའི་གདུལ་བྱ་ཞེས་བྱའོ། །ཡང་ཚེ་འདི་དང་སྐྱེ་བ་གཞན་ལ་གདུལ་བྱར་འགྱུར་བའི་ཕྱིར་གཉིས་ཀའི་
སྟེ་རིམ་བཞིན་ནོ། །དུས་གཉིས་ཀར་བྱུང་བ་ནི་རྐྱེན་ལས་གྱུར་པའི་ཞེས་བྱའོ། །འཁོར་གྱི་བྱེ་བྲག་གིས་ནི་རྣམ་པ་བརྒྱད་དོ། །འདུལ་བ་པོ་དང་། འདུལ་བྱའི་ཐབས་ཀྱི་བྱེ་བྲག་དང་། དུས་ཀྱི་བྱེ་བྲག་གིས་རྣམ་པ་དགུ་ཉིད་དེ། བསྒྲུབ་པར་དཀའ་བ་ནི་དབང་པོ་གདུལ་བར་དཀའ་
བའོ། །དེ་ལས་བཟློག་པ་ནི་བསྒྲུབ་པར་སླ་བ་ཉིད་དོ། །འཇམ་པོས་གདུལ་བར་བྱ་བ་ནི་འཇམ་པོས་བསྒྲུབ་པར་བྱ་བའོ། །ཆད་པའི་ལས་ཀྱི་སྦྱོར་བས་གདུལ་བར་བྱ་བ་ཡིན་པའི་ཕྱིར་ཚར་བཅད་པས་བསྒྲུབ་པར་བྱ་བའོ། །དུས་ཀྱི་བྱེ་བྲག་གིས་དྲུང་ནས་འདུལ་བ་ལ་
སོགས་པ་ལ། དེའི་མོད་ལ་འདུལ་བ་གང་ཡིན་པ་དེ་ནི་དྲུང་ནས་འདུལ་བའོ། །དེ་ལས་བཟློག་པ་ནི་རྒྱང་རིང་པོ་ནས་འདུལ་བའོ། །འགྲོ་བའི་དབྱེ་བ་དང་། འགྲོ་བ་མ་ཡིན་པའི་དབྱེ་བ་དང་། ལུས་ཀྱི་དབྱེ་བ་དང་། འདུ་ཤེས་ཀྱི་དབྱེ་བས་དབྱེ་བ་རྣམ་པ་བཅུ་སྟེ། འགྲོ་བའི་

དབྱེ་བ་ནི་རྣམ་པ་ལྔ་ཉིད་དོ། །འགྲོ་བ་མ་ཡིན་པ་ནི་གཅིག་ཉིད་དེ། སྲིད་པ་བར་མ་ནི་འགྲོ་བའི་རིས་ལས་གྲོལ་བ་ཡིན་པའི་ཕྱིར་རོ། །ལུས་ཀྱི་དབྱེ་བ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དབྱེ་བས་རྣམ་པ་གཉིས་སོ། །འདུ་བྱེད་ཀྱི་དབྱེ་བ་ནི་རྣམ་པ་གསུམ་སྟེ། འདུ་ཤེས་གསལ་
པོ་འཇུག་པ་དང་། འཇུག་པ་མ་ཡིན་པ་གཉིས་དང་། འདུ་ཤེས་མི་གསལ་བ་འཇུག་པ་ནི་གསུམ་པའོ། །གཅིག་ལ་སོགས་པ་ནས་བཅུ་འདས་ཀྱི་བར་དུ་ལྔ་བཅུ་རྩ་ལྔ་སྟེ། དེ་དག་རྒྱུད་སོ་སོའི་དབྱེ་བས་ནི་དཔག་ཏུ་མེད་པ་ཉིད་དོ། །སྔར་བསྟན་པ་བཞིན་དུ་ཞེས་བྱ་བ་ནི་སྟོབས་ཀྱི་
རིགས་ཀྱི་ལེའུར་བསྟན་པ་བཞིན་ནོ། །དཔག་ཏུ་མེད་པ་ཡང་རྣམ་པ་ལྔར་རྣམ་པར་གཞག་པའི་ཕྱིར་དེ་དག་བསྡུས་ན་དཔག་ཏུ་མེད་པ་རྣམ་པ་ལྔར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གིས་སེམས་ཅན་རྣམས་ཀྱི་སྤྱི་ཉིད་དང་། དེ་དག་གི་རྟེན་ཉིད་དང་། །སེམས་ཅན་གྱི་གནས་
སྐབས་དང་། སྐལ་བ་དང་ལྡན་པ་ཉིད་དང་། རབ་ཏུ་དབྱེ་བའི་དབང་དུ་བྱས་ནས་དཔག་ཏུ་མེད་པ་རྣམ་པ་ལྔ་བསྟན་པ་ཡིན་ནོ། །ལྔ་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། ལྔ་པོ་འདི་དག་ནི་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་རིག་པར་བྱའོ་ཞེས་སྦྱར་བར་བྱ་སྟེ།
མོད་དེ་དང་དེ་དག་ནས་བསྟན་པའི་འབྲས་བུའི་དབང་དུ་བྱས་ནས་ལྔ་ཉིད་དུ་གཞག་པ་ཡིན་ནོ། །བསྟན་པའི་འབྲས་བུ་ནི་མདོར་བསྡུ་ན་ཉན་ཐོས་དང་བྱང་ཆུབ་སེམས་དཔའོ། །དེ་ལ་ཉན་ཐོས་རྣམས་ཀྱི་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དང་། རབ་ཏུ་འབྲེལ་པའི་འབྲས་བུ་རྣམ་པ་གཉིས་
ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དང་། མཐར་ཐུག་པའི་ལམ་ཐོབ་པས་ཉོན་མོངས་པ་མ་ལུས་པར་སྤངས་པའོ། །དེ་ལ་འདིར་མདོ་ནས་བསྟན་པ་ནི་ཡང་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་ཆོས་ཀྱི་མིག་སྐྱེས་ནས་ཟག་པ་རྣམས་ལས་སེམས་རྣམ་པར་
གྲོལ་ལོ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་ཡང་རྣམ་པ་གཉིས་ཁོ་ན་སྟེ། ཐེག་པ་ཆེན་པོ་ལ་འཇུག་པ་དང་། སོ་སོར་རྟོག་པའི་དབྱེ་བས་སོ། །དེ་ལ་མདོ་ནས་བསྟན་པ་ནི་འདི་ན་འགའ་ཞིག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་བསྐྱེད་པ་

རྣམས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །གཉི་གའི་ཡང་སྒྲུབ་པ་ལ་ལྟོས་པའི་འབྲས་བུ་ནི་ལྔ་པའོ། །ཆེན་པོ་ཉིད་རྣམ་པ་བདུན་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་བརྗོད་དོ། །དེའི་ཕྱིར་ཡོན་ཏན་བསྟན་པའི་
སྒོ་ནས་ཆེན་པོ་ཉིད་བསྟན་ཏོ། །རྣམ་པ་བདུན་ཡང་མདོར་བསྡུ་ན་ལམ་དང་ལམ་གྱི་འབྲས་བུའི་དབང་དུ་བྱས་ནས་རྣམ་པར་གཞག་གོ། །བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ནི་ཐེག་པ་ཆེན་པོ་ཡིན་པས་ཆེན་པོར་རྣམ་པར་གཞག་གོ། །ལམ་ཡང་རྣམ་པ་གཉིས་ཏེ། སྒྲུབ་
པའི་ཆོས་དང་། བསྟན་པའི་ཆོས་ཀྱི་དབྱེ་བས་སོ། །རྣམ་པ་གཅིག་ཉིད་ཀྱིས་ནི་བསྟན་པའི་ཆོས་ཆེན་པོ་ཉིད་དུ་རྣམ་པར་གཞག་སྟེ། ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པའི་གཞུང་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། ཤིན་ཏུ་རྒྱས་པ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་གཞུང་རྒྱས་པ་ནི་ཐེག་
པ་ཆེན་པོ་ཡིན་ནོ་ཞེས་བྱས་ནས་སོ། །སྒྲུབ་པའི་ཆོས་ནི་རྣམ་པ་ལྔ་སྟེ། དང་པོ་སྨོན་ལམ་ཉིད་དེ། དེས་ན་སྨྲས་པ། སེམས་བསྐྱེད་པ་ཆེན་པོ་ནི་ཞེས་བྱ་བའོ། །ཡོན་ཏན་དང་སྐྱོན་ཐམས་ཅད་བསྐྱེད་པ་དང་སྔངས་པའི་མཐར་ཐུག་པ་ཐོབ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་ཆེན་པོ་ཉིད་
ཡིན་པའི་ཕྱིར་རོ། །བསམ་པ་དག་པའི་ས་ལ་སྤྱོད་པ་སྒྲུབ་པ་དང་ལྡན་པ་ནི་གཉིས་པ་སྟེ། གང་ཡང་སྨྲས་པ། མོས་པ་ཆེན་པོ་ནི་ཞེས་བྱ་བ་སྟེ། ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་མོས་པ་ཆེན་པོ་ཉིད་དོ། །རྟོགས་པའི་ཁྱད་པར་ནི་གསུམ་པ་སྟེ། གང་ཡང་སྨྲས་
པ། ལྷག་པའི་བསམ་པ་ཆེན་པོ་ནི་ཞེས་བྱ་བ་སྟེ། བདག་དང་གཞན་དུ་མཉམ་པ་ཉིད་ཐོབ་པའི་ཕྱིར་དེ་ཆེན་པོ་ཉིད་དོ། །ཚོགས་ཁྱད་པར་ཅན་ནི་བཞི་པ་སྟེ། གང་ཡང་སྨྲས་པ། ཚོགས་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ས་ལ་ཞུགས་པ་རྣམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་དཔག་ཏུ་
མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་སོགས་པའི་ཕྱིར་དེ་ཆེན་པོ་ཉིད་དོ། །དུས་ཁྱད་པར་ཅན་ནི་ལྔ་པ་དུས་ཆེན་པོ་སྟེ། གང་གི་ཕྱིར་སྨྲས་པ། བསྐལ་པ་གྲངས་མེད་པ་གསུམ་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུ་ཆེན་པོ་ཉིད་ནི་སེམས་ཅན་ཐམས་ཅད་ལས་ཡང་

དག་པར་འདས་པའི་སངས་རྒྱས་ཀྱི་སྐུ་ཡང་དག་པར་ཐོབ་པའི་ཕྱིར་རོ། །ཆེན་པོ་དྲུག་ནི་འདི་དག་གིས་འགྲོ་བར་བྱེད་པས་ཐེག་པ་ཞེས་བྱ་སྟེ། རྒྱུའི་ངོ་བོར་བསྟན་པའོ། །བདུན་པ་ནི་འདིར་འགྲོ་བས་ན་ཐེག་པ་ཞེས་བྱ་སྟེ། འབྲས་བུའི་ངོ་བོ་བསྟན་པའོ། །ཆོས་རྣམ་པ་བརྒྱད་ནི་བརྗོད་
པར་བྱེད་པ་དང་། བརྗོད་བྱ་ཕུན་སུམ་ཚོགས་པའོ། །དེ་ལ་བརྗོད་བྱ་ནི་ཤེས་རབ་རྣམ་པ་བཞི་ཐོབ་པ་དང་། དེའི་འབྲས་བུའི་དབང་དུ་བྱས་ནས་རྣམ་པར་གཞག་པ་སྟེ། ཀུན་རྫོབ་དང་དོན་དམ་པ་ནི་ཐེག་པ་ཆེན་པོའི་ཚུལ་གྱིས་བསྡུས་པའོ། །རྗོད་པར་བྱེད་པའི་དབང་དུ་བྱས་ནས་
སྨྲས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ་དང་ཞེས་བྱ་བ་སྟེ། ཤིན་ཏུ་རྒྱས་པའི་ཡན་ལག་གིས་བསྡུས་པའི་ཕྱིར་རོ། །བརྗོད་པར་བྱ་བ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་སྨྲས་པ། དེ་ཁོ་ནའི་དོན་བསྟན་པ་གང་ཡིན་པ་དང་། མཐུ་བསྟན་པ་གང་ཡིན་པ་དང་
ཞེས་བྱ་བ་ལ། མཆོག་ཏུ་ཟབ་ཅིང་རྒྱ་ཆེ་བའི་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་དུ་བྱས་ནས་སྨྲས་པ། ཚུལ་བཞིན་དུ་ཉན་པ་དང་ཞེས་བྱ་བའོ། །བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་དུ་བྱས་ནས་སྨྲས་པ། ཚུལ་བཞིན་
དུ་སེམས་པ་ཞེས་བྱ་བའོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་རྣམ་པ་གསུམ་སྟེ། ཐོག་མ་དང་། བར་མ་དང་། ཐ་མའོ། །དང་པོ་ནི་མཐོང་བའི་ལམ་གྱིས་བསྡུས་པའོ། །གང་གི་ཕྱིར་སྨྲས་པ། །ཚུལ་བཞིན་དུ་སེམས་པ་སྔོན་དུ་འགྲོ་བའི་ལྷག་པའི་བསམ་པ་ཉམས་
སུ་བླང་བ་ཞེས་བྱ་བ་སྟེ། ས་དང་པོའོ། །བར་མ་ནི་བསྒོམ་པའི་ལམ་གྱིས་བསྡུས་པ་སྟེ། གང་གི་ཕྱིར་སྨྲས་པ། བསྒོམ་པའི་རྣམ་པས་འཇུག་པ་དང་ཞེས་བྱ་བ་སྟེ། དེའི་ཕྱི་མ་ས་བརྒྱད་ཉིད་དོ། །མཐར་ཐུག་པའི་གནས་སྐབས་ཀྱིས་བསྡུས་པ་ནི་གང་གི་ཕྱིར་སྨྲས་
པ། བསྒོམས་པའི་འབྲས་བུས་ཡོངས་སུ་འགྲུབ་པ་ཞེས་བྱ་བ་སྟེ། ས་བཅུ་པའོ། འབྲས་བུ་བསྟན་པའི་ཕྱིར། གཏན་དུ་ངེས་པར་འབྱིན་པ་སྟེ་ཞེས་བྱ་བའོ། ཇི་ལྟར་བསླབ་པ་ལས་བརྩམས་པའི་དབང་དུ་བྱས་པ་ཡོངས་སུ་རྫོགས་པར་བསྟན་པས་དང་པོ་ཇི་ལྟར་

བསླབ་པ་ལས་བརྩམས་པའི་བསླབ་པ་རྫོགས་པར་བསྟན་པ་ཡིན་པས་དེ་ལྟར་ན་བསླབ་པ་པོ་ཡོངས་སུ་རྫོགས་པར་བསྟན་པ་ཡིན་ནོ། །སྔར་གང་དག་བསླབ་པ་ཞེས་བྱ་བ་བསྟན་པས་ནི་མདོར་ན་སློབ་པ་པོ་བསྟན་ཏོ། །གང་དག་སློབ་པ་བསྟན་པའི་ཕྱིར་སྨྲས་པ། བྱང་
ཆུབ་སེམས་དཔའ་གང་དག་དེ་ལྟར་སློབ་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཀྱང་སྐལ་བ་དང་ལྡན་པ་དང་། ཞུགས་པ་དང་། རྟོགས་པ་དང་། གནས་སྐབས་ཀྱི་དབྱེ་བས་རྣམ་པ་བཅུར་འགྱུར་ཏེ། ཇི་ལྟར་རིགས་པར་སྦྱར་རོ། །དེ་ལ་སྐལ་བ་དང་ལྡན་པ་དང་། ཞུགས་པ་ལ་
དབྱེ་བ་མེད་དེ་རེ་རེར་རྣམ་པར་གཞག་གོ། །རྟོགས་པའི་དབྱེ་བ་ནི་མ་ཐོབ་པ་དང་། ཐོབ་པ་ཉིད་དེ། དེའི་ཕྱིར་སྨྲས་པ། བསམ་པ་མ་དག་པ་དང་། བསམ་པ་དག་པ་ཞེས་བྱ་བའོ། །གནས་སྐབས་ཀྱི་དབྱེ་བས་ནི་རྣམ་པ་དྲུག་སྟེ། ཡོངས་སུ་མ་སྨིན་པའི་གནས་སྐབས་དང་། ཡོངས་
སུ་སྨིན་པའི་གནས་སྐབས་དང་། ངེས་པར་མ་ཞུགས་པའི་གནས་སྐབས་དང་། ངེས་པའི་གནས་སྐབས་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པའོ། །དེ་དག་གི་བསླབ་པའི་སྦྱོར་བའི་དབྱེ་བ་བསྟན་པའི་ཕྱིར། དེ་ལ་རིགས་ལ་གནས་པའི་ཞེས་བྱ་བ་ལ་སོགས་
པ་ལ། སེམས་སྐྱེད་པར་བྱེད་པ་དེ་ནི་ཞེས་བྱ་བ་ནི་སེམས་བསྐྱེད་ནས་སློབ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། སེམས་བསྐྱེད་ནས་རྣམ་པ་བདུན་ལ་སློབ་པར་བྱེད་དོ་ཞེས་སྔར་རྩོམ་པ་བསྟན་པ་ཡིན་ནོ། །དེ་བཞིན་དུ་མོས་པས་སྤྱོད་པའི་ནི་གསུམ་པར་བསྟན་པའོ། །ཞུགས་པ་དེ་ཉིད་
ཇི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་ལ། ས་ལ་ཞུགས་པ་ནི་བཞི་པར་བསྟན་ཏོ། །དེ་དག་ཉིད་ཀྱི་ལྷག་པའི་གནས་སྐབས་ཀྱི་ཁྱད་པར་བསྟན་པའི་ཕྱིར་ཡོངས་སུ་མ་རྫོགས་པའི་ས་ལ་གནས་པ་སྟེ། ས་དགུ་ནི་ཡོངས་སུ་མ་སྨིན་པའོ། །ཡང་ཡོངས་སུ་མ་སྨིན་པའི་གནས་སྐབས་གཉིས་བསྟན་
པ་ནི་མཚན་མ་མེད་པའི་གནས་པ་མ་ཐོབ་པ་དང་། ཐོབ་པའི་དབྱེ་བས་སོ། །ཡོངས་སུ་སྨིན་པ་ཡང་རྣམ་པ་གཉིས་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྐྱེ་བ་དེ་ལས་ལྷག་མ་མ་ལུས་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་ཉིད་ཀྱིས་བསྟན་ཏོ། །

སྲིད་པ་ཐ་མ་པ་བསྟན་པའི་ཕྱིར། ཚེ་དེ་ཉིད་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཇི་སྐད་བསྟན་པའི་བསླབ་པ་མདོར་བསྡུས་པ་བསྟན་པའི་ཕྱིར། དེ་ལས་གོང་ན་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་སློབ་པ་དང་ཞེས་བྱ་བ་ལ་སོགས་པས་ནི་བསླབ་པའི་གནས་བདུན་པོ་འདི་དག་
གོ་ཞེས་ངེས་པར་བྱེད་དོ། །ཇི་ལྟར་སློབ་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལ་སྦྱོར་བའི་དབང་དུ་བྱས་ནས་ཐེག་པ་ཆེན་པོའི་ཡོན་ཏན་བསྡུས་པ་ལ་སྦྱོར་བའི་བར་དུའོ་ཞེས་ངེས་པར་བྱས་པ་ཡིན་ནོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་དག་ལས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་
རྣམས་ངེས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་ཐུན་མོང་པ་བསྟན་པའི་ཕྱིར་ཏེ། གཞན་དུ་ན་ཐུན་མོང་གི་མིང་གཅིག་ཅིག་ཏུ་འགྱུར་རོ། །ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་བསྟན་པ་ནི་ཡོན་ཏན་གྱིས་རབ་ཏུ་ཕྱེ་བའི་ཐ་མལ་པ་རྣམས་སོ། །བྱང་ཆུབ་དང་། སེམས་
ཅན་ལ་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཆེན་པོ་རྣམ་པ་བདུན་དང་ལྡན་པའི་ཕྱིར་སེམས་དཔའ་ཆེན་པོའོ། །ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་དང་ལྡན་པ་དང་། ཤིན་ཏུ་ཟབ་པའི་དོན་གྱི་དགོངས་པ་འགྲེལ་པར་ནུས་པས་བློ་དང་ལྡན་པའོ། །ཤེས་
རབ་ཀྱི་སྣང་བའི་ཁྱད་པར་ཐོབ་པས་གསལ་བའི་མཆོག་གོ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཕྱིར་རྒྱལ་བའི་སྲས་སོ། །སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་སྒྲུབ་པར་བྱེད་པས་རྒྱལ་བའི་གཞི་ཞེས་བྱའོ། །ལོ་མ་ལ་སོགས་པ་དང་འདྲ་བའི་གནས་སུ་འགྱུར་བའི་སྟོབས་
དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བའི་རྒྱུར་འགྱུར་བའི་ཕྱིར་རྒྱལ་བའི་མྱུ་གུ་ཞེས་བྱའོ། །བདག་དང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་ལས་རྣམ་པར་རྒྱལ་བས་ན་རྣམ་རྒྱལ་བྱེད་ཅེས་བྱའོ། །གཅིག་པུ་དཔའ་བའི་ཕྱིར་རྩལ་དང་ལྡན་པའོ། །མ་ལུས་པར་
དོན་དམ་པར་སྒྲུབ་པས་ན་འཕགས་པའི་མཆོག་ཅེས་བྱའོ། །འཁོར་བའི་དགོན་པར་འཁྱམས་པའི་སེམས་ཅན་གྱི་ཚོགས་ཆེན་པོ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ན་དེད་དཔོན་ཞེས་བྱའོ། །ཕྱོགས་ཐམས་ཅད་དུ་ཡོན་ཏན་གྱི་དྲིས་ཁྱབ་པས་ན་གྲགས་པ་ཆེན་

པོ་ཞེས་བྱའོ། །སྙིང་རྗེ་ཆེན་པོ་དང་ལྡན་པས་ན་སྙིང་རྗེ་ཅན་ནོ། །སྦྱིན་པ་ལ་སོགས་པའི་བསོད་ནམས་ཆེན་པོ་དང་ལྡན་པས་ན་བསོད་ནམས་ཆེ་བ་ཞེས་བྱའོ། །དབང་ཕྱུག་ལ་སོགས་པའི་བདག་པོ་དང་ལྡན་པས་ན་དབང་ཕྱུག་ཅེས་བྱའོ། །ལུས་ལ་སོགས་པའི་ཀུན་དུ་
སྤྱོད་པ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཆོས་དང་ལྡན་པ་ཞེས་བྱའོ། །སོ་སོའི་མིང་གི་ཁྱད་པར་ནི་དཔག་ཏུ་མེད་པར་བསྟན་པའི་ཕྱིར་ཡང་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཞེས་བྱ་བ་ལ། སོ་སོ་རང་གི་མིང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སོ་སོའི་མིང་ནི་ཞེས་བྱ་བའི་ཐ་ཚིག་གོ། །ཡང་མདོར་
བསྡུ་ན་བྱང་ཆུབ་སེམས་དཔའ་རྣམ་པ་གཉིས་སུ་བསྟན་ཏོ། །ཁས་ལེན་པའི་དགེ་སློང་དང་འདྲ་བར་ཡང་དག་པའི་དོན་གྱི་བྱང་ཆུབ་སེམས་དཔའ་མ་ཡིན་བཞིན་དུ་ཁས་ལེན་པ་ཙམ་གྱིས་བྱང་ཆུབ་སེམས་དཔར་དམ་འཆའ་བར་བྱེད་ཀྱང་བསླབ་པ་ལ་མི་སློབ་པ་དེ་དག་ནི་བྱང་ཆུབ་སེམས་
དཔའ་ལྟར་བཅོས་པ་ཞེས་བརྗོད་དོ། །དེ་ལྟ་བུ་ལས་བཟློག་པ་ནི་ཡང་དག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཡང་དག་པའི་དགེ་སློང་བཞིན་ནོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་ཡོན་ཏན་གྱི་ལེའུ་སྟེ་བཅོ་བརྒྱད་པའི་འགྲེལ་པ་རྫོགས་སོ།། །།
ཇི་སྐད་བསྟན་པའི་ཡོན་ཏན་གྱི་ཆོས་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གཏོགས་པའི་དགེ་བ་རྣམས་སྦས་ཤིང་མ་བསྒྲགས་སུ་ཟིན་ཀྱང་། འཇིག་རྟེན་ཐམས་ཅད་ཀྱིས་རྟགས་ལྔའི་སྒོ་ནས་ཤེས་པར་འགྱུར་བ་བསྟན་པའི་ཕྱིར། ཡོན་ཏན་བསྟན་
པའི་རྗེས་ལ་རྟགས་བསྟན་པ་ཡིན་ནོ། །དེ་དག་ཀྱང་སོ་སོར་རྣམ་པ་ལྔ་ལྔར་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བས་དེ་དག་མདོར་བསྟན་པ་ནི་ངོ་བོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་དོན་ཇི་ལྟ་བའོ། །རྟགས་ཞེས་བྱ་བ་ནི་བྱང་ཆུབ་
སེམས་དཔའི་རྟགས་ཏེ། བྱང་ཆུབ་སེམས་དཔར་གོ་བར་བྱེད་པ་ཉིད་དོ། །དེས་ན་སྨྲས་པ། དེ་དག་དང་ལྡན་ན་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཞེས་བྱ་བར་གཅོད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་

ཚོགས་པའི་དབང་དུ་བྱས་ནས་རྟགས་ལྔ་རྣམ་པར་གཞག་པར་བྱ་སྟེ། གཅིག་དང་བཞིའི་གོ་རིམས་བཞིན་ནོ། །དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི་ད་ལྟར་སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་རྣམས་ལ་གོ་རིམས་བཞིན་དུ་བདེ་བའི་བསམ་པ་དང་། ཕན་པའི་བསམ་པ་བསྐྱེད་
པའོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དབང་དུ་བྱས་ནས་ནི་རྣམ་པ་གཉིས་ཏེ། དོན་སྤྱོད་པ་ནི་གང་གི་ཕྱིར་སྨྲས་པ། སྙན་པར་སྨྲ་བ་དང་ཞེས་བྱའོ། །བདེ་བར་སྤྱོད་པ་ནི་གང་ཡང་སྨྲས་པ། ལག་རྐྱོང་བ་དང་ཞེས་བྱའོ། །གང་གིས་སངས་རྒྱས་ཀྱི་ཆོས་
ཡོངས་སུ་སྨིན་པའི་དབང་དུ་བྱས་ནས་ཀྱང་རྣམ་པ་གཉིས་ཏེ། དགེ་བའི་ཕྱོགས་ལ་རབ་ཏུ་སྦྱོར་བ་དང་ལྡན་པས་མི་མཐུན་པའི་ཕྱོགས་ཀྱིས་མི་གཡོས་པས་ན་བརྟན་པ་དང་ཞེས་བྱ་བ་སྟེ་ཤེས་རབ་ཀྱིས་ཟབ་མོའི་དོན་རབ་ཏུ་རྟོགས་པ་དང་། དགོངས་པ་ངེས་པར་འགྲེལ་པའོ། །ཡང་སེམས་ཅན་གྱི་
དོན་ཉིད་ཀྱི་དབང་དུ་བྱས་ནས་སྦྱོར་བ་ཕུན་སུམ་ཚོགས་པ་རྣམ་པ་བཞིའོ། །དེ་ལ་རྟགས་གཉིས་པས་སེམས་ཉེ་བར་བརྟན་པར་བྱེད་པའི་རྣམ་པས་ཆོས་ཀྱི་སྦྱིན་པ་ནི་སེམས་ཅན་གྱི་དོན་ཏོ། །ལྔ་པས་ནི་ཆོས་ཀྱི་སྦྱིན་པའི་ནུས་པ་བསྟན་ཏོ། །བཞི་པས་ནི་ལུས་བརྟན་པར་བྱེད་པའི་རྣམ་པས་ཟང་
ཟིང་གི་སྦྱིན་པས་སེམས་ཅན་གྱི་དོན་བྱེད་པའོ། །གསུམ་པ་བསྟན་པས་ནི་དེའི་ནུས་མཐུ་བསྐྱེད་དེ་ལྟོས་པ་མེད་པར་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་རོ། །ལྔར་བསྒྲེ་བར་རིག་པར་བྱ་ཞེས་བྱ་བ་ནི། །ཡན་ལག་ལྔས་ངོ་བོ་ཉིད་བསྟན་ནས་བསྡུ་བའི་བར་དུ་དེ་བཞིན་དུ་ཡིན་གྱི། རྟགས་གཅིག་
ལ་དུས་གཅིག་ཏུ་རྣམ་པ་ལྔ་ཆར་འབྱུང་བ་ནི་མ་ཡིན་ནོ། །ལྔ་པོ་རྣམས་ལ་སྔར་ངོ་བོ་ཉིད་བསྟན་ནས། དེ་ནས་གནས་ལ་སོགས་པ་ཡང་དེ་བཞིན་དུ་བསྒྲེ་བར་བྱའོ། །བསྒྲེ་ཞིང་བསྒྲེ་ཞིང་བསྟན་པར་བྱའོ། །ངོ་བོ་ཉིད་ཀྱིས་ནི་སྙིང་བརྩེ་བ་ལ་སོགས་པའི་དོན་བསྟན་ཏོ། གནས་ཞེས་བྱ་བས་ནི་
ཡུལ་བསྟན་ཏོ། །འབྲས་བུའི་ཕན་ཡོན་གྱིས་ནི་ཕན་ཡོན་གྱི་ཆེ་བ་བསྟན་ཏོ། །གོ་རིམས་ཀྱིས་ནི་འཇུག་པའི་གོ་རིམས་བསྟན་ཏོ། །བསྡུ་བས་ནི་དེ་དག་གི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་གཞག་པ་བསྟན་ཏོ། །ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་བསམ་པས་འཇུག་པ་དང་།

སྦྱོར་བས་འཇུག་པའོ། །དེ་ལྟར་རྣམ་པ་ཉིད་དང་། ལས་ཉིད་ཀྱི་ངོ་བོ་གོ་རིམས་བཞིན་དུ་བསྟན་པ་ཡིན་ནོ། །བསམ་པ་དང་རྗེས་སུ་མཐུན་པར་ལུས་དང་ངག་གིས་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །སྙན་པར་སྨྲ་བ་ཞེས་བྱ་བ་ནི་སྙན་པ་ཉིད་སྨྲ་བ་སྟེ།
སྔར་བསྟན་པའི་ཚིག་རྣམ་པ་གསུམ་མོ་ཞེས་བྱ་བས་སྙན་པར་སྨྲ་བའི་ངོ་བོ་བསྟན་ཏོ། །སེམས་ཅན་རྣམ་པ་གསུམ་ལ་ཚིག་རྣམ་པ་གསུམ་ནི་དམན་པ་དང་། བར་མ་དང་། ཁྱད་པར་ཅན་གྱིས་འཇིག་རྟེན་ཤེས་པའི་དབང་དུ་བྱས་ནས་ཡང་དག་པར་དགའ་བར་བྱེད་པ་དང་། འཕེལ་བར་
འགྱུར་བས་ཀུན་དུ་དགའ་བར་བྱེད་པ་ལ་སོགས་པ་སྔར་བསྟན་པའི་རྣམ་པའོ། །ཆོས་གསུམ་པོ་ཤེས་རབ་དང་། སྙིང་རྗེ་དང་། བརྩོན་འགྲུས་གསུམ་སེམས་ཅན་གྱི་དོན་ལ་མཉམ་དུ་འཇུག་པ་གང་ཡིན་པ་ལ་སྙིང་སྟོབས་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ཀྱིས་མི་ཐུབ་པས་ན་སྲན་ཐུབ་
པའོ། །ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་སེམས་མ་ཞུམ་པ་ནི་ཞུམ་པ་མེད་པའོ། །ཡང་འཇིགས་པ་མེད་པ་ནི་སྙིང་སྟོབས་སོ། །སྡུག་བསྔལ་གྱིས་གཡོ་བ་མེད་པ་ནི་སྲན་ཐུབ་པའོ། །རྒྱ་ཆེན་པོ་ཐོས་ཀྱང་འཇིགས་པ་མེད་པ་ནི་ཞུམ་པ་མེད་པའོ། །སྟོབས་དང་ལྡན་པ་ནི་མཐུ་ཐོབ་པའོ། །
བརྟན་པ་ཉིད་ཀྱི་མཚན་ཉིད་གསུམ་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ནི་བརྟན་པའི་ངོ་བོ་ཉིད་ཅེས་བརྗོད་དོ། །ཕྲན་ཚེགས་སྦྱིན་པ་ནི་རྒྱ་ཆེར་སྦྱིན་པ་ཉིད་དོ། །རྣམ་པར་དག་པའི་སྦྱིན་པ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྦྱིན་པ་ཉིད་དོ། །འདི་གཉིས་ཀྱི་ངོ་བོ་
ཉིད་ནི་གནས་བསྟན་པ་ནས་འཆད་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པའི་སྟོབས་ཀྱིས་དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ཉིད་དམ། མཉམ་པར་མ་བཞག་པའི་ས་པའི་ཤེས་པ་ཡང་རུང་། དེ་དག་གཉིས་ཀ་ཡང་དེའི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །མངོན་པར་
བསྒྲུབ་པ་ནི་དེ་ཐོབ་པ་ལ་རྗེས་སུ་མཐུན་པ་རྣམས་སོ། །དེས་ན་སྨྲས་པ། སྦྱོར་བ་ལས་བྱུང་བ་ཞེས་བྱ་བའོ། །མདོར་བསྡུ་ན་བསྒྲེ་བ་རྣམ་པ་གཉིས་ཀྱིས་སེམས་ཅན་རྣམ་པ་ལྔ་ལ་སྙིང་བརྩེ་བར་གནས་པར་འགྱུར་ཏེ། ད་ལྟར་སྡུག་བསྔལ་ཉེ་བར་མྱུར་དུ་མྱོང་བར་འགྱུར་བ་དང་། ད་ལྟར་

སྡུག་བསྔལ་དེ་བསྐྱེད་པར་ནུས་པའི་ངེས་པའི་རྒྱུ་ལ་སྤྱོད་པའི་འགྲོ་བ་ལྔའི་སེམས་ཅན་གང་ཡང་རུང་བ་ལ་ཇི་ལྟར་རིགས་པར་རིག་པར་བྱའོ། །དེའི་ཕྱིར་སྨྲས་པ། སེམས་ཅན་གང་སུ་ཡང་རུང་པ། །ཞེས་བྱ་བ་ལ་རྒྱུན་དུ་གནས་ཤིང་གཅིག་ཏུ་རྒྱུད་ལ་ཞེན་པར་འདུག་པ་ཞེས་བསྟན་པ་ཡིན་ནོ། །
གཅིག་ཏུ་རྒྱུད་ལ་ཞེན་པར་འདུག་པ་ཞེས་བྱ་བ་ནི་ཚོར་བ་དེ་ཉིད་རྒྱུད་ལ་ཞེན་པས་ཞེས་བྱ་བའོ། །སྡུག་བསྔལ་གྱི་རྒྱུ་ཡང་ཀུན་ནས་ཉོན་མོངས་པའི་གཞི་སྟེ། ཉེས་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་ནི་སྡོམ་པ་མ་ཡིན་པ་ལ་སོགས་པ་སྤྱོད་པ་དེ་ལ་གཅིག་ཏུ་ཞེན་པ་དང་། རྣམ་པར་
སྨིན་པ་མི་འདོད་པ་ངེས་པར་སྒྲུབ་པར་བྱེད་པའོ། །སྲེད་པའི་ཀུན་ནས་ཉོན་མོངས་པ་ནི་འདོད་པ་རྣམས་ཀྱིས་བག་མེད་པའི་དབང་དུ་གྱུར་པས་འདོད་པའི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །ལྟ་བའི་ཀུན་ནས་ཉོན་མོངས་པ་ནི་ཕྱི་རོལ་པའི་ལྟ་བ་ལ་ཞུགས་པ་ཁ་ཅིག་སྡུག་
བསྔལ་དུ་ཞུགས་སུ་ཟིན་ཀྱང་འདོད་པའི་འབྲས་བུ་མེད་པ་ལྟ་བུའོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་བདེ་བ་དང་མི་ལྡན་ཞིང་སྡུག་བསྔལ་སྐྱེད་པར་བྱེད་པའོ། །དེ་ལ་མངོན་པར་དགའ་བའི་རང་བཞིན་ཞེས་བྱ་བས་ནི། དེ་ལ་མངོན་པར་དགའ་བ་བསྟན་པའོ། །བདག་
གི་བྱི་དོར་ལྷུར་ལེན་པའི་སེམས་ཅན་ཞེས་བྱ་བས་ནི་ཡུལ་ལ་གཅིག་ཏུ་ཞེན་པ་བསྟན་ཏོ། །ལམ་ངན་པར་ཞུགས་པ་ནི་ཕྱིན་ཅི་ལོག་ཏུ་ཞུགས་པའོ། །དེ་དག་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ལ་ཅི་རིགས་པར་ཤེས་པར་བྱའོ། །སེམས་ཅན་རྣམ་པ་ལྔ་ལ་བྱ་བ་རྣམ་པ་ལྔས་
སྙན་པར་སྨྲ་བ་ལ་སོགས་པས་གནས་ཏེ། རང་བཞིན་དུ་གནས་པ་དང་། འཕེལ་བ་ཐོབ་པ་དང་། འཇིགས་པ་དང་ལྡན་པ་དང་། ཡང་དག་པར་ཞུགས་པ་དང་། རིགས་པ་ལ་རྨོངས་པའོ། །དེ་དག་གི་རིམ་པ་ནི་ལེགས་པར་སྨྲ་བར་བྱ་བ་དང་ཞེས་བྱ་བ་ལ་སོགས་པའོ། །
འདི་ལྟ་སྟེ། བསྡུ་བའི་དངོས་པོའི་ལེའུ་ལས་རིག་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པར་དགའ་བར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པ་ལྟ་བུའོ། །གོང་དུ་བསྟན་པའི་སྟོབས་བསྐྱེད་པ་གནས་པ་དེ་ཉིད་ལ་འདིར་བསྟན་པའི་གནས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །

ཡང་དེ་འཁོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཉེ་བར་བབ་པས་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པ་རྣམ་པ་ལྔས་ནི་ལག་རྐྱོང་བ་ལ་གནས་པ་བསྟན་པ་ཡིན་ཏེ། དེ་ལ་གནས་ནས་དེ་ལ་འཇུག་པ་ཡིན་ནོ། །དོན་ཟབ་པ་ནི་ཟབ་མོའོ། །ཡི་གེ་ཟབ་པ་ནི་ཟབ་པར་སྣང་བ་
སྟེ། ཁ་ཅིག་ནི་ཟབ་པ་ཉིད་ཡིན་ལ་ཟབ་པར་སྣང་བ་ཡང་ཡོད་ལ། ཁ་ཅིག་ནི་ཟབ་པ་མ་ཡིན་པ་ལ་ཟབ་པར་སྣང་བ་ཡིན་པ་ཡོད་པས་དེ་གཉིས་ཀ་ལས་ཁྱད་པར་དུ་བྱ་བའི་ཕྱིར་གཉིས་སྨོས་སོ། །ཆོས་ལ་བདག་མེད་པ་ལ་གསལ་བར་བྱེད་པས་སྟོང་པ་ཉིད་དང་རབ་ཏུ་ལྡན་པའོ། །རྟེན་ཅིང་
འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བས་བདག་མེད་པ་ལ་འཇུག་པ་གསལ་བར་བྱེད་པ་ཉིད་དེ། མི་རྟག་པ་ལ་སོགས་པའི་རྣམ་པ་གསལ་བར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་མདོ་བཤད་པ་ཡིན་ནོ། །ལྟུང་བ་ལ་མཁས་པ་ལ་སོགས་པ་ནི་འདུལ་བ་བསྟན་པ་ཡིན་ནོ། །ཕྱིན་ཅི་མ་
ལོག་པའི་ཆོས་ཀྱི་མཚན་ཉིད་རྣམ་པར་འཇོག་པ་ནི་མ་མོ་བསྟན་པའོ། །དགོངས་པ་ཅན་གྱི་བཀའི་དོན་ནི་དགོངས་པ་ཅན་ནོ། །དེ་ཉིད་ནི་དྲངས་ནས་བཤད་པར་བྱ་བ་ཡིན་པས་བརྟག་དཀའ་བ་སྟེ། ཆོས་རྣམས་ཀྱི་བརྡའི་དོན་ཞེས་བསྟན་པའོ། །མངོན་པར་འདོད་པའི་དོན་ཉིད་ཡིན་
པའི་ཕྱིར་དོན་རྣམ་པར་འབྱེད་པའོ། །བརྗོད་དུ་མེད་པའི་ཚིག་གི་དོན་ཐམས་ཅད་ལ་མཁས་པ་ནི་གནས་ལྔ་པའོ། །ཟབ་མོའི་དོན་ལ་མངོན་པར་དགོངས་པ་ནི་དོན་ཟབ་མོ་དགོངས་པའོ། །དེ་ངེས་པར་འགྲེལ་པ་ནི་དེའི་དགོངས་པ་དང་བསམ་པ་རབ་ཏུ་སྟོན་པ་སྟེ། དགོངས་པ་
ཟབ་མོ་རྣམ་པར་འབྱེད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་བསྟན་པའི་གནས་རྣམ་པ་ལྔས་འཇུག་པར་འགྱུར་ཞེས་བྱ་བ་ནི་དེའི་གནས་ཉིད་དོ། །སྙིང་བརྩེ་བའི་ཕན་ཡོན་ལྔ་བསྟན་པའི་ཕྱིར་ཐོག་མ་ཉིད་དུ་ཁོ་ན་སྤོང་བར་འགྱུར་རོ་ཞེས་བྱ་བ་ནི་ཁོན་མེད་པའི་རྒྱུ་ལ་འཇུག་
པར་འགྱུར་བའོ། །ཡིད་ཞུམ་པ་མེད་པར་སྦྱོར་ཞིང་ཞེས་བྱ་བ་ནི་ཡིད་མི་བདེ་བ་མེད་པ་སྟེ། བདེ་བས་ཤས་ཆེར་གནས་པས་སྐྱོ་བ་མེད་པས་ཚད་མེད་པ་བསྒོམ་པ་དང་ལྡན་པས་ཚེ་འདི་ལ་བདེ་བར་གནས་པར་འགྱུར་རོ། །སེམས་ཅན་རྣམས་ལ་ཡང་ཕན་པ་དང་བདེ་བ་

ཉེ་བར་སྒྲུབ་པར་བྱེད་པ་དང་། བདག་ཉིད་བདེ་བར་གནས་པས་གཞན་ལ་སྙིང་བརྩེ་བར་ཡང་འགྱུར་རོ་ཞེས་བྱམས་པའི་ཕན་ཡོན་བསྟན་པ་གང་ཡིན་པ་རྣམས་ཀྱང་རིག་པར་བྱའོ་ཞེས་བསྟན་པ་ཡིན་ཏེ། བྱམས་པ་ཡང་བརྩེ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ངག་གི་ཉེས་
པར་སྤྱོད་པ་ནི་གཅིག་ཏུ་གཞན་གྱིས་མི་འདོད་པ་ཡིན་པའི་ཕྱིར་ངག་གི་ཉེས་པ་སྤང་བར་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ངག་གི་ཉེས་པར་སྤྱོད་པ་ནི་བདག་དང་གཞན་ལ་གནོད་པར་སྐྱེད་པའི་རྒྱུ་ཡིན་ལ། དེའི་གཉེན་པོར་གྱུར་པ་སྙན་པར་སྨྲ་བ་ནི་བདག་དང་གཞན་སྡུད་པ་ཡིན་
ནོ་ཞེས་བསྟན་པ་ཡིན་ནོ། །སྙན་པར་སྨྲ་བ་ནི་སླུ་བ་མེད་པའི་ཕྱིར། ཚིག་གཟུང་བར་འོས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བརྟན་པ་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ལེ་ལོ་དང་བྲལ་བར་འགྱུར་རོ། །དཀའ་བའི་ལས་ཀྱིས་བག་མི་འཁུམས་པས་སེམས་རབ་ཏུ་
དགའ་བར་འགྱུར་རོ། །བཟོད་པའི་ངོ་བོ་ཉིད་ཡིན་པས་གཉི་གའི་དོན་བྱེད་པར་འགྱུར་རོ། །བརྩོན་འགྲུས་བརྟན་པོའི་གོ་བགོས་པས་ཡང་དག་པར་རྩོམ་པ་བརྟན་པར་འགྱུར་ཏེ། མ་བྱས་པར་བར་དུ་ཕྱིར་མི་ལྡོག་པར་རོ། །མཐུའི་ལེའུ་ལས་སྦྱིན་པའི་ཆོས་ཀྱི་མཐུ་བསྟན་པ་
གང་ཡིན་པ་དེ་ནི་ལག་རྐྱོང་པའི་ཕན་ཡོན་ནོ། །ཤེས་རབ་ཀྱི་ཆོས་ཀྱི་མཐུ་བསྟན་པ་གང་ཡིན་པ་དེ་ནི་དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་ཕན་ཡོན་བསྟན་པ་ཡིན་ནོ། །གོ་རིམས་ཀྱི་དབང་དུ་བྱས་ནས་སྨྲས་པ། དེ་དག་གི་གོ་རིམས་གང་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་
པ་ལ། བྱ་བ་ཐམས་ཅད་ལ་བསམ་པ་སྔོན་དུ་འགྲོ་བའི་ཕྱིར་དང་པོར་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་སྙིང་བརྩེ་བ་བསྟན་ཏོ། །དེ་དག་ནི་སེམས་ཅན་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་
འདོད་པ་ཡིན་ནོ་ཞེས་བྱ་བས་ནི་དགེ་བའི་གནས་ནས་བསླངས་ནས་དགེ་བ་ལ་འགོད་པར་བྱ་བའི་ཕྱིར་དེ་ནས་སྙན་པར་སྨྲ་བ་ཉིད་དོ། །རིགས་པར་སྨྲ་ཞིང་ཞེས་བྱ་བས་ནི་ཡི་གེས་སོ། །འཛིན་དུ་འཇུག་པ་ནི་དོན་ཇི་ལྟ་བ་བཞིན་དུའོ། །སྟོན་པར་བྱེད་པ་ནི་དེ་གཉི་ག་ཁྱད་པར་དུ་འཕགས་

པའོ། །ཡང་དག་པར་ཞུགས་པ་རྣམས་ཡང་དག་པར་བསྒྲུབ་པའི་དབང་དུ་བྱས་པ་དང་། སེམས་ཅན་ཞུགས་པ་རྣམས་ལོག་པར་སྒྲུབ་པ་ལ་མི་མཇེད་པས་དེ་དག་མི་སྤོང་བ་ནི་བརྟན་པ་ཞེས་བྱའོ། །དེ་ལྟ་བུའི་བརྟན་པ་དང་ལྡན་པས་ཟང་ཟིང་དང་ཆོས་ཀྱིས་རྗེས་སུ་འཛིན་
པར་བྱེད་དོ་ཞེས་བྱ་བ་ནི་ཕྱི་མ་གཉིས་ཀྱིས་སོ། །རྟགས་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། འདི་ནི་བྱང་ཆུབ་སེམས་དཔའི་རྟགས་ལྔ་པོ་དེ་དག་གི་གོ་རིམས་ཞེས་བྱ་བ་ལ་སོགས་པ་ལ། སྙིང་བརྩེ་བ་ནི་སེམས་ཅན་ལ་ཕན་པ་དང་བདེ་བའི་
བསམ་པ་ཡིན་པའི་ཕྱིར་དང་། ཚད་མེད་པ་བཞིའི་ངོ་བོ་ཡིན་པའི་ཕྱིར་རོ། །ཚད་མེད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་དེས་བསྡུས་པ་ཡིན་ནོ། །འབྱོར་པ་ཐོབ་པའི་སེམས་ཅན་རྣམས་ལ་དེ་ལྟ་དེ་ལྟར་དོན་བསྒྲུབ་པ་ནི་སེམས་ཅན་གྱི་དོན་བྱ་
བའི་ཚུལ་ཁྲིམས་སུ་བསྡུ་བར་འདོད་དོ། །ཕན་པར་བྱེད་པའི་ངག་རིགས་པ་སྟོན་པའི་མཚན་ཉིད་ཅན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །བརྟན་པ་ནི་སྙིང་སྟོབས་ཀྱི་ངོ་བོ་ཡིན་ལ། སྙིང་སྟོབས་ཀྱང་བརྩོན་འགྲུས་ཀྱི་བདག་ཉིད་ཡིན་པས་དེས་བསྡུས་སོ། །བརྟན་པར་
གྱུར་ན་སེམས་ཅན་རྣམས་ཀྱི་ལོག་པར་བསྒྲུབ་པས་མི་མཇེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནོ། །དེ་བཞིན་དུ་སོ་སོར་རྟོག་པ་མང་བར་འགྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནོ། །ཡང་ཤེས་རབ་དང་། བརྩོན་འགྲུས་དང་། སྙིང་རྗེ་རྣམས་ནི་སྙིང་སྟོབས་
ཀྱི་བདག་ཉིད་དོ་ཞེས་བསྟན་པས་དེའི་ཕྱིར་སྙིང་སྟོབས་ཀྱི་བདག་ཉིད་ཅན་གྱི་བརྟེན་པ་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་གྱིས་བསྡུས་པ་ཡིན་ལ། ལག་རྐྱོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཁོ་ནས་བསྡུས་ཞེས་བྱ་བ་ནི། གཅིག་ཏུ་སྦྱིན་པའི་ངོ་བོས་བསྡུས་པའི་ཕྱིར་རོ། །དོན་
དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ནི་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའི་སའི་གཞི་དང་མཐུན་པའི་རྣལ་འབྱོར་གྱི་

གནས་ལས་རྟགས་ཀྱི་ལེའུ་སྟེ་དང་པོའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་རྟགས་རྣམས་འབྱུང་བ་ནི་ཁྱིམ་པའི་ཕྱོགས་སམ། རབ་ཏུ་འབྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེའི་རྗེས་ལ་ཕྱོགས་བསྟན་ཏོ། །ཕྱོགས་དེ་གཉི་ག་ལ་གནས་པ་ཡང་ཆ་བྱད་ཙམ་གཙོ་བོ་མ་ཡིན་གྱི། བྱང་
ཆུབ་སེམས་དཔའི་ཆོས་གཙོ་བོར་གྱུར་པས་བྱང་ཆུབ་སེམས་དཔའི་གྲངས་སུ་འགྲོ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཕྱོགས་གཉི་གར་གཏོགས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་དང་རྗེས་སུ་མཐུན་པ་བྱང་ཆུབ་དང་ཤིན་ཏུ་ཉེ་བར་འཇུག་པའི་ཆོས་བཞི་བསྟན་པ་ནི་ཁྱིམ་
པའམ་རབ་ཏུ་བྱུང་བས་བསླབས་ན་མྱུར་བ་ཁོ་ནར་ཞེས་བྱ་བ་ལ་སོགས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་བའི་དབང་དུ་བྱས་ནས། ལས་ཀྱི་མཐའ་ལེགས་པར་བྱས་པ་ཞེས་བྱ་བའོ། །གནས་སྐབས་ཐམས་ཅད་དུ་སེམས་ཅན་གདུལ་བྱའི་དབང་དུ་བྱས་ནས་ནི་
མཁས་པ་ཞེས་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དབང་དུ་བྱས་ནས་ནི་གཞན་ལ་ཕན་འདོགས་པའོ། །རྣམ་པར་སྨིན་པ་དང་ལན་ལ་རེ་བ་མེད་པའི་ཕྱིར་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །ལས་ཀྱི་མཐའ་ལེགས་པར་བྱེད་པ་བཞི་བསྟན་པར་བྱ་སྟེ། གཅིག་ཏུ་ངེས་
པར་སྦྱོར་བར་བྱེད་པ་ནི་ངེས་པར་བྱེད་པ་ཉིད་དོ། །གུས་པར་བྱེད་པའི་སྦྱོར་བ་ནི་བྱང་བར་བྱེད་པ་ཉིད་དོ། །རབ་ཏུ་སྦྱོར་བར་བྱེད་པ་ཉིད་ནི་རྟག་ཏུ་བྱེད་པ་ཉིད་དོ། །ཀུན་ནས་ཉོན་མོངས་པ་མེད་པའི་སྦྱོར་བ་ནི་ཁ་ན་མ་ཐོ་བ་མེད་པར་བྱེད་པ་ཉིད་དོ། །གཞན་དག་གིས་བཀག་ཏུ་ཟིན་ཀྱང་
གཞན་གྱི་ཚིག་མི་ཉན་པར་ངེས་པར་འགའ་ཞིག་ལ་ཅི་ཞིག་སྦྱིན་པར་འདོད་པ་ནི་ངེས་པར་བྱེད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པའི་བར་དུ་གཅོད་པར་ནུས་པ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སློང་བ་པོ་ཡང་ལེགས་
པར་འོངས་ན་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ན་གུས་པར་བྱེད་པས་དེའི་ཕྱིར་བྱང་བར་བྱེད་པ་ཞེས་བྱ་བའོ། །དེའི་ཕྱིར་སྨྲས་པ། འདི་ལྟ་སྟེ། སྦྱིན་པར་བྱ་བ་ཞེས་བྱ་བ་ལ་སོགས་པའོ། །ཡོངས་སུ་སྐྱོ་བ་མེད་པར་ཞེས་བྱ་བ་ནི་ཕོངས་པར་

གྱུར་ཀྱང་ངོ་། །ཕངས་པ་མེད་པར་སྦྱིན་པར་བྱེད་པ་ཞེས་བྱ་བ་ནི་རྟག་ཏུ་བྱེད་པ་ཞེས་བྱ་བའོ། །སྦྱིན་པའི་བསྔགས་པ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་ཁྲིམས་ལ་སོགས་པ་ལ་ཡང་ཇི་ལྟར་རིགས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་གནས་སྐབས་ཐམས་ཅད་དུ་ཡང་མི་མཐུན་
པའི་ཕྱོགས་ཟིལ་གྱིས་མནན་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འཇུག་པའི་སེམས་ལ་སུས་ཀྱང་བར་དུ་བཅད་ཅིང་བསྐྱོད་པར་མི་ནུས་སོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གནས་སྐབས་ཐམས་ཅད་དུ་སེམས་ཅན་འདུལ་བ་ལ་མཁས་པ་དང་། རིག་པའི་གནས་ལ་མཁས་
པ་དང་། ཚུལ་ཁྲིམས་བརྟག་པ་ལ་མཁས་པ་དང་། ཕྱི་མའི་འདོད་པའི་དོན་བསྒྲུབ་པ་ལ་མཁས་པ་དང་། ཐེག་པ་ལ་མཁས་པའི་དབང་དུ་བྱས་ནས་མཁས་པ་རྣམ་པ་བཅུར་གཞག་གོ། །མཁས་པ་འདི་དག་ནི་གནས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའི་ཞེས་བྱ་བར་སྨྲས་པ། འདི་དག་
ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ནི་བྱ་བ་ལྔར་བསྡུས་པས་བྱ་བ་ལྔ་ཞིག་བྱའོ་ཞེས་བྱ་བར་སྨྲས་པ། མཁས་པ་གོང་མ་བཞིས་ནི་ཞེས་བྱ་བ་ལ། དང་པོ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མཁས་པ་ནི། རྣམ་པ་བཞིས་སེམས་ཅན་རྣམས་
ཀྱི་དོན་སྒྲུབ་པར་བྱེད་དོ་ཞེས་བྱ་བར་སྨྲས་པ། སེམས་ཅན་རྣམས་རང་གི་དོན་ལ་འཛུད་དོ་ཞེས་བྱ་བའོ། །ལྔ་པས་ནི་བསྟན་བཅོས་ཐམས་ཅད་ལ་མི་འཇིགས་པ་ཐོབ་པས་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར་བྱེད་དོ། །དྲུག་པས་ནི་ཚུལ་ཁྲིམས་རྣམ་པར་དག་པར་བྱེད་དོ། །
བདུན་པས་ནི་འདོད་པའི་དོན་སྒྲུབ་པར་བྱེད་དོ། །ཕྱི་མ་གསུམ་གྱིས་ནི་རིགས་པ་སོགས་པའི་དབང་གིས་ཆོས་སྟོན་པར་ནུས་པ་ཡིན་ཏེ། དེ་དག་གིས་ནི་བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེས་ན་སྨྲས་པ། བྱ་བ་ཐམས་ཅད་
ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ལ། བྱ་བ་ཐམས་ཅད་ཀྱིས་དོན་གཉིས་སྒྲུབ་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་རོ། །ཚེ་འདི་དང་ཞེས་བྱ་བ་ལ་སོགས་པའོ། །ཕན་པ་དང་བདེ་བ་དག་གིས་བསྡུས་པ་དང་མཐུན་པས་བསྡུས་པའོ་ཞེས་བསྟན་པའི་ཕྱིར། བསྡུ་བའི་

དངོས་པོ་བཞི་པོ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ལས་ཕན་པ་དང་བདེ་བ་ནི་བདག་དང་གཞན་གྱི་དོན་གྱི་ལེའུ་ལས་བསྟན་པ་བཞིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདི་ལྟ་སྟེ་བདག་དང་གཞན་གྱི་དོན་གྱི་ལེའུ་ལས་རིག་པར་བྱའོ། །སྒོ་གསུམ་པོ་འདི་དག་ཅེས་བྱ་བ་ནི་ལེགས་པར་
བྱས་པའི་ལས་ཀྱི་སྒོ་ནས་དང་། མཁས་པའི་སྒོ་ནས་དང་། ཕན་འདོགས་པའི་སྒོ་ནས་སོ་ཞེས་བསྟན་པ་ཡིན་ནོ། །སྙིང་ཐག་པ་ནས་ཞེས་བྱ་བ་ནི་ཆེན་པོར་གྱུར་པས་སོ། །དེ་ལྟ་བུའི་སྨོན་ལམ་རྣམ་པར་སྤང་བའི་ཕྱིར་ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཡོངས་སུ་དགོས་པ་ཡིན་ནོ། །
བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱི་བསླ་བ་པའི་ལམ་ནི་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་རྣམས་ཀྱི་ནི་མདོ་གཞན་དག་ལས་བསྟན་པ་བཞིན་ཏེ། མདོར་བསྡུ་ན་བཞི་པོ་འདི་དག་ཏུ་ཐམས་ཅད་བསྡུ་བར་འགྱུར་
རོ་ཞེས་བསྟན་པ་ཡིན་ནོ། །འདི་ལྟར་འཐོབ་པར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་བསླབ་པ་བསྡུས་པར་གཏོགས་པ་འབད་པ་མེད་པ་བྱང་ཆུབ་འཐོབ་པའི་ཕྱིར་ཡོན་ཏན་གཙོ་བོར་གྱུར་པ་ཡིན་གྱི་ཆ་བྱད་ནི་མ་ཡིན་ནོ་ཞེས་ཡོངས་སུ་གསལ་བར་བསྟན་
པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་དུ་མཚོན་པའི་ཕྱིར། གང་སུ་ཡང་རུང་བ་དེ་ཐམས་ཅད་ཅེས་བྱ་བའོ། །ཆོས་བཞི་པོ་འདི་དག་ལ་ནི་བྱང་ཆུབ་སེམས་དཔའི་ཁྱིམ་པ་དང་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་ཀྱང་ཁྱད་པར་མེད་པར་བསླབ་པར་བྱའོ། །
གཞན་དག་ལ་ནི་ཁྱད་པར་ཡོད་དོ་ཞེས་བྱ་བར་སྨྲས་པ། སྦྱོར་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། གཞན་དུ་ན་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཁྱད་པར་མེད་པར་ཐལ་བར་འགྱུར་རོ། །དེ་ལྟར་གྱུར་ན་ནི་རབ་ཏུ་བྱུང་བ་ཡང་དོན་མེད་པར་ཐལ་བར་འགྱུར་རོ། །ཁྱད་པར་
རྣམ་པ་ལྔས་ཁྱད་པར་རྣམ་པར་གཞག་པར་བྱ་སྟེ། །ཡོངས་སུ་འཛིན་པའི་ཉེས་པ་མེད་པར་བསྟན་པ་ནི་གང་ཡང་སྨྲས་པ། ཡོངས་སུ་གྲོལ་བ་ཡིན་གྱི་ཞེས་བྱ་བ་ལ་སོགས་པའོ། །ཡོངས་སུ་ངལ་བའི་སྐྱོན་མེད་པར་བསྟན་པ་ནི་གང་གི་ཕྱིར་སྨྲས་པ། སྡུག་བསྔལ་བ་

རྣམས་ལས་ཡོངས་སུ་གྲོལ་པ་ཡིན་གྱི་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པར་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི་ཁྱིམ་པ་རྣམས་ཀྱིས་ནི་དཀའ་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་པ་ཡིན་ནོ། །དགེ་བ་ལ་གཅིག་ཏུ་བརྩོན་པ་ཡིན་པས་གང་
ཡང་སྨྲས་པ། མངོན་པར་ཤེས་པ་མྱུར་བ་ཡིན་ཏེ་ཞེས་བྱ་བའོ། །ཡིད་ཆེས་པར་བྱ་བའི་གནས་ཡིན་པའི་ཕྱིར་ཚིག་བཙུན་པ་ཡིན་གྱི་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའི་སའི་གཞི་དང་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས་ཕྱོགས་ཀྱི་ལེའུ་སྟེ་གཉིས་པའི་འགྲེལ་པ་
རྫོགས་སོ།། །།བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་ཡང་རུང་བསམ་པ་དག་པ་ནི་ཆོས་བཞི་པོ་དེ་དག་ཡང་དག་པར་སྤྱོད་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་ཀྱི་རྗེས་ལ་བསམ་པ་བསྟན་ཏོ། །བསམ་པ་དག་པ་ཉིད་ནི་ལྷག་པའི་
བསམ་པའི་ཁྱད་པར་དང་ལྡན་པར་ཤེས་པར་བྱའོ། །འཕེལ་བ་དང་། ས་དང་། རྣམ་པར་གཞག་པའི་ཚུལ་གྱིས་ལྷག་པའི་བསམ་པ་རྣམ་པ་གསུམ་རྣམ་པར་གཞག་སྟེ། རྒྱུ་ཉིད་དང་། རབ་ཏུ་དབྱེ་བ་ཉིད་དང་། བྱ་བ་ཉིད་ཀྱིས་སོ། །རྒྱུ་ཉིད་ནི་སེམས་ཅན་ཐམས་ཅད་
ལ་མཉེས་གཤིན་པ་རྣམ་པ་བདུན་ནོ། །རབ་ཏུ་དབྱེ་བ་ནི་བསམ་པ་བཅོ་ལྔ་སྟེ་ཞེས་བྱ་བའོ། །བྱ་བ་ཉིད་ནི། བྱ་བ་བཅུ་ནི་བྱེད་པར་བསྟན། །ཞེས་བྱ་བའོ། མཉེས་གཤིན་པ་ནི་སེམས་ཅན་རྣམས་ཀྱི་ཡིད་ལ་འདོད་པ་སྒྲུབ་པར་བྱེད་པའོ། །དེ་ཡང་རྒྱུའི་སྐྱོན་དང་བྲལ་བ་དང་། ཡོན་
ཏན་གྱི་རྣམ་པ་དང་ལྡན་པའོ། །དེ་ལྟར་ན་མཉེས་གཤིན་པ་རྣམ་པ་བདུན་ནོ། །དེ་ལ་འཇིག་རྟེན་པའི་མཉེས་གཤིན་པ་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱིས་ཀུན་ནས་ཉོན་མོངས་པ་ཡིན་ཏེ། འཇིགས་པས་སམ། གཞན་གྱི་ངོར་རམ། བསམ་པས་མ་ཡིན་ནོ། །དེ་ལ་
འཇིགས་པས་ཀུན་ནས་བསླང་པ་གང་ཡིན་པ་དེ་ནི་རིགས་པ་མ་ཡིན་ཏེ། གནས་མ་ཡིན་པ་ལ་སྦྱོར་བ་ཡང་སྲིད་པ་ལ་མི་དགའ་བས་རབ་ཏུ་ལྡོག་པར་ཡང་འགྱུར་བའོ། །གཞན་གྱི་ངོར་བྱེད་པ་དེ་ཡང་རྒྱ་ཆེ་བར་མི་འགྱུར་རོ། །བསམ་པས་མ་ཞུགས་པ་དེ་ཡང་མཉམ་པར་མི་

འགྱུར་རོ། །དེ་ལྟར་ན་རྒྱུ་དང་པོ་ལས་སྐྱེས་པའི་མཉེས་གཤིན་པ་དེ་ཡང་སྐྱོན་དང་བཅས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །དེའི་གཉེན་པོའི་ཕྱོགས་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། མི་སྐྱོ་བའི་བར་དུའོ། གཞན་གྱི་ངོར་བསྐྱེད་པ་གང་ཡིན་པ་
དེ་ནི་གསོལ་བ་བཏབ་པས་བྱས་པའོ། །དེའི་གཉེན་པོའི་ཕྱོགས་གང་ཡིན་པ་དེ་ནི་གསོལ་བ་མ་བཏབ་པ་དང་ཞེས་བྱ་བའོ། །བསམ་པ་མ་ཡིན་པས་བསྐྱེད་པ་གང་ཡིན་པ་དེ་ནི་ཟང་ཟིང་དང་བཅས་པའོ། །དེའི་གཉེན་པོའི་ཕྱོགས་གང་ཡིན་པ་དེ་ནི་ཟང་ཟིང་མེད་པ་དང་ཞེས་བྱ་བའོ། །དེ་དག་
གིས་བྱས་པའི་སྐྱོན་མེད་པས་རྒྱ་ཆེ་བ་དང་མཉམ་པ་ཉིད་དོ། །ཡང་ཆོས་བཞི་ནི་རང་བཞིན་མེད་པས་འགྲོ་བས་འཇུག་པའོ། །འདི་ན་འགའ་ཞིག་གཅིག་ཏུ་མི་ཕན་པ་སྡུག་བསྔལ་བསྐྱེད་པར་འདོད་པ་མ་ཡིན་ཡང་། གཞན་གྱི་རྐྱེན་གྱིས་སེམས་ཅན་ལ་མཉེས་གཤིན་པའོ། །དེས་ན་
དེའི་མཉེས་གཤིན་པ་དེ་ནི་རིགས་པ་མ་ཡིན་ནོ། །མི་དགའ་བར་ཡང་འགྱུར་རོ། །ཁ་ཅིག་ནི་ཞེ་སྡང་གིས་མཉེས་གཤིན་པ་སྟེ། མཉེས་གཤིན་པ་དེ་ནི་གསོལ་བ་བཏབ་སྟེ། རྒྱ་ཆེ་བ་མ་ཡིན་ནོ། །དེའི་གཉེན་པོར་གསོལ་བ་མ་བཏབ་པ་དང་། རྒྱ་ཆེ་བའོ། །ཁ་ཅིག་ནི་འདུན་པས་
མཉེས་གཤིན་པ་སྟེ། དེའི་གཉེན་པོར་ཟང་ཟིང་མེད་པ་དང་། མཉམ་པ་ཉིད་དོ། །རྨོངས་པས་མཉེས་གཤིན་པ་ནི་རྒྱ་ཆེ་བ་མ་ཡིན་པ་དང་། མཉམ་པ་མ་ཡིན་པའོ། །དེ་དག་གི་གཉེན་པོར་རྒྱ་ཆེ་བ་དང་། མཉམ་པ་ཉིད་དོ། །ཡང་འཇིགས་པའི་མཉེས་གཤིན་པའི་གཉེན་པོར་
ནི་འཇིགས་པ་མེད་པའོ། །སྐྱོན་དང་བཅས་པའི་མཉེས་གཤིན་པའི་གཉེན་པོར་ནི་རིགས་པ་དང་མི་སྐྱོ་བའོ། །འདུན་པའི་མཉེས་གཤིན་པའི་གཉེན་པོར་ནི་གསོལ་བ་མ་བཏབ་པ་དང་ཟང་ཟིང་མེད་པའོ། །གཏི་མུག་གིས་མཉེས་གཤིན་པའི་གཉེན་པོར་ནི་ལྷག་མ་དག་གོ། །མཐུན་པ་
ཉིད་ཡིན་པས་ཡིད་དུ་འོང་ཞིང་ཞེས་བྱ་བའོ། །ཡིད་དུ་འོང་བའི་ཕྱིར་ཕན་པ་སྟེ་འདོད་པའོ། །བདེ་བ་དང་ལྡན་པ་ཞེས་བྱ་བ་སྟེ། ཡིད་དང་འཚམ་པའོ། །རིགས་པ་མ་ཡིན་པས་བསྐྱེད་པ་བཤད་པ་ནི། ཉེས་པར་སྤྱོད་པ་ལ་ཡང་དག་པར་སྦྱོར་བ་ནི་ཆས་མ་ཡིན་པ་ལ་ཡང་

དག་པར་འཛུད་པའོ། ཉོན་མོངས་པས་ཀུན་ནས་དཀྲིས་པ་ལ་ཡང་དག་པར་སྦྱོར་བས་འདུལ་བ་མ་ཡིན་པ་ལ་སྦྱོར་བ་སྟེ། འཇིག་རྟེན་གྱིས་མི་སྤྱོད་ཅིང་མ་བསྔགས་པ་ནི་ཚོགས་པར་ཀུན་དུ་སྤྱོད་པར་མི་འོས་པ་སྟེ། གསུམ་པོ་འདི་དག་ནི་གནས་མ་ཡིན་པའོ། །སེམས་ཅན་
རྣམས་ཀྱི་དོན་ལ་རབ་ཏུ་སྦྱོར་བ་ནི་ཤིན་ཏུ་ངལ་བར་གྱུར་ཀྱང་ཡོངས་སུ་མི་སྐྱོ་བ་ནི་ལུས་ལ་ངལ་བ་མེད་པ་དང་། ཡིད་ལ་སྐྱོ་བ་མེད་པ་སྟེ། སྙིང་རྗེ་ཅན་ནི་སྐྱོ་བར་མི་འགྱུར་རོ་ཞེས་བྱ་བས་སོ། །རྣམ་པར་སྨིན་པ་ལ་རེ་བ་མེད་པའི་ཕྱིར། ཟང་ཟིང་མེད་པ་ཉིད་བསྟན་པའི་ཕྱིར་རྒྱུ་མེད་པར་མཉེས་
གཤིན་པའོ། །རྒྱ་ཆེ་བ་ཉིད་ནི་ཆེན་པོ་ཉིད་དེ། མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ཉིད་དོ། །དེའི་ཕྱིར་སྨྲས་པ། རྣམ་པ་ཐམས་ཅད་དང་ཕྲད་ཀྱང་སྤོང་བར་མི་བྱེད་དེ་ཞེས་བྱ་བ་ལ་སོགས་པའོ། །དགའ་དགུར་མི་སྡུག་པར་བྱེད་ཀྱང་ཞེས་བྱ་བ་ནི་བདག་གི་བདེ་བ་ལ་ལྟོས་པ་མེད་
པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། གཞན་དག་ལ་ནི་རྣམ་གྲངས་གང་གིས་ཀྱང་སྡིག་པ་བྱེད་པར་མི་འདོད་དེ་ཞེས་བྱ་བའོ། །གཅིག་ལ་ཇི་ལྟར་བྱེད་པ་དེ་བཞིན་དུ་ཐམས་ཅད་ལ་བྱེད་པས་ཀུན་ལ་མཉམ་པ་ཡིན་ནོ། །དེའི་ཕྱིར་ཕྱོགས་གཅིག་ལ་མ་ཡིན་ནོ། །སེམས་ཅན་རྣམས་ལ་ཕན་པ་དང་
བདེ་བའི་བསམ་པ་དང་ལྡན་པའི་ཕྱིར་དགེ་བའི་བསམ་པ་ཅན་ཞེས་བྱའོ། །སྦྱོར་བས་ཕན་འདོགས་པའི་ཕྱིར་མཆོག་ཏུ་དགེ་བའི་བསམ་པ་ཅན་ཞེས་བྱའོ། །མོས་པ་ནི་ལྷག་པར་མོས་པའོ། །དེ་བཞིན་དུ་ངེས་པར་འཛིན་པས་སེམས་ཀྱི་དགའ་བ་སྟེ། དངོས་པོ་དེ་མི་འདོར་བའོ། །གཞན་གྱི་སྟོབས་
ཀྱིས་བསྐྱེད་པ་ནི་དད་པ་སྔོན་དུ་འགྲོ་བའོ། །རང་གི་སྟོབས་ཀྱིས་བསྐྱེད་པ་ནི་ཆོས་རབ་ཏུ་འབྱེད་པ་སྔོན་དུ་འགྲོ་བ་སྟེ། དབང་པོ་རྣོན་པོ་དང་རྟུལ་བའི་དབྱེ་བས་སོ། །དད་པ་སྔོན་དུ་འགྲོ་བ་ནི་སོ་སོར་རྟོགས་པ་ཞེས་བྱའོ། །ཅིག་ཤོས་ནི་ངེས་པར་བྱེད་པ་ཞེས་བྱའོ། །བསམ་པ་
ལྷག་པར་གྱུར་པ་ནི་ལྷག་པའི་བསམ་པ་སྟེ། ལྷག་པར་མོས་པའི་བསམ་པ་ཞེས་བྱའོ། །ལྷག་པ་ཉིད་ཀྱང་འཆད་པར་འགྱུར་བས་ཤེས་པར་བྱའོ། །དེ་ལྟར་ན་བསམ་པའི་མཚན་ཉིད་ཐ་དད་པ་མེད་ན་ཡང་དངོས་པོའི་དབྱེ་བ་དང་། གནས་སྐབས་ཀྱི་དབྱེ་བས་རྣམ་པ་བཅོ་ལྔར་བསྟན་

ཏོ་ཞེས་བྱ་བར་སྨྲས་པ། དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་བཅོ་ལྔར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ལྷག་པར་མོས་པའི་དངོས་པོ་ནི་བཅུ་སྟེ། སྐྱབས་སུ་འགྲོ་བའི་དངོས་པོ་ནི་གང་གི་ཕྱིར་སྨྲས་པ། མཆོག་གི་བསམ་པ་དང་ཞེས་བྱ་བའོ། །བསླབ་པའི་བསམ་པ་ནི་གང་གི་ཕྱིར་སྨྲས་
པ། ཚུལ་ཁྲིམས་ཀྱི་བསམ་པ་དང་ཞེས་བྱ་བའོ། །སྡོམ་པ་ལ་གནས་པའི་དགེ་བའི་ཆོས་བསྒོམ་པའི་དངོས་པོ་ནི་གང་གི་ཕྱིར་སྨྲས་པ། ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང་ཞེས་བྱ་བའོ། །ཀུན་ནས་ཉོན་མོངས་པ་མེད་པའི་དངོས་པོ་ནི་གང་གི་ཕྱིར་སྨྲས་པ། །དེ་ཁོ་ནའི་དོན་གྱི་བསམ་པ་
དང་ཞེས་བྱ་བའོ། །རྒྱ་ཆེ་བའི་དངོས་པོ་ནི་གང་གི་ཕྱིར་སྨྲས་པ། མཐུའི་བསམ་པ་དང་ཞེས་བྱ་བའོ། །དང་པོ་ནི་མཆོག་གི་གནས་ལ་ལྷག་པར་མོས་པར་འགྱུར་བའོ། །གཉིས་པ་ནི་ཉེས་པར་སྤྱོད་པ་ལས་དབེན་པ་ལའོ། །གསུམ་པ་ནི་དགེ་བའི་ཆོས་ལའོ། །བཞི་པ་ནི་ཟབ་མོའི་ཆོས་ལའོ། །
ལྔ་པ་ནི་རྒྱ་ཆེ་བའི་ཆོས་ལའོ། །སེམས་ཅན་ཕ་