Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 133

Văn bản gốc(Tây Tạng)

Trang 16 / 23 (50.000 ký tự/trang)
་ཞེས་བསྟན་པའི་ཕྱིར་སྨྲས་པ།
བྱང་ཆུབ་ཀྱི་ཚོགས་གང་ཞེ་ན་ཞེས་བྱ་བ་ལ་ཚོགས་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ། །དེ་དག་དབྱེ་བ་ཡང་སྔ་མ་བཞིན་ཏེ། འདི་ལྟ་སྟེ། བདག་དང་གཞན་གྱི་དོན་གྱི་ལེའུ་ལས་བསྟན་པ་བཞིན་ནོ། ཚོགས་དེ་དག་ལ་བརྟེན་པ་དང་། བསྒོམས་
པ་དང་། མང་དུ་བྱས་པ་དང་ལྡན་པ་ལས་བསྐལ་བ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་འཐོབ་པ་ཡིན་ནོ། །དེས་ན་གྲངས་མེད་པ་གསུམ་ནི་ཆུང་ངུ་ལ་སོགས་པའི་རྣམ་པས་གཞག་པ་སྟེ། མོས་པས་སྤྱོད་པ་ནི་ཆུང་ངུ་ཡིན་ཏེ། བརྩོན་འགྲུས་འབར་བ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །

སྤྱོད་པའི་སས་བསྡུས་པ་ནི་ཤིན་ཏུ་སྦྱང་དཀའ་བ་དང་། །མི་གཡོ་བའི་ཕྱིར་འབྲིང་པོའོ། །ངེས་པའི་ས་ལ་གནས་པ་ནི་རྣམ་པར་དག་པའི་ཕྱིར་ཆེན་པོའོ། །ཚོགས་ཡོངས་སུ་རྫོགས་པར་གྱུར་པ་ནི་ཚོགས་བསགས་པ་དང་ལྡན་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པར་རིགས་སོ་ཞེས་བྱ་བར་བསྟན་པའི་ཕྱིར། བྱང་
ཆུབ་ཀྱི་ཕྱོགས་བསྒོམ་པ་བསྟན་ཏོ། །སོ་སོ་ཡང་དག་པར་རིག་པ་བཞི་པོ་དག་ལ་བརྟེན་ནས་ཞེས་བྱ་བ་ནི་སོ་སོ་ཡང་དག་པར་རིག་པ་བཞིས་བདག་ཉིད་ཀྱི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པའི་ཐབས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་དང་། གཞན་ལ་རབ་ཏུ་སྒྲུབ་པར་བྱེད་པའི་ཐབས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །
དེ་དག་ལ་བརྟན་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་རྣམ་པ་བཞིར་རབ་ཏུ་ཤེས་པར་བྱའོ། །ཐབས་ཀྱིས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་རིགས་པ་དང་ཡང་དག་པར་ལྡན་པ་ཡིན་གྱི་མི་རིགས་པར་བྱེད་པ་ནི་མ་ཡིན་པ་སྟེ། ཤེས་པ་གང་གིས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རིག་
པའི་སྒོ་ནས་རབ་ཏུ་ཤེས་པའོ། །དེ་གང་ཞེ་ན་མངོན་སུམ་དུ་མ་བྱས་པའི་སྒོ་ནས་སོ། །དེའི་ཕྱིར་སྨྲས་པ། དེ་དག་མངོན་སུམ་ནི་མི་བྱེད་དོ་ཞེས་བྱ་བ་ནི་ཐབས་ཀྱིས་ཡོངས་སུ་ཟིན་པའི་ཤེས་པ་དེའོ། །ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ནི་ཤེས་པའི་རྣམ་པ་གཉིས་ཀྱི་ཚུལ་གྱིས་ཏེ། དེ་ལ་ཉན་
ཐོས་ཀྱི་ཐེག་པའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། གང་ཟག་ལ་བདག་མེད་པ་ལ་འཇུག་པའི་སྒོ་ནས་རང་དང་སྤྱིའི་མཚན་ཉིད་ཀྱི་རྣམ་པས་དེ་དག་ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་ཉན་ཐོས་ཀྱི་ས་ལས་བསྟན་པ་ཡིན་ནོ། །ཆོས་ལ་བདག་མེད་པ་ལ་འཇུག་
པའི་སྒོ་ནས་དོན་དམ་པའི་ཚུལ་ལ་བརྟེན་ནས་གཉིས་སུ་མེད་པའི་རྣམ་པར་ཐེག་པ་ཆེན་པོའི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དབུ་མའི་ལམ་གྱིས་རབ་ཏུ་བསྡུས་པའི་ཕྱིར་སྒྲོ་འདོགས་པའི་མཐའ་རྣམ་པར་སྤངས་པའི་ཡེ་
ཤེས་ཉིད་དེ། ངོ་བོ་ཉིད་དང་། ཁྱད་པར་དུ་རྣམ་པར་མི་རྟོག་པའོ། །དོན་དམ་པའི་ངོ་བོ་ལ་དམིགས་པའི་ཕྱིར་དེ་མེད་པ་ཡང་མ་ཡིན་པའོ། །དབུ་མའི་རྣམ་པས་བསྡུས་པ་བསྟན་པའི་ཕྱིར་སྨྲས་པ། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་ལུས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་ཐ་

ཚིག་གོ། །དེས་ན་སྨྲས་པ། དོན་དམ་པའོ་ཞེས་བྱ་བ་ནི་ཤེས་པ་དང་ཤེས་བྱ་དག་སྟེ་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་དོན་དམ་པ་ཉིད་དོ། །ཀུན་རྫོབ་ཀྱི་ཚུལ་གྱིས་ནི་ལུས་དྲན་པ་ཉེ་བར་གཞག་པའི་རྣམ་པ་དཔག་ཏུ་
མེད་པ་ཉིད་དེ། ལུས་ཀྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བྱེ་བྲག་གི་དབྱེ་བ་ཚད་མེད་པས་ཐ་དད་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་པ་རྣམས་ཀྱང་བལྟ་བར་བྱའོ། །ཉན་ཐོས་རྣམས་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་ནི་བདེན་པ་རྣམ་པར་གཞག་པ་རབ་ཏུ་ཤེས་པ་ཉིད་དོ། །བྱང་ཆུབ་སེམས་དཔའི་དོན་དམ་
པའི་ཚུལ་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པའི་ཚུལ་གྱིས་ཆོས་ཉིད་རབ་ཏུ་རྟོགས་པར་བསྟན་པའི་ཕྱིར་སྨྲས་པ། ལུས་དང་ཚོར་བ་ལ་སོགས་པ་ལ་འབྲས་བུར་གྱུར་པ་སྡུག་བསྔལ་ཉིད་དུ་ཡང་རྣམ་པར་མི་རྟོག་ལ་ཀུན་འབྱུང་བ་ལ་རྒྱུར་གྱུར་པར་ཡང་རྣམ་པར་མི་རྟོག་ཅིང་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པས་བྱས་
པའི་མི་མཐུན་པའི་ཕྱོགས་སྤོང་བ་ལ་ཡང་འགོག་པ་ཞེས་མི་རྟོག་ལ། སྤོང་བ་ཐོབ་པའི་རྒྱུར་གྱུར་པ་ལ་ཡང་ལམ་དུ་མི་རྟོག་ཅིང་བདེན་པ་རྣམ་པར་གཞག་པའི་ཚུལ་གྱི་དབང་དུ་བྱས་ནས་བདེན་པ་མཐོང་བའི་དུས་སུ་ཆོས་བདག་མེད་པའི་ཤེས་པས་བདེན་པ་མཐོང་ངོ་ཞེས་བྱས་ནས་བརྗོད་དུ་མེད་པའི་ངོ་བོར་སྡུག་
བསྔལ་གྱི་ཆོས་ཉིད་ལ་སོགས་པ་བསྟན་པས་དེ་ལྟར་དོན་དམ་པའི་ཚུལ་གྱིས་བདེན་པ་བསྒོམ་པ་བསྟན་པ་ཡིན་ནོ། །ཀུན་རྫོབ་ཀྱི་ཚུལ་གྱིས་ནི་བདེན་པ་ལ་མཁས་པ་ཚད་མེད་པའི་ཚུལ་གྱིས་རྗེས་སུ་འགྲོ་བར་ཤེས་པར་བྱ་བའོ། །ཞི་གནས་ཀྱི་རྣམ་པའམ། ལྷག་མཐོང་གི་རྣམ་པས་ཀྱང་བྱང་ཆུབ་ཀྱི་ཕྱོགས་
བསྒོམ་པར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར་དེའི་རྗེས་ལ་ཞི་གནས་དང་ལྷག་མཐོང་བསྟན་ཏེ། །ཆོས་དེ་དང་དེ་དག་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་གྱི་རྣམ་པས་རབ་ཏུ་ཕྱེ་བའི་ཕྱིར་རྟོག་པ་མེད་པ་ནི་ཞི་གནས་སོ་ཞེས་བསྟན་པ་ཡིན་ནོ། །ལྷག་མཐོང་ནི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་ཇི་ལྟ་བ་
བཞིན་ཤེས་པ་ནི་ལྷག་མཐོང་ཞེས་བསྟན་པ་ཡིན་ནོ། །རྣམ་པ་བཞི་པོ་འདི་དག་ཅེས་བྱ་བ་ནི་རྒྱུ་བསྒོམ་པ་ཉིད་དང་། འབྲས་བུ་བསྒོམ་པ་ཉིད་དང་། ལྷུན་གྱིས་གྲུབ་པར་འཇུག་པ་ཉིད་དང་། རོ་གཅིག་པར་འཇུག་པ་ཉིད་དོ། །དེ་ལྟར་ན་རྒྱུའི་ངོ་བོ་དང་། འབྲས་བུའི་ངོ་བོ་དང་། རྣམ་པའི་ཁྱད་

པར་གྱི་དབང་དུ་བྱས་ནས་རྣམ་པ་བཞིར་རྣམ་པར་གཞག་གོ། །ཞི་གནས་ལ་བརྟེན་ནས་ལྷག་མཐོང་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དོན་དམ་པ་པ་དང་། བརྡར་བཏགས་པའི་ཤེས་པ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་རྒྱུའི་ངོ་བོས་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་པ་པ་ནི་བརྗོད་དུ་
མེད་པའི་ཆོས་ཉིད་ལ་དམིགས་པའོ། །བརྡར་བཏགས་པ་ནི་རྣམ་པར་གཞག་པ་ཚད་མེད་པའི་རྗེས་སུ་འཇུག་པས་རང་དང་སྤྱིའི་མཚན་ཉིད་ལ་དམིགས་པའོ། །དང་པོའི་སྔོན་དུ་འགྲོ་བ་ནི་མཚན་མ་མེད་པའི་རྣམ་པར་མི་རྟོག་པའོ། །གཉིས་པའི་སྔོན་དུ་འགྲོ་བ་ནི་མཚན་མ་དང་བཅས་པའི་རྣམ་པར་མི་རྟོག་
པའོ། །གང་གི་ཚེ་ལྷག་མཐོང་ལ་བརྟེན་ནས་ཞི་གནས་སྒོམ་པར་བྱེད་ན་ནི་དེའི་ཚེ་ཤེས་པའི་འབྲས་བུ་རྣམ་པར་གཞག་པར་བྱ་སྟེ། །དོན་དམ་པའི་ཤེས་པའི་འབྲས་བུ་ནི་ཞི་གནས་སོ། །ཐ་སྙད་ཐམས་ཅད་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པར་འཇུག་པ་དང་ལྷུན་གྱིས་གྲུབ་པར་འཇུག་པ་སྟེ། བརྗོད་དུ་མེད་པའི་
རྣམ་པ་ཉིད་ཡིན་པའི་ཕྱིར་ཡིད་ལ་བྱེད་པས་དབེན་པ་ཉིད་དོ། །དེའི་ཕྱིར་སྨྲས་པ། བརྗོད་དུ་མེད་པའི་དངོས་པོ་ཙམ་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པ་ཡིད་ལ་མི་བྱེད་པས་དབེན་པའི་ཕྱིར་མཚན་མ་མེད་པའོ། །ངོ་བོ་ཉིད་དུ་རྟོགས་པ་ལ་སོགས་པ་དང་བྲལ་བའི་ཕྱིར་རྣམ་པར་མི་རྟོག་པའོ། །
རྣམ་པ་འདི་གཉིས་ཉིད་ཀྱིས་ནི་ཞི་བའོ། །མཉམ་པ་ཉིད་དུ་རོ་གཅིག་པ་ཉིད་ནི་དོན་དམ་པའི་རྣམ་པ་ཉིད་དང་། རོ་གཅིག་པར་འཇུག་པ་ཉིད་དང་། དེ་བཞིན་དུ་ཐོག་མ་དང་བར་མ་དང་ཐ་མར་ས་དང་ས་རྣམས་ལ་ཞི་གནས་ཀྱི་ལམ་འཇུག་པར་འགྱུར་རོ། །ལྷག་མཐོང་རྣམ་པ་བཞི་ཡང་ཐབས་ཀྱི་རྒྱུ་ཉིད་དང་།
རབ་ཏུ་དབྱེ་བས་རྣམ་པར་གཞག་པར་བྱའོ། །ཇི་སྐད་བཤད་པའི་ཞི་གནས་ལ་བརྟེན་ནས་དོན་དམ་པ་པ་དང་། བརྡར་བཏགས་པའི་ཤེས་པས་བསྡུས་པའི་ལྷག་མཐོང་བསྒོམ་པར་བྱའོ། །རྒྱུའི་སྒོ་ནས་རྣམ་པ་གཅིག་རྣམ་པར་གཞག་པར་བྱའོ། །དོན་དམ་པ་པའི་ཡེ་ཤེས་ཀྱིས་བསྡུས་པ་ནི་མཐའ་གཉིས་
རྣམ་པར་སྤངས་པའི་སྒོ་ནས་རྣམ་པ་གཉིས་སོ། །ཀུན་རྫོབ་ཀྱི་ཤེས་པའི་སྒོ་ནས་བསྡུས་པ་ནི་ཚད་མེད་པའི་དབྱེ་བའི་ཚུལ་གྱིས་སོ། །དེ་ལྟ་བུའི་ཞི་གནས་དང་ལྷག་མཐོང་དག་བསྒོམས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་བྱ་བར་སྨྲས་པ། ཡང་དག་པར་འཐོབ་

པའི་བར་དུ་འཇུག་སྟེ་ཞེས་བྱ་བ་ལ་སོགས་པའོ། །ཐབས་ལ་མཁས་པས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱའོ་ཞེས་བྱ་བར་དེའི་རྗེས་ལ་ཐབས་མཁས་པས་བསྟན་ཏོ། །གཞན་དུ་ཐབས་ལ་མཁས་པ་མེད་པར་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་ནི་འགོག་པ་མངོན་སུམ་དུ་བྱེད་པར་
ཐལ་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་ཐབས་མ་ཡིན་པའི་ཆོས་ནི་དྲུག་གོ། །དེའི་གཉེན་པོའི་ཕྱོགས་རྣམ་པ་དྲུག་ནི་ཐབས་ལ་མཁས་པ་སྟེ། སེམས་ཅན་རྣམས་ལ་ཉོན་མོངས་པ་ཅན་གྱི་སྙིང་བརྩེ་བ་དང་། འཁོར་བའི་ཉེས་དམིགས་ལ་བལྟ་བ་དང་། མྱ་ངན་ལས་འདས་
པ་ཐོབ་པའི་ཕན་ཡོན་མཐོང་བ་དང་། དེ་དག་གཉི་ག་ལ་བརྟེན་པའི་འཁོར་བ་ཡོངས་སུ་སྤོང་བ་དང་། ཀུན་དུ་རྨོངས་པ་ལ་བརྟེན་པ་དང་། ལེ་ལོས་བརྩོན་འགྲུས་མི་རྩོམ་པའོ། །ཉོན་མོངས་པ་ཅན་གྱི་སྙིང་བརྩེ་བའི་གཉེན་པོར་སྨྲས་པ། སྙིང་རྗེ་དང་ལྡན་པར་བལྟ་བ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་
ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ཐབས་ལ་མཁས་པ་འདི་དག་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་གཞག་པར་བྱ་སྟེ། ཤེས་རབ་དང་ཐབས་མི་འགལ་བར་འཇུག་པ་ཉིད་དང་། འཁོར་བ་དང་མྱ་ངན་ལས་འདས་པ་མི་འགལ་བར་བསྒྲུབ་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། བརྩོན་འགྲུས་བརྩམས་
པ་མི་འགལ་བར་འཇུག་པ་ཉིད་དོ། །ཀུན་ནས་ཉོན་མོངས་པ་ཅན་ཡིན་ཡང་ཉོན་མོངས་པ་དང་བྲལ་བར་བྱ་བའི་ཕྱིར་བརྩོན་འགྲུས་འབར་བར་གྱུར་པ་སྟེ། བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པ་དང་བྲལ་བཞིན་དུ་བརྩོན་འགྲུས་འབར་བ་དང་ལྡན་པ་འདི་ནི་ཐབས་ལ་མཁས་པའོ། །འབྲས་བུ་ཚད་
མེད་པ་ཡོངས་སུ་འཛིན་པ་དང་། དེ་བཞིན་དུ་བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་པ་དང་། སེམས་ཅན་རྣམ་པ་བཞི་ལ་ཡང་དག་པའི་སྒྲུབ་པ་རྣམ་པ་བཞིའི་དབང་དུ་བྱས་ནས་སྨྲས་པའོ། །གཞན་ཡང་ཐབས་ལ་མཁས་པ་རྣམ་པ་དྲུག་སྟེ། དངོས་པོ་དང་ཞིང་དག་ཆུང་ངུ་དག་ལས་དགེ་བ་ཆུང་
ངུ་བསྐྱེད་པ་ལས། ཡོངས་སུ་བསྔོ་བའི་ཁྱད་པར་གྱི་སྦྱོར་བས་འབྲས་བུ་ཚད་མེད་པར་འགྱུར་རོ། །དེ་ནི་གཞུང་ཉིད་ལས་དོན་གོ་བར་ཟད་དེ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་དང་། ནོར་ཟད་པ་དང་བྲལ་བས་བདེ་བ་དང་། ཡིད་བདེ་བའི་སྒོ་ནས་བསོད་ནམས་མང་པོ་ལ་

ཡང་དག་པར་སྦྱོར་བ་ནི་བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་ཏོ། །ཉོན་མོངས་པའི་སྒོ་ནས་ཞུགས་ཀྱང་བསོད་ནམས་མེད་པའི་སྦྱོར་བ་རྣམས་ལ་ངལ་བ་མེད་པའི་སྒོ་ནས་བསོད་ནམས་མང་པོ་སོགས་པར་འགྱུར་བའི་ཐབས་སྟོན་པར་བྱེད་དོ། །དེ་ལས་འདུན་པ་བཟློག་ཅིང་ཞེས་པ་མི་འདོད་པའི་འབྲས་བུ་སྟེར་བ་
ཐབས་མ་ཡིན་པ་དེ་ལས་བཟློག་ནས་ཚེགས་ཆུང་ཞིང་འབྲས་བུ་ཆེ་བའི་ཡང་དག་པར་བླངས་བ་ལ་འཛུད་དེ། དེ་ལྟར་ན་འབད་པ་ཆུང་དུས་དགེ་བའི་རྩ་བ་རྒྱ་ཆེན་པོ་ཡང་དག་པར་སྐྱེད་པར་བྱེད་དོ། །ཡང་དཀའ་སྤྱད་ཀྱི་དཀའ་ཐུབ་ཀྱིས་དོན་མེད་པ་ལ་ཞུགས་པའི་སེམས་ཅན་རྣམས་ལ་དེ་ལས་འདུན་པ་བཟློག་
ནས་བདེ་བ་རྗེས་སུ་འཇུག་པ་འབྲས་བུ་ཆེ་བ་དེ་དག་ལ་སྟོན་པར་བྱེད་དོ། །ཡང་མཐོ་རིས་འདོད་ཅིང་བདེ་འགྲོའི་ལམ་ལས་ཉམས་པས་ཚུལ་མ་ཡིན་པའི་སྒོར་ཞུགས་པས་ངལ་བར་གྱུར་པ་རྣམས་ལ་ཚུལ་དང་མཐུན་པའི་ལུགས་འཇིག་རྟེན་གཉི་གར་བདེ་བའི་ལམ་སྟོན་པར་བྱེད་དོ། །ཡང་དག་པར་བྱ་བའི་
བསམ་པས་ཡོངས་སུ་ངལ་བར་གྱུར་ཅིང་དོན་མེད་པའི་བསྟན་བཅོས་ལ་ལྷག་པར་མོས་པ་རྣམས་སངས་རྒྱས་ཀྱི་ཐེག་པ་ལ་འཛུད་ཅིང་ཡང་དག་པར་སྟོན་པར་བྱེད་དོ། །ཡང་ཤེས་བྱའི་དངོས་པོ་རྣམས་ཀྱི་རྣམ་པའི་ཁྱད་པར་ལ་ཤེས་བྱའི་མིག་གིས་ཡིད་ལ་བྱེད་པ་ཙམ་གྱིས་བསོད་ནམས་རྒྱ་ཆེ་ཞིང་ཚད་མེད་པ་
བསྐྱེད་པར་འགྱུར་རོ་ཞེས་བྱས་ནས་ཡང་དག་པར་འཛུད་པར་བྱེད་དོ། །དེ་ནི་མདོ་ལས་ཇི་སྐད་གསུངས་པ་བཞིན་ཏེ་འདུས་བྱས་ཐམས་ཅད་ལ་འདོད་ཆགས་དང་འབྲལ་བར་མཐོང་བ་དང་ཞེས་བྱ་བ་ནས་འདི་ནི་དེ་བས་ཆེས་འབྲས་བུ་ཆེན་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་སྦྱིན་པ་ལས་ཁྱད་པར་
དུ་འཕགས་པར་བསྟན་པ་ཡིན་ནོ། །ཡང་ཡིད་ལ་བྱེད་པས་བདག་གིར་མ་བཟུང་ཞིང་ཡོངས་སུ་གཟུང་བ་མེད་པའི་དངོས་པོ་རྣམས་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པར་ལྷག་པར་མོས་པའི་སྒོ་ནས་ཀྱང་བསོད་ནམས་ཡོངས་སུ་འཛིན་ཏོ། །ཡང་ཕྱོགས་བཅུའི་དཀོན་མཆོག་གི་མཆོད་པ་ལ་རྗེས་སུ་
ཡི་རང་བའི་སྒོ་ནས་དང་། རྗེས་སུ་དྲན་པ་དྲུག་བསྒོམ་པའི་སྒོ་ནས་དང་། ཀུན་དུ་རྟོག་པའི་མཆོད་པའི་སྒོ་ནས་མཆོད་པའི་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་སྙིང་རྗེའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་སྨིན་པ་མི་འདོད་པ་དེ་ཐམས་ཅད་

བདག་གིས་མྱོང་བར་འདོད་པའི་སྒོ་ནས་དང་། བསླབ་པ་འདོད་པའི་རྗེས་སུ་འཇུག་པའི་བསམ་པས་དགོངས་པར་བྱས་པས་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་སོ་སོར་བཤགས་པའི་སྒོ་ནས་སྡིག་པ་སོ་སོར་འཆགས་པར་བྱེད་པའི་ཕན་ཡོན་གྱི་ཁྱད་པར་བསྟན་པའི་ཕྱིར་ལས་ཀྱི་སྒྲིབ་པ་
ཐམས་ཅད་ལས་རྣམ་པར་ཐར་པར་འགྱུར་རོ་ཞེས་བྱ་བའོ། །སེམས་ལ་དབང་བསྒྱུར་བ་ཐོབ་པའི་སྤྲུལ་པས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། སེམས་ཅན་གྱི་དོན་བྱ་བའི་སྒོ་ནས་ཀྱང་ངོ་། །ཚད་མེད་པ་བཞི་བསྒོམ་པའི་སྒོ་ནས་ཀྱང་བསོད་ནམས་ཆེན་པོ་ཡོངས་སུ་འཛིན་པ་བསྟན་པ་ཉིད་ཡིན་ནོ། །དེ་ལྟར་རྣམ་
པ་བཅུ་གཉིས་པོ་མ་ལུས་པ་སྤངས་ཤིང་ཚད་མེད་པའི་བསོད་ནམས་སོགས་པར་རིག་པར་བྱ་བའོ། །ལོག་པའི་ལམ་གྱི་བསྙུང་བ་ལ་མོས་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་བསྙུང་བའི་ལམ་སྟོན་པ་དང་། དཀའ་སྤྱད་ཀྱི་བརྟུལ་ཞུགས་ལ་མོས་པ་རྣམས་ལ་དབུ་མའི་ལམ་ངེས་པར་སྟོན་པ་དང་། མཐོ་རིས་ཀྱི་ལམ་
རྣམ་པར་ཉམས་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་ལམ་ཉེ་བར་སྟོན་པ་དང་། བསྟན་བཅོས་ངན་པ་ལ་མོས་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་ཆོས་སྟོན་པ་དང་། ཤེས་བྱའི་དེ་ཁོ་ན་ཉིད་ལ་རྨོངས་པ་རྣམས་ལ་ཤེས་བྱ་ཕྱིན་ཅི་མ་ལོག་པར་སྟོན་པའོ། །ཐབས་ལ་མཁས་པས་ཡོངས་སུ་ཟིན་པའི་མཆོད་པ་ཉེ་བར་
བསྒྲུབ་པ་ནི་གཞན་གྱིས་བྱས་པའི་མཆོད་པ་ལ་རྗེས་སུ་ཡི་རང་བ་ཉིད་དོ། །རྗེས་སུ་དྲན་པ་དྲུག་བསྒོམ་པ་ནི་ཀུན་དུ་རྟོག་པའི་མཆོད་པའི་བྱ་བའོ། །སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གཞན་གྱི་སྡུག་བསྔལ་བདག་གིས་མྱོང་བར་འདོད་པ་དང་། འདས་པ་ལ་སོགས་པའི་སྡིག་པ་
བཤགས་པར་བྱེད་པ་ཉིད་དང་། སྤྲུལ་པས་མཆོད་པ་དང་། སེམས་ཅན་གྱི་དོན་བྱ་བ་དང་། ཚད་མེད་པ་བསྒོམ་པར་བྱ་བའོ། །མདོར་བསྡུས་ནས་ཐབས་རྣམ་པ་དྲུག་ཏུ་རྣམ་པར་གཞག་པ་ནི་བསམ་པའི་སྦྱོར་བ་དང་། བྱ་བ་ལ་འཁྱིག་པའི་དབྱེ་བའི་སྦྱོར་བ་དང་། མི་མཐུན་པའི་བསམ་པའི་སྦྱོར་
བ་དང་ཆད་པས་ཚར་བཅད་པའི་སྦྱོར་བ་དང་། བྱས་པ་ལ་ལན་དུ་ཕན་འདོགས་པའི་སྦྱོར་བ་དང་། ངོ་བོ་ཉིད་ཀྱིས་གྲུབ་པའི་སྦྱོར་བའི་དབང་དུ་བྱས་ནས་བསྟན་ཏོ། །དེ་ལ་མདོར་བསྡུ་ན་མཐུན་པའི་ཐབས་ནི་རྣམ་པ་བདུན་དུ་བསྟན་ཏེ། རིམ་གྱིས་འཇུག་པའི་ཆོས་སྟོན་པ་དང་། ཆོ་འཕྲུལ་རྣམ་

པ་གསུམ་སྟོན་པ་དང་། གཞན་ལ་གསོལ་བ་འདེབས་པ་ཉིད་དང་། བསྟན་བཅོས་ཀྱི་རྗེས་སུ་འཇུག་པའི་བྱ་བ་དང་། མདོར་བསྟན་པ་ལ་སོགས་པས་སྦྱིན་པ་དང་། གདམས་ངག་དང་རྗེས་སུ་བསྟན་པ་དག་དང་། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་འགྲེལ་པའོ། །རིམ་གྱིས་འཇུག་པའི་ཆོས་
སྟོན་པ་ལ་ཡང་རྣམ་པ་ལྔར་ཤེས་པར་བྱ་སྟེ། འཇིག་རྟེན་ཤེས་པ་གཙོ་བོར་བྱས་པ་ཉིད་ཀྱིས་རབ་ཏུ་དགའ་བར་བྱས་པ་དང་། ཟང་ཟིང་རབ་ཏུ་སྦྱོར་བ་དང་། མཐུན་པར་འཇུག་པས་རབ་ཏུ་གཟུང་བ་དང་། བདག་ཉིད་ལ་གུས་པ་བསྐྱེད་པར་བྱ་བ་དང་། ཆོས་ལ་འདོད་པ་བསྐྱེད་པར་བྱ་བའོ། །རྣམ་པ་
འདི་ལྔས་སྣོད་དུ་རུང་བར་བྱས་ནས་ཡང་ཉེ་བར་ཞི་བའི་རྒྱུར་གྱུར་པའི་ཆོས་ལྔ་བསྟན་པར་བྱ་སྟེ། དགོས་པ་རྣམ་པ་ལྔ་བསྒྲུབ་པའི་ཕྱིར་རོ། །རྣམ་པ་ལྔ་པོ་ཉིད་སྨྲས་པ་དང་གདུལ་བྱ་དང་རྗེས་སུ་མཐུན་པར་སྟོན་པ་ནི་གང་ཡང་སྨྲས་པ། ཅི་རིགས་པ་ཞེས་བྱ་བའོ། །དོན་རྣམ་པར་ཕྱེ་ནས་སྟོན་པ་ནི་གང་ཡང་
སྨྲས་པ་ཡང་ལེགས་པར་འཇུག་པར་འགྱུར་བ་ཞེས་བྱ་བའོ། །ངེས་པའི་ཚིག་དང་ཡི་གེ་ནི་གང་ཡང་སྨྲས་པ། བརྡ་ཕྲད་པར་ཞེས་བྱ་བའོ། །རྗེས་སུ་མཐུན་པའི་སྤྱོད་ལམ་གྱིས་གནས་པས་ཡོངས་སུ་སྨིན་པ་ནི་གང་ཡང་སྨྲས་པ། དུས་སུ་ཞེས་བྱ་བའོ། །སྦྱིན་པ་ལ་སོགས་པ་རིམ་གྱིས་སྟོན་པའམ་མདོར་
བསྟན་ནས་རྒྱས་པར་ཕྱིས་སྟོན་པ་ནི་རིམ་གྱིས་ཞེས་བྱ་བའོ། །ཇི་ལྟར་དགོངས་པའི་སྒོ་ནས་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱུང་བ་ནི་གང་གི་ཕྱིར་སྨྲས་པ། ཕྱིན་ཅི་མ་ལོག་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ནང་གི་རིག་པས་བསྡུས་པ་དེ་བཞིན་གཤེགས་པས་བསྟན་པའི་དོན་བསྟན་
པ་ཡིན་ནོ། །སེམས་ཅན་དག་གི་དོན་རྣམ་པ་བཞི་བསྒྲུབ་པ་ནི་གཞན་དུ་ནུས་པ་མ་ཡིན་ནོ་ཞེས་བྱ་བས་གཞན་གྱིས་བརྒལ་ཡང་རུང་ཁྱད་དུ་བསད་ཀྱང་རུང་ཁྲོ་བར་མི་བྱེད་དེ། གཡོ་བར་མི་བྱེད་པར་རྗེས་སུ་མཐུན་པའི་ལན་འདེབས་པར་བྱེད་པ་ནི་མི་བརྗེད་པར་བྱེད་དོ་ཞེས་བྱ་བ་སྟེ། སེམས་ཅན་
རྣམས་ཀྱི་དགོས་པ་རྣམ་པ་བཞི་ཡང་དག་པར་སྒྲུབ་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱེད་འདོད་པའི་སེམས་ཀྱིས་རབ་ཏུ་འཇུག་པ་ཉིད་ལ་རབ་ཏུ་སྦྱོར་བར་བྱེད་དོ་ཞེས་བསྟན་པའི་ཕྱིར་གང་ཅི་ཡང་རུང་བའི་རྣམ་པས་དོན་དེ་བསྒྲུབ་པར་བྱའོ་ཞེས་ངེས་པར་བྱེད་པ་ཉིད་ནི་བྱེད་འདོད་པ་ཉིད་དོ། །དེའི་

རྒྱུ་བསྟན་པ་ནི་སྙིང་བརྩེ་བའི་སེམས་དང་ཡང་ལྡན་ནོ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བསམ་པ་ནི་བྱེད་འདོད་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཆོ་འཕྲུལ་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་སྨྲས་པ། དེ་རྫུ་འཕྲུལ་དང་ཞེས་བྱ་བ་ལ་སོགས་པ་ལ། རང་གིས་
མི་ནུས་ན་ཡང་གཞན་ལ་གསོལ་བ་བཏབ་པས་སམ། སྤྲུལ་པའི་སྦྱོར་བས་སེམས་ཅན་རྣམས་འདུལ་བར་བྱེད་དེ། དགོས་པ་རྣམ་པ་བཞི་ལ་སྒྲུབ་པས་སོ། །མདོར་བསྡུས་པ་རྣམས་ཞེས་བྱ་བ་ལ་མདོར་བསྟན་པ་རྣམས་ཞེས་བྱ་བ་ནི་དེའི་ཚིག་དང་ཡི་གེ་ལ་སོགས་པས་རྒྱས་པར་བསྟན་པར་བྱའོ། །ཧ་
ཅང་ཡང་རྒྱས་ཆེས་པ་རྣམས་ཞེས་བྱ་བ་ནི་རྒྱས་པར་བསྟན་པས་འཇིགས་པ་རྣམས་ལ་སྙིང་པོའི་དོན་དང་ཡི་གེ་མདོར་བསྡུས་པའི་བྱ་བས་ཡང་དང་ཡང་དུ་བསྟན་པ་བྱས་པས་བློ་དམན་པ་རྣམས་རྗེས་སུ་གཟུང་བའོ། །རྣམ་པ་བཞིས་དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་དོན་དང་ཡི་གེས་རྟོགས་
པར་བྱ་བའི་ཕྱིར་བསྟན་པ་ལ་སོགས་པས་སྟོན་པར་ཤེས་པར་བྱའོ། །མདོར་བསྟན་པ་དང་དྲན་པར་བྱ་བའི་ཕྱིར་ཡི་གེ་བསྒྲུབ་པའོ། ཕྱིན་ཅི་མ་ལོག་པར་གཟུང་བ་དང་། དྲན་པས་ལེན་པ་དང་གོ་རིམས་བཞིན་ནོ། །དྲིས་པའི་ལན་གདབ་པ་དང་། དོན་བསྟན་པ་ཉིད་ནི་དོན་ཉེ་བར་བསྒྲུབ་པ་སྟེ།
ཐེ་ཚོམ་དང་། མི་ཤེས་པ་གཉིས་ཀྱི་གཉེན་པོའི་ཕྱོགས་སོ། །འཇུག་པའི་སྒོ་ཞེས་བྱ་བ་ནི་མི་སྡུག་པ་བསྒོམ་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་སོ། །དོན་དམ་པ་ཉེ་བར་སྦས་པའི་ཕྱིར་ཤིན་ཏུ་ཟབ་པའི་ཆོས་སྟོན་པ་དང་། བདག་མེད་པ་གསལ་བར་བྱེད་པས་སྟོང་པ་ཉིད་དང་ལྡན་པའོ། །
དགོངས་པ་དང་བཅས་པའི་ཚིག་གིས་བསྟན་པས་ན་དགོངས་པའི་དོན་ཞེས་བྱ་བའོ། །མདོ་སྡེ་གང་དག་ལས་ཞེས་བྱ་བ་ནི་རང་བཞིན་མེད་པ་ལ་སོགས་པར་སྟོན་པ་རྣམས་སོ། །ཉན་ཐོས་ཀྱི་ཐེག་པར་ནི་ཆོས་རྣམས་ཀྱི་ངོ་བོ་ལ་སོགས་པས་བསྟན་ཏོ་ཞེས་བྱ་བས་དངོས་པོ་ལ་མངོན་པར་ཞེན་པ་ཉིད་འཇིག་པའི་
སེམས་ཀྱིས་འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་མ་ཡིན་ནོ་ཞེས་རབ་ཏུ་སྤོང་བར་བྱེད་དོ། །དེ་དག་ལས་མཐུན་པ་དང་། འགལ་བ་མེད་པ་དང་། དགོངས་པ་དང་བཅས་པའི་དོན་སྟོན་པར་བྱེད། འཛིན་དུ་འཇུག་གོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྨྲས་པ། འདི་ལྟར་ཆོས་འདི་དག་ནི་ཐམས་ཅད་ཀྱི་

ཐམས་ཅད་དུ་མེད་པ་མ་ཡིན་གྱི་ཞེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོར་འགྱུར་བའོ། །འོན་ཀྱང་བྱིས་པས་ཀུན་དུ་བརྟགས་པའི་ངོ་བོ་འདི་ལ་མེད་པས་ངོ་བོ་མེད་པ་ཞེས་བརྗོད་དོ། །དངོས་པོ་མེད་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། དངོས་པོ་ཞེས་བརྗོད་པ་ནི་མངོན་པར་བརྗོད་པའི་ཚིག་གི་གནས་སུ་གྱུར་པ་གང་ལ་བརྟེན་ནས་
བྱིས་པ་རྣམས་ཀྱི་བརྗོད་པ་འཇུག་པའོ། །དེ་ལྟར་ན་ཡང་དངོས་པོ་ནི་ངག་གི་ཡུལ་ལས་འདས་པར་གྱུར་པའི་ཕྱིར་མངོན་པར་བརྗོད་པའི་བདག་ཉིད་དུ་ཡོད་པ་མ་ཡིན་ཏེ། དོན་དམ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ངོ་བོ་ཉིད་མེད་པའོ། །ཇི་ལྟར་ནམ་མཁའ་གོས་པ་མེད་ཅིང་སྤྲོས་པ་དང་བྲལ་བ་
གཟུགས་མེད་པ་བྱ་བ་ཐམས་ཅད་ཀྱི་སྐབས་འབྱེད་པ་དང་རྟེན་དུ་གྱུར་པ་ཉིད་ལ་གློ་བུར་གྱི་གཟུགས་ཀྱི་དྲི་མ་དང་བྲལ་བར་གྱུར་ན་འོད་གསལ་བ་ཞེས་བརྗོད་དོ། །དེ་བཞིན་དུ་བརྗོད་དུ་མེད་པའི་ཡོངས་སུ་གྲུབ་པའི་དངོས་པོ་ཡང་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མོངས་པ་རྣམ་པར་རྟོག་པ་ཐམས་ཅད་
ཀྱི་སྤྲོས་པ་དང་བཅས་པར་སྣང་བ་ཡང་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་ན་རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། དེའི་ཕྱིར་ནམ་མཁའ་དང་མཚུངས་པར་བསྟན་པ་ཡིན་ནོ། །འདུ་ཤེས་རྣམས་ཀྱི་རྣམ་པར་རྟོག་པའི་ངོ་བོར་གཏོགས་པའི་སྤྲོས་པ་ནི་ཁྱད་པར་དུ་རྣམ་པར་རྟོག་པ་ལ་སོགས་པའོ། །
དེ་ལ་ཆགས་པ་ནི་མངོན་པར་ཞེན་པའོ། །དེ་ལྟར་ན་རྣམ་པར་རྟོག་པ་ལ་མངོན་པར་ཞེན་ཅིང་ཆགས་པ་ཞེས་བྱ་བའི་ཐ་ཚིག་སྟེ། གཟུགས་ཀྱི་བྱ་བའི་གནས་གློ་བུར་བས་འཇུག་པའི་ཕྱིར་རོ། །རྣམ་པར་རྟོག་པ་འདི་རྣམས་ནི་རང་གི་ངང་གིས་འཇུག་པའི་རྣམ་པར་རྟོག་པ་དང་བྲལ་བར་བསྟན་པའི་ཕྱིར།
ཡེ་ཤེས་འཕགས་པ་ཞེས་བྱ་བ་ནི་གང་གི་ཚེ་ཡེ་ཤེས་ཀྱི་སྟོབས་ཀྱིས་བསལ་བ་དེའི་ཚེ་འཕགས་པའི་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕགས་པའི་མཆོག་གི་ཡེ་ཤེས་ཡོངས་སུ་གྲུབ་པའི་ཡུལ་གྱི་ངོ་བོར་འགྱུར་རོ། །དེའི་ཕྱིར་སྨྲས་པ། སྣང་སྟེ་ཞེས་བྱ་བ་ལ། འདི་ལས་མཆོག་ཏུ་གྱུར་པའི་
ངོ་བོ་མེད་པ་སྟེ། དེ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། གཞན་ཚོལ་བར་མི་བྱེད་དེ་ཞེས་བྱའོ། །ཇི་ལྟར་སྒྱུ་མ་དངོས་པོ་དང་དངོས་པོ་མེད་པ་ལས་གྲོལ་བའི་ཕྱིར་གཉིས་སུ་མེད་པའི་རྣམ་པ་ཡིན་པ་ལྟར་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུའོ། །དེ་ལྟར་ན་

གཉིས་སུ་མེད་པའི་ཆོས་ཉིད་ཀྱི་རྣམ་པ་ལ་གཞན་ཅུང་ཟད་ཀྱང་བསལ་བར་བྱ་བ་མེད་དེ། དེ་ཙམ་དུ་ཁས་བླངས་པའི་ཕྱིར་དང་། སྐུར་པ་འདེབས་པའི་མཐའ་སྤངས་པའི་ཕྱིར་རོ། །ཅུང་ཞིག་བསྟན་དུ་ཡང་མེད་དེ། སྒྲོ་འདོགས་པའི་མཐའ་སྤངས་པའི་ཕྱིར་རོ། །དེའི་རྣམ་གྲངས་
ཉིད་ནི་ཉུང་ངུར་ཡང་མི་བྱེད། ལྷག་པར་ཡང་མི་བྱེད་ཅེས་བྱ་བ་ལ་སོགས་པའོ། །རྣམ་པར་འཇིག་པར་ཡང་མི་བྱེད་ཅེས་བྱ་བའི་དོན་བསྟན་པའི་ཕྱིར་ཡང་དག་པ་ལ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་རྣམ་པ་དགུ་ལ་འདོད་པའི་དོན་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་མངོན་དུ་ལྷགས་པའི་བར་ཆད་བྱེད་པ་ནི་ཕན་
པའི་བསམ་པ་སྟེ། མདོ་ལས་མ་དང་ཕའི་བུ་ལ་རེ་ཞིག་མི་སྟེར་བ་ལྟ་བུའོ་ཞེས་བསྟན་ཏོ། །སེམས་ཅན་རྣམ་པ་དགུ་ནི་ལུས་ཀྱི་ཡོ་བྱད་འདོད་པ་དང་། དེ་དག་འདུ་བའི་སྒོ་འདོད་པ་དང་། བཟོའི་གནས་འདོད་པ་དང་། གཉེན་འབྲེལ་དང་འདྲིས་པ་འདོད་པ་དང་། གྲོགས་བྱེད་པ་འདོད་པ་དང་། གཞན་གྱིས་
གནོད་པ་བྱེད་པ་དང་། འཇིགས་ཤིང་སྐྲག་པ་དང་། འདོད་པ་དང་མི་འདོད་པ་དང་ཕྲད་པ་དང་བྲལ་བར་འདོད་པ་དང་། ནད་ལས་ཐར་པར་འདོད་པའོ། །ནན་ཏུར་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དགོས་པ་གཉིས་བསྒྲུབ་པའི་ཕྱིར་ཏེ་དགེ་བ་ལ་ཡང་དག་པར་བསྐུལ་བའི་ཕྱིར་དང་། མི་དགེ་བ་སྤང་བར་
བྱ་བའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། སྡིག་པ་སྤང་བ་དང་དགེ་བ་ཡང་དག་པར་བླང་བ་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་དགའ་མགུར་བྱེད་པ་ཞེས་བྱ་བ་ནི་མངོན་དུ་ལྷགས་པའི་དོན་དེ་གཙོར་བྱེད་པ་ཡིན་པས་དེ་བཞིན་དུ་སྒྲུབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །གལ་ཏེ་བསྔགས་པ་བཞིན་མི་བྱེད་ན་
རྗེས་སུ་མཐུན་པར་མ་བྱས་སུ་ཟིན་ཀྱང་ཕན་པའི་བསམ་པ་ཅན་ལ་ཁ་ན་མ་ཐོ་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་གནོད་པ་བྱུང་བ་ལ་སོགས་པ་ལ་དུས་ཅུང་ཞིག་བཏང་སྙོམས་སུ་འཇོག་སྟེ་གཏན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་སྨྲས་པ། རེ་ཞིག་ཡལ་བར་འཇོག་སྟེ་ཡལ་བར་འདོར་བའི་བསམ་པ་དང་ཞེས་བྱ་བ་ལ་
སོགས་པའོ། །མི་འདྲ་བའི་ལས་བསྟན་པའི་ཕྱིར་སློབ་པ་ཡང་མེད་ལ་ཞེས་བྱ་བ་སོགས་པ་ལ། དེ་དག་ལ་ནི་མཐུན་པའི་ཐབས་བསྟན་པའོ། །འོན་ཀྱང་འདྲིས་ཤིང་མཛའ་བཤེས་ཡིན་པར་གྱུར་ན་དེ་དག་མཐུན་པའི་ཐབས་ཀྱིས་དགེ་བ་ལ་ཡང་དག་པར་འགོད་པར་བྱེད་དོ། །དེ་ལྟར་ཡང་དག་པར་

བསྐུལ་ཡང་སྒྲུབ་པར་མི་བྱེད་ན་དེ་དག་ལ་ཁྲོ་བའི་བསམ་པ་བསྟན་པར་བྱ་སྟེ། ཕན་པ་འདོད་པ་ཡིན་གྱི་མི་མཐུན་པའི་བསམ་པས་ནི་མ་ཡིན་ནོ། །མི་མཐུན་པའི་སྦྱོར་བའི་བྱ་བ་སྟོན་པ་ཡིན་གྱི་བསམ་པས་ནི་མ་ཡིན་ནོ། །འཇིག་རྟེན་འདིའི་དུས་རེ་ཞིག་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་བསྐྱེད་པ་དོན་མེད་པ་
ལས་ཟློག་པར་བྱེད་ཀྱི། དོན་མི་འདོད་པས་ནི་མ་ཡིན་ཏེ་བསམ་པ་དག་པའི་ཕྱིར་རོ། །དེ་ལྟར་ན་སེམས་ཅན་དེ་དང་དེ་དག་ལ་བྱ་བ་དེ་དང་དེ་དག་གིས་བསམ་པ་གཞན་གྱིས་སྦྱོར་བ་གཞན་དག་སྟོན་པ་ནི་བསམ་པ་མི་འདྲ་བ་ཞེས་བྱའོ། །ཐབས་ཉིད་དུ་བསྟན་པའི་ཕྱིར་དེ་ནི་མི་མཐུན་པའི་བསམ་པ་ཞེས་བྱ་
བ་ཡིན་ནོ། །སྟོབས་ཀྱིས་ཟིལ་གྱིས་མནན་ནས་འདུལ་བར་བྱེད་པ་ནི་ནན་ཏུར་ལས་བྱུང་བའི་ཐབས་ཞེས་བྱའོ། །དགེ་བ་ཡང་དག་པར་བླངས་ཏེ་གནས་སོ་ཞེས་བྱ་བ་ནི་གཞན་ལ་གནོད་པ་མེད་པའི་ཐབས་ཀྱིས་དགོངས་པ་སྒྲུབ་པར་ནུས་པ་ཞེས་བྱ་བའི་དོན་ཏོ། །ཕན་པ་བྱས་པ་དག་ལ་ལན་དུ་ཕན་གདགས་
པར་འདོད་པ་ཕན་འདོགས་པ་ལ་འཇུག་པ་ནི་བྱས་པ་ལ་ལན་ལྡོན་པའི་ཐབས་ཞེས་བྱའོ། །ཕན་འདོགས་པ་བསྟན་པའི་ཕྱིར་ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་དང་། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་དང་། ནད་རབ་ཏུ་ཞི་བར་བྱེད་པ་ཉིད་དོ། །སེམས་ཅན་
དེ་དག་ལ་བྱས་པ་ལ་ལན་ལྡོན་པར་འདོད་པས་ཐབས་ཤེས་པར་བྱའོ། །མཐར་ཐུག་པ་ཐོབ་པའི་ཕྱིར་རྣམ་པར་དག་པའི་ཐབས་ཞེས་བརྗོད་དོ། །འདི་ལས་མཆོག་ཏུ་གྱུར་པའི་ཐབས་གཞན་ཡོད་པ་མ་ཡིན་ཏེ། མཐར་ཐུག་པར་གྱུར་པའི་ཕྱིར་ས་ལ་ཞུགས་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་
སེམས་དཔའི་ལམ་ཤིན་ཏུ་རྣམ་པར་སྦྱངས་པ་ཞེས་བྱ་བ་ནི་ས་དེ་ཡོངས་སུ་སྦྱངས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ནས་དགའ་ལྡན་གྱི་གནས་སུ་སྐྱེ་བ་བསྟན་པ་ནི་བྱང་ཆུབ་དང་ཉེ་བའི་ཕྱིར་དང་སེམས་ཅན་ཚད་མེད་པ་འདོད་པ་བསྐྱེད་པའི་ཕྱིར་ཞེས་བྱའོ། །དེ་ཉེས་པར་བྱས་ཏེ་
ཞེས་བྱ་བ་ནི་ཡང་དེ་དང་འབྲེལ་པའི་སྐྱེ་བ་ཡང་དག་པར་འགྲུབ་པའི་ལས་བྱས་པས་དེ་དང་ཉེ་བར་སྐྱེ་བར་འགྱུར་རོ། །དེ་ལྟར་ན་དེ་དག་འདུན་པ་མང་དུ་བསྐྱེད་པར་བྱ་བའི་ཕྱིར་དགའ་ལྡན་དུ་སྐྱེ་བ་བསྟན་པ་ཡིན་ནོ། །རིགས་མཐོན་པོ་ཞེས་བྱ་ནི་རྒྱལ་རིགས་སོ། །ཀུན་གྱིས་བཀུར་བ་ནི་མདུན་ན་འདོན་གྱི་རིགས་སོ། །

དབང་ཕྱུག་སྤངས་ནས་ངེས་པར་འབྱུང་བའི་རྒྱུ་བསྟན་པའི་ཕྱིར་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་ཞེས་བྱ་བའོ། དེ་བཞིན་དུ་དཀའ་བ་སྤྱོད་པ་ལ་སོགས་པ་ལ་བདག་ཉིད་བསམས་བཞིན་དུ་སྒྲུབ་པ་ལ་འཇུག་པའི་དགོས་པ་བསྟན་པའི་ཕྱིར་རོ། །བྱང་ཆུབ་དང་རྣམ་པར་གྲོལ་བ་ཐུན་མོང་དུ་འགྱུར་བ་ཞེས་
བྱ་བ་ནི་ཉན་ཐོས་རྣམས་དང་། བདག་ཉིད་ཡེ་ཤེས་དང་སྤངས་པ་ཐུན་མོང་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །མཆོག་རྣམས་ཀྱིས་གསོལ་བ་བཏབ་པའི་སྒོ་ནས་ཆོས་སྟོན་པ་མཛད་དོ་ཞེས་བྱ་བས་ནི་སེམས་ཅན་རྣམས་བདག་ཉིད་ལ་གུས་པ་བསྐྱེད་པའི་ཕྱིར་རོ། །གསོལ་བ་བཏབ་ནས་ཀྱང་འཇིག་རྟེན་ལ་རྣམ་པར་
གཟིགས་པར་མཛད་པ་ནི་གཞན་གྱིས་བསྐུལ་བའི་ཕྱིར་ཆོས་སྟོན་པར་ཟད་ཀྱི་ཐུགས་རྗེའི་དབང་གིས་བདག་ཉིད་དང་རྗེས་སུ་མཐུན་པས་ནི་མ་ཡིན་ནོ་སྙམ་དུ་འགའ་ཞིག་ཕྱིན་ཅི་ལོག་ཏུ་ཞེན་པ་བཟློག་པའི་ཕྱིར་བསྟན་ཏོ། །སྔོན་མ་བསྐོར་བ་ཞེས་པ་ནི་དགེ་སྦྱོང་ངམ་བྲམ་ཟེའམ་ཞེས་རྒྱས་པར་མདོ་བཞིན་ནོ། །ཆོས་
སྟོན་པར་མཛད་ཅེས་བྱ་བ་ནི་ཆོས་ཀྱི་དབང་དུ་བྱས་པའོ། །བསླབ་པའི་གཞི་ནི་མངོན་པ་དང་འདུལ་བའོ། །དེ་ལྟར་ན་ཆོས་དང་འདུལ་བ་བསྟན་པ་ཡིན་ནོ་ཞེས་བྱ་བར་བསྟན་ཏོ། །མདོར་བསྟན་པས་ཞེས་བྱ་བ་ལ་མདོར་བསྟན་པ་ནི་སྔར་བསྟན་པའི་རྣམ་པ་བཅུ་པའོ། །རྒྱས་པར་བསྟན་པ་ནི་ཕྱི་མའི་
རྣམ་པ་དྲུག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པ་ཐོས་ནས་འཛིན་པར་བྱེད་པས་ན་གཟུངས་ཞེས་བརྗོད་དོ། །དེ་ལྟ་བུའི་དྲན་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་གནས་སྐབས་ན་སྦྱིན་པ་ལ་སོགས་པའི་གནས་སྐབས་པས་བསྡུས་པའི་
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་ནས་མང་དུ་བྱ་བའི་བར་དུ་མི་མཐུན་པའི་ཚོགས་དང་མ་འདྲེས་པའི་དྲན་པའམ། ཤེས་རབ་སྔོན་མེད་པ་ཐོབ་པར་འགྱུར་རོ། །དེ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པས་ན་སྟོབས་བསྐྱེད་པ་ཐོབ་པར་འགྱུར་བའོ། །ཐོས་པ་ཙམ་ཁོ་ནས་ཞེས་བྱ་བ་ནི་ཡང་
དང་ཡང་དུ་གོམས་པར་བྱས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མ་གོམས་ཤིང་ཞེས་བྱ་བའོ། །དེའི་ཕྱིར་སྨྲས་པ། མ་གོམས་པའི་ཕྱིར་ཁ་དོན་བྱང་བར་མ་བྱས་པ་ཞེས་བྱ་བ་སྟེ། དུས་དང་དུས་སུ་ཁ་དོན་གྱི་བྱ་བས་གོམས་པར་མ་བྱས་པ་ཞེས་བྱ་བའི་དོན་ཏོ། །མིང་ལ་སོགས་པ་དག་ཏུ་འཛིན་པར་འགྱུར་

བ་ཞེས་པ་ནི་དོན་ལ་སྒྲས་བརྡར་བྱས་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །གོ་རིམས་བཞིན་དུ་བསྡེབས་པ་ནི་ཚིགས་སུ་བཅད་པ་བསྟན་པའོ། །རིམ་བཞིན་དུ་སྦྱར་བ་ནི་ལྷུག་པར་བསྟན་པའོ། །གཞུང་ཚད་མེད་པ་ཞེས་བྱ་བ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་གཞུང་གི་ཚད་དོ། །དུས་ཚད་མེད་པ་ཞེས་བྱ་བ་ནི་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཀྱི་བར་དུའོ། །དེ་ལྟར་ན་རྣམ་པ་གསུམ་གྱིས་ཆོས་ཀྱི་གཟུངས་བསྟན་པ་ཡིན་ཏེ། མིང་དང་། ཚིག་དང་། ཡི་གེ་རིམ་བཞིན་དུ་འཛིན་པ་དང་། གཞུང་ཚད་མེད་པ་འཛིན་པ་དང་། དུས་ཚད་མེད་པར་འཛིན་པའོ། །སྔ་མ་དང་འདྲ་བ་ལས་ཞེས་བྱ་བ་ནི་དེ་ལྟ་བུའི་དྲན་པ་དང་ཞེས་
བྱ་བ་ལ་སོགས་པའོ། །ཆོས་དེ་དག་ཉིད་ཀྱི་དོན་གང་ཡིན་པ་གོམས་པར་མ་བྱས་པ་དག་ཀྱང་ཡིད་ཀྱིས་མཐར་ཐུག་གི་བར་དུ་འཛིན་པའོ། །ཡམས་ཀྱི་ནད་ཡང་དག་པར་ཞི་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བརྗོད་པ་ཙམ་ཉིད་ཀྱིས་ཡམས་རབ་ཏུ་ཞི་བར་བྱེད་ནུས་པ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་རློབ་པར་བྱེད་དེ་ཞེས་བྱ་བ་ནི་
ཏིང་ངེ་འཛིན་ལ་དབང་ཐོབ་པ་ལ་བརྟེན་ནས་གསུངས་པ་ཞེས་བྱ་བའི་ཐ་ཚིག་གོ། །མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི་གཅིག་ཏུ་ངེས་པར་གྲུབ་པར་བསྟན་པ་ཡིན་ནོ། །དོན་ཡོད་པ་ཞེས་བྱ་བ་ནི་གཏན་དུ་ངེས་པར་གྲུབ་པར་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་
བརྗོད་པ་ནི་བདེན་པ་དང་རྗེས་སུ་མཐུན་པས་རབ་ཏུ་རྟོགས་པའི་སྔོན་དུ་འགྲོ་བའི་ཤེས་རབ་སྟེ། བདག་མེད་པའི་རྣམ་པ་ཆེན་པོ་ལ་བཟོད་པས་ན་བཟོད་པའོ། །ཡང་ཚོགས་ཀྱི་ལམ་གྱིས་བསྡུས་པའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རྒྱུ་ལ་ཤིན་ཏུ་སྤྱད་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་གནས་སྐབས་ན་བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པའོ། །ཤེས་རབ་དང་ལྡན་པ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཤེས་བཞིན་དུ་གནས་པ་བསྟན་ཏོ། །དབེན་པ་ན་གནས་ཤིང་ཞེས་བྱ་བ་ནི་དེ་བཞིན་དུ་ལུས་རྣམ་པར་དབེན་པ་དང་། དབང་པོའི་སྒོ་བསྡམས་པའོ། །ཚིག་ཀྱང་མི་སྨྲ་ལ་ཞེས་བྱ་བ་ནི་མང་དུ་
མི་སྨྲ་བ་ལ་མོས་པའོ། །སུ་དང་ཡང་མི་ཕྲད་ཅིང་ཞེས་བྱ་བ་ནི་རྟེན་མེད་པར་གནས་པའི་ཕྱིར་རོ། །མི་ཉུང་མི་མང་བར་ཟ་བས་ན་རན་པར་ཟ་བ་ཞེས་བྱའོ། །དུས་ངེས་པར་བྱས་པ་ལ་ཟ་བས་ན་བབ་ཆོལ་དུ་མི་ཟ་བའོ། །མི་ཕན་པ་དང་འདྲེས་པ་མི་ཟ་བས་ན་ཁ་ཟས་སྣ་གཅིག་ཟ་བའོ། །དེ་ལྟར་ན་ཐུན་མོང་

མ་ཡིན་པའི་ཟས་ཀྱི་ཚོད་ཤེས་པ་བསྟན་པ་ཡིན་ནོ། །སེམས་པ་ལྷུར་བྱེད་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་གྱིས་ན་ཉན་ཐོས་ལ་སོགས་པ་ལས་རབ་ཏུ་ཁྱད་པར་དུ་འཕགས་པའི་མི་ཉལ་བ་དེ་དང་རྗེས་སུ་མཐུན་པ་དང་ལྡན་པ་བསྟན་ཏོ། །དེ་བཞིན་གཤེགས་པས་གསུངས་པ་ཞེས་བྱ་བ་
ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་མ་ཐོས་པར་བདག་ཉིད་ཀྱིས་དེ་དག་གི་བརྗོད་པར་བྱ་བའི་དོན་མེད་པ་ཉིད་དུ་སུ་ལས་ཀྱང་མ་ཐོས་པར་རོ། །དོན་ཡོངས་སུ་གྲུབ་པ་ཅི་ཡང་མེད་དེ་ཞེས་བྱ་བ་ནི་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་པས་ཡང་དག་པར་བསྡུས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་གསུང་དེ་དག་ཀྱང་རྣམ་པར་བརྟགས་ན་དོན་མེད་དོ་ཞེས་བྱ་བས་དེ་དག་དོན་མེད་པའོ། །དེས་དེ་ལྟར་ཞེས་བྱ་བ་ནི་རིང་དུ་སོང་ཞིང་བརྟགས་ཀྱང་ཇི་སྐད་བསྟན་པའི་བརྗོད་དུ་མེད་པའི་དོན་ལས་མེད་པས་དེའི་ཕྱིར་ཆོལ་བར་མི་བྱེད་དོ། །དེ་ལྟར་ན་གསང་སྔགས་ཀྱི་དོན་བརྗོད་དུ་མེད་པར་ལེགས་པར་རིག་པར་
འགྱུར་རོ། །དོན་དེ་ཉིད་ཀྱི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ནི། ཇི་ལྟར་གསང་སྔགས་ཀྱི་ཚོགས་རྣམས་བརྗོད་དུ་མེད་པ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ངག་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར། སྔར་ཐོས་པ་མེད་པར་བརྗོད་དུ་མེད་པའི་དོན་རབ་ཏུ་རིག་པར་འགྱུར་རོ། །བརྗོད་དུ་མེད་པའི་ངོ་བོ་ཉིད་ནི་ཡོངས་
སུ་མ་གྲུབ་པའི་ཕྱིར་འདི་དག་གི་དོན་ནི་བརྗོད་དུ་མེད་པའོ་ཞེས་བྱ་བ་ཉིད་དོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི་སྔར་རབ་ཏུ་མ་རྟོགས་པའི་ཤིན་ཏུ་ཟབ་པའི་ཆོས་ཀྱི་ཚིག་ཤེས་རབ་ཀྱིས་རབ་ཏུ་རིག་པ་སྟེ། དེས་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་འཐོབ་པས་སོ། །གཟུངས་ཀྱི་ཚིག་ཐོས་པ་དེ་དག་ལ་བརྟེན་ནས་ཞེས་བྱ་
བ་ནི་དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་བཟོད་པ་བསྐྱེད་པའོ། །དེ་བསྐྱེད་པས་ས་རབ་ཏུ་རྟོགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ཐོབ་པས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། མཐུན་པའི་བཟོད་པ་ནི་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་སྟེ། དེ་དག་གི་ཆེན་པོའི་གནས་
སྐབས་ཉིད་བསྟན་པའི་ཕྱིར་སྨྲས་པ། བཟོད་པ་ཆེན་པོ་ལ་གནས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེས་ས་དང་པོ་ངེས་པར་རབ་ཏུ་ཐོབ་པར་འགྱུར་ཏེ། ཁྱད་པར་ཅན་གྱི་སྦྱོར་བས་རོ་གཅིག་པར་གྱུར་པས་སོ། །བསྟན་པ་ནི་ཉམས་པ་མེད་པའོ། །རྒྱ་ཆེ་བ་ནི་ཆོས་ཀྱི་སྒོ་བརྒྱ་ཡང་སྐད་ཅིག་ལ་

རིག་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ཚུན་ཆད་ནི་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་ནི་འཐོབ་པ་ལ་ངེས་པ་མེད་པ་སྟེ། སྨོན་ལམ་གྱི་དབང་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བརྒྱ་ལ་རྙེད་པར་འགྱུར་རོ་ཞེས་བྱས་ནས་སོ། །བརྟན་པ་ཡང་མ་ཡིན་པ་ནི་ཉམས་པར་འགྱུར་བས་སོ། །རྒྱ་ཆེ་
བ་ཡང་མ་ཡིན་པ་ནི་ཆུང་བ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་བརྗོད་པ་དེ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་དེའི་ངེས་པས་མོས་པས་སྤྱོད་པའི་ས་འཐོབ་པའོ། །བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན་གཟུངས་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་གཟུངས་འཐོབ་པར་འགྱུར་བའི་རྒྱུ་བསྟན་པའི་ཕྱིར།
ཡོན་ཏན་བཞི་དང་ལྡན་ན་གཟུངས་འདི་དག་ཐམས་ཅད་འཐོབ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་བདག་དང་གཞན་དུ་མཉམ་པའོ། །མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་ནི་བཞི་སྟེ། འདོད་པ་ལ་ཞེན་པ་དང་བཅས་པས་ལུས་དང་ལོངས་སྤྱོད་དང་སྲོག་ལ་ལྟོས་པ་དང་བཅས་པ་ཉིད་དང་། གཞན་གྱི་འབྱོར་
པ་མི་བཟོད་པས་ཕྲག་དོག་དང་ལྡན་པ་དང་ཡོངས་སུ་འཛིན་པ་དང་བཅས་པས་སེར་སྣ་སྟེ། འདི་དག་གསུམ་དང་། དམ་པའི་ཆོས་ལ་མི་དགའ་བའོ། །དེ་དག་གི་གཉེན་པོའི་ཕྱོགས་སུ་གྱུར་པ་ཡོན་ཏན་རྣམ་པ་བཞི་སྟེ། འདོད་པ་རྣམས་ལ་ལྷག་པར་ཞེན་པ་མེད་པར་འགྱུར་ཞེས་བྱ་བ་ནི་ཇི་ལྟར་བརྩོན་
འགྲུས་བརྩམས་པས་འདོད་པར་གྱུར་ན་ཅི་ནས་ཀྱང་ཁྱིམ་དང་། ཆུང་མ་དང་། ལོངས་སྤྱོད་རྣམས་བཏང་ནས་ཇི་ལྟར་བརྩོན་འགྲུས་བརྩམས་པས་འཇུག་ཅིང་རབ་ཏུ་འབྱུང་བར་བསྟན་པ་ཡིན་ནོ། །ཕྲག་དོག་དང་སེར་སྣའི་ཀུན་ནས་དཀྲིས་པས་ཟིལ་གྱིས་ནོན་པར་མི་འགྱུར་རོ་ཞེས་བྱ་བའི་ཚིག་གིས་ཕྲག་དོག་
མི་བསྐྱེད་དེ་ཞེས་བྱ་བ་ལ་དེའི་གཉེན་པོའི་ཕྱོགས་མང་དུ་བསྟེན་པས་གཞིན་གྱི་འབྱོར་པ་ལ་དགའ་ཞིང་རྗེས་སུ་ཡི་རང་བའོ། །བསླང་བ་ཐམས་ཅད་རབ་ཏུ་སྦྱིན་ཞིང་ཞེས་བྱ་བ་ནི་ནང་གི་བདག་ཉིད་ལ་སོགས་པའི་དངོས་པོ་རྣམས་ལ་འཛིན་པ་མེད་པ་ཉིད་དང་། འགྱོད་པ་མེད་པར་སྦྱིན་པ་ནི་ཕྱིས་འགྱོད་པ་མེད་པ་
ཉིད་དོ། །དེ་དག་གིས་ནི་སེར་སྣའི་གཉེན་པོའི་ཕྱོགས་ལ་བརྟེན་པར་བྱ་བར་གསུངས་སོ། །རྟག་ཏུ་ཆོས་ཉན་པ་ལ་སོགས་པ་དང་ལྡན་པའི་ཕྱིར་ཆོས་ལ་ཀུན་དུ་དགའ་བའོ། །ཆོས་བཙལ་བའི་ཕྱིར་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ནི་ཆོས་ལ་དགའ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་

ལམ་ནི་དཔག་ཏུ་མེད་པ་ལས་མདོར་བསྡུ་ན་ཞེས་བྱ་བ་ནི་མདོར་བསྡུས་པའི་ཚིག་གོ། །སྨོན་ལམ་ཐམས་ཅད་ཀྱི་དངོས་པོར་གྱུར་པ་ནི་དང་པོ་སེམས་བསྐྱེད་པའི་སྨོན་ལམ་སྟེ། དེ་ནི་སྨོན་ལམ་ཐམས་ཅད་ཀྱི་རབ་མཆོག་ཡིན་པའི་ཕྱིར་རོ། །སྨོན་ལམ་གྱི་ངོ་བོ་ནི་ཡོན་ཏན་གྱི་སྒོ་ནས་སེམས་མངོན་པར་འདུ་
བྱེད་པའོ་ཞེས་བྱ་བས་སོ། །གང་དུ་སེམས་ཅན་མང་པོའི་དོན་འགྲུབ་པར་འགྱུར་བ་དེར་སྨོན་ལམ་འདེབས་ཤིང་སྐྱེ་བར་འགྱུར་བ་ནི་སྐྱེ་བའི་སྨོན་ལམ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ནི་ཞི་གནས་དང་ལྷག་མཐོང་ངོ་། །དེའི་དོན་དུ་སྨོན་ལམ་འདེབས་པ་ནི་སྤྱོད་ཡུལ་གྱི་སྨོན་ལམ་ཞེས་བྱའོ། །ཟབ་ཅིང་
རྒྱ་ཆེ་བའི་ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སྨོན་ལམ་མོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་ཞེས་བྱ་བ་ལ་སོགས་པའི་རྣམ་པས་ནི་ཚད་མེད་པ་བསྒོམ་པའི་སྤྱོད་ཡུལ་གྱི་སྨོན་ལམ་མོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་
ཕྱིན་པས་ཡང་དག་པར་བསྡུས་པ་གང་ཡིན་པ་ནི་ཡང་དག་པའི་སྨོན་ལམ་སྟེ། ཉེས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་དང་། བདག་དང་གཞན་གྱི་དོན་ལ་རྗེས་སུ་མཐུན་པའི་ཕྱིར་རོ། །ཡང་དག་པའི་སྨོན་ལམ་དེ་ལས་ཇི་སྐད་བསྟན་པའི་སྨོན་ལམ་གྱིས་ཡོངས་སུ་བསྡུས་པ་ནི་སྨོན་ལམ་ཆེན་པོ་རྣམ་པ་
བཅུ་ཞེས་བྱའོ། །སྨོན་ལམ་ཆེན་པོ་དེ་ཡང་མདོ་སྡེ་ས་བཅུའི་གཞུང་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །མཆོད་པའི་རྣམ་པ་ཐམས་ཅད་ནི་མཆོད་པའི་ལེའུ་ལས་ཇི་སྐད་བསྟན་པ་བཞིན་དུ་གཟུང་བར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་པ་དང་རིམ་གྲོ་བྱ་བ་ཚད་མེད་པ་དག་གོ་ཞེས་བྱ་
བར་གཟུང་བར་བྱའོ། །དེ་ཡང་དྲི་ལ་སོགས་པ་ནི་མཆོད་པའོ། །ཆོས་གོས་ལ་སོགས་པ་ནི་རིམ་གྲོའོ། །དམ་པའི་ཆོས་ཡོངས་སུ་གཟུང་བར་བྱ་བ་དང་། བསྲུང་བར་བྱ་བ་དང་། ཚུལ་ཡང་དག་པར་འཛིན་པ་ལ་སོགས་པའི་སྨོན་ལམ་འདི་དག་གི་དོན་རྣམ་པར་འབྱེད་པ་ནི་ཕྱི་ནས་འཆད་པར་
འགྱུར་རོ། །སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པ་གཉིས་སོ། །དེ་ལ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་སྨྲས་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན་ཞེས་བྱ་བ་ལ། བྱིས་པས་ཡོངས་སུ་བརྟགས་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཡང་

དག་པར་རྗེས་སུ་མཐོང་བ་མེད་པ་ལ་གང་གི་སེམས་གནས་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ཏེ། སྟོང་པ་ཉིད་མཆོག་གི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ལོག་པར་རྣམ་པར་བརྟགས་པ་ལས་བྱུང་བའི་ཉོན་མོངས་པ་དང་། སྡུག་བསྔལ་གྱིས་ཡོངས་སུ་ཟིན་པའི་ཕྱིར་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་
པར་རྟོག་པ་ལ་ཀུན་དུ་སྤྱོད་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་དུ་འབྱུང་བར་འགྱུར་རོ། །དེ་རྒྱུར་གྱུར་པ་ལས་ཡང་སྲིད་ཀྱི་སྡུག་བསྔལ་ལོ། །དེའི་ཕྱིར་སྨྲས་པ། ཉེས་པ་དུ་མའི་སྐྱོན་ཆགས་པར་ཡང་དག་པར་མཐོང་ནས་ཏེ། གློ་བུར་བའི་ཉོན་མོངས་པ་དང་ལས་དང་། སྐྱེ་བའི་ཉོན་མོངས་པ་
ཉིད་ཀྱི་ཕྱིར་ཀུན་དུ་བརྟགས་པ་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དུ་རྣམ་པར་འཇོག་པ་ལ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སྐྱེད་པར་བྱེད་པའི་སྐྱོན་དེ་མཐོང་ནས་དེ་ལ་མི་སྨོན་པ་སྔོན་དུ་འགྲོ་བའི་སེམས་གནས་པ་གང་ཡིན་པ་དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །བརྗོད་དུ་མེད་པའི་དངོས་པོའི་ངོ་བོ་དེ་
ཉིད་ལ་ཤེས་པའི་ཁྱད་པར་ཐོང་པས་རྣམ་པར་རྟོག་པ་དང་སྤྲོས་པའི་མཚན་མ་ཐམས་ཅད་བསལ་བ་ནི་མཚན་མ་མེད་པའོ་ཞེས་བྱ་བ་ལ། ཞི་བ་དེ་ཡིད་ལ་བྱེད་པས་སེམས་གནས་པ་གང་ཡིན་པ་དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཅིའི་ཕྱིར་ཏིང་ངེ་འཛིན་གསུམ་ཞིག་ཏུ་བསྟན་ཞེ་ན། དེའི་རྣམ་
པར་གཞག་པ་བསྟན་པའི་ཕྱིར་སྨྲས་པ། འདི་ལས་གོང་ན་ཡང་མེད་ལ། འདི་ལས་ལྷག་པ་ཡང་མེད་ཅེས་བྱ་བ་ལ་སོགས་པ་ལ། ཤེས་བྱ་ཐམས་ཅད་ཡོད་པ་དང་མེད་པ་རྣམ་པ་གཉིས་སུ་རྣམ་པར་གཞག་སྟེ་ཡོད་པའི་རྣམ་པ་དང་། མེད་པའི་རྣམ་པའོ། །དེའི་ཕྱིར་སྨྲས་པ། འདི་གཉིས་ཡིན་ཏེ་ཞེས་བྱ་བ་
ལ་སོགས་པ་ལ། ཡོད་པ་ལ་ཡང་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ནས་བླ་ན་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བའི་མདོའི་རྗེས་སུ་འབྲངས་ནས་ཏིང་ངེ་འཛིན་གསུམ་ངེས་པར་བསྟན་པ་ཡིན་ནོ། །དེ་ལ་ཡོད་པ་ནི་རྣམ་པ་གཉིས་ཏེ། སྐྱོན་དང་བཅས་པ་
དང་ཡོན་ཏན་དང་ལྡན་པའོ། །ཡང་མི་བདེན་པ་ནི་བདག་ལ་སོགས་པའི་དངོས་པོའོ། །དེ་ལ་སྐྱོན་དང་བཅས་པའི་འདུས་བྱས་ཀྱི་དངོས་པོ་ནི་མི་མཐུན་པ་ཡིན་པས་སྨོན་པར་བྱ་བ་མ་ཡིན་པའི་ཕྱིར་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཡོན་ཏན་དང་ལྡན་པ་ནི་འདུས་མ་བྱས་པ་མྱ་ངན་ལས་འདས་

པ་ཞེས་བྱ་བའི་དངོས་པོ་ནི་ཞི་བའི་རྣམ་པར་མཐོང་བས་སྨོན་པར་བྱེད་ཅིང་མངོན་པར་དགའ་བར་འཛིན་པ་ལ་སྦྱོར་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །ཡོད་པ་མ་ཡིན་པའི་དངོས་པོ་ལ་ནི་སྨོན་པར་ཡང་མི་བྱེད་ལ། མི་སྨོན་པར་ཡང་མི་བྱེད་པ་ནི་དེའི་རྣམ་པ་འབའ་ཞིག་མཐོང་བའི་ཕྱིར་
སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །དེའི་ཕྱིར། མེད་པ་སྐྱོན་དང་བཅས་པའམ། །ཡང་ན་དངོས་པོ་ཡོན་ཏན་ཅན། །ཡོངས་སུ་ཡོན་ཏན་ཅན་འཛིན་དང་། །ཡོན་ཏན་མེད་འཛིན་གཉེན་པོ་ནི། །ཞེས་བསྟན་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་ལ་གཞག་གོ་ཞེས་བྱ་བའོ། །དེ་ལས་གཞན་པའི་རྣམ་
པ་ཞེས་བྱ་བ་ནི་ཉན་ཐོས་དང་ཐུན་མོང་བའི་ཏིང་ངེ་འཛིན་གསུམ་གྱི་རྣམ་པར་གཞག་པའི་ཚུལ་ལ་འཇུག་པ་དང་། སྒོམ་པའི་ཚུལ་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་རྣམ་པར་གཞག་པའི་ཚུལ་ནི་གང་ཟག་ལ་བདག་མེད་པའི་དབང་དུ་བྱས་ནས་གཟུགས་ལ་སོགས་པའི་
འདུས་བྱས་རྣམས་ལ་བདག་མེད་པའི་རྣམ་པའི་ཏིང་ངེ་འཛིན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། རྒྱུ་དང་། རྐྱེན་དང་། རབ་ཏུ་སྐྱེ་བ་དང་། ཀུན་འབྱུང་བའི་རྣམ་པའི་ཏིང་ངེ་འཛིན་ནི་སྡུག་བསྔལ་དང་ཀུན་འབྱུང་པའི་བདེན་པ་དག་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །
ཡང་ཁ་ཅིག་ནི་རྣམ་པ་བཅུར་འཇོག་པར་བྱེད་དེ་ལམ་གྱི་རྣམ་པ་དང་གཟིངས་ཀྱི་དཔེས་དོར་བར་བྱ་བ་ཡིན་པའི་ཕྱིར་ན་དེའི་རྣམ་པ་རྣམས་ཀྱང་སྨོན་པ་མེད་པའི་རྣམ་པ་ཞེས་བྱའོ། །འགོག་པའི་ཞི་བ་ལ་སོགས་པའི་རྣམ་པ་བཞི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་བཞིན་དུ་བསྒོམ་པའི་ཚུལ་
གྱི་སྦྱོར་བས་བསྒོམ་པའི་ཚུལ་འཇུག་པར་བྱའོ། །དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མདོར་བསྡུས་ནས་ཆོས་ཀྱི་མདོ་བཞིར་རྣམ་པར་གཞག་པར་མཛད་དོ། །འདུ་བྱེད་ཐམས་ཅད་མི་རྟག་པ། །ཞེས་བྱ་བ་ནི་རྟག་པར་སྨྲ་བའི་དགེ་སྦྱོང་ལ་སོགས་པ་དང་། ལྷ་ཚེ་རིང་པོ་རྣམས་རྟག་པའི་འདུ་
ཤེས་རྣམ་པར་སྤང་བའི་ཕྱིར་རོ། །སྡུག་བསྔལ་བའོ་ཞེས་བྱ་བ་ནི་བདེ་བའི་འདུ་ཤེས་ཅན་གྱི་ལྷ་དང་མི་རྣམས་ཀྱི་འདུ་ཤེས་དེ་སྤོང་དུ་གཞུག་པའི་ཕྱིར་རོ། །བདག་མེད་པའོ་ཞེས་བྱ་བ་ནི་བདག་ཏུ་སྨྲ་བ་རྣམས་ཀྱི་དེ་སྤོང་དུ་གཞུག་པའི་ཕྱིར་རོ། །ཞི་བའོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་ཞི་བ་

མ་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་ཅན་རྣམས་རྣམ་པར་རྟོག་པ་ཀུན་དུ་སྤོང་བའི་ཕྱིར་རོ། །ཡང་ཐུན་མོང་མ་ཡིན་པའི་ཟབ་མོའི་ཆོས་བསྟན་པའི་དབང་དུ་བྱས་ནས་ཆོས་ཀྱི་མདོ་རྣམ་པ་བཞི་བསྟན་ཏོ། །ཡང་དེ་བཞིན་གཤེགས་པས་གང་དུ་ཆ་གཅིག་ཏུ་གསུངས་པའི་ཚིག་གི་དབང་དུ་བྱས་ནས་ཆོས་ཀྱི་མདོ་
རྣམས་མངོན་པར་བརྗོད་པའི་ཆོས་ཀྱི་མདོ་བསྟན་པའི་ཕྱིར་མི་རྟག་པ་ལ་སོགས་པ་དང་ཡང་དག་པར་རབ་ཏུ་ལྡན་པའི་ཆོས་ཀྱི་དོན་དེ་དག་དང་ལྡན་པའི་དོན་གྱི་ཆོས་ཕལ་ཆེར་སྟོན་ཏེ་ཞེས་བྱ་བ་ནི་དེའི་དོན་མངོན་པར་རྗོད་པར་བྱེད་པ་ལ་ཆོས་ཀྱི་མདོ་ཞེས་བསྟན་ཏེ། ཡང་དང་ཡང་བརྗོད་པ་ནི་མདོ་ཞེས་བྱའོ། །ད་ནི་ངེས་
པའི་བྱ་བས་ཆེད་དུ་བརྗོད་པ་ཉིད་དུ་བསྟན་པའི་ཕྱིར་རྟག་ཏུ་བརྗོད་ཅིང་བརྗོད་པའི་ཕྱིར་ཡང་མདོ་ཞེས་བྱའོ་ཞེས་བྱ་བའོ། །འབྱོར་པ་ཆེན་པོར་འགྱུར་བ་དང་། །ཞེས་བྱ་བ་ལ་འབྱོར་པའི་སྒྲ་ནི་ཚོགས་པ་ཆེན་པོ་འབྱུང་བར་སྟོན་པ་སྟེ། དཔེར་ན་ཆུང་ངུ་ཙམ་ལས་བྱུང་བའི་འབྱོར་པ་ཆེན་པོ་ཞེས་བྱ་བ་ལྟ་བུའོ། །སྲིད་པའི་རྩེ་མོ་
ལས་གོང་དུ་འགྲོ་བ་ཞེས་བྱ་བ་ནི་གོང་དུ་འགྲོ་བའི་ལམ་གྱི་དོན་བསྟན་ཏེ། །ཇི་ལྟར་བསྟན་པ་ལས་ལངས་ཞེས་བྱ་བ་ལྟ་བུའོ། །མི་རྟག་པ་ཉིད་བསྟན་པ་ནི་རྣམ་པ་གཉིས་ཏེ། ཉན་ཐོས་ལ་སོགས་པ་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་ཐུན་མོང་པའི་དབང་དུ་བྱས་ནས་སྨྲས་པ། ཇི་ལྟར་ཡང་དག་
པར་མཐོང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྐྱེ་བ་དང་འགག་པ་དང་ལྡན་པས་ན་འདུས་བྱས་རྣམས་མི་རྟག་པ་ཞེས་བརྗོད་དེ། ཇི་སྐད་དུ་ཉན་ཐོས་ཀྱི་ཐེག་པ་ལས། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བས་ན། །ཞེས་བསྟན་པ་ཡིན་ནོ། །
དུས་རྟག་ཏུ་མེད་ཅིང་ཡོད་པ་མ་ཡིན་ནོ་ཞེས་བྱ་བས་འདིར་མེད་པའི་དོན་ནི་མི་རྟག་པའི་དོན་ཏོ་ཞེས་རྣམ་པར་གཞག་པར་བྱའོ། །དེ་ལྟར་ན་དེའི་བདག་ཉིད་ཀྱིས་དུས་ཐམས་ཅད་དུ་རྟག་པར་རྗེས་སུ་མ་དམིགས་པས་མི་རྟག་པ་ཉིད་དེ། དེ་ལྟར་ན་མེད་པའི་དོན་ནི་མི་རྟག་པའི་དོན་ཡིན་ནོ། །ཡང་བརྗོད་
དུ་མེད་པའི་ངོ་བོ་ཉིད་ཡིན་ན་ཡང་ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་ལ་བརྟེན་ནས་སྐྱེ་ཞིང་འགག་པའི་སྦྱོར་བས་མི་རྟག་པར་བསྟན་པའི་ཕྱིར་སྨྲས་པ། ཡང་བརྗོད་དུ་མེད་པའི་དངོས་པོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་མ་ཤེས་པའི་ཕྱིར་ཞེས་བྱ་བ་ལ་འཕགས་པའི་ཡེ་ཤེས་ཀྱི་མཐོང་བས་རབ་

ཏུ་མ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་མ་ཤེས་པའི་རྒྱུ་ལས་བྱུང་བའི་ཞེས་བྱ་བ་ནི་ཡོངས་སུ་མ་ཤེས་པས་དངོས་པོའི་རྣམ་པར་རྟོག་པ་ལ་བརྟེན་ནས་འཇུག་པར་འགྱུར་ཏེ། རྣམ་པར་རྟོག་པའི་རྐྱེན་གྱི་དབང་གིས་སྐྱེ་ཞིང་འགག་པར་འགྱུར་རོ། །དེ་ལྟར་ན་ཡོངས་སུ་མ་ཤེས་
པའི་རྒྱུ་ལས་བྱུང་བའི་སྐྱེ་བ་དང་འཇིག་པས་བསྡུས་པས་བློས་རྟོགས་པར་བྱས་པས་ཚུལ་དེས་བརྗོད་དུ་མེད་པ་ཡིན་ན་ཡང་འདུ་བྱེད་རྣམས་མི་རྟག་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ལྟར་ན་མི་བདེན་པའི་རྣམ་པ་དང་། སྐྱེ་ཞིང་འགག་པ་རྣམ་པ་གཉིས་ཀྱི་སྒོ་ནས་མི་རྟག་པའི་རྣམ་པ་ཡོངས་སུ་
གསལ་བར་བྱས་པ་ཡིན་ནོ། །ད་ནི་དུས་གསུམ་གྱི་འདུ་བྱེད་རྣམས་ཀྱི་ཡོད་པ་མ་ཡིན་པའི་རྣམ་པས་རྣམ་པར་ཆད་པའི་མི་རྟག་པ་བསྟན་པའི་ཕྱིར་སྨྲས་པ། དེས་འདས་པའི་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ལ། ཆ་གཉིས་དང་། ཆ་རེ་རེས་སོ། །འདས་པ་ནི་སྐྱེས་ཟིན་པའི་ཕྱིར་རྒྱུ་དམིགས་པར་མི་འགྱུར་
ཏེ། སྐྱེས་ཟིན་པ་ནི་ཡང་སྐྱེ་བ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་པས་ན་རྒྱུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བས་སྐྱེ་བ་དང་ལྡན་པ་ལ་རྒྱུ་རྣམ་པར་འཇོག་པ་ཡིན་ནོ། །རང་གི་བདག་ཉིད་ཉམས་པར་གྱུར་པ་ལ་ངོ་བོ་དམིགས་པར་མི་འགྱུར་རོ། །དེ་ལྟར་ན་ཆ་རྣམ་པ་གཉིས་མེད་པས་འདས་པ་ཡོད་པ་མ་ཡིན་ནོ། །དེའི་
ཕྱིར་མི་རྟག་པ་ཉིད་དོ། །ད་ལྟར་བྱུང་བ་ཡང་སྐྱེས་ཟིན་པའི་ཕྱིར་རྒྱུ་དམིགས་པ་མ་ཡིན་ཏེ། འབྲས་བུ་བསྐྱེད་ནས་རྒྱུ་ལྡོག་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། འབྲས་བུ་བསྐྱེད་ཟིན་པའི་ཕྱིར་རོ་ཞེས་བྱ་བའོ། །རང་གི་མཚན་ཉིད་ལ་གནས་པའི་ཕྱིར་ངོ་བོ་ཉིད་ནི་དམིགས་སོ། །དེའི་ཕྱིར་ཆ་གཅིག་གིས་མི་
རྟག་པ་ཡིན་ནོ། །མ་འོངས་པ་རྣམས་ཀྱི་ནི་རྒྱུ་ཡོད་དེ་འབྲས་བུ་མ་བསྐྱེད་པའི་ཕྱིར་རོ། །རྒྱུ་ནི་ཉེ་བར་དམིགས་སོ། །ངོ་བོ་ཉིད་ནི་མི་དམིགས་ཏེ་ངོ་བོ་ཉིད་མ་ཐོབ་པའི་ཕྱིར་རོ། །དེས་ན་ཆ་གཅིག་གིས་མི་རྟག་པ་ཡིན་ནོ། །རྒྱུན་འཆད་ཅིང་ཞེས་བྱ་བ་ནི་སོ་སོ་སོ་སོའི་མཚན་ཉིད་ལ་གནས་ནས་སོ། །རྒྱུན་མི་འཆད་
པར་ཞེས་འདོན་པ་དེར་ནི་རྒྱུ་དང་འབྲས་བུའི་རྒྱུན་རྒྱུན་མི་འཆད་པར་ཞེས་བྱ་བས་སོ། །དེ་ལྟར་འདུ་བྱེད་མི་རྟག་པ་ལ་འདུས་བྱས་ཀྱི་མཚན་ཉིད་རྣམ་པར་གཞག་པར་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྐད་ཅིག་རེ་རེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྐད་ཅིག་གཅིག་ལ་འདུས་བྱས་ཀྱི་མཚན་ཉིད་གསུམ་

མཐོང་ལ་ཞེས་བྱ་བ་ལ་སྐྱེ་བ་དང་། གནས་པ་དང་། འགག་པའོ། །སྐད་ཅིག་གི་འོག་ཏུ་ནི་འདུས་བྱས་ཀྱི་མཚན་ཉིད་བཞི་པ་ཞེས་བྱ་བ་ནི་སྔར་གྱི་མཚན་ཉིད་རྣམས་ལ་ལྟོས་ནས་གཞན་དུ་རྣམ་པར་གཞག་པ་ནི་རྒ་བ་ཡིན་ནོ་ཞེས་བྱས་ནས་སོ། །འདུ་བྱེད་ཀྱི་སྐད་ཅིག་དང་པོ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་སྦྱར་བར་བྱའོ། །
དེས་ན་སྐྱེ་བ་ནི་དངོས་པོ་སྔ་ན་མེད་པའི་འབྱུང་བའོ་ཞེས་བསྟན་པར་འགྱུར་རོ། །སྐྱེས་པ་རང་གི་མཚན་ཉིད་ཀྱི་གནས་སྐབས་ན་དེའི་དུས་ན་མ་ཉམས་པ་ནི་གནས་པ་ཞེས་བྱའོ། །སྔར་འགགས་པ་དེ་ལ་ལྟོས་ནས་ཞེས་བྱ་བ་ནི་རྒ་བ་ནི་གཞན་དུ་འགྱུར་བའི་མཚན་ཉིད་ཅན་ཏེ། གཞན་དུ་འགྱུར་བ་ཡང་སྔོན་དང་ཕྱི་མའི་ཁྱད་
པར་གྱི་མཚན་ཉིད་དོ། །དེས་ན་སྐད་ཅིག་དེ་ཉིད་གཞན་དུ་འགྱུར་བའི་ཁྱད་པར་ནི་དམིགས་པར་མི་འགྱུར་རོ། །དེའི་ཕྱིར། དེ་བཞིན་གནས་པས་རྒས་མི་འགྲུབ། །གཞན་དུ་གྱུར་ན་གཞན་ཉིད་ཡིན། །དེ་ཕྱིར་ཆོས་ནི་གཅིག་ཉིད་ལ། །རྒས་ཞེས་བྱ་བ་དམིགས་པ་མེད། །ཅེས་བསྟན་པ་ཡིན་ནོ། །རྒ་བ་ནི་
རྣམ་པ་གཉིས་ཏེ་ཉེ་བར་འགྲོ་བའི་རྒ་བ་དང་། ཡོངས་སུ་དབྱེ་བ་དང་བཅས་པའི་རྒ་བའོ། །དེ་གཉིས་ཀའི་དབང་དུ་བྱས་ནས་སྨྲས་པ། གཞན་ནམ་གཞན་དུ་གྱུར་པ་གང་ཡིན་པ་ཞེས་བྱ་བའོ། །ཡང་དེ་ཉིད་དོན་གཞན་དུ་བསྟན་པ་ནི་གཞན་ནམ་ཞེས་བྱ་བ་ནི་འདྲ་བར་འབྱུང་བའི་དུས་སུའོ། །གཞན་དུ་ཞེས་
བྱ་བ་ནི་རང་གི་ངོ་བོ་ཉམས་པ་དང་། རང་གི་ངོ་བོ་རབ་ཏུ་ཞི་བའོ། །དེ་ལྟར་ན་མཚན་ཉིད་རྣམ་པར་གཞག་ནས་མཚན་ཉིད་འདི་དག་ལ་སྡེ་པ་གཞན་དག་གིས་འདོད་པའི་དབང་གིས་བཏགས་པའི་རྫས་ཀྱི་ཁྱད་པར་དགག་པའི་ཕྱིར། ངོ་བོ་ཉིད་ཡང་དག་པར་མཐོང་བ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་
སོགས་པ་ལ། །ངོ་བོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལས་གཞན་པར་འདོད་པ་འགོག་པར་བྱེད་དོ། །ད་ནི་སྐྱེ་བ་ལ་སོགས་པ་ལས་གཞན་པའི་འཇིག་པ་མེད་པར་བསྟན་པའི་ཕྱིར། དེའི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། དེ་དག་ནི་མཚན་ཉིད་ཀྱི་གནས་སྐབས་ཀྱི་ཁྱད་པར་གྱིས་རབ་ཏུ་
ཕྱེ་བའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་རྣམ་པར་གཞག་གོ། །མདོ་ལས་མཚན་ཉིད་གསུམ་རྣམ་པར་གཞག་པ་བསྟན་པའི་ཕྱིར་མཚན་ཉིད་བཞི་པོ་དེ་དག་ཅེས་བྱ་བ་ལ་སོགས་པ་ལ། ཡོད་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སྐྱེས་པ་ནི་བདག་གི་ལུས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་སྐྱེ་བ་ཞེས་བྱ་སྟེ།

མངོན་པར་འགྲུབ་པ་ཞེས་བྱས་ནས་སོ། །ངོ་བོ་ཉིད་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་འགག་པ་སྟེ། དེའི་ངོ་བོ་མེད་པ་ཉིད་དོ། །སྐད་ཅིག་སོ་སོ་ལ་སྐྱེ་བ་དང་འཇིག་པ་དང་ལྡན་པས་འཇུག་པ་ན་འདུ་བྱེད་ཀྱི་རྒྱུན་གཞན་དུ་འགྱུར་བ་ནི་མཚན་ཉིད་གསུམ་པའོ། །དེ་ལྟར་གནས་སྐབས་གསུམ་བསྟན་
པའི་ཕྱིར་གསུམ་དུ་བསྟན་ཏེ། འདུས་བྱས་ཞེས་བྱ་བ་མེད་པ་ལས་བྱུང་བ་དང་། བྱུང་བ་ཉམས་པར་འགྱུར་བ་དང་། དེའི་རྒྱུན་ཞེས་བྱ་བ་འཇུག་པ་གཞན་དུ་འགྱུར་བ་ཞེས་བྱ་བ་སྟེ། མི་རྟག་པ་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་མཚན་ཉིད་རྣམ་པ་གསུམ་གསུངས་པ་ཡིན་ནོ། །དངོས་པོ་སྔ་ན་མེད་པའི་མི་
རྟག་པ་དང་། དངོས་པོ་རྣམ་པར་འགྱུར་བའི་མི་རྟག་པ་དང་། དངོས་པོ་འགག་པའི་མི་རྟག་པའོ། །མཚན་ཉིད་དེ་དག་ཀྱང་རྫས་ཉིད་དུ་ཡོད་པར་འདོད་པ་ལ་ཚད་མ་མེད་པར་བསྟན་པའི་ཕྱིར་སྨྲས་པ། དེ་ལ་བྱང་ཆུབ་སེམས་དཔས་ཞེས་བྱ་བ་ལ་སོགས་པ་ལ། དེས་འདུ་བྱེད་ཙམ་ཞིག་འབྱུང་བར་དམིགས་
པར་ཟད་ཅེས་བྱ་བས་ནི་ངོ་བོ་ཉིད་མེད་པར་མངོན་སུམ་གྱི་ཚད་མས་བསྟན་པ་ཡིན་ནོ། །དེ་ལྟར་ན་སྐྱེ་བ་ལ་སོགས་པ་རྣམས་མངོན་སུམ་གྱི་ཚད་མས་ངོ་བོ་ཉིད་ངེས་པར་གཟུང་བར་མི་ནུས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རིགས་པས་དཔྱད་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པས་ཀྱང་བྱ་བ་མི་དམིགས་པར་བསྟན་པ་ཡིན་ནོ། །
དེ་ལྟར་ངོ་བོ་ཉིད་དང་། བྱ་བ་ངེས་པར་མི་དམིགས་པས་རྫས་ཉིད་དུ་མེད་དོ་ཞེས་བྱ་བ་ནི་རང་བཞིན་ནོ། །རྗེས་སུ་དཔག་པའི་རིགས་པས་རྣམ་པར་དགྲོལ་བ་ནི་གལ་ཏེ་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ཀྱི་སྐྱེ་བ་གཟུགས་ལས་གཞན་ཉིད་དུ་འགྱུར་ན་ནི་ཚོར་བ་ལ་སོགས་པ་བཞིན་དུ་
དངོས་པོ་ཐ་དད་དུ་སྐྱེ་བར་ཐལ་པར་འགྱུར་རོ། །འདོད་པ་ཁོ་ན་ཡིན་པས་གནོད་པ་མེད་དོ་ཞེས་བྱ་བར་གཞན་གྱི་འདོད་པ་བཀོད་ནས་སྨྲས་པ། དེ་ལྟ་ན་ནི་འདུ་བྱེད་ཀྱི་སྐྱེ་བ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྐྱེ་བ་ཡང་གཞན་ཡིན་ལ་སྐྱེ་བའི་སྐྱེ་བ་ཡང་གཞན་ཡིན་པས་དེ་ཆོས་བརྒྱད་དང་གཅིག་
ལ་འཇུག་པར་བྱེད་དོ་ཞེས་རྣམ་པར་འཇོག་པར་བྱེད་པས་དེ་དག་ནི་སྐྱེ་བ་གཉིས་འདོད་པ་ཡིན་ནོ། །དེའི་ཕྱོགས་ལ་སྐྱོན་བསྟན་པའི་ཕྱིར་དེ་ལ་འདུ་བྱེད་ཀྱི་སྐྱེ་བ་དེ་ཞེས་བྱ་བ་ལ་སོགས་པ་ལ། འདུ་བྱེད་ཀྱི་སྐྱེ་བ་དང་། སྐྱེ་བའི་སྐྱེ་བ་དེ་ཐ་དད་པ་ཡིན་ནམ་གཅིག་ཉིད་ཡིན། རྣམ་པར་རྟོག་པ་གསུམ་པ་ནི་མེད་དོ། །

གཅིག་ཉིད་ཡིན་ན་ནི་དོན་ཐ་དད་པར་རིགས་པ་མ་ཡིན་ཏེ། དེ་དག་སྐྱེ་བ་གཅིག་གིས་རབ་ཏུ་ཕྱེ་བའི་ལུས་ཡིན་པའི་ཕྱིར་རོ། །ཐ་དད་པ་ཡིན་ན་ནི་གཟུགས་ཀྱི་སྐྱེ་བ་ཞེས་ཐ་སྙད་དུ་གདགས་པར་མི་རིགས་ཏེ། ཚོར་བ་ལ་སོགས་པའི་རང་བཞིན་ནོ། །ཇི་ལྟར་གཟུགས་ལས་གཞན་པའི་ཚོར་བ་ལ་སོགས་པའི་སྐྱེ་
བ་གཅིག་པ་མ་ཡིན་པ་དེ་བཞིན་དུ་འདུས་བྱས་ཀྱི་ངོ་བོ་དང་། སྐྱེ་བ་ཡང་རིགས་པའི་ལམ་འདིས་རྣམ་པར་གཞག་པར་བྱའོ། །དེ་བཞིན་དུ་རྒ་བ་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །འཇིག་པ་ཡང་དོན་ཐ་དད་པ་ཞིག་ཡིན་པར་གྱུར་ན་ཉེས་པ་འཕེལ་བ་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་
འཇིག་པ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་པ་ཡང་དོན་ཐ་དད་པར་གྱུར་པ་ཞིག་ཡིན་ན་ནི་ཐ་དད་དུ་གྱུར་པའི་སྐྱེ་བ་དང་འཇིག་པ་འཐོབ་པར་འགྱུར་རོ། །དེ་དག་ལ་སྐྱེ་བ་ཡོད་པར་གྱུར་ན་ནི་དེ་འགག་པར་ཡང་འགྱུར་བས་དེ་ཉམས་པར་འགྱུར་བ་ཡང་འཐོབ་པར་འགྱུར་རོ་ཞེས་བྱ་བ་སྨྲས་པ། འདུ་བྱེད་
ཐམས་ཅད་འགག་པར་འགྱུར་ཏེ་ཞེས་བྱ་བ་ལ་ཕྱོགས་དེ་ཁས་ལེན་པར་བྱེད་ན་སྐྱོན་བསྟན་པའི་ཕྱིར། དེ་ལྟ་ན་ནི་ཚེགས་ཆུང་ངུས་ཞེས་བྱ་བ་ལ་སོགས་པ་ལ། ཚེགས་ཆུང་ངུས་ཞེས་བྱ་བ་ནི་མཐར་གྱིས་འཇུག་པའི་སྙོམས་པར་འཇུག་པ་དགུ་ལ་མ་ལྟོས་པར་ཡང་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་
འགོག་པའི་སྙོམས་པར་འཇུག་པ་ལྟར་སེམས་དང་སེམས་ལས་བྱུང་བ་འགོག་པ་འཐོབ་པར་འགྱུར་རོ། །ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་སེམས་དང་སེམས་ལས་བྱུང་བ་འགགས་པས་རབ་ཏུ་ཕྱེ་བ་ཡིན་པ་ལྟར་འཇིག་པ་སྐྱེ་བར་གྱུར་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་སྟེ། ཇི་ལྟར་འགོག་པའི་
སྙོམས་པར་འཇུག་པ་དང་བྲལ་བར་གྱུར་པའི་གནས་སྐབས་ན་སེམས་དང་སེམས་ལས་བྱུང་བ་འཇུག་པ་ལྟར། འཇིག་པ་འགག་པར་འགྱུར་བའི་དུས་ན་ཡང་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་ཉེས་པ་ལྷག་པར་སོགས་པར་བསྟན་པ་ཡིན་ནོ། །དེ་ལྟར་མཚན་ཉིད་རབ་ཏུ་བཀག་ནས་འདུ་བྱེད་
རྣམས་དུས་ཐམས་ཅད་དུ་ཡོད་པར་རབ་ཏུ་དགག་པའི་ཕྱིར། རིགས་ཀྱི་བུའམ་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་དུ་ཡང་འདུ་བྱེད་རྣམས་རྣམ་པར་གནས་པ་ལ་ངོ་བོ་ཉིད་ཀྱིས་ཡོད་པར་གྱུར་ན་ནི་རྟག་པར་ཐལ་བར་འགྱུར་བས་དེ་ལྟ་ན་དེ་དག་ལ་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བར་

ཡང་མི་འགྱུར་རོ། །བཟློག་པས་བསྟན་པའི་ཕྱིར་དེ་ལས་བཟློག་པ་ནི་རུང་སྟེ་ཞེས་བྱ་བ་སྨོས་ཏེ། ཐེར་ཟུག་མ་ཡིན་པ་དང་མི་རྟག་པར་མཐོང་བས་ནི་འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བར་ཡང་རུང་ངོ་ཞེས་བྱ་བའོ། །ཇི་སྐད་བསྟན་པའི་མི་རྟག་པ་ཉིད་ཀྱི་རྗེས་སུ་འབྲངས་
ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡུག་བསྔལ་གྱི་རྣམ་པའི་ཁྱད་པར་བསྟན་པའི་ཕྱིར་དེ་ལྟར་རྣམ་པ་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པའི་འདུ་བྱེད་ལ་གང་ཟག་ལ་བདག་མེད་པས་བདག་མེད་པར་བསྟན་ཏེ། གཟུགས་ལ་སོགས་པ་རང་ཉིད་ཀྱིས་བདག་མེད་པའི་མཚན་
ཉིད་ཡིན་པའི་ཕྱིར་དང་། །དེ་དག་ལ་དེ་ལས་གཞན་པའི་མཚན་ཉིད་ཀྱང་མེད་པའི་ཕྱིར་རོ། །བརྗོད་པར་བྱ་བའི་དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་བརྗོད་པར་བྱ་བའི་ཚིག་གི་གནས་ལའོ། །བརྗོད་པའི་ངོ་བོ་ཉིད་ཀྱི་ཞེས་བྱ་བ་ནི་བརྗོད་པར་བྱའོ། །དེ་ལྟར་བརྟགས་པའི་ཆོས་རྣམས་ཀྱིས་དབེན་པ་
གང་ཡིན་པ་དེ་ནི་ཆོས་ལ་བདག་མེད་པ་ཞེས་བསྟན་ཏོ། །སྔར་གྱི་རྒྱུ་ཡང་དག་པར་ཆད་པ་ཞེས་བྱ་བ་ནི་གང་ལ་སྔར་གྱི་རྒྱུ་ཡང་དག་པར་ཆད་པ་ཡོད་པ་དེ་ནི་སྔར་གྱི་རྒྱུ་ཡང་དག་པར་ཆད་པའོ། །དེ་དག་གི་རྒྱུ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་བསྐྱེད་པའི་རྒྱུ་དང་། སྐྱེ་བ་བསྐྱེད་པའི་རྒྱུའོ། །དེ་ལ་
ཉོན་མོངས་པ་བསྐྱེད་པའི་རྒྱུ་ཡང་དག་པར་ཆད་པ་ལ་ནི་ཉོན་མོངས་པ་མ་ལུས་པ་དང་བྲལ་བར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །སྐྱེ་བ་བསྐྱེད་པའི་རྒྱུ་ཡང་དག་པར་ཆད་པ་ལས་ནི་ཕུང་པོའི་ལྷག་མ་མ་ལུས་པ་སྤངས་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་
པ་སྟེ། དེ་ལྟར་ན་རྣམ་པ་གཉིས་སོ། །དེ་ལ་ལྷག་མ་དང་བཅས་པས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཉེ་བར་ཞི་བ་ཞེས་བྱའོ། །ཅིག་ཤོས་ནི་སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་ཞི་བར་རིག་པར་བྱ་བའོ། །དེ་ལྟར་ན་རྒྱུ་དང་བཅས་པའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཉེ་བར་ཞི་བས་
ཞི་བ་ཉིད་དུ་གསུངས་པ་ཡིན་ནོ། །ལྷག་པའི་བསམ་པ་མ་དག་པའམ་ཞེས་བྱ་བ་ནི་མོས་པས་སྤྱོད་པའོ། །བདེན་པ་མ་མཐོང་བ་ཞེས་བྱ་བ་ནི་བདེན་པ་རྟོགས་པ་དང་ངེས་པ་མ་ཡིན་པ་ཉན་ཐོས་སོ་སོའི་སྐྱེ་བོའོ། །གཞན་ལས་ཐོས་པའི་རྗེས་སུ་འབྲངས་ནས་མྱ་ངན་ལས་འདས་པ་ལ་མོས་པར་འགྱུར་ཏེ།

ཚིག་གིས་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་སྨྲ་བར་བྱེད་པའོ། །དེ་ལྟར་ཡང་དག་པ་མ་ཡིན་པའི་མྱ་ངན་ལས་འདས་པ་ལ་མོས་པ་སྟེ། མྱ་ངན་ལས་འདས་པ་ལ་དམིགས་ནས་སོ་སོ་རང་གིས་རིག་པའི་ཡེ་ཤེས་མ་ཐོབ་པའོ། །དེའི་ཕྱིར་སྨྲས་པ། འོན་ཀྱང་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་མྱ་ངན་
ལས་འདས་པའི་རྣམ་པར་རྟོག་པས་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་རབ་ཏུ་སྤོང་བ་སྟེ། ཡང་དག་པ་ཡང་མ་ཡིན་ཡང་དག་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱས་ནས་སོ། །ཚུལ་བཞིན་ཡིད་ལ་བྱེད་པ་དེ་ནི་ཡོད་དེ་ཞེས་བྱ་བ་ནི་རྣམ་པར་བྱང་བ་དང་མཐུན་པ་ཡིན་ཏེ། ཚུལ་བཞིན་ཡིད་ལ་བྱེད་པ་
དང་ལྡན་པའི་ཕྱིར་རོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་ལས་ཚིགས་སུ་བཅད་པ། ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མ་ཡིན་མིན་མི་རྟོག །རྟོག་མིན་མི་རྟོག་མ་ཡིན་པ། །ཤེས་བྱ་ཐམས་ཅད་ཡིན་པར་བརྗོད། །ཅེས་བསྟན་པ་ཡིན་ནོ། །ཡང་དག་པ་ཡང་མ་ཡིན་ཡང་དག་པ་མ་ཡིན་པ་
ཡང་མ་ཡིན་པ་ནི། རྣམ་པར་བྱང་བ་དང་མཐུན་པ་དེ་བཞིན་གཤེགས་པས་བསྟན་པའི་རྒྱུ་ལས་བྱུང་བའི་རྣམ་པར་རྟོག་པའོ། །རྟོག་པ་མ་ཡིན་པ་ནི་དེ་བཞིན་ཉིད་དང་། དེའི་ཡེ་ཤེས་གང་ཡིན་པའོ། །རྟོག་མིན་མི་རྟོག་མ་ཡིན་པ་ནི་དེའི་རྗེས་ལ་ཐོབ་པའི་འཇིག་རྟེན་པའི་ཤེས་པའོ། །དོན་དེ་ཉིད་རབ་ཏུ་
བསྒྲུབ་པའི་ཕྱིར་དཔེ་བསྟན་པ་ནི་འདི་ལྟ་སྟེ། རྒྱལ་པོའི་བུའམ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་དང་ཁྱིམ་བདག་གི་བུ་སྨོས་པ་ནི་བདག་པོར་གྱུར་པ་དང་འབྱོར་བ་དང་ལྡན་པས་ཁྱིམ་ནས་ཕྱིར་མི་འབྱུང་བར་ནུས་པས་སོ། །ཡང་དག་པའི་རི་དྭགས་ཀྱི་བསྔགས་པ་ཐོས་ནས་དེ་དག་སྔར་སྔོན་དུ་
གྱུར་པའི་རི་དྭགས་ཀྱི་བསྔགས་པ་ཡིན་ནོ་སྙམ་ནས་དེ་དག་ལ་མོས་པ་འཇུག་པར་འགྱུར་ཏེ། ཡང་དག་པའི་རི་དྭགས་སྔར་མ་མཐོང་བའི་ཕྱིར་རོ། །སྔོན་མེད་པ་དེ་དང་དེ་དག་མཐོང་ནས་ནི་བདག་ཉིད་ཀྱི་མོས་པ་བྱས་པ་དེ་དག་ལ་བརྫུན་པའི་འདུ་ཤེས་སྐྱེ་བར་འགྱུར་ཏེ། དེའི་བདག་ཉིད་མ་ཡིན་པ་ལ་
མོས་པར་གྱུར་ཏོ་སྙམ་སྟེ། སྔོན་གྱི་མོས་པས་དེ་དག་ངོ་ཚ་བ་སྐྱེ་བར་འགྱུར་རོ། །ཚོགས་ཡོངས་སུ་སྨིན་ཅིང་འཕེལ་བར་གྱུར་པ་ན་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ས་རབ་ཏུ་རྟོགས་པའི་དུས་ནའོ། །ཉན་ཐོས་རྣམས་ཀྱི་ནི་བདེན་པ་མཐོང་བའི་དུས་ནའོ། །མངོན་སུམ་གྱི་ཤེས་

པ་སྐྱེ་བར་གྱུར་ཏེ་ཞེས་བྱ་བ་ནི་གཉིས་ཀ་སྟེ། བདག་མེད་པ་གཉིས་མཐོང་བས་སོ། །གང་ཡང་བྱང་ཆུབ་སེམས་དཔའ་བྱིས་པའི་བློ་ཅན་ནམ། ཉན་ཐོས་དག་འདི་ལྟ་བུ་ནི་མྱ་ངན་ལས་འདས་པའོ་ཞེས་དེ་ཙམ་ལ་མོས་པར་བྱས་ནས་ཅུང་ཞིག་སྤོང་བ་ལ་མཚམས་སྦྱོར་བས་སྤང་བྱའི་
གཉེན་པོ་ཐོབ་པར་བྱ་བའི་ཕྱིར་གོང་ནས་གོང་དུ་བསྟན་པའི་ཁྱད་པར་ལ་འཇུག་པར་མི་འགྱུར་བས་དེ་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་མི་འགྱུར་རོ་ཞེས་རབ་ཏུ་བསྟན་པའི་ཕྱིར་དཔེ་གཉིས་པ་བསྟན་པའི་ཆེད་དུ་སྨྲས་པ། དཔེར་ན་མི་ནད་ཀྱིས་ཐེབས་པ་ཞེས་བྱ་བ་ལ་སོགས་པ་ལ་རིམ་གྲོ་བྱས་ན་ཞེས་
བྱ་བ་ནི་ཉེ་བར་སྤྱོད་པ་དག་གིས་སོ། །དེ་དག་ལ་མོས་ཤིང་ཞེས་བྱ་བ་ནི་འདི་ཁོ་ན་ནད་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་སྨན་ཡིན་ནོ་ཞེས་བྱའོ། །སྨན་སྔ་མ་དང་ཕྱི་མ་དེ་དག་བསྟེན་ནས་ཞེས་བྱ་བ་ལ་སྔ་མའི་གཉེན་པོ་ནི་སྔ་མ་ཉིད་དོ། །ཕྱི་མའི་གཉེན་པོ་ནི་ཕྱི་མ་ཉིད་དོ། །ཡིད་ཆེས་པར་མི་བྱེད་པའི་དོན་
བསྟན་པའི་ཕྱིར་དེའི་ཚིག་ལ་མངོན་པར་དད་པར་མི་འགྱུར་བ་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་སྒྲའི་རྗེས་སུ་འབྲངས་པས་དེ་ཉིད་ལ་དེ་ཁོ་ནར་འདུ་ཤེས་ནས་ཡང་དག་པའི་མྱ་ངན་ལས་འདས་པ་མཐོང་བར་མི་འགྱུར་རོ། །དེ་མ་མཐོང་ན་ཉོན་མོངས་པའི་ནད་ལས་གྲོལ་བར་ཡང་མི་འགྱུར་ཏེ། ནད་ཀྱིས་
བཏབ་པའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བས་དཔེ་གཉིས་པ་བསྟན་པ་ཡིན་ཏེ་དེའི་ཕྱིར་མི་ནད་ཀྱིས་ཐེབས་པ་ལྟ་བུ་ཞེས་བྱ་བ་ལ་བླ་མ་ལས་ཀྱང་ཆེས་བླ་མར་གྱུར་པ་ནི་འཇུག་པའི་སྒོས་བསྡུས་པའོ། །ཤིན་ཏུ་བླ་མར་གྱུར་པ་གསལ་བ་ནི་མོས་པས་སྤྱོད་པའི་གནས་སྐབས་ནའོ། །ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བ་ནི་ཡོངས་སུ་
སྨིན་པའི་གནས་སྐབས་ནའོ། །ཆེས་རྒྱ་ཆེ་ཞིང་ཤིན་ཏུ་རྒྱ་ཆེ་བ་ནི་རྣམ་པར་གྲོལ་བའི་གནས་སྐབས་ནའོ། །ཡང་དག་པར་བསྟན་ཅིང་གཏམས་ཏེ། རྗེས་སུ་བསྟན་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་དབང་དུ་བྱས་ནས་བསྟན་པ་དང་བཤད་པའོ། །ཡང་ན་དོན་གཅིག་པ་ཉིད་དོ། །ཡན་ལག་དང་ཉིང་ལག་
དང་། ཡོ་བྱད་ཐམས་ཅད་དང་ཤིན་ཏུ་ལྡན་པ་ཞེས་བྱ་བ་ནི་བཞོན་པ་སྐྱོན་དང་བྲལ་བ་དང་། ལམ་བརྒྱགས་ཀྱི་ཡོ་བྱད་ཐམས་ཅད་དང་ལྡན་པར་བསྟན་པའོ། །གཉིས་ལས་གང་ཡང་རུང་བ་གཅིག་མ་ཚང་ན་བགྲོད་པར་བྱ་བ་ཇི་སྲིད་པར་ཕྱིན་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་

རྣལ་འབྱོར་གྱི་གནས་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་སྟེ་བཅུ་བདུན་པའི་འགྲེལ་པ་རྫོགས་སོ།། །།ཡང་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་དབང་དུ་བྱས་ནས་སྡོམ་གྱི་ཚིག་སོ་སོར་འབྱེད་དོ་ཞེས་བྱ་བའོ། །དང་པོར་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པར་གཞག་
པ་ནས་སྦྱོར་བའི་འབྲས་བུ་ཡོད་པ་རྣམ་པར་གཞག་པའི་བར་ཏེ། མ་འོངས་པའི་དུས་ཉེ་བར་བཟུང་ནས་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནི་ངོ་མཚར་རོ། །འདས་པ་དང་དེ་ལྟར་གྱི་དུས་ཉེ་བར་བཟུང་ནས་མ་བྱུང་བས་ན་རྨད་དུ་བྱུང་བ་ཉིད་དོ། །ཉན་ཐོས་དང་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་
ཞིང་མེད་པ་དེའི་ཕྱིར་མཐར་བསྟན་ཏེ་གཞན་གྱི་དོན་བསྒྲུབ་པ་དང་བདག་གི་དོན་བསྒྲུབ་པའི་དབང་དུ་བྱས་ནས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྔ་རྣམ་པར་གཞག་པ་ཡིན་ནོ། །གཞན་གྱི་དོན་བསྒྲུབ་པ་ཡང་རྣམ་པ་གཉིས་ཏེ་སྦྱོར་བ་དང་བསམ་པ་ཉིད་དོ། །དེ་ལ་སྦྱོར་བ་ཉིད་སྨྲས་པ། རྒྱུ་མེད་པར་སེམས་ཅན་
ཐམས་ཅད་ལ་མཉེས་གཤིན་པ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་མཉེས་གཤིན་པའི་ངོ་བོ་ཉིད་དེ། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་ཕྱིར་ཡིན་གྱི་སེམས་ཅན་གཞན་ནི་དེ་ལྟ་མ་ཡིན་ནོ། །ཡང་སྦྱོར་བ་ནི་རྣམ་པ་གཉིས་ཏེ། སེམས་ཅན་རྣམས་ཀྱི་
དོན་དུ་སྦྱོར་བ་ན་སྡུག་བསྔལ་གྱིས་མི་མཇེད་པ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལྷག་པར་སྤྱོད་པའི་གདུལ་བྱ་འདུལ་བའི་ཐབས་ཤེས་པའོ། །རང་གི་དོན་ཕུན་སུམ་ཚོགས་པ་ཡང་གཉིས་ཏེ། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་སོ་སོར་
རིག་པ་དང་མཐུའི་ཆོས་རྒྱ་ཆེར་ཐོབ་པའོ། །ཡང་ན་བསམ་པ་ཉིད་དང་། སྦྱོར་བ་ཉིད་ཀྱིས་གཞན་གྱི་དོན་སྒྲུབ་པ་ཉིད་ཀྱི་དབང་དུ་བྱས་ནས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྔ་རྣམ་པར་གཞག་གོ། །བསམ་པ་ནི་སྔ་མ་བཞིན་ནོ། །སྦྱོར་བའི་སྒྲུབ་པ་ནི་རྣམ་པ་བཞི་སྟེ། བདག་ཉིད་སྡུག་བསྔལ་
ལ་མི་མཇེད་པ་དང་། གདུལ་བྱའི་ཐབས་ཤེས་པ་དང་། ཉོན་མོངས་པ་མེད་པར་སྦྱོར་བ་དང་། སྐྱོ་བ་མེད་པར་སྦྱོར་བ་ཉིད་དོ། །ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་ངོ་མཚར་ཉིད་སྟོན་པ་སྟེ། བདག་ཉིད་ལ་ལྟོས་ནས་ངོ་མཚར་མ་ཡིན་པའོ། །གཞན་ལ་ཕན་པའི་རྒྱུ་ལས་བྱུང་བའི་སྡུག་

བསྔལ་གྱི་བདེ་བའི་བདག་ཉིད་དུ་གྱུར་པ་ནི་ངོ་མཚར་ཉིད་དོ། །འཇིག་རྟེན་གཞན་གྱི་དོན་ལ་འདུན་པ་ཆེན་པོ་མེད་པ་དེའི་བདག་ཉིད་ཅན་རྣམས་ནི་གཞན་ལ་ཕན་པར་བྱ་བའི་ཕྱིར་སྡུག་བསྔལ་དང་དུ་ལེན་པ་ལ་ངོ་མཚར་བ་མེད་པའོ། །ཡང་ན་གཞན་ལ་ཕན་པའི་ཕྱིར་སྡུག་བསྔལ་ཉིད་བདེ་བའི་
བདག་ཉིད་དུ་འགྱུར་པ་ནི་ངོ་མཚར་བ་མེད་པ་སྟེ། གཞན་ལ་བརྩེ་བའི་བསམ་པ་དང་ལྡན་པའི་ཕྱིར་རོ། །དེའི་བསམ་པ་ཅན་ནི་སྡུག་བསྔལ་བ་ཁས་ལེན་པ་ནི་ངོ་མཚར་བ་སྟེ། སྡུག་བསྔལ་དེ་ཉིད་ལ་སྡུག་བསྔལ་དུ་མི་ལྟ་བ་བཞིན་དུ་ཁས་ལེན་པའོ། །དེ་ཁོ་ན་ཉིད་ཀྱི་དོན་མཐོང་བའི་ཤེས་རབ་
དང་ལྡན་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཉེས་དམིགས་དང་ཕན་ཡོན་མཐོང་བ་ལ་ངོ་མཚར་ཆེ་བ་མེད་པ་དང་། དེ་ལྟ་ན་ཡང་སེམས་ཅན་ལ་བརྩེ་བའི་ཕྱིར་འཁོར་བར་སྒྲུབ་པར་བྱེད་པ་ངོ་མཚར་ཆེ་བ་དང་། ཡང་ན་བཟློག་ནས་སེམས་ཅན་རྣམས་ལ་བརྩེ་བས་འཁོར་བ་དང་མྱ་ངན་ལས་འདས་
པའི་སྐྱོན་དང་ཡོན་ཏན་ལ་བལྟ་བ་ངོ་མཚར་ཆེ་བ་དང་། །སེམས་ཅན་ལ་བརྩེ་བ་ཡིན་པའི་ཕྱིར་འཁོར་བའི་སྡུག་བསྔལ་ཁས་ལེན་པ་ལ་ངོ་མཚར་ཆེ་བ་མེད་པའོ། །དབེན་པ་གཙོར་བྱེད་པ་ལ་ཞུགས་པས་བདེ་བའི་ཉམས་ཤེས་བཞིན་དུ་མི་སྨྲ་བ་ལ་ངོ་མཚར་ཆེ་བ་མེད་པ་དང་། དེ་ལྟ་ན་ཡང་འདུ་འཛིའི་
ནང་ན་གནས་པའི་སྦྱོར་བས་ཆོས་བསྟན་པ་ལ་སྦྱོར་བ་ངོ་མཚར་ཆེ་བ་དང་། བཟློག་ནས་ནི་སེམས་ཅན་རྣམས་ལ་བྱམས་པ་ཡིན་པས་ཆོས་སྟོན་པ་ནི་ངོ་མཚར་མི་ཆེ་བ་དང་། དེ་ལྟ་ན་ཡང་མི་སྨྲ་བའི་ཚུལ་གྱིས་བདེ་བའི་ཉམས་ཤེས་པ་ངོ་མཚར་ཆེའོ། །སེམས་ཅན་རྣམས་ལ་བརྩེ་བས་སེམས་ཅན་
རྣམས་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ངོ་མཚར་མི་ཆེ་བ་དང་། ཅུང་ཟད་ལ་ལྟོས་པས་སྤྱོད་པ་ནི་ངོ་མཚར་ཆེ་བ་དང་། གཞན་གྱི་བྱ་བ་ལ་རང་གི་བྱ་བར་མཐོང་བས། བདག་གི་བྱ་བ་ལྟར་བྱེད་པ་ངོ་མཚར་མི་ཆེ་བ་དང་སྙིང་རྗེའི་དབང་གིས་གཞན་གྱི་དོན་
བདག་གི་དོན་ཉིད་དུ་བྱེད་པ་ནི་ངོ་མཚར་ཆེ་བའོ། །བསམ་པའི་བྱེ་བྲག་མེད་པར་རྣམ་པ་ལྔས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་འགྱུར་རོ། །དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ན་ཡང་དབྱེ་བ་མེད་པའི་བསམ་པས་སྨོན་ལམ་འདེབས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་

གྱི་དབང་དུ་བྱས་ནས་སེམས་བསྐྱེད་པའི་ཕྱིར་དང་། ཕན་པ་དང་བདེ་བའི་བསམ་པའི་དབྱེ་བ་མེད་པ་དང་། སྙིང་བརྩེ་བའི་བསམ་པའི་དབྱེ་བ་མེད་པ་དང་། ཆོས་ཉིད་ཀྱི་བསམ་པའི་དབྱེ་བ་མེད་པ་དང་། དོན་དང་སྦྱོར་བའི་བསམ་པའི་དབྱེ་བ་མེད་པའོ། །རྣམ་པ་ལྔ་པོ་འདི་དག་གིས་བྱང་ཆུབ་
སེམས་དཔའ་རྣམས་སེམས་ཅན་རྣམས་ལ་སྣ་ཚོགས་ཀྱི་བློ་སྐྱེད་པར་མི་བྱེད་དོ། །དེས་ན་དེ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན་ནོ། །དེ་ལྟ་ན་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སྦྱར་བར་བྱའོ་ཞེས་འཇུག་པར་འགྱུར་གྱི་ཐ་དད་ཀྱི་བསམ་པས་ནི་མ་ཡིན་ནོ། །བྱང་
ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་ཕན་འདོགས་པའི་བྱ་བ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་ཕན་འདོགས་པ་ནི་མདོར་ན་རྣམ་པ་གཉིས་ཏེ། །ཚེ་འདི་པ་དང་། མ་འོངས་པའིའོ། །ཚེ་འདི་པའི་ཡང་སེམས་ཅན་རྣམ་པ་གསུམ་ལ་རྣམ་པ་གཉིས་
ཏེ། འཇིག་རྟེན་འདིའི་བདེ་བའི་ཕྱིར་འཚོ་བ་ལོག་པ་ལ་ཞུགས་པ་རྣམས་ལ་ཡང་དག་པའི་འཚོ་བ་སྟོན་པ་བསྒྲུབ་པ་དང་། བྱ་བ་དག་ལ་མི་མཐུན་པར་བསྒྲུབ་པ་དག་ལ་རིགས་པ་ཉེ་བར་སྟོན་པ་དང་། བདག་ཉིད་ཀྱི་བདེ་བའི་དོན་བསྒྲུབ་པར་མི་ནུས་པ་དག་ལ་མགོན་ཡོད་པར་བྱེད་པའོ། །མ་
འོངས་པ་ཡང་རྣམ་པ་གཉིས་ཏེ། མངོན་པར་མཐོ་བ་འདོད་པ་རྣམས་ལ་མངོན་པར་མཐོ་བའི་ལམ་སྟོན་པ་དང་། ཐར་པ་འདོད་པ་རྣམས་ལ་ཐེག་པ་གསུམ་ཉེ་བར་སྟོན་པ་སྟེ། རྣམ་པ་ལྔ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་དོ། །རྣམ་པ་
ལྔ་པོ་འདི་དག་གིས་དུས་རྟག་ཏུ་སེམས་ཅན་རྣམས་ལ་ཡང་དག་པར་སྒྲུབས་ཤིག་ཅེས་སྨོན་ལམ་འདེབས་པར་བྱེད་དོ། །དེ་ལྟར་བྱས་ན་ལན་དུ་ཕན་འདོགས་པར་རྣམ་པར་གཞག་གོ། །རྟག་ཏུ་སྨོན་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་ཉིན་ཞག་གཅིག་ལ་ཡང་བྱང་ཆུབ་སེམས་དཔའ་མང་དུ་སྨོན་པར་བྱེད་པར་
འགྱུར་བ་སྟེ། བསམ་པ་དེ་ལ་མང་དུ་ཞུགས་པའི་ཕྱིར་རོ། །དེའི་ཕྱིར་གནས་ལྔ་པོ་དེ་ལ་འདོད་པར་བྱ་བ་ཡིན་ཏེ། །མོས་པས་སྤྱོད་པ་ནི་རྣམ་པ་གསུམ་མོ། །ཕྱི་མ་གཉིས་ནི་ས་ལ་ཞུགས་པ་རྣམས་ཀྱིའོ། །སངས་རྒྱས་འབྱུང་བ་མཉེས་པར་བྱ་བ་ནི། གང་གི་ཚེ་གང་དུ་སངས་རྒྱས་འབྱུང་

བར་