Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 133

Văn bản gốc(Tây Tạng)

Trang 15 / 23 (50.000 ký tự/trang)
ྲོ་བ་ཡིན། གཞན་གྱིས་སྨོད་ཅིང་ཚིག་ངན་པ་བརྗོད་པའི་བར་དུ་བྱས་ཀྱང་གཞན་དག་ལ་ཁྲོ་བར་ཡང་མི་བྱེད་ལ་ཡིད་ཀྱིས་ཀྱང་ལོག་པར་མི་སེམས་སོ། །བརྡེག་པ་ལ་སོགས་པས་ཀུན་དུ་སྐྱོ་བར་མི་འགྱུར་ཏེ། ལུས་ཀྱི་མཐུ་ཐོབ་པའི་ཕྱིར་རོ། །
སོ་སོར་རྟོག་པའི་སྟོབས་ཀྱིས་ཡིད་ཡོངས་སུ་མི་སྐྱོ་བ་ཡིན་ནོ་ཞེས་བྱ་བ་ནི་སོ་སོར་རྟོག་པ་མང་བ་ཉིད་དོ། །དེའི་ཕྱིར་སྨྲས་པ། ངལ་བ་མེད་པས་ཞེས་བྱ་བ་ལ་སོགས་པ་ལ། དགེ་བའི་ཚིག་ཡིན་པའི་ཕྱིར་རྫོགས་པ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་འཆད་པར་འགྱུར་རོ། །མདོར་
བསྡུ་ན་ཆོས་ཉིད་ལས་མ་ཉམས་པའི་ངག་དང་། སླུ་བ་མེད་པས་རྒྱུན་ཆགས་སུ་འབྱུང་བ་དང་། ཡི་གེ་གསལ་བས་གསལ་བ་ཉིད་དོ། །དེ་ལྟ་བུའི་ཡན་ལག་བརྒྱད་དང་ལྡན་པའི་དགེ་བའི་བཤེས་གཉེན་ནི་རྣམ་པ་ཐམས་ཅད་ཀྱིས་གཞན་གྱི་དོན་བྱེད་པར་ནུས་སོ་ཞེས་བསྟན་པར་འགྱུར་རོ། །
བྱ་བ་དོན་ཡོད་པ་ཡིན་ཏེ་ཞེས་བྱ་བ་ནི་ངེས་པར་ཕན་པ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དོན་ཡོད་པ་རྣམ་པ་ལྔ་པོ་འདི་དག་ནི་སྔར་བསྟན་པའི་ཡན་ལག་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །སྙིང་བརྩེ་བ་ཅན་ནི་ཕན་པ་དང་བདེ་བར་འདོད་པའོ། །མང་དུ་ཐོས་པ་ནི་ཡང་དག་པ་ཇི་ལྟ་བ་

བཞིན་དུ་རབ་ཏུ་ཤེས་པའོ། །རྟོགས་པ་དང་ལྡན་པ་ནི་བློ་ཕྱིན་ཅི་ལོག་ཏུ་མི་འགྱུར་བའོ། །འཇིགས་པ་མེད་པ་དང་། གསལ་བའི་ཚིག་ཉིད་ནི་ཐབས་གང་དང་། ཆོས་བསྟན་པའི་ཚུལ་གང་གིས་སེམས་ཅན་གང་འདུལ་ནུས་པ་ཞེས་བྱ་བ་ཡིན་ནོ། །ལྡང་བ་ཕུན་སུམ་ཚོགས་
པ་ནི་ཡིད་ཡོངས་སུ་མི་སྐྱོ་བ་ཡིན་ནོ། །བཟོད་པ་དང་ལྡན་པའི་ཕྱིར་ཕྱོགས་སུ་མ་ལྷུང་བའོ། །དེ་ལྟར་ན་བསམ་པས་དོན་འདོད་པ་ཡིན་པ་ཉིད་དང་། བསྟན་པའི་ཚུལ་ཕུན་སུམ་ཚོགས་པས་ལུང་དང་རྟོགས་པ་དག་གི་དོན་ཇི་ལྟ་བ་བཞིན་མཁྱེན་པ་ཉིད་དང་། འདུལ་བའི་ཐབས་མཁྱེན་པ་དང་། བརྩོན་
འགྲུས་བརྩམས་པ་ཉིད་དང་། སེམས་སྙོམས་པ་ཉིད་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །མཐོང་བ་དང་ཐོས་པས་ཀྱང་སེམས་མངོན་པར་དང་བར་བྱེད་ན་ཞེས་བྱ་བ་ནི་དད་པར་བྱ་བའི་གནས་སུ་བསྟན་པ་ཡིན་ཏེ། སེམས་རབ་ཏུ་ཞི་བའི་ཕྱིར་སྤྱོད་ལམ་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ་སྟེ། ཡན་
ལག་མི་འགྱུར་བས་རབ་ཏུ་མཛེས་པ་ཉིད་དོ། །ལུས་ལ་སོགས་པའི་ལས་རབ་ཏུ་ཞི་བའི་ཕྱིར་དབང་པོ་རྣམས་ཞི་ཞིང་མི་གཡོ་བས་བརྟན་པ་སྟེ། ལུས་དང་ངག་དང་ཡིད་གཡོ་བ་མེད་པའི་ཕྱིར་རོ། །གཞན་ལས་རྙེད་པ་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་ཚུལ་འཆོས་པ་མེད་པ་ཡིན་ནོ། །རྙེད་
པ་དང་བཀུར་སྟི་ཡོངས་སུ་བསྒྱུར་བ་དང་། ཡོངས་སུ་ཐོབ་པའི་གང་ཟག་ལ་ཕྲག་དོག་མེད་པ་ཡིན་ཏེ། ཇི་ལྟར་བདག་ཉིད་ཀྱིས་རྙེད་པ་དང་བཀུར་སྟི་ཐོབ་པས་དགའ་བ་དེ་བས་ཆེས་གཞན་གྱིས་ཐོབ་ན་དགའ་བས་ཕྲག་དོག་མེད་པའོ། །དེ་ལྟར་ན་བསམ་པ་ཉིད་དང་། སྦྱོར་བ་ཉིད་ཀྱིས་ཕྲག་དོག་མེད་
པ་གསལ་བར་བསྟན་པ་ཡིན་ནོ། །ཟང་ཟིང་ལ་ཤིན་ཏུ་འདོད་པ་མ་ཡིན་པས་ཡོ་བྱད་བསྙུངས་པ་ཡིན་ནོ། །ཡོ་བྱད་བསྙུངས་པ་ཉིད་ཀྱང་རྙེད་དོ་ཅོག་ཐམས་ཅད་ཡོངས་སུ་གཏོང་བས་ཞེས་བྱ་བས་བསྟན་པ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་ཉམས་པ་དང་། སྤྱོད་པ་ཉམས་པའི་
དབང་དུ་བྱས་ནས་མཐོང་བ་ལ་སོགས་པའི་ཚིག་གི་ལམ་ལྔས་སྐུལ་བར་བྱེད་པ་ནི་གླེང་བར་བྱེད་པ་ཞེས་བྱའོ། །ལྟུང་བའི་ཆོས་སམ། ཆོས་རྣམས་དྲན་པར་བྱེད་པ་ནི་དྲན་པར་བྱེད་པ་ཞེས་བྱའོ། །རབ་ཏུ་དབེན་པས་ཇི་སྲིད་དུ་ཞི་གནས་དང་ལྷག་མཐོང་ཕྱིན་ཅི་མ་ལོག་པའི་གདམས་ངག་སྟོན་པ་

ནི་འདོམས་པར་བྱེད་པ་ཡིན་ནོ། །ཆོས་དང་འདུལ་བ་ལས་ཡང་དག་པར་བསྟན་པ་རྣམས་ལས་འདས་པ་ལས་ཤེས་ན་སྤྱོ་བ་ནས་བསྐྲད་པའི་ལས་ཀྱི་བར་དུ་བྱེད་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་དག་ལ་སྤྱད་ཀྱང་རུང་། མ་སྤྱད་ཀྱང་རུང་། བྱས་པ་དང་མ་བྱས་པ་དག་ལ་སྟོན་པར་བྱེད་པ་དང་། རྗེས་སུ་སྟོན་
པར་བྱེད་པ་ཞེས་བྱའོ། །དུས་དང་དུས་སུ་སྔོན་གྱི་དུས་སུ་བྱས་པའི་གཏམ་དང་། ཡང་དག་པར་འབྱིན་པར་བྱེད་པའི་གཏམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། རྣམ་པར་བྱང་བ་དང་ལྡན་པའི་ཚིག་དང་ཡི་གེ་ནས་མཁས་པར་གྱུར་པའི་བར་གྱི་ལམ་གྱི་ཚོགས་ཀྱི་ཆོས་རབ་ཏུ་སྟོན་
པར་བྱེད་པས་ན་ཆོས་སྟོན་པར་བྱེད་པ་ཡིན་ཞེས་བྱའོ། །འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་རིག་པར་བྱའོ་ཞེས་བྱ་བ་ལ་ཇི་ལྟར་རྟོགས་པར་བྱ་ཞེ་ན་ཁྱད་པར་རྒྱས་པར་ནི་སྟོབས་ཀྱི་རིགས་ཀྱི་ལེའུ་ལས་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་ཡོངས་
སུ་རྫོགས་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་དགེ་བའི་བཤེས་གཉེན་བསྟེན་པར་བྱ་བ་ནི་དགེ་བའི་བཤེས་གཉེན་མི་སླུ་བ་སྟེ། དགེ་བའི་བཤེས་གཉེན་ཡང་དག་པར་བསྒྲུབས་པས་མཉེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རྣམ་པ་བཞི་ཉིད་མདོར་བསྡུ་ན་མཆོད་པ་རྣམ་པ་གཉིས་སུ་གསལ་བར་བསྟན་ཏེ།
སྒྲུབ་པའི་མཆོད་པ་དང་། ཟང་ཟིང་གི་མཆོད་པའོ། །སྒྲུབ་པའི་མཆོད་པ་ནི་ན་བ་དང་མི་ན་བའི་དུས་སུ་གཡོག་བྱ་བའི་སྤྱོད་པས་སོ། །སྦྱིན་པ་ནི་གོས་ལ་སོགས་པའོ། །སྡུད་པའི་ལས་བྱ་བ་ནི་བརྩེ་བ་དང་གུས་པས་ཉེ་བར་བསྡུས་པ་སྟེ། སྒྲུབ་པའི་མཆོད་པར་རིག་པར་བྱའོ། །ཆོས་དང་མཐུན་པ་
ཤེས་བྱ་བ་ནི་ཆོས་དང་མི་འགལ་བའི་དོན་རྣམས་ལ་བདག་ཉིད་ཡང་དག་པར་སྒྲུབ་པར་བྱེད་པ་ནི་ཡང་དག་པར་གཟུང་བ་ཞེས་བྱའོ། །རྣམ་པར་གཟུང་བ་ནི་བླ་མའི་བཀའ་སྒྲུབ་པར་བྱེད་པའོ། །དོན་ལ་དབང་བྱེད་པ་ནི་དེ་བཞིན་དུ་ནན་ཏན་བྱེད་ཅིང་བླ་མའི་བཀའ་མི་གཅོག་པའོ། །དེ་དག་གཉི་
ག་ལ་གུས་པས་སྒྲུབ་པར་བྱེད་པ་ནི་རྣམ་པར་མི་གཡོ་བ་ཞེས་བྱའོ། །བདག་ཉིད་ཀྱི་སྐྱོན་མི་འཆབ་པ་ནི་འཆགས་པའོ། །ཤེས་པར་བྱ་བའི་བསམ་པས་ཞེས་བྱ་བ་ནི་ཤེས་པར་འདོད་པས་དྲུང་དུ་འགྲོ་བ་དང་། བསྙེན་བཀུར་བྱེད་པ་ནི་ཕྱག་འཚལ་བ་ལ་སོགས་པའི་བྱ་བས་རྗེས་སུ་འཇུག་

པའོ། །འདྲི་བ་ནི་ཐེ་ཚོམ་གཅད་པའི་ཕྱིར་རོ། །ཉན་པ་ནི་དེས་གསུངས་པ་རྣམས་སོ། །ལེགས་པར་བཤད་པ་ནི་འགའ་ཞིག་རེས་འགའ་རྙེད་པར་འགྱུར་གྱི་རྟག་ཏུ་ནི་མ་ཡིན་ཏེ། ཨུ་དུམྺ་རའི་མེ་ཏོག་བཞིན་ནོ་ཞེས་བྱ་བས་རྙེད་པར་དཀའ་བར་བསྟན་ཏོ། །དེ་ལྟར་ན་ལུས་དང་སྲོག་
དང་ལོངས་སྤྱོད་ནི་རྙེད་པར་སླ་བ་ཡིན་ལ། ལེགས་པར་གསུང་བ་ནི་རྙེད་པར་དཀའ་བ་ཡིན་པས་དེས་ན་དེ་དག་ལ་ལྟོས་པ་མེད་པར་བྱས་ལ་ཆོས་མཉན་པ་ལ་རབ་ཏུ་སྦྱར་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །འཕགས་པའི་ཤེས་རབ་ཀྱི་མིག་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་མིག་ཏུ་གྱུར་པ་ཡིན་ཏེ། ཆོས་མཉན་པས་
ཕྲ་བ་དང་རྒྱ་ཆེ་བའི་དོན་མཐོང་བ་དང་། མ་འོངས་པ་ན་སྐྱེ་བས་ཐོབ་པའི་ཤེས་རབ་ཐོབ་པར་འགྱུར་བས་ཞེས་བྱ་བས་སོ། །སྣང་པ་ནི་ལྷན་ཅིག་སྐྱེས་པའི་མིག་ཐོབ་ཏུ་ཟིན་ཀྱང་དེ་གོང་དུ་ཤེས་བྱའི་དོན་ཇི་ལྟ་བ་བཞིན་དུ་གསལ་པོར་རབ་ཏུ་སྟོན་པ་སྟེ། འབྲས་བུ་དང་ཕན་ཡོན་ཆེན་པོའི་མྱ་ངན་ལས་འདས་
པའི་གོ་འཕང་གི་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་ཐོས་པ་ནི་མྱ་ངན་ལས་འདས་པ་དང་། རྫོགས་པའི་བྱང་ཆུབ་དག་ཀྱང་ཡང་དག་པར་རབ་ཏུ་འབྱེད་པའི་ཞི་གནས་དང་ལྷག་མཐོང་དག་གི་ཁ་ན་མ་ཐོ་བ་མེད་པའི་དགའ་བའི་རྒྱུ་ཡིན་པའི་ཕྱིར་དགའ་བ་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་སོ། །ཡིད་ལ་བྱེད་པ་མི་
བྱའོ་ཞེས་བྱ་བ་ལ། འབད་པ་དང་བཅས་པས་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་ཁྲིམས་འཆལ་པ་ཉིད་དང་། རིགས་དམན་པ་ཉིད་དང་། བྱད་ངན་པ་ཉིད་དང་། ཚིག་འབྲུ་ངན་ཞིང་ལེགས་པར་སྦྱར་བ་མ་ཡིན་པ་ཉིད་ཡིན་ན་ཡང་དོན་ལ་བརྟེན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཁྲོ་ཞིང་སྙན་པར་
སྨྲ་བ་མ་ཡིན་པ་ཉིད་ཡིན་ན་ཡང་ཡིད་ལ་བྱེད་པར་མི་བྱ་སྟེ་དེའི་རྒྱུ་བསྟན་པའི་ཕྱིར། ཆོས་ནི་ནམ་ཡང་གང་ཟག་གི་སྐྱོན་གྱིས་སྐྱོན་ཅན་དུ་མི་འགྱུར་པའི་ཕྱིར་ཏེ། གང་ཟག་ཀྱང་གཞན་ཡིན་ལ་ཆོས་ཀྱང་གཞན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་ཟག་གི་སྐྱོན་གྱིས་ཆོས་སྐྱོན་ཅན་དུ་མི་འགྱུར་ཏེ། དེས་ནི་ཆོས་
ཀྱི་སྐྱོན་མེད་པར་བསྟན་པ་ཡིན་ནོ། །དེའི་ཕྱིར་གང་ཟག་གི་སྐྱོན་གྱིས་སེམས་སུན་འབྱིན་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་དམན་པ་དག་ཆོས་ཉན་པར་མི་བྱེད་དོ། །མ་མཉན་པས་བདག་ཉིད་ཕན་པ་མ་ཡིན་པ་ལ་འཇུག་པར་འགྱུར་ཏེ། ཤེས་རབ་ལས་ཡོངས་སུ་ཉམས་པ་དང་ལྡན་པར་

འགྱུར་རོ་ཞེས་ཉེ་བར་བརྟགས་ནས་གནས་ལྔ་ལ་ཡིད་ལ་བྱེད་པ་མེད་པར་ཆོས་མཉན་པ་ལ་འབད་པར་བྱའོ། །ཚད་མེད་པ་བསྒོམ་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེའི་ཕྱིར་སྨྲས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། བཞིའི་མིང་
བསྟན་པའི་ཕྱིར་བྱམས་པ་དང་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་གསུམ་དུ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མདོར་བསྡུས་ནས་ཀུན་རྫོབ་ཀྱི་ཚུལ་དང་དོན་དམ་པའི་ཚུལ་ལ་བརྟེན་ནས་ཚད་མེད་པ་རྣམས་བསྒོམ་པར་བྱ་བ་ཉིད་དོ། །ཀུན་རྫོབ་ཀྱི་ཚུལ་ནི་མོས་པས་སྤྱོད་པའི་གནས་སྐབས་ཀྱི་དེ་ཁོ་ན་མ་
རྟོགས་པའི་ཚེ་སྟེ། །སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་ཡིད་ལ་བྱས་ནས་ཚད་མེད་པ་རྣམས་སྒོམ་པར་བྱེད་པའོ། །གང་གི་ཕྱིར་སྨྲས་པ། སེམས་ཅན་ལ་དམིགས་པ་དང་ཞེས་བྱ་བའོ། །དོན་དམ་པའི་ཚུལ་གྱིས་རབ་ཏུ་དབྱེ་བ་ནི་རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པ་མཐོང་བའི་སྟོབས་
ཀྱིས་བསྒོམ་པ་ནི་ཆོས་ལ་དམིགས་པ་ཞེས་བྱའོ། །ཆོས་ལ་བདག་མེད་པ་མཐོང་བའི་སྟོབས་ཀྱིས་གོམས་པར་བྱེད་པ་ནི་དམིགས་པ་མེད་པ་ཞེས་བྱའོ། །དེ་ལྟར་ན་རྣམ་པ་གསུམ་མོ། །ཚད་མེད་པ་བཞིར་རྣམ་པར་གཞག་པར་བྱ་བ་ནི་དམིགས་པའི་དབྱེ་བས་རྣམ་པར་གཞག་པ་ཉིད་དོ། །ཚོགས་གསུམ་
དུ་རྣམ་པར་བཞག་ནས་ཞེས་བྱ་བ་ལ་སོགས་པའོ། །ངོ་བོ་ཉིད་རྣམ་པར་གཞག་པ་ནི་བདེ་བ་བསྒྲུབ་པའི་ལྷག་པའི་བསམ་པ་དང་ཞེས་བྱ་བའོ། །ཁྱད་པར་ཉིད་དུ་རྣམ་པར་གཞག་པ་ནི་གང་ཡང་སྨྲས་པ། ཕྱོགས་བཅུ་ཁྱབ་པར་བྱས་ནས་ཞེས་བྱ་བའོ། །ཡིད་ལ་བྱེད་པའི་ཁྱད་པར་རྣམ་པར་གཞག་པ་
ཉིད་ནི་གང་གི་ཕྱིར་སྨྲས་པ་སེམས་ཅན་ལ་མོས་པས་གནས་པ་ཞེས་བྱ་བའོ། །དེ་ལྟར་ན་ཚུལ་དང་པོས་ཚད་མེད་པ་རྣམས་མོས་པས་རབ་ཏུ་ཕྱེ་བ་བསྟན་ཏེ། མོས་པས་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་དམིགས་པའི་ཕྱིར་རོ། །ཚད་མེད་པ་བཞི་རྣམ་པའི་དབྱེ་བས་དབྱེ་བར་བྱའོ། །རྣམ་
པའི་དབྱེ་བ་ཡང་དམིགས་པའི་དབྱེ་བ་མེད་པ་མ་ཡིན་ཞེས་བྱ་བས་དམིགས་པའི་དབྱེ་བ་རྣམ་པར་གཞག་པར་བྱའོ། །གལ་ཏེ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་སེམས་ཅན་ལ་དམིགས་པ་བྱམས་པ་ཡིན་ན། མདོ་ལས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྒོམ་པར་

བྱའོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཕྱོགས་ཀྱི་དབྱེ་བ་དང་། གནས་ཀྱི་དབྱེ་བའི་དབང་དུ་བྱས་ནས་ཞེས་བྱ་བར་དགོངས་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་སེམས་ཅན་རྣམས་བདག་གི་ཕྱོགས་ལ་སོགས་པ་རྣམ་པ་གསུམ་དུ་འགྱུར་ཏེ། དགྲ་དང་། གཉན་བཤེས་
དང་། ཐ་མལ་པའོ། །སེམས་ཅན་དེ་དག་གི་གནས་ཀྱི་དབྱེ་བ་ཡང་ནམ་མཁའི་ཁམས་ཀྱི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་གཏོགས་པ་དེ་དག་ཐམས་ཅད་ལ་དམིགས་པའོ། །དེའི་ཕྱིར་སྨྲས་པ། ཕྱོགས་བཅུ་ཁྱབ་པར་བྱས་ནས་ཞེས་བྱ་བའོ། །ཆོས་ཙམ་དུ་འདུ་ཤེས་
དང་ལྡན་པ་ནི་གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས་པ་བདག་གིས་དབེན་པའི་གཟུགས་ལ་སོགས་པ་མཐོང་བའི་ཕྱིར་རོ། །སེམས་ཅན་དུ་འདོགས་པར་བསམ་པ་ཐག་པ་ནས་མཐོང་སྟེ་ཞེས་བྱ་བ་ནི་སེམས་ཅན་དུ་ཐ་སྙད་དུ་བཏགས་པ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་སེམས་ཅན་ཞེས་མོས་པར་མི་བྱ་བར་
བསྟན་ཏོ། །དེ་ལྟར་ན་ཡང་དེའི་གནས་སྐབས་ཀྱི་ཆོས་ལ་བདེ་བའི་བསམ་པས་ཉེ་བར་སྒྲུབ་པར་བྱེད་དོ། །དེའི་ཕྱིར་སྨྲས་པ། བྱམས་པ་ཉིད་སྒོམ་པར་བྱེད་པ་དེ་ནི་ཞེས་བྱ་བ་ནི་དེ་དག་ཐམས་ཅད་བདེ་བར་གྱུར་ཅིག་ཅེས་ཡིད་ལ་བྱས་ནས་ཆོས་ལ་དམིགས་པས་སྒོམ་པར་བྱེད་ཀྱི་སེམས་ཅན་དུ་མོས་པས་ནི་མ་
ཡིན་ནོ། །ཆོས་དེ་དག་ཀྱང་བྱིས་པས་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པར་མི་བྱེད་པའོ། །ཆོས་ཙམ་ལ་ཡང་མངོན་པར་ཞེན་པ་མེད་པ་དེ་ལྟ་ན་ཡང་བདེ་བ་ཉེ་བར་བསྒྲུབ་ཅིང་སྦྱིན་པར་འདོད་པ་ནི་བྱམས་པའོ། །དེ་བཞིན་དུ་སྙིང་རྗེ་ལ་སོགས་པའི་ཚུལ་ཡང་རིག་པར་བྱའོ། །ད་ལྟར་གྱི་སྡུག་
བསྔལ་བསལ་བར་འདོད་པའི་བསམ་པ་ནི་སྙིང་རྗེ་སྟེ། བསམ་པ་ཐག་པ་ནས་སྡུག་བསྔལ་བསལ་བར་འདོད་པ་ཉིད་དོ། །དེ་བཞིན་དུ་བདེ་བ་དང་བྲལ་བར་མ་གྱུར་ཅིག་ཅེས་དོན་དུ་གཉེར་བ་ནི་དགའ་བའོ། །དེའི་ཕྱིར་བདེ་བ་ལ་རྗེས་སུ་ཡི་རང་བའི་ལྷག་པའི་བསམ་པ་དགའ་བ་དང་ལྡན་པ་ཞེས་སྨྲས་
པ་ཡིན་ནོ། །སེམས་ཅན་གྱི་ཚོགས་གསུམ་གྱི་སོ་སོར་ངེས་པའི་ཀུན་ནས་ཉོན་མོངས་པ་བསལ་བར་འདོད་པ་ནི་བཏང་སྙོམས་ཏེ། བདེ་བ་དང་ལྡན་པ་རྣམས་ལ་རྗེས་སུ་ཆགས་པ་མེད་པར་སྟོན་པ་དང་། སྡུག་བསྔལ་བ་དང་ལྡན་པ་རྣམས་ལ་ཁོང་ཁྲོ་བ་མེད་པར་སྟོན་པར་བྱེད་ཅིང་ཁྲོ་བ་མེད་པར་བྱེད་

པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་མ་ཡིན་པ་དང་ལྡན་པའི་སེམས་ཅན་རྣམས་ལ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་བྱེད་པས་ཀུན་དུ་རྨོངས་པར་མི་འགྱུར་རོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་མེད་པའི་བཏང་སྙོམས་སུ་གནས་པ་ཉིད་ཀྱིས་དེ་དག་ཀྱང་དེ་དང་བྲལ་བར་འདོད་པར་བྱེད་དེ་ཉོན་མོངས་པ་བསལ་
བར་འདོད་པའི་ལྷག་པའི་བསམ་པ་ཞེས་བྱ་བ་ལ། འདི་དག་འདོད་ཆགས་ལ་སོགས་པ་དང་བྲལ་བར་གྱུར་ཅིག་ཅེས་ཡིད་ལ་བྱས་ནས་བཏང་སྙོམས་སྒོམ་པར་བྱེད་དོ། །གཞན་དག་དང་ཐུན་མོང་པ་བསྟན་པར་བྱ་བའི་ཕྱིར་གཞན་མུ་སྟེགས་ཅན་དང་ཐུན་མོང་པ་ཡིན་ནོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་
པ་སྟེ། ཇི་ལྟར་སེམས་ཅན་དུ་ལྟ་བ་ལ་མངོན་པར་ཞེན་པ་སོ་སོའི་སྐྱེ་བོ་རྣམས་སྒོམ་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྒོམ་པར་བྱེད་པའོ། །ཇི་ལྟར་ཉན་ཐོས་ལ་སོགས་པ་དག་བདག་མེད་པ་ལ་མངོན་པར་ཞེན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཞེས་བྱ་བས་དེ་དག་དང་ཐུན་མོང་
པའོ། །རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་དུ་ཟིན་ཀྱང་ཕན་པ་དང་བདེ་བའི་བསམ་པས་ཉེ་བར་སྒྲུབ་པའི་ངོ་བོ་ནི་ཐུན་མོང་མ་ཡིན་པའོ། །བདེ་བར་བྱ་བའི་ལྷག་པའི་བསམ་པས་བསྡུས་པ་ཞེས་བྱ་བ་ནི་བདེ་བ་མ་སྐྱེས་པ་སྒྲུབ་པར་འདོད་པ་དང་། སྡུག་བསྔལ་སྐྱེས་པ་བསལ་བའི་བདེ་བ་སྒྲུབ་
པར་འདོད་པ་དང་། བདེ་བ་སྐྱེས་པ་རྣམས་གནས་པར་རྗེས་སུ་ཡི་རང་བའི་རྣམ་པ་དང་གོ་རིམས་བཞིན་ནོ། །ཕན་པར་བྱ་བའི་ལྷག་པའི་བསམ་པས་བསྡུས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་རྣམ་པར་སྤང་བའི་བསམ་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཚད་མེད་པ་བཞི་ལ་སྙིང་བརྩེ་བ་
ཞེས་བརྗོད་དོ། །དེ་དག་ཀྱང་ཕན་པ་དང་བདེ་བའི་མཚན་ཉིད་ཅན་གྱི་ལྷག་པའི་བསམ་པ་ཡིན་ལ་སྙིང་བརྩེ་བར་ཡང་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཚད་མེད་པ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སྙིང་བརྩེ་བ་ཅན་ཞེས་བརྗོད་དོ། །ཉན་ཐོས་ལ་སོགས་པའི་སྙིང་རྗེ་ནི་སྡུག་བསྔལ་གྱི་
སྡུག་བསྔལ་ཙམ་ལ་དམིགས་པའི་ཕྱིར་སྙིང་རྗེ་ཆེན་པོ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ཀྱི་དབྱེ་བ་ལ་དམིགས་པའི་ཕྱིར་སྙིང་རྗེ་ཆེན་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྡུག་བསྔལ་རྣམ་པ་བརྒྱ་རྩ་བཅུ་མཐོང་བས་ཞེས་བྱ་བ་ལ། ལྔ་བཅུ་རྩ་ལྔ་དང་ལྔ་

བཅུ་རྩ་ལྔ་པའི་རྣམ་གྲངས་རྣམ་པ་གཉིས་ཀྱིས་རྣམ་པར་གཞག་པར་བྱའོ། །རྣམ་གྲངས་དང་པོ་ལྔ་བཅུ་རྩ་ལྔ་བསྟན་པའི་ཕྱིར་སྡུག་བསྔལ་རྣམ་པ་གཅིག་ནི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་གཅིག་ཅེས་བྱ་བ་ནི་འདུས་བྱས་ཐམས་ཅད་དུ་གཏོགས་པའི་བྱེ་བྲག་མེད་པའི་སྤྱིའི་སྡུག་བསྔལ་
ནི་འཇུག་པའི་སྡུག་བསྔལ་ཞེས་བརྗོད་དོ། །དེའི་ཕྱིར་སྨྲས་པ། སེམས་ཅན་ཐམས་ཅད་འཇུག་པར་གཏོགས་པའི་སྡུག་བསྔལ་དང་ལྡན་པའོ་ཞེས་བྱ་བ་བརྗོད་དོ། །འདོད་ཆགས་དང་གཏི་མུག་གི་རྒྱུས་གོ་རིམས་བཞིན་དུ་འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་དབང་དུ་བྱས་ནས་སྡུག་
བསྔལ་གྱི་རྣམ་པ་གཉིས་ནི་འདུན་པའི་རྩ་བ་ཅན་ཞེས་བྱ་བ་ལ། གང་ལ་འདུན་པའི་འདོད་ཆགས་ཡོད་པ་སྟེ་འགྱུར་བ་སྟེ་གཞན་དུ་གྱུར་པ་ལས་མྱ་ངན་ལ་སོགས་པའི་སྡུག་བསྔལ་ལོ། །དེ་སྔོན་དུ་འགྲོ་བ་ཡིན་པས་ན་འདུན་པའི་རྩ་བ་ཅན་ཞེས་བྱའོ། །འགྱུར་བ་རྣམ་པ་བརྒྱད་ནི་ཇི་ལྟར་ཉན་ཐོས་ཀྱིས་
ལས་བསྟན་པ་ཡིན་ནོ། །དེ་དག་ལས་དུས་ཀྱིས་ཡོངས་སུ་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ་ལོ། །ལྷག་མ་ནི་གཞན་དུ་འགྱུར་བའོ། །བྱིས་པ་མི་མཁས་པའི་རང་བཞིན་ཅན་དག་ལུས་ལ་སྡུག་བསྔལ་གྱི་རེག་པ་སྐྱེས་པར་གྱུར་པ་ན་རྨོངས་པར་འགྱུར་རོ་ཞེས་བྱ་བས་སོ། །དེ་ནི་ཀུན་དུ་རྨོངས་པའི་
རྣམ་པར་སྨིན་པའི་སྡུག་བསྔལ་ཏེ། གང་ལ་ཀུན་དུ་རྨོངས་པའི་རྣམ་པར་སྨིན་པའི་སྡུག་བསྔལ་ཡོད་པ་དེ་ནི་ཀུན་དུ་རྨོངས་པའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་ལུས་ཀྱིས་སྡུག་བསྔལ་གྱི་རེག་པའི་ཚོར་
བ་མྱོང་བར་གྱུར་པ་ན་མྱ་ངན་གྱིས་ཀུན་དུ་རྨོངས་པའི་དབང་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་སྨྲས་པ། ཚོར་བ་དྲག་པོ་གང་དག་གིས་ཞེས་བྱ་བ་ལ་སོགས་པ་ལ། ཟུག་རྔུ་གཉིས་ཞེས་བྱ་བ་ནི་ལུས་ཀྱི་དང་། སེམས་ཀྱི་སྡུག་བསྔལ་རྣམ་པ་གཉིས་ཀྱིས་གནོད་པའོ། །སྡུག་བསྔལ་
གསུམ་གྱི་ཚུལ་གྱིས་སྡུག་བསྔལ་རྣམ་པ་གསུམ་པ་ཉིད་དོ། །རྣམ་པ་བཞི་མདོར་བསྡུ་ན་རྣམ་པ་གཉིས་སུ་རྣམ་པར་གཞག་པར་བྱ་སྟེ། བྲལ་བའི་སྡུག་བསྔལ་དང་། ཀུན་དུ་རྨོངས་པའི་སྡུག་བསྔལ་གྱི་དབང་དུ་བྱས་པའོ། །དེ་ལ་བྲལ་བའི་སྡུག་བསྔལ་ཡང་རྣམ་པ་གཉིས་ཏེ། འདོད་པ་དང་བྲལ་

བ་ལས་བྱུང་བ་གང་ཡིན་པ་དེ་ནི་དང་པོའོ། །འཚོ་བ་དང་བྲལ་བ་ལས་བྱུང་བ་གང་ཡིན་པ་དེ་ནི་གཉིས་པའོ། །གཞན་ཡང་རྣམ་པ་གཉིས་ཏེ། དུས་རེ་ཞིག་པའི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྡུག་བསྔལ་གང་ཡིན་པ་དེ་ནི་དེས་ན་སྨྲས་པ། སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཞེས་བྱ་བའོ། །སྐྱེ་བ་ཐམས་ཅད་
དུ་གཏན་སྡུག་བསྔལ་བ་གང་ཡིན་པ་དེ་ནི་བཞི་པའོ། །རྣམ་པ་ལྔ་ནི་ཀུན་ནས་དཀྲིས་པའི་སྒྲིབ་པ་རྣམ་པ་ལྔས་བྱས་པ་སྟེ། ཇི་སྐད་དུ་མདོ་གཞན་དག་ལས། འདི་ན་འགའ་ཞིག་འདོད་པ་ལ་འདུན་པས་ཀུན་ནས་དཀྲིས་པའི་རྐྱེན་གྱིས་སྡུག་བསྔལ་དང་ཡིད་མི་བདེ་བ་རབ་ཏུ་མྱོང་བར་འགྱུར་རོ་ཞེས་བྱ་བ་ནས། དེ་
བཞིན་དུ་ཐེ་ཚོམ་གྱི་རྐྱེན་གྱིས་ཞེས་བྱ་བའི་བར་དུའོ། །རྣམ་པ་དྲུག་ཏུ་རྣམ་པར་གཞག་པ་ནི་ཉེས་པར་སྤྱོད་པ་བྱེད་པ་རྣམས་ཀྱི་རྒྱུ་དང་འབྲས་བུའི་དབྱེ་བ་དང་། ལོངས་སྤྱོད་བསྒྲུབ་པ་ལ་སོགས་པའི་དབང་དུ་བྱས་པའོ། །སྡུག་བསྔལ་རྣམ་པ་བདུན་ནི་སྡུག་བསྔལ་གྱི་བདེན་པ་བསྟན་པའི་ཚིག་རྣམས་ལས་ཕྱི་མ་
རྩ་བའི་སྡུག་བསྔལ་མ་གཏོགས་པ་རྣམས་སོ། །སྡུག་བསྔལ་རྣམ་པ་བརྒྱད་ནི་དུས་ཡོངས་སུ་གྱུར་པ་ལས་བྱུང་བ་དང་། འབྱུང་བ་ཡོངས་སུ་གྱུར་པ་ལས་བྱུང་བ་དང་། ལྷན་ཅིག་སྐྱེས་པ་དང་། བྱེད་པ་དང་བཅས་པའི་སྡུག་བསྔལ་དང་། གནས་པའི་སྡུག་བསྔལ་གྱི་དབང་དུ་བྱས་པའོ། །དང་པོ་དང་
གཉིས་པ་ནི་རྣམ་པ་གཉིས་གཉིས་སུ་དབྱེ་བའོ། །གསུམ་པ་ནི་རྣམ་པ་གཅིག་ཉིད་དོ། །བཞི་པ་ནི་རྣམ་པ་གཉིས་སོ། །གཞན་གྱིས་བྱས་པ་ཡང་རྣམ་པ་གཉིས་ཏེ། གཞན་གྱི་བསམ་པ་སྔོན་དུ་སོང་ནས་བྱས་པ་དང་། རེག་པ་ཉམས་སུ་མྱོང་བ་སྔོན་དུ་སོང་བ་ལས་བྱུང་བའོ། །རྣམ་པ་དགུ་ནི་དངོས་པོའི་དབྱེ་
བ་དང་། བྱེ་བྲག་གི་དབྱེ་བ་དང་། གནས་སྐབས་ཀྱི་དབྱེ་བའི་དབང་དུ་བྱས་པའོ། །དངོས་པོའི་དབྱེ་བ་ཡང་རྣམ་པ་གཉིས་ཏེ། བདག་དང་གཞན་ནོ། །གཞན་གཅིག་པུ་ཡང་རྣམ་པ་གཉིས་ཏེ། སྡུག་པའི་སེམས་ཅན་དང་དངོས་པོའི་དབྱེ་བས་སོ། །གང་གི་ཕྱིར་སྨྲས་པ། ཉེ་དུ་རྒུད་པའི་སྡུག་
བསྔལ་དང་ཞེས་བྱ་བའོ། །བདག་ཉིད་རྒུད་པའི་དབང་དུ་བྱས་པ་ནི་རྣམ་པ་གསུམ་སྟེ། འབྲས་བུ་དང་རྒྱུའི་དབྱེ་བས་སོ། །ནད་མེད་པ་ནི་རྙེད་པའི་མཆོག་ཅེས་བྱ་བའི་ཚིག་གིས་དེ་རྒུད་པ་ནི་འབྲས་བུས་བསྡུས་པའོ། །ཚུལ་ཁྲིམས་དང་ལྟ་བ་རྒུད་པ་ནི་རྒྱུས་བསྡུས་པའོ། །གནས་སྐབས་ཀྱི་དབྱེ་བ་ཡང་

རྣམ་པ་གཉིས་ཏེ། ཚུལ་ཁྲིམས་ཀྱིས་ཕོངས་པ་དང་། ལྟ་བས་ཕོངས་པའི་སྡུག་བསྔལ་གཉིས་མ་གཏོགས་པ་གཞན་དག་ནི་ཚེ་འདི་པའོ། །དེ་གཉིས་ནི་ཚེ་གཞན་པའོ། །རྣམ་པ་བཅུ་ནི་ལུས་ཀྱི་ཡོ་བྱད་བཅུས་ཕོངས་པའི་དབྱེ་བ་སྟེ། །དེ་ལྟར་ལྔ་བཅུ་རྩ་ལྔར་བསྟན་ཏོ། །ཡང་
སྡུག་བསྔལ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་གྲངས་གཉིས་པས་ལྷག་མ་སྡུག་བསྔལ་རྣམ་པ་ལྔ་བཅུ་རྩ་ལྔ་རྣམ་པར་གཞག་པའི་ཕྱིར་བསྟན་ཏེ། ཡང་ཞེས་བྱ་བ་ནི་རྣམ་གྲངས་གཞན་གྱི་སྡུག་བསྔལ་རྣམ་པ་དགུ་རྣམ་པར་གཞག་པ་སྟེ། །མདོར་བསྟན་པ་རྣམ་པར་དབྱེ་བ་ཉིད་ནི་སྡུག་བསྔལ་གྱི་རྒྱུ་
མ་ལུས་པར་ཡོངས་སུ་འཛིན་པ་ཉིད་དང་། སྡུག་བསྔལ་ཐམས་ཅད་རྣམ་པར་གཞག་པའོ། །སྡུག་བསྔལ་གྱི་རྒྱུ་ཡང་རྣམ་པ་གཉིས་ཏེ། འདས་པའི་སྐྱེ་བར་སྔོན་བསགས་པའི་ལས་ཀྱིས་བསྐྱེད་པ་གང་ཡིན་པའི་རྣམ་པར་སྨིན་པའི་འབྲས་བུ་སྡུག་བསྔལ་དུ་འགྱུར་བ་དང་། ཚེ་འདིའི་རང་གི་རྐྱེན་གྱིས་
ཡོངས་སུ་གཟུང་བ་སྟེ། གང་ལས་རྒུད་པའི་སྡུག་བསྔལ་གྱི་འབྲས་བུ་འབྱུང་བར་འགྱུར་བའོ། །དུས་ལ་སོགས་པ་ཆེན་པོ་དང་ལྡན་པས་སྡུག་བསྔལ་རྣམ་པ་བཞི་ནི་སྡུག་བསྔལ་ཆེན་པོའོ། །འགྲོ་བ་ཐམས་ཅད་ཀྱི་སྒོ་ནས་ཞུགས་པའི་ཕྱིར་ཐམས་ཅད་ཀྱི་སྒོ་ནས་ཏེ། ཇི་ལྟར་རིགས་པར་སྦྱར་རོ། །བདག་
ཉིད་ཀྱིས་ལུས་དང་ངག་དང་ཡིད་ཀྱིས་ངན་པར་སྤྱོད་པ་ལས་སྐྱེས་པ་ནི་ལོག་པར་ཞུགས་པའི་སྡུག་བསྔལ་ལོ། །ཡང་ལོག་པར་ཞུགས་པ་དེ་ནི་དངོས་པོ་རྣམ་པ་དྲུག་ཏུ་ཤེས་པར་བྱ་སྟེ། སེམས་ཅན་གཞན་གྱིས་བྱས་པ་ནི་གང་གི་ཕྱིར་སྨྲས་པ། གཞན་གྱིས་གནོད་པ་བྱས་པ་དང་ཞེས་བྱ་བ་ལ་སོགས་པ་ལ།
གཞན་གྱིས་གནོད་པ་བྱས་པ་བཤད་པ་ནི་གཞན་ལ་གནོད་པ་བྱས་པ་ལས་བྱུང་བ་ཞེས་བྱ་བ་སྟེ། གཞན་དག་ལ་མི་འདོད་པའི་གནོད་པ་བྱས་པ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །བྱས་པས་བྱེད་པ་པོས་ཐོབ་བོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གནོད་པ་བྱས་པ་ལས་བྱུང་བ་དང་ཞེས་བྱ་བ་ལ་རང་
ཉིད་ལྡང་བའི་ཕྱིར་ཀུན་ནས་སློང་བའོ། ཁ་ཟས་མི་མཐུན་པ་ཟོས་པས་ཁམས་མ་སྙོམས་པ་ལས་བྱུང་བ་ནི་ནད་སྣ་ཚོགས་ཀྱི་སྡུག་བསྔལ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཀྱིས་མི་རིགས་པར་སྡུག་བསྔལ་བར་བྱས་པ་ལས་ཞེས་བྱ་བ་ནི་བསོད་ནམས་མ་ཡིན་པ་ལ་བསོད་ནམས་ཀྱི་བློས་སྤྱོད་པར་བྱེད་

པ་དང་། རང་གི་རྣམ་པར་རྟོག་པའི་དབང་གིས་ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པ་མང་བ་ལས་ཉོན་མོངས་པས་ཀུན་ནས་དཀྲིས་པའི་རྐྱེན་གྱིས་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་བ་ལས་འབྱུང་ངོ་། །ཉེས་པར་སྤྱོད་པ་མང་དུ་སྤྱད་པས་རྒྱུ་དེས་མ་འོངས་པ་ན་ངན་འགྲོའི་སྡུག་བསྔལ་ཐོབ་པར་འགྱུར་རོ། །འཇུག་པའི་སྡུག་
བསྔལ་ནི་འཁོར་བ་ན་ངེས་པ་མེད་པའི་བྱ་བས་གནས་སྐབས་གཞན་དུ་གྱུར་པའི་ཚུལ་གྱིས་ཡོངས་སུ་གྱུར་པ་དང་ལྡན་པ་ན་སྔོན་གྱི་གནས་སྐབས་བཏང་ནས་གནས་སྐབས་གཞན་ཐོབ་པར་འགྱུར་བའོ། ལུས་མ་ངེས་པས་ཞེས་བྱ་བ་ནི་བདག་ལ་ངེས་པ་མེད་པས་ཞེས་བྱ་བའི་ཐ་ཚིག་གོ། །མི་འདོད་པས་བྱས་པའི་སྡུག་
བསྔལ་ནི་འདོད་པའི་ཕུན་སུམ་ཚོགས་པ་རྣམ་པ་བདུན་ལས་བཟློག་པའི་རྒུད་པ་ཉེ་བར་ཐོབ་པ་སྟེ། ཚེ་རིང་བ་ཕུན་སུམ་ཚོགས་པ་འདོད་པ་ལས་དེ་ལས་བཟློག་པའི་མི་འདོད་པའི་སྡུག་བསྔལ་ཐོབ་པར་འགྱུར་བ་དང་། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱ་སྟེ། གཟུགས་ཕུན་སུམ་ཚོགས་པ་དང་རིགས་
ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། སྟོབས་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། རྣམ་པར་རྒྱལ་བ་ཕུན་སུམ་ཚོགས་པས་ཏེ། ཕུན་སུམ་ཚོགས་པ་ནི་འདི་དག་གོ། །གང་ཅི་ཡང་རུང་བའི་རྣམ་པས་མི་འདོད་པ་དང་ཕྲད་པ་ནི་ཕོངས་པའི་སྡུག་
བསྔལ་ཞེས་བྱ་སྟེ། དེ་ཡང་ཁྱིམ་པ་རྣམས་ཀྱི་ནི་ཡོངས་སུ་བཟུང་བའི་དངོས་པོ་ཉམས་པར་གྱུར་པ་ལས་བྱུང་བའི་སྡུག་བསྔལ་དང་། མུ་གེ་བྱུང་བས་ཉེ་བར་གནོད་པའི་བཀྲེས་པའི་སྡུག་བསྔལ་དང་། གཞན་གྱིས་གནོད་པ་བྱས་པས་རྣམ་པར་ཉམས་པའི་སྡུག་བསྔལ་དང་། གཅོང་རོང་དུ་ཞུགས་པའི་སྡུག་
བསྔལ་དང་། འཚོ་བ་ཉམས་པའི་སྡུག་བསྔལ་དང་། ཡན་ལག་ཉམས་པའི་སྡུག་བསྔལ་དང་། གཞན་གྱིས་མི་འདོད་པ་བྱས་པའི་ཡན་ལག་བཅིང་བ་དང་གཅད་པ་ལ་སོགས་པ་ལས་བྱུང་བའི་སྡུག་བསྔལ་གྱི་དབང་དུ་བྱས་པའོ། །སེམས་ཅན་ཐམས་ཅད་དང་ཐུན་མོང་བ་གང་ཡིན་པ་ནི་རྗེས་སུ་འབྲེལ་པ་ལས་བྱུང་
བའི་སྡུག་བསྔལ་ཏེ། དངོས་པོ་མེད་པར་གྱུར་པ་ནི་འཇིག་པའོ། །མ་ལུས་པར་གྱུར་པ་ནི་ཟད་པའོ། །དངོས་པོ་གཞན་དུ་གྱུར་པ་ནི་རྒ་བའོ། །ཁམས་མ་སྙོམས་པར་གྱུར་པས་ཡོངས་སུ་གནོད་པ་ནི་ན་བའོ། །རིས་མཐུན་པའི་ལུས་འདོར་བ་ནི་འཆི་བའོ། །འདོད་པའི་དོན་མ་ཐོབ་པ་ནི་མ་རྙེད་པའོ། །

སྐྱོན་གྱི་ཚིག་ནས་སྨྲ་བ་ནི་གྲགས་པ་མ་ཡིན་པའོ། །མངོན་སུམ་དུ་སྐྱོན་སྨྲ་བ་ནི་དམོད་པའོ། །གཞན་དག་ལས་མ་འོངས་པའི་དོན་ཐོབ་པར་འདོད་པ་ནི་སྡུག་བསྔལ་ལོ། །བདག་དང་གཞན་གྱི་དོན་གྱི་ལེའུར་ཇི་སྐད་བསྟན་པའི་བདེ་བ་རྣམ་པ་ལྔ་པོ་རྒྱུ་བདེ་བ་ནས་བདེ་བའི་ཚོར་བ་དང་མཐུན་པའི་
དབང་པོ་ལ་སོགས་པ་ནས་བདེ་བའི་ལས་ཀྱི་རྣམ་པར་སྨིན་པའི་བར་རོ། །དེ་དག་ལས་བཟློག་པའི་སྦྱོར་བས་ནི་རྒྱུའི་སྡུག་བསྔལ་ལོ། །ཚོར་བ་བདེ་བ་ནི་ལུས་དང་སེམས་ཚིམ་པར་བྱེད་པའི་བདེ་བའི་ཚོར་བའོ། །ཟས་ལ་སོགས་པ་ལོངས་སྤྱད་པ་ལས་བྱུང་བའི་བདེ་བ་ནི་བཀྲེས་སྐོམ་གྱི་སྡུག་བསྔལ་ལྡོག་པས་རབ་ཏུ་
ཕྱེ་བ་ཡིན་ནོ། །དེ་ལས་བཟློག་པ་ནི་ཟས་ལ་སོགས་པ་ལོངས་སྤྱད་པ་ལས་བྱུང་བའི་བདེ་བ་མེད་པ་ཙམ་གྱི་སྡུག་བསྔལ་ཞེས་བྱའོ། ཚོར་བ་རྒྱུན་མི་འཆད་པའི་སྡུག་བསྔལ་ནི་བདེ་བ་ལས་བཟློག་པའོ། །མངོན་པར་འབྱུང་བའི་བདེ་བ་ནི་ཁྱིམ་ན་གནས་པའི་སྡུག་བསྔལ་དང་བྲལ་བའོ། །དེ་ལས་བཟློག་པ་ནི་
ཁྱིམ་ན་གནས་པའི་སྡུག་བསྔལ་ཞེས་བྱའོ། །རབ་ཏུ་དབེན་པའི་བདེ་བ་ནི་འདོད་པ་དང་སྡིག་པ་མི་དགེ་བའི་ཆོས་སྤངས་པའི་དབེན་པ་བསམ་གཏན་དང་པོའི་དགའ་བའོ། །དེ་ལས་བཟློག་པ་ནི་འདོད་པའི་སྡུག་བསྔལ་ལོ། །ཉེ་བར་ཞི་བའི་བདེ་བ་ནི་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བའི་བསམ་གཏན་གཉིས་
པ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་རྟོག་པ་དང་དཔྱོད་པས་རྣམ་པར་དཀྲུགས་པའི་སྡུག་བསྔལ་ཞེས་བྱའོ། །མངོན་པར་བྱང་ཆུབ་པའི་བདེ་བ་ནི་ཉོན་མོངས་པ་ཐམས་ཅད་གཏན་དུ་སྤངས་པར་གྱུར་པའོ། །དེའི་མི་མཐུན་པར་གྱུར་པ་ནི་སོ་སོའི་སྐྱེ་བོའི་སྡུག་བསྔལ་ཞེས་བྱའོ། །བཞི་པོ་འདི་དག་
གཅིག་ཏུ་བྱས་པ་ནི་ལྔ་པའོ། །ཡང་རྣམ་པ་ལྔ་སྟེ། གནོད་པ་ལས་བྱུང་བ་ནི་གཅིག་ལ་སོགས་པ་སྔར་བསྟན་པ་རྣམས་སོ། །ཡོ་བྱད་མེད་པ་ལས་བྱུང་བ་ནི་ལུས་ཀྱི་ཡོ་བྱད་མེད་པ་ལས་བྱུང་བའོ། །ཁམས་མ་སྙོམས་པ་ལས་བྱུང་བ་ནི་མི་མཐུན་པའི་ལོངས་སྤྱོད་དྲེགས་པ་ལས་བྱུང་བའོ། །དགའ་བ་
འགྱུར་བ་ལས་བྱུང་བ་ནི་ཡིད་དུ་འོང་བ་གཞན་དུ་གྱུར་པ་ལས་བྱུང་བའོ། །ཉོན་མོངས་པའི་ཕྱོགས་གནས་ངན་ལེན་ལས་སྐྱེས་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །རྣམ་པ་བཅུ་པོ་འདི་དག་ནི་རྣམ་པ་ཐམས་ཅད་ཅེས་བྱའོ། །དེ་ལྟར་ན་མདོར་བསྟན་པ་རྣམ་པ་དགུའི་བཤད་པ་ལས་བརྩམས་ནས་སྡུག་བསྔལ་ལྔ་

བཅུ་རྩ་ལྔའོ། །གཉི་ག་བསྡོམས་ན་སྡུག་བསྔལ་བརྒྱ་རྩ་བཅུ་ཡིན་ནོ། །དེ་དག་ལ་དམིགས་ནས་མོས་པས་སྤྱོད་པའི་གནས་སྐབས་ན་སྙིང་རྗེ་སྐྱེ་བར་འགྱུར་རོ། །རྣམ་པར་འཕེལ་བ་ནི་ས་དང་ས་དག་ལའོ། །ཡོངས་སུ་རྫོགས་པ་ནི་མཐར་ཐུག་པའི་ས་དག་ལའོ། །སྡུག་བསྔལ་གྱི་ཕུང་པོ་ནི་ཇི་སྐད་བསྟན་
པའི་སྡུག་བསྔལ་གྱིས་ཡོངས་སུ་བསྡུས་པའི་སྡུག་བསྔལ་རྣམ་པ་བཅུ་དགུ་ལ་དམིགས་ནས་ཡང་དང་ཡང་དུ་སྙིང་རྗེ་འཇུག་པར་འགྱུར་རོ། །དེ་ལྟ་བུའི་སྡུག་བསྔལ་དེ་དག་ནི་ཟབ་པ་ལ་སོགས་པར་ཤེས་པར་བྱའོ། །ཇི་ལྟར་རིགས་པར་དབྱེ་བ་དང་དེ་དག་གིས་ཟབ་པ་སྟེ། ཆ་ཕྲ་བའི་ཕྱིར་རོ། །ཆ་ཕྲ་བ་
ཉིད་ཀྱང་རྟོགས་པར་དཀའ་བའི་ཕྱིར་རོ། །ཚོར་བའི་སྡུག་བསྔལ་ནི་ཚོར་བ་གང་ཅི་ཡང་རུང་བ་དེ་ནི་སྡུག་བསྔལ་བའོ་ཞེས་བྱ་བས་སོ། །རྒྱུ་རྣམ་པ་བཞིས་ཞེས་བྱ་བ་ནི་ཆེན་པོ་བཞི་དང་ལྡན་པས་ན་སྙིང་རྗེ་ཆེན་པོ་ཞེས་བསྟན་པ་ཡིན་ནོ། །ཆེན་པོ་རྣམ་པ་བཞིའི་དམིགས་པ་ཆེན་པོ་ཉིད་ནི་གང་གི་ཕྱིར་སྨྲས་པ། ཟབ་
ཅིང་ཆ་ཕྲ་ལ་ཞེས་བྱ་བ་ལ་སོགས་པའོ། །དུས་ཆེན་པོ་ཉིད་ནི་གང་ཡང་སྨྲས་པ། ཡུན་རིང་པོ་ནས་ཞེས་བྱ་བ་ལ་སོགས་པའོ། །ཡིད་ལ་བྱེད་པ་ཆེན་པོ་ཉིད་ནི་གང་གི་ཕྱིར་སྨྲས་པ། རྩོལ་བ་དྲག་པོས་དམིགས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་འབད་པ་མེད་པར་སྙིང་རྗེས་ནོན་པའི་བྱང་ཆུབ་སེམས་
དཔའ་རྣམས་སེམས་ཅན་གཅིག་གི་དོན་དུ་ཡང་བདག་ཉིད་དང་། བདག་གི་ལུས་དང་ཉེ་བར་མཁོ་བ་ཐམས་ཅད་ཡོངས་སུ་བཏང་ནས་བདག་ཉིད་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ཡོངས་སུ་འཛིན་པར་བྱེད་དོ། །འདི་དག་གིས་ནི་བདག་ཉིད་ལ་ལྟོས་པ་མེད་པ་དང་། ལྷུན་གྱིས་གྲུབ་པའི་ཁྱད་པར་
ཅན་གྱི་སྙིང་རྗེ་སེམས་ཅན་རྣམས་ལ་སྐྱེད་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་དག་པ་ཆེན་པོ་ཉིད་ནི་གང་གི་ཕྱིར་སྨྲས་པ། ཤིན་ཏུ་རྣམ་པར་དག་པ་ཡང་ཡིན་ཏེ་ཞེས་བྱ་བ་ལ་རྣམ་པར་དག་པ་ནི་མཐར་ཐུག་པའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སྙིང་པོ་ལ་ཡོད་པའི་སྒྲིབ་པ་
སྤངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་བག་ཆགས་དང་བཅས་པ་སྤངས་པས་སོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ཐམས་ཅད་ཅེས་བྱ་བ་ནི་སེམས་ཅན་དང་། ཆོས་དམིགས་པ་མེད་པའི་སྙིང་རྗེའོ། །ཡང་ན་བསྟན་མ་ཐག་པའི་སྙིང་རྗེ་ཐམས་ཅད་དོ། །སྙིང་རྗེའི་བསམ་པ་རྣམ་པར་དག་པ་ཞེས་

བྱ་བ་ནི་སྙིང་རྗེ་བསྒོམ་པ་ཞེས་བྱ་བར་བསམས་པའོ། །སེམས་ཤིན་ཏུ་མཉེན་པ་ནི་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བའི་བསམ་པ་ཉིད་དོ། །བྱམས་པའི་སེམས་ནི་ཁ་ན་མ་ཐོ་བ་མེད་པའི་འདོད་པའི་བདེ་བ་ཉེ་བར་བསྒྲུབ་པའི་བསམས་པའོ། །བྱེད་འདོད་པའི་སེམས་ནི་ཕན་པ་དང་བདེ་བ་ཉེ་བར་
བསྒྲུབ་པའི་བྱ་བ་བརྩམས་པའི་བསམ་པ་ཉིད་དོ། །སྐྱོ་བ་མེད་པའི་སེམས་ནི་བར་དུ་ལྡོག་པར་མི་འགྱུར་བའི་བསམ་པ་ཉིད་དོ། །སྡུག་བསྔལ་ཉམས་སུ་ལེན་པའི་སེམས་ནི་སེམས་ཅན་གྱི་སྡུག་བསྔལ་ཉམས་སུ་ལེན་པའི་བསམ་པ་ཉིད་དོ། །ལས་སུ་རུང་བའི་སེམས་ནི་སེམས་ཅན་ཐམས་ཅད་ཀྱི་བྲན་གྱི་བསམ་པས་
གནས་པའོ། །དེ་ལྟར་མི་འཇུག་གོ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པ་ཉན་ཐོས་སྐྱོ་བ་དང་ལྡན་པའི་སེམས་ཀྱིས་ལེགས་པར་བསྒོམས་པས་བདེན་པ་མཐོང་བའི་གང་ཟག་དག་གི་རྒྱུད་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་ཐར་པར་འཇུག་པ་དེ་བས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་རྒྱུད་ཀྱི་སྡུག་བསྔལ་
བསལ་བར་བྱ་བའི་ཕྱིར་དང་། རྣམ་པར་གྲོལ་བར་བྱ་བའི་ཕྱིར་མྱུར་དུ་འཇུག་པར་བྱེད་དོ། །དེ་ལྟར་སྙིང་རྗེ་བསྒོམས་པའི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གང་ཅི་ཡང་ཡོངས་སུ་མི་གཏོང་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ལ་ཕ་རོལ་
ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནི་སྙིང་རྗེའི་རྩ་བ་ལ་ས་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་གྱུར་ན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་དང་བྱང་ཆུབ་ནི་སྙིང་རྗེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཚད་མེད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཁོ་
ནའི་ཚད་མེད་པ་ཕུན་སུམ་ཚོགས་པ་ཡིན་གྱི་གཞན་དག་གི་ཕུན་སུམ་ཚོགས་པ་མ་ཡིན་ནོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་འབྲས་བུ་ཚད་མེད་པ་ཡོངས་སུ་འཛིན་པ་དང་། རྣམ་པ་ཚད་མེད་པ་དང་ལྡན་པ་དང་། ཕན་ཡོན་གྱི་ཁྱད་པར་ཚད་མེད་པ་དང་ལྡན་པའི་ཕྱིར་རོ། །བསྐལ་པ་དཔག་ཏུ་མེད་པར་འདོད་པའི་
འབྲས་བུ་རྒྱུན་མི་འཆད་པ་སྟེར་བར་སྦྱོར་བའི་ཕྱིར་འདོད་པའི་འབྲས་བུ་ཡོངས་སུ་འཛིན་པ་ཡིན་ནོ། །ཇི་སྐད་བསྟན་པའི་སྡུག་བསྔལ་རྣམས་ལ་དམིགས་པ་ཉིད་ནི་ཚད་མེད་པའི་རྣམ་པའོ། །རྣམ་པ་དེ་དག་གཞན་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པས་ཡོངས་སུ་གོམས་པར་བྱས་པའི་ཕྱིར་དགེ་ཞིང་

ཁ་ན་མ་ཐོ་བ་མེད་པ་ཞེས་བྱའོ། །ཕན་ཡོན་རྣམ་པ་བཞི་ནི་ཚེ་འདི་པ་ཉིད་ཀྱི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །རྟེན་དང་བརྟེན་པའི་ཁྱད་པར་དང་སྦྱོར་བས་ཏེ། ཚེ་འདི་ལ་བདེ་བར་གནས་པ་ནི་རྟེན་གྱི་ཁྱད་པར་གྱིས་དུག་དང་མཚོན་ལ་སོགས་པའི་གནོད་པས་མི་ཚུགས་པའོ། །བརྟེན་པའི་ཁྱད་པར་ནི་ཚངས་པའི་གནས་ཀྱིས་
ཡོངས་སུ་བསྡུས་པའི་སེམས་དང་སེམས་ལས་བྱུང་བའི་འཇུག་པའོ། བསོད་ནམས་ཚད་མེད་པ་ཡོངས་སུ་སྡུད་པའི་ཕྱིར་བསོད་ནམས་ཀྱི་ཚོགས་ཚད་མེད་པ་ཡོངས་སུ་འཛིན་པའོ། །བརྟན་པར་འགྱུར་བ་ནི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་བསམ་པ་ལེགས་པར་བསྒོམས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདག་
ཉིད་ལ་ལྟོས་པ་མེད་པར་བསྒྲུབས་པ་དང་ལྡན་པས་སྡུག་བསྔལ་ཉམས་སུ་ལེན་པར་འགྱུར་བའོ། །མཆོད་པ་དང་བཤེས་གཉེན་བསྟེན་པ་དང་། ཚད་མེད་པ་བསྒོམ་པའི་ལེའུ་སྟེ་བཅུ་དྲུག་པའི་འགྲེལ་པ་རྫོགས་སོ།། །།ངོ་ཚ་བརྟན་དང་མི་སྐྱོ་དང་། །ཞེས་བྱ་བ་ལ་སོགས་པའི་སྡོམ་གྱི་ཚིགས་སུ་
བཅད་པ་རྣམས་ཀྱི་འགྲེལ་པ་ནི་སྔར། གང་ལ་ཇི་ལྟར་གང་དག་སློབ། །ཅེས་བསྟན་པ་དེ་ལས་གང་ལ་ཇི་ལྟར་སློབ་པ་ནི་བསྟན་ནས་གང་དག་སློབ་པ་མ་བསྟན་པས་དེའི་དབང་དུ་བྱས་ནས་སྨྲས་པ། བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གཉིས་ཡོངས་སུ་རྫོགས་པ་ལ་སློབ་པོ་ཞེས་ཆོས་ཀྱི་སྡོམ་འདི་དག་བསྟན་
པ་ཡིན་ཏེ། ངོ་ཚ་བརྟན་པ་ནི་ཆོས་ཀྱི་མདོ་རྣམ་པ་བཞིའི་བར་ལ་སློབ་པར་འགྱུར་རོ་ཞེས་རིག་པར་བྱའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་རྣམ་པ་གཉིས་སུ་གཞག་པར་རིག་པར་བྱ་སྟེ། རང་གི་མཚན་ཉིད་དང་། དམིགས་པའོ། །དེའི་ཕྱིར་རྣམ་པ་གཉིས་སུ་རིག་པར་བྱ་སྟེ་ཞེས་བྱ་བ་སྨྲས་ཏེ། སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམད་ཅིང་བརྗོད་པར་རིགས་པ་མ་ཡིན་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །ཡང་དེ་ནི་མདོར་བསྡུ་ན་དངོས་པོ་ཉིད་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའི་ལྡོག་པའི་ཚུལ་ཁྲིམས་དང་། འཇུག་པའི་ཚུལ་ཁྲིམས་ལས་བརྩམས་ནས་བྱ་བར་འོས་པ་མི་བྱེད་
པ་དང་། བྱ་བ་མ་ཡིན་པ་བྱེད་པའོ། །ཡང་དེ་དག་ལས་ཉེས་པ་བྱས་ནས་ཕྱིར་མི་འཆོས་པ་ལས་བརྩམས་ནས་རྣམ་པ་གཉིས་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་ཞེས་བྱའོ། །བཞི་པོ་འདི་དག་ནི་གནས་ཞེས་བྱ་སྟེ། དེ་ལ་གནས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་འཇུག་པར་འགྱུར་རོ་ཞེས་བྱ་བའོ། །དེ་

ལ་ཇི་སྐད་བསྟན་པའི་ཁ་ན་མ་ཐོ་བའི་བྱ་བ་ཀུན་དུ་སྤྱོད་པ་ནི་བདག་གི་ཞེས་བྱ་བ་ནི་བདག་ཉིད་ཀྱི་དབང་དུ་བྱས་ནས་ཏེ། བདག་ཉིད་ལ་ལྟོས་ནས་འདི་ནི་བདག་དང་མཐུན་པ་མ་ཡིན་ནོ་ཞེས་ཤེས་པར་བྱས་ནས་སོ། །འཛེམ་པ་ནི་སེམས་རབ་ཏུ་བག་ཚ་བ་དང་སེམས་འཁུམས་པས་སེམས་ལྡོག་པར་
བྱེད་པའོ། །གཞན་དག་ལ་ཞེས་བྱ་བ་ནི་འཇིག་རྟེན་ལ་ལྟོས་ནས་ཏེ། ཇི་ལྟར་ལྟོས་ནས་ཤེ་ན། འཇིགས་ཤིང་གུས་པས་སོ། །འཇིགས་པ་ནི་མངོན་དུ་གྱུར་པ་དང་མངོན་དུ་མ་གྱུར་ཀྱང་གུས་པ་དང་བཅས་པས་ངོ་ཚ་བ་དང་། དཔྱས་ཀྱིས་དོགས་པའོ། །དེ་ལྟར་ན་འདི་གཉིས་ནི་ལྟོས་པའི་དབྱེ་བས་ཐ་དད་
ཀྱི་ངོ་བོ་ལ་ནི་ཐ་དད་པ་མེད་དོ། །རང་བཞིན་ཉིད་ཀྱིས་ཞེས་བྱ་བ་ནི་རིགས་ཀྱི་རྟགས་ཀྱི་དུས་ན་ཡང་ཤས་ཆེ་བ་ཡིན་ན་སེམས་བསྐྱེད་པ་རྣམས་ཀྱི་ནི་ཤིན་ཏུ་ཡང་ཆེ་བར་གྱུར་པ་ཡིན་ནོ། །དེ་བཞི་ནི་རང་གི་མཚན་ཉིད་དང་། རང་གི་མཚན་ཉིད་ཀྱི་ཁྱད་པར་ཉིད་ཀྱིས་རང་གི་ངོ་བོ་བསྟན་པར་བྱས་པ་ཡིན་ནོ། །རེ་རེ་ཡང་
དཔག་ཏུ་མེད་པས་མདོར་བསྡུ་ན་གང་སྨྲས་པ་བྱང་ཆུབ་སེམས་དཔའི་བྱ་བ་ཞེས་བྱ་བ་ནི་བྱ་བ་ལ་འཇུག་པའི་ཚུལ་ཁྲིམས་གང་ཡིན་པའོ། །དེ་ལ་ནན་ཏན་མི་བྱེད་པ་ནི་མི་སྒྲུབ་པའོ། །དེས་འཛེམ་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་ངོ་ཚ་བའོ། །བྱ་བ་མ་ཡིན་པ་ནི་ལྡོག་པའི་ཚུལ་ཁྲིམས་སོ། །དེ་ལ་ནན་ཏན་
བྱེད་པ་ནི་དེ་དབྱེ་བ་ཉིད་དང་དངོས་པོའི་གནས་དང་རྣམ་པ་གཉིས་སོ། །ཉམས་པར་འགྱུར་བ་རྣམ་པ་གཉིས་བསྟན་པའི་ཕྱིར། བདག་ཉིད་ཀྱི་སྡིག་པ་འཆབ་པ་ལ་ཞེས་བྱ་བ་ནི་ཚུལ་ཁྲིམས་དེ་དག་ལ་ཉམས་སུ་མི་ལེན་པ་དང་ཉམས་སུ་ལེན་པ་ལ་ཆོས་བཞིན་དུ་མི་བསྒྲུབ་པ་ལ་འཛེམ་པ་དང་། དེ་ལས་
འདས་པ་གཞན་ལ་མི་སྟོན་པ་སྟེ། བདག་ཉིད་ཇི་ལྟ་བ་བཞིན་དུ་གཞན་ལ་མི་སྟོན་པ་དེ་ལ་ཁྲེལ་ཡོད་པའོ། །བདག་ཉིད་འགྱོད་པ་སྐྱེས་པ་གཞན་ལ་སྟོན་དུ་ཟིན་ཀྱང་རྟོན་པ་དང་བཅས་པར་བསྟན་ཏེ། བཤགས་པ་མི་བྱེད་པར་ཡུན་རིང་དུ་ཉེས་པ་དང་བཅས་པར་འཇུག་པ་ནི་གནས་བཞི་པའོ། །དེ་བཞིན་
དུ་ཉེས་པ་བྱུང་བ་གཞན་ལ་སྟོན་པ་དང་། མཐོལ་ནས་བཤགས་པ་མི་བྱེད་པ་ནི་ཡང་གནས་གཉིས་ཞེས་བརྗོད་དོ། །མི་གཡོ་བ་ནི་མི་སྒུལ་པ་ཉིད་དོ། །དེའི་བརྟེན་པ་ཉིད་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ཉེ་བར་བཟུང་ནས་ཏེ། མདོར་བསྡུས་ནས་སྤྱོད་པ་དང་། གནས་པ་གཉིས་

བསྟན་པ་ཡིན་ནོ། །སྤྱོད་པར་གཏོགས་པ་ཡང་རྣམ་པ་གསུམ་སྟེ། ཀུན་ནས་ཉོན་མོངས་པ་མ་སྐྱེས་པ་མི་བསྐྱེད་པ་ཉིད་ནི་གང་གི་ཕྱིར་སྨྲས་པ་ཉོན་མོངས་པ་ཅན་གྱི་སེམས་ཡང་དག་པར་སྡོམ་པ་དང་ཞེས་བྱ་བ་ནི་བརྟན་པ་དང་བརྟན་པའི་སྟོབས་བསྐྱེད་པ་ཞེས་བྱ་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ནས་ཉོན་མོངས་
པ་ཅན་གྱི་སེམས་མི་བསྐྱེད་པ་ནི་མི་གཡོ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པ་སྐྱེས་པ་རྣམས་དང་ལྷན་ཅིག་མི་གནས་པ་ཉིད་ནི་གང་ཡང་སྨྲས་པ། ཉོན་མོངས་པའི་དབང་དུ་མི་འགྲོ་བ་དང་ཞེས་བྱ་བ་ལ་ཅི་ཞིག་ལྟར་སྐྱེས་པར་གྱུར་ན་ཡང་དེའི་དབང་གིས་མི་གནས་པ་སྟེ། ཉོན་མོངས་པའི་དབང་དུ་གྱུར་ནས་གནས་
པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དགེ་བའི་ཕྱོགས་ལ་རབ་ཏུ་སྦྱོར་བ་གྲང་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བས་མི་གཡོ་བ་ཞེས་བྱ་བ་ནི་སྡུག་བསྔལ་དང་དུ་ལེན་པའི་ངང་ཚུལ་ཅན་ཞེས་བྱ་བའོ། །གནས་སུ་གཏོགས་པ་ནི་དབེན་པར་གནས་པ་ན་འཇིགས་ཤིང་སྐྲག་པ་རྣམ་པ་སྣ་ཚོགས་དུ་མ་སྒོ་སྣ་ཚོགས་
པར་འཇུག་པར་འགྱུར་བའི་ཞིང་མང་བའི་སྡུག་བསྔལ་ཐམས་ཅད་ཀྱི་སྒོ་ནས་ཤིན་ཏུ་དྲག་པ་མྱོང་བར་གྱུར་ཀྱང་འཇིགས་པར་མི་འགྱུར་ཞིང་སྦྱོར་བ་ལས་ལྡོག་པར་མི་བྱེད་པའོ། །བརྟན་པ་ཉིད་ཀྱི་རྒྱུ་བསྟན་པ་ནི། རང་བཞིན་གྱིས་སྙིང་སྟོབས་དང་ལྡན་པའམ་ཞེས་བྱ་བ་ལ་སོགས་པ་ལ། རང་བཞིན་གྱིས་སྙིང་
སྟོབས་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་བསྒོམས་པའི་སྟོབས་སོ། །སོ་སོར་བརྟགས་པའི་སྟོབས་བསྐྱེད་པ་ནི་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱིའོ། །ཡང་ཆོས་གསུམ་ཤིན་ཏུ་ལྷག་པར་འཇུག་ཅིང་འབྱོར་པར་གྱུར་པ་ནི་སྙིང་སྟོབས་ཞེས་བྱ་སྟེ། འདི་ལྟ་སྟེ་ཤེས་རབ་དང་། སྙིང་རྗེ་དང་།
བརྩོན་འགྲུས་སོ། །དེ་དག་ཉིད་ཆེན་པོར་གྱུར་པ་ཐོབ་པར་གྱུར་པ་ནི་རང་བཞིན་གྱིས་སྙིང་སྟོབས་དང་ལྡན་པ་སྟེ་བརྟན་པ་ཉིད་དོ། །རྣམ་པ་སྣ་ཚོགས་དང་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྒོ་ནས་འཇུག་པ་སྟེ། དེ་ལྟ་བུའི་བདག་ཉིད་ཀྱི་འཁོར་བའི་སྡུག་བསྔལ་གྱིས་གནོད་པར་གྱུར་ཀྱང་སྒྲུབ་པར་བྱེད་
པ་ལས་མི་གཡོ་བའོ་ཞེས་བྱ་བས་སྡུག་བསྔལ་དང་ཕྲད་པ་ནི་གནས་དང་པོའོ། །སེམས་ཅན་རྣམས་ཀྱི་ལོག་པར་སྒྲུབ་པ་ནི་གཉིས་པའོ། །སེམས་ཅན་གྱི་དོན་དུ་འཁོར་བར་གནས་པར་བདག་ཉིད་ཀྱིས་ཁས་ལེན་པ་ནི་གསུམ་པའོ། །ཕ་རོལ་གྱི་རྒོལ་བ་དག་གིས་རང་གི་ཕྱོགས་རྣམ་པར་གཞག་པའི་སྒོ་ནས་

དེ་རྒྱལ་བར་གྱུར་པས་བདག་གི་ཕྱོགས་སུན་ཕྱུང་བས་མཐར་ཐུག་པར་བྱས་ཀྱང་ཆོས་སྟོན་པ་ལ་ཡང་ལུས་དང་སེམས་ཀྱི་འགྱུར་བ་མི་བསྐྱེད་ཅིང་བརྟན་པ་ཉིད་ནི་བཞི་པའོ། །བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཁས་བླངས་པ་དང་། བྱང་ཆུབ་སེམས་
དཔའི་མཐུ་དང་། དེ་ཁོ་ནའི་དོན་གྱི་དབང་དུ་བྱས་ནས་ཆོས་ཟབ་མོ་ཐོས་པ་ནི་ལྔ་པའོ། །དེ་ལྟར་ན་སྡུག་བསྔལ་ཉམས་སུ་མྱོང་བ་དང་། སེམས་ཅན་གྱི་ལོག་པར་སྒྲུབ་པ་དང་། འཁོར་བའི་སྡུག་བསྔལ་ཁས་བླངས་པ་དང་། ཕ་རོལ་གྱི་རྒོལ་བས་བརྩད་ཀྱང་འཁོར་གྱི་ནང་དུ་ཆོས་སྟོན་པ་དང་བྱང་ཆུབ་སེམས་དཔའི་
སྒྲུབ་པའི་ཆོས་དང་། ལུང་གི་ཆོས་ཀྱི་དབང་དུ་བྱས་ནས་གནས་རྣམ་པར་གཞག་པ་ཡིན་ནོ། །ཡིད་ཡོངས་སུ་མི་སྐྱོ་བ་ཉིད་ནི་ལུས་ཀྱི་ངལ་དུབ་དང་སེམས་སྐྱོ་བ་མེད་པ་ལ་བརྟེན་པ་དང་། སྦྱོར་བ་བརྩམས་པ་ལ་བརྟེན་ནས་ལྡོག་པར་མི་འགྱུར་བའོ། །རྒྱུ་རྣམ་པ་ལྔ་ནི་རྟེན་གྱི་ཁྱད་པར་དང་། སྦྱོར་བའི་ཁྱད་པར་དང་།
བསམ་པའི་ཁྱད་པར་གྱི་དབང་དུ་བྱས་ནས་རྣམ་པར་གཞག་པ་ཡིན་ནོ། །རྟེན་གྱི་ཁྱད་པར་ནི་ལུས་སྟོབས་དང་ལྡན་པ་སྟེ། གང་གི་ཕྱིར་སྨྲས་པ། རང་བཞིན་གྱིས་སྟོབས་དང་ལྡན་པ་ཡིན་ཏེ་ཞེས་བྱ་བའོ། །དེས་ན་ལུས་ཉམ་ཆུང་བའོ་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པའོ་ཞེས་བྱ་བའི་བར་རོ། །སྦྱོར་བའི་དབྱེ་
བ་ལ་ཡང་རྣམ་པ་གསུམ་སྟེ། གོམས་པའི་སྦྱོར་བ་སྟེ། རིགས་པའི་སྦྱོར་བ་དང་། སོ་སོར་བརྟགས་པའི་སྦྱོར་བའོ། །དང་པོའི་དབང་དུ་བྱས་ནས་སྨྲས་པ། ཡང་དང་ཡང་དུ་གོམས་པར་བྱས་པ་ཞེས་བྱ་བ་ལ། དུས་རིང་པོར་གོམས་པར་བྱས་པ་དེའི་རང་བཞིན་དུ་གྱུར་པས་དེ་ལ་ཆགས་ཤིང་
གནས་སྐབས་དེ་ལས་མི་ལྡོག་པའོ། །རིགས་པའི་སྦྱོར་བའི་བྱེ་བྲག་ཡང་དག་པར་མཐོང་བས་ཀྱང་ལྡོག་པར་མི་འགྱུར་རོ། །བརྟགས་ཤིང་བརྟགས་ཤིང་ཡང་བརྩམས་པ་ལས་ལྡོག་པར་མི་འགྱུར་རོ། །བསམ་པ་ནི་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་ཏེ། སྙིང་རྗེའི་སྟོབས་ཀྱིས་ཉེ་བར་གཟུང་
བས་སེམས་ཅན་གྱི་དོན་ལས་ལྡོག་པར་མི་འགྱུར་བས་སྙིང་རྗེ་ཅན་ནི་སྐྱོ་བར་མི་འགྱུར་རོ་ཞེས་བྱས་ནས་སོ། །མདོར་བསྡུ་ན་བསྟན་བཅོས་ཤེས་པ་ནི་ཡི་གེ་ལ་མཁས་པ་དང་དོན་ལ་མཁས་པའི་དབང་དུ་བྱས་ནས་བསྟན་བཅོས་ཤེས་པ་རྣམ་པར་གཞག་པར་བྱའོ། །ཡི་གེ་ལ་མཁས་པ་ནི་གཞན་དག་ལས་ཕྱིན་

ཅི་མ་ལོག་པའི་ཡི་གེ་ཐོས་པ་ཉིད་དེ། གང་གི་ཕྱིར་སྨྲས་པ། གཞན་ལས་ལེགས་པར་གཟུང་སྟེ་ཞེས་བྱ་བ་ལ། ཐོས་པ་ལེགས་པར་གཟུང་བས་ན་གང་གི་ཕྱིར་སྨྲས་པ། ཁ་དོན་ལེགས་པར་བྱང་བ་ཡིན། །ཞེས་བྱ་བའོ། །ཤེས་རབ་རྣམ་པ་གསུམ་ཐོབ་པ་ནི་དོན་ལ་མཁས་པའོ། །ཕྱིན་ཅི་མ་ལོག་པའི་དོན་ཐོས་པ་
ལས་བྱུང་བ་སྟེ། གང་གི་ཕྱིར་སྨྲས་པ། ལེགས་པར་ཐོས་པ་ཡིན་ཞེས་བྱའོ། །ཕྱིན་ཅི་མ་ལོག་པའི་དོན་རིགས་པ་དང་ལྡན་པས་ལེགས་པར་བསམས་ཤིང་ལེགས་པར་བརྟགས་པ་ནི་བསམས་པ་ལས་བྱུང་བའོ། །མིང་དང་ཚིག་ཐོས་པ་འཛིན་པ་ཉིད་ནི་ཆོས་ཤེས་པ་ཞེས་བྱའོ། །དོན་ཐོས་པ་དང་སེམས་
པ་ནི་དོན་ཤེས་པ་ཞེས་བྱ་སྟེ་ཐོས་པ་གསལ་བར་བྱ་བའི་ཕྱིར་དང་། མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་བསམ་པའི་སྦྱོར་བ་དོར་བར་མི་འགྱུར་རོ། །དེའི་ཕྱིར་སྨྲས་པ། གོང་ནས་གོང་དུ་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་དེ་ལྟར་ན་ཐོས་པ་དང་། བསམ་པའི་ཤེས་རབ་མཐར་ཐུག་པར་འགྱུར་རོ། །དེའི་
ཕྱིར་སྨྲས་པ། ཐོས་པ་དང་བསམ་པའི་མཐར་ཐུག་པ་ཞེས་བྱ་བའོ། །ཡོངས་སུ་སྨིན་པ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཐོབ་པའོ། །དད་པ་ཐོབ་པ་ནི་ལྷག་པར་མོས་པ་སྟེ། ཆོས་དང་དོན་མངོན་པར་རྟོགས་པའི་རྗེས་སུ་ཞུགས་པའི་ཕྱིར་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་བཟློགས་པའི་ཕྱིར་
རོ། །ཚད་མེད་པ་ནི་རིག་པའི་གནས་ལྔའི་རྗེས་སུ་འཇུག་པའི་ཕྱིར་རོ། །ཡོངས་སུ་རྫོགས་པ་ནི་ཆོས་དང་དོན་ཐོས་པ་དང་བསམ་པ་མི་འདོར་བའོ། །ཕྱིན་ཅི་མ་ལོག་པ་ཉིད་ནི་ཡོངས་སུ་སྨིན་པའོ། །མདོར་བསྡུ་ན་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་ཡོངས་སུ་ཤེས་པ་ནི་འཇིག་རྟེན་གྱི་རྗེས་སུ་འཇུག་
པས་ན་འཇིག་རྟེན་ཤེས་པ་ཞེས་བྱ་སྟེ། རྣམ་པ་བཞིས་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་ཡོངས་སུ་རིག་པར་འགྱུར་བ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་འཇུག་པ་ཉིད་དང་། རྣམ་པ་བརྒྱད་ཀྱིས་འཇིག་རྟེན་རྣམ་པར་བརྟག་པའི་དོན་ཉིད་དང་། འཇིག་རྟེན་གྱི་དོན་དམ་པ་ཉིད་དང་། དེ་སེམས་ཅན་གྱི་འཇིག་རྟེན་
དེ་ལ་སྙིང་རྗེའི་མིག་གིས་རྣམ་པར་བལྟས་པ་ཉམ་ང་བར་ཞུགས་པ་སྟེ། ཉམ་ང་བའི་གནས་སྐབས་ཐོབ་པ་མགོན་མེད་པ་དུས་རིང་པོར་འཁོར་བའི་སྡུག་བསྔལ་ལ་རྗེས་སུ་ཞུགས་པར་མཐོང་ནས་སྟོན་པར་བྱེད་དེ། ཉམ་ང་བ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །སྐྱེ་ཡང་སྐྱེ་ཞེས་བྱ་བ་ནི་ངན་འགྲོ་ཐོབ་པས་བཅོས་

སུ་མེད་པའི་འགྲོ་བ་ཐོབ་པར་བསྟན་པའོ། །རྒ་ཡང་རྒ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་ལང་ཚོ་ལས་ཡོངས་སུ་ཉམས་པར་བསྟན་པའོ། །འཆི་ཡང་འཆི་ཞེས་བྱ་བ་ནི་འཚོ་བ་ཉམས་པར་འགྱུར་བའོ། །དེ་ལྟར་འདོད་པའི་ཁམས་ཀྱི་དབང་དུ་བྱས་ནས་བསྟན་ནས་གཟུགས་དང་གཟུགས་མེད་པའི་
དབང་དུ་བྱས་ནས་སྨྲས་པ། འཆི་འཕོ་ཡང་འཆི་འཕོ། སྐྱེ་ཡང་སྐྱེ་མོད་ཀྱི་ཞེས་བྱ་བ་ལ། མ་ཐོབ་པ་མི་ཐོབ་པ་དང་། ཐོབ་པ་བརྟན་པ་མེད་པ་ནི་ཉམ་ང་བར་ཞུགས་པ་ཐོབ་པར་བསྟན་ཏོ། །མགོན་མེད་པ་དང་སྐྱབས་མེད་པར་བསྟན་པ་ནི་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ་ཞེས་བྱ་བ་ལ། དེ་
ལྟར་ན་རང་གིས་གྲོལ་བར་བྱ་བ་ནི་ནུས་པ་མ་ཡིན་ནོ་ཞེས་བྱ་བས་མགོན་མེད་པ་དང་། སྐྱབས་མེད་པ་ཡིན་ནོ། །ཡང་འཇིག་རྟེན་གྱི་འབྱོར་པ་དང་། ཕོངས་པ་རྣམས་ཀྱང་ཤེས་སོ་ཞེས་བྱ་བར་སྨྲས་པ། སེམས་ཅན་གྱི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ་བཀུས་ཏེ་བོར་བ་ལྟ་བུར་གྱུར་པས་ན་སྙིགས་མ་ཞེས་བྱ་སྟེ། ཤིན་
ཏུ་སྨད་པར་བྱའོ། །ཚེའི་སྙིགས་མ་ནི་ཚེ་ཐུང་བ་ཉིད་དོ། །སེམས་ཅན་གྱི་སྙིགས་མ་ནི་ཡང་དག་པའི་སྒྲུབ་པ་ལས་ཉམས་པའོ། །ཉོན་མོངས་པ་མི་བཟད་པའི་དབང་གིས་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པ་ནི་ཉོན་མོངས་པའི་སྙིགས་མ་ཞེས་བྱའོ། །ཕྱིན་ཅི་ལོག་གི་ཆོས་ལ་དོན་དུ་ངེས་པར་འཛིན་པ་ནི་ལྟ་བའི་སྙིགས་
མ་ཞེས་བྱའོ། །བར་གྱི་བསྐལ་པ་དང་ཉེ་བའི་ཆོས་ལ་ཀུན་དུ་སྤྱོད་པ་ནི་བསྐལ་པའི་སྙིགས་མའོ། །ཚེའི་སྙིགས་མའི་དབང་དུ་བྱས་ནས་སྨྲས་པ། འཚོ་བ་ཡུན་ཐུང་སྟེ་ཞེས་བྱ་བ་ལ་སོགས་པ་ལ། །མི་རྣམས་ནི་ཞེས་བྱ་བ་ནི་འཛམ་བུའི་གླིང་པ་རྣམས་ཏེ། །གཞན་དག་གི་ཚེ་ནི་ངེས་པར་གནས་པ་ཉིད་ཡིན་པས་སོ། །
བླ་མ་དང་། བླ་མའི་གནས་ལྟ་བུ་དག་ལ་རིམ་གྲོ་མེད་པ་དང་། རང་གི་ལས་ཀྱི་མཐའ་ལ་བསོད་ནམས་ཀྱི་ལས་ཀྱི་བྱ་བ་ལ་ནན་ཏན་མི་བྱེད་པ་ནི་སེམས་ཅན་གྱི་སྙིགས་མ་ཞེས་བརྗོད་དོ། །ཚིག་འདི་དག་གི་དོན་ནི་སྔར་བསྟན་པ་བཞིན་ནོ། །ད་ལྟར་གྱི་མི་ཕལ་ཆེར་ནི་ཆོས་མ་ཡིན་པ་ལ་འདོད་ཆགས་པ་དང་། མི་མཐུན་པ་
ལ་ཆགས་པས་མངོན་པར་ཟིལ་གྱིས་མནན་པ་དང་ལོག་པའི་ཆོས་སུ་གཏོགས་པ་ཞེས་བྱ་བའི་མདོའི་ཚིག་ནི་དུམ་བུ་གཉིས་སུ་བྱས་ཏེ་གཉིས་དང་གཅིག་གིས་ཏེ་ཉོན་མོངས་པའི་སྙིགས་མ་དང་ལྟ་བའི་སྙིགས་མ་སྨྲས་པ། དེ་ལ་ཆོས་མ་ཡིན་པ་ལ་འདོད་ཆགས་པ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་ཡུལ་གྱི་

ལོངས་སྤྱོད་དང་། འདོད་པ་ལ་ལོག་པར་སྤྱོད་པ་དང་ལྡན་པའོ། །མི་མཐུན་པ་ལ་ཆགས་པ་ནི་ཆོས་མ་ཡིན་པས་ལོངས་སྤྱོད་ཚོལ་བ་སྟེ། །ཆོམ་རྐུན་ལ་སོགས་པའི་ལས་ཀྱིས་གཞན་གྱི་ནོར་ལེན་པའོ། །དེས་ཀུན་ནས་བླང་བའི་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་བསྟན་པའི་ཕྱིར། །མཚོན་ཆ་ཐོགས་པ་དང་ཞེས་
བྱ་བ་ལ་སོགས་པའོ། །དགེ་བ་མ་ཡིན་པའི་སྡིག་པ་ཅན་གྱི་ཆོས་ཀུན་དུ་སྤྱོད་པ་ནི། ཉོན་མོངས་པའི་སྙིགས་མ་ཞེས་བསྟན་ཏོ། །དམ་པའི་ཆོས་འཇིག་པར་འགྱུར་བ་ནི་དམ་པའི་ཆོས་ཡོངས་སུ་ཉམས་ཤིང་ནུབ་པས་ལྷག་མ་མ་ལུས་པར་ནུབ་པར་གྱུར་པའོ། །ཆོས་ལྟར་བཅོས་པ་ཞེས་བྱ་བ་ནི་དེའི་གཟུགས་བརྙན་
ལྟར་སྣང་བ་སྟེ། དེ་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་སྟེ། །འདི་ལྟ་སྟེ་གཞི་བསྡུ་བ་ལས་བསྟན་པ་བཞིན་ནོ། །ཕྱིན་ཅི་ལོག་གི་ལྟ་བ་སྔོན་དུ་འགྲོ་བའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ལོག་པའི་ཆོས་ཀྱི་དོན་སྤྱོད་པ་སྔོན་དུ་འགྲོ་བ་ཞེས་བྱ་བའོ། །བར་གྱི་བསྐལ་པ་དག་ཉེ་བར་གྱུར་ཏེ་ཞེས་བྱ་བ་ནི་ཤིན་ཏུ་དྲག་པའི་མུ་གེ་
ཞེས་བྱ་བའི་ཐ་ཚིག་གོ། །ཕལ་ཆེར་སྣང་ངོ་ཞེས་པ་ནི་བར་སྐབས་བར་སྐབས་སུ་འབྱུང་བའོ། །འཇིག་པ་ནི་ཉམས་པར་འགྱུར་བའོ། །འཆགས་པ་ནི་འབྱུང་བར་འགྱུར་བའོ། །ཆགས་པ་ཡང་ཆགས་ནས་འདི་སྙེད་ཅིག་ཏུ་གནས་སོ། །བྱ་བ་ཡང་ཤེས་སོ། །འཆགས་པ་ཡང་དག་པ་ཇི་ལྟ་བ་བཞིན་
དུ་ཞེས་བྱ་བ་ནི་དེ་བཞིན་དུ་འཇིག་པ་ཡང་ཤེས་པར་བྱ་བ་ཡིན་པས་མེ་དང་ཆུ་དང་རླུང་གིས་ཞེས་བྱ་བར་ཤེས་པ་སྟེ། དེའི་རིམ་གྱིས་འཇིག་པར་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་པའོ། །འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཀུན་འབྱུང་བ་ནི་སྲེག་པའོ། །འགོག་པ་ནི་མྱ་ངན་ལས་འདས་པའོ། །ཀུན་
འབྱུང་བར་འགྱུར་བ་ནི་ཆགས་པའི་དགའ་བའོ། །འགོག་པར་འགྱུར་བའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རོ་མྱང་བ་ནི་གང་འཇིག་རྟེན་ལ་རབ་ཏུ་གྲགས་པའི་བདེ་བ་དང་ཡིད་བདེ་བར་ཚོར་བའོ། །དེ་ལ་མི་རྟག་པ་ལ་སོགས་པ་ཉིད་ནི་ཉེས་དམིགས་སོ། །འདུན་པའི་འདོད་ཆགས་
སྤངས་བ་ནི་ངེས་པར་འབྱུང་བའོ། །མི་ཉིད་ཀྱི་མདོའི་རྗེས་སུ་འབྲངས་ནས་དོན་དམ་པ་བསྟན་ཏེ། དེ་ལས་བསྟན་པ་ནི་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །གསུམ་འདུས་པར་གྱུར་པ་ལས་ནི་རེག་པའོ། །རེག་པ་ལས་བྱུང་བའི་ཚོར་བ་དང་འདུ་ཤེས་དང་སེམས་

པའི་བར་དུ་འབྱུང་ངོ་། །དེ་བཞིན་དུ་ཡིད་དང་ཆོས་ལ་བརྟེན་ནས་སེམས་པའི་བར་དུ་སྟེ་ཞེས་བྱ་བ་ལ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་དང་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་གཟུགས་ཀྱི་ཕུང་པོ་འདི་དག་ལ་མི་ཉིད་ཅེས་བྱའོ་ཞེས་བྱ་བའོ། །དེ་ལ་བདག་གམ་སེམས་ཅན་ཞེས་བྱ་བའི་འདུ་
ཤེས་གང་ཡིན་པ་དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དེ་ལ་གང་བདག་གིས་ནི་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་དམ་འཆའ་བ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལ་ཐ་སྙད་གང་ཡིན་པ་འདི་ནི་ཞེས་བྱ་བ་ནི་མིང་འདི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའོ། །དེ་
ལྟར་འདི་དག་ནི་འདུ་ཤེས་ཙམ་དང་དམ་བཅས་པ་ཙམ་དང་། ཐ་སྙད་ཙམ་སྟེ་ཆོས་འདི་དག་ཐམས་ཅད་ནི་མི་རྟག་པ་སེམས་ལས་བྱུང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །སེམས་ཅན་གྱི་འཇིག་རྟེན་གྱི་འཇུག་པ་ཞེས་བྱ་བ་ནི་འཇུག་པའི་སྡུག་བསྔལ་དང་ལྡན་པ་ཉིད་དོ། །སྣོད་ཀྱི་འཇིག་རྟེན་གྱི་འཇུག་པ་ཞེས་བྱ་བ་ནི་
འཆགས་པ་དང་འཇིག་པའོ། །ཉེ་བར་བརྟགས་པའི་དོན་རྣམ་པ་བརྒྱད་ནི་ཉེ་བར་ལེན་པའི་ཕུང་པོ་རྟོག་པ་དང་། ཉེ་བར་ལེན་པའི་ཐ་སྙད་ལ་བརྟེན་པ་དང་། འཇིག་རྟེན་རྣམ་པར་གཞག་པ་དང་། འཇིག་རྟེན་གྱི་དོན་དམ་པ་ཉིད་དང་། ཇི་ལྟར་འཇིག་རྟེན་གྱི་ཤེས་པ་དེ་བཞིན་དུ་དེའི་དབང་དུ་བྱས་ནས་འཇིག་རྟེན་ཤེས་
པ་སྟོན་པར་བྱེད་དོ། །ཡང་ཇི་ལྟར་འཇིག་པ་དང་འཇུག་པའི་དབང་དུ་བྱས་ནས་འཇིག་རྟེན་ཤེས་པ་བསྟན་པ་ཡིན་ནོ། །སེམས་ཅན་གྱི་དབྱེ་བ་རྣམ་པ་བཅུ་གཅིག་ལ་ཅི་ནུས་ཅི་རིགས་ཀྱིས་དེ་ལྟ་དེ་ལྟར་ཡང་དག་པར་བསྒྲུབ་པ་དང་། བདག་ཉིད་ལ་ཡང་དག་པར་བསྒྲུབ་པ་ནི་འཇིག་རྟེན་ཤེས་པ་ཞེས་བྱ་བའོ། །དབྱེ་
བའི་རྣམ་པ་བཅུ་གཅིག་གང་དག་ཅེ་ན། ཁྱད་པར་དུ་འཕགས་པ་དང་། མཚུངས་པ་དང་། དམན་པ་དང་། དམན་པའི་འདོད་པ་དང་ལྡན་པ་དང་། མཚུངས་པ་དང་། ཁྱད་པར་ཅན་ཐམས་ཅད་འདོད་པ་དང་ལྡན་པ་དང་། དགྲ་དང་གཉེན་དང་བར་མ་རྣམས་རྒུད་པར་གྱུར་པ་དང་། མགོན་མེད་པ་
དང་། སེམས་ཅན་གཞན་དང་། གྲོགས་རྣམས་དང་། གནོད་པ་བྱེད་པ་རྣམས་སོ། །མདོར་བསྡུ་ན་ཁྱད་པར་རྣམ་པ་གཉིས་ཀྱིས་ཁྱད་པར་དུ་འཕགས་པའི་འཇིག་རྟེན་ཤེས་པ་ཞེས་བསྟན་པ་ཡིན་ནོ། །ན་ཚོད་ཁྱད་པར་དུ་འཕགས་པ་ནི་ཆེས་རྒན་པ་ཞེས་པའོ། །ཡོན་ཏན་ཁྱད་པར་དུ་འཕགས་པ་ནི་ཆེས་

ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པའོ། །ངག་གི་ལས་དང་། ལུས་ཀྱི་ལས་དག་ལས་ངག་གི་ལས་ཀྱི་དབང་དུ་བྱས་ནས་སྨྲས་པ། ལེགས་པར་ཀུན་དུ་སྨྲ་བར་བྱེད། །ཅེས་བྱ་བ་སྟེ། དེ་དག་འཚམ་པའི་ཚིག་སྨྲ་བས་ཉེ་བར་སྒྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱི་ལས་རྣམ་པ་གཉིས་ཏེ་སྦྱིན་པ་དང་།
བསྟོད་པའི་དབྱེ་བས་སོ། །སྦྱིན་པའི་དབང་དུ་བྱས་ནས་སྨྲས་པ་ནི། སྟན་སྟོབས་པར་བྱེད་ཅེས་བྱ་བ་ལ་སོགས་པའོ། །བསྟོད་པའི་དབང་དུ་བྱས་ནས་སྨྲས་པ་ནི་ཕྱག་འཚལ་བ་དང་ཞེས་བྱ་བ་ལ་སོགས་པའོ། །མཚུངས་པ་ལ་ཡང་རྣམ་པ་གཉིས་ཏེ། ན་ཚོད་དང་། ཡོན་ཏན་གྱིས་སོ། །དེ་ལ་རྣམ་པ་གཉིས་
ཀྱིས་ཡང་དག་པར་སྒྲུབ་པར་བྱེད་དེ། སྙིང་དགའ་བར་བྱེད་པའི་ཚིག་གིས་ལེགས་པར་སྨྲ་བར་བྱེད་པ་དང་། ཡིད་ཀྱིས་བདག་དང་མཉམ་པོ་ཡིན་ཞེས་དཔོག་པས་མ་གུས་པར་མི་བྱེད་པའོ། །དམན་པ་ཡང་རྣམ་པ་གཉིས་ཏེ། ན་ཚོད་དང་། ཡོན་ཏན་གྱི་རྣམ་པས་སོ། །དེ་ལ་འཇིག་རྟེན་ཤེས་པ་ནི་རྣམ་པ་
བཞི་སྟེ། ཡོན་ཏན་བསྐྱེད་པར་འདོད་པ་ཉིད་དང་། ཡོན་ཏན་ཡོད་པ་ལ་རྗོད་པར་བྱེད་པ་དང་། སྐྱོན་ཡོད་པ་འཆབ་པར་བྱེད་པ་དང་། བརྙས་པར་མི་བྱེད་པ་ཉིད་དོ། །དམན་པ་འགའ་ཞིག་འདོད་པར་གྱུར་ན་དེ་ལ་ཡང་ཅི་ནུས་ཀྱིས་སྒྲུབ་པར་བྱེད་པ་ནི་རྣམ་པ་གསུམ་དུ་བསྟན་པར་བྱ་སྟེ། ཕྱིར་ཕྱོགས་
པར་མི་བྱེད་པ་ནི། གང་གི་ཕྱིར་སྨྲས་པ། ཕྱིར་ཕྱོགས་ཤིང་ཁྲོ་གཉེར་མི་བྱེད་པ་ཞེས་བྱ་བའོ། །བཞད་གད་དང་དཔྱས་མི་བྱེད་པ་ནི། འཁྲུལ་པ་ལ་ཡང་འཕྱས་མི་བྱེད་ཅེས་བྱ་བ་སྟེ། ཡང་དང་ཡང་མི་ལྟ་ཞེས་བྱ་བའི་ཐ་ཚིག་གོ། །བརྙས་པར་ཡང་མི་བྱེད་པ་ནི་དམན་པར་གྱུར་པ་ལ་ཡང་བརྙས་པར་
མི་བྱེད་པའོ། །དོན་འདོད་པ་དེ་དག་གསུམ་ཆར་ལ་ཡང་རྣམ་པ་བཞིས་འཇིག་རྟེན་ཤེས་པར་འདོད་པར་བྱེད་དེ། གསོང་པོར་སྨྲ་བའི་ཚིག་གིས་ཚུར་ཤོག་བདེ་བར་འོངས་སོ་ཞེས་སྨྲ་བ་ཉིད་དང་། སྦྱིན་པར་དམ་བཅས་པས་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། གང་ཡང་སྨྲས་པ། ངལ་སོར་འཇུག་
ཅིང་ཞེས་བྱ་བ་ནི། འདོད་པ་ཞི་བར་བྱེད་པས་ན་ངལ་སོར་འཇུག་པའོ། །ཁས་བླངས་པ་ལྟར་བྱེད་པ་ཞེས་འདོན་པ་དེའི་དོན་ནི་འདི་ཡིན་ཏེ། ཇི་ལྟར་དམ་བཅས་པ་དེ་བཞིན་དུ་སྒྲུབ་པར་བྱེད་པའོ། །དེའི་ཕྱིར་སྨྲས་པ་ཅི་ནུས་ཀྱིས་སྡུད་པར་བྱེད་ཅེས་བྱ་བའོ། །འདོད་པའི་དོན་དུ་གཉེར་བས་བསླངས་པ་ན་བཅོས་མའི་ཟབ་

མོ་ལྟར་བཅོས་ནས་ཅང་མི་སྨྲ་བར་འདུག་པ་སྟེ། གང་གི་ཕྱིར་སྨྲས་པ་དྲོད་མི་ཟིན་པ་དང་ལྡན་པར་མི་བྱེད་ཅེས་བྱ་བ་ལ་སོགས་པའོ། །ཡང་ན་གྱ་གྱུས་ཟབ་པ་ལྟར་སྟོན་པ་སྟེ་བཅོས་པའི་ཟབ་པ་ལྟར་སྟོན་པའོ། །ཕོངས་པ་རྣམས་ལ་སྒྲུབ་པར་བྱེད་པ་བསྟན་པའི་ཕྱིར། ཡོ་བྱད་ཐམས་ཅད་དང་ཞེས་བྱ་བ་
ལ་སོགས་པ་ལ། ཉེ་བར་ལོངས་སྤྱད་པ་ཐམས་ཅད་ཀྱིས་ཉེ་བར་སྒྲུབ་པར་བྱེད་པའོ། །མཐུན་པའི་ལུས་དང་། ངག་གི་ལས་ཀྱིས་ཀྱང་ཡལ་བར་མི་འདོར་རོ་ཞེས་སྦྱར་བར་བྱའོ། །འདིས་ནི་སྦྱིན་པའི་སྤྱོད་པ་ཀུན་དུ་ཚོལ་བའི་ཡང་དག་པའི་སྒྲུབ་པ་བསྟན་ཏོ། །གྲོགས་པོ་ལ་སོགས་པའི་དབང་དུ་བྱས་ནས་སྨྲས་པ། ཐམས་
ཅད་ཀྱང་མཛའ་བོ་དང་གྲོགས་པོར་བྱེད་དོ་ཞེས་བྱ་བ་ནི་ཐམས་ཅད་གྲོགས་པོའི་བྱ་བ་སྒྲུབ་པར་བྱེད་པ་ནི། ཐམས་ཅད་མཛའ་བོ་དང་གྲོགས་པོར་བྱེད་པ་སྟེ། བདག་ཉིད་ཀྱི་སྒྲུབ་པས་ཕྱིར་རྒོལ་བ་མེད་པ་ཉིད་ནི། ཕྱིར་རྒོལ་བ་དང་བྲལ་བར་གྱུར་པའོ། །མགོན་མེད་པའི་དབང་དུ་བྱས་ནས་སྨྲས་པ་མགོན་མེད་ཅིང་
རྟེན་མེད་པ་ཞེས་བྱ་བ་ལ། མགོན་དང་བཅས་པའི་གནས་སྐབས་སུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་གྱི་དབང་དུ་བྱས་ནས་སྨྲས་པ། རྣམ་གྲངས་གང་གིས་ཀྱང་ཞེས་བྱ་བ་ནི་གང་ཅི་ཡང་རུང་བའི་རྣམ་པར་རེག་པར་མི་གནས་པའི་བསམ་པས་སྡུག་བསྔལ་དང་ཡིད་མི་བདེ་བ་སྒྲུབ་པར་མི་བྱེད་
དོ། །ན་ཚོད་ཀྱི་དབང་དུ་བྱས་ནས་སྨྲས་པ། དགོད་པར་བྱེད་ན་ཡང་རན་པར་དགོད་པར་བྱེད་ཀྱི་མ་འོས་པར་དགོད་པར་མི་བྱེད་པའོ། །ཚོགས་པར་མི་འབྱུང་བའི་ཚིག་བརྗོད་པར་མི་བྱེད་ཅེས་བྱ་བ་ནི་གང་དང་ཤིན་ཏུ་གཅུགས་པར་གྱུར་པ་དེ་ལ་ཡང་ཚིག་མི་སྙན་པ་རྗོད་པར་མི་བྱེད་པའོ། །དེ་ལྟར་ན་དེ་
དག་འཇིག་རྟེན་ཤེས་པ་ཡིན་ནོ། །གནོད་པར་བྱེད་པ་རྣམས་ལ་བཟོད་པའི་སྒོ་ནས་འཇིག་རྟེན་ཤེས་པ་བསྟན་པའི་ཕྱིར་གནོད་པ་བྱས་པ་དག་ལ་ཡང་ཁྲོ་བར་མི་བྱ་བ་ཡིན་པས། གང་གི་ཕྱིར་སྨྲས་པ། ཁྲོ་བར་ཡང་མི་བྱེད་དོ་ཞེས་བྱ་བའོ། །ཁྲོས་སུ་ཟིན་ཀྱང་ཚིག་ངན་པ་སྨྲ་བར་མི་བྱེད་པའོ་ཞེས་བསྟན་པའི་
ཕྱིར་སྨྲས་པ། མཚང་སྒྲོགས་པར་ཡང་མི་བྱེད་དོ་ཞེས་བྱ་བའོ། །ཁྲོ་བ་ལ་སླར་ཁྲོ་བར་མི་བྱ་ཞིང་བརྡེགས་ཀྱང་སླར་བརྡེག་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གཞན་དག་གི་ལུས་དང་ངག་གིས་ཞེས་བྱ་བ་ལ་སོགས་པའོ། །བསྟིངས་སུ་ཟིན་ཀྱང་ཞེས་བྱ་བ་ནི་བརྡེགས་ཤིང་སྤྱོས་ཀྱང་ངོ་། །དེའི་

རྒྱུ་བསྟན་པའི་ཕྱིར་སྨྲས་པ། ཆོས་ཉིད་ཡིད་ལ་བྱེད་པའམ། བྱིས་པའི་རང་བཞིན་ཅན་གྱི་གནོད་པ་བྱེད་པར་བརྟགས་ནས་བཟོད་པ་ལ་མང་དུ་གནས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སེམས་བརྟན་ཞིང་ཞེས་བྱ་བ་ལ་སྔར་ཇི་ལྟ་བ་དེ་བཞིན་དུ་གནོད་པ་བྱས་པའི་དུས་སུ་ཡང་ལུས་ལ་སོགས་པས་བཟོད་པས་
བཟོད་པ་བསྟན་པས་མི་རྒོད་པའོ། །དེའི་ཕྱིར་སྨྲས་པ། བརྟན་པ་ཡིན་ཞེས་བྱ་བ་ལ་སོགས་པའོ། །བདག་ཉིད་ཡང་དག་པར་བསྒྲུབ་པའི་འཇིག་རྟེན་ཤེས་པ་བསྟན་པ་ཉིད་ནི་ཁྱིམ་པར་གྱུར་ཅིང་དེ་ལྟ་བུར་གནས་ཀྱང་དེ་ལྟ་བུར་འཇུག་པར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར། དྲི་མའི་ལས་ཀྱི་མཐའ་བཅུ་བཞི་དང་བྲལ་
བ་ཞེས་བྱ་བ་ལ་སོགས་པ་ལ་དྲི་མའི་ལས་ཀྱི་མཐའ་ནི་དགེ་བ་མ་ཡིན་པའི་ལས་ཀྱི་མཐའ་ཞེས་བྱ་བའི་དོན་ཏོ། །དེ་ལ་མདོའི་ཚིག་ནི་ཁྱིམ་བདག་གི་བུ་བཞི་པོ་འདི་དག་ནི་སྤང་བར་བྱ་བའི་ལས་ཀྱི་ཉོན་མོངས་པ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བའོ། །
གནས་བཞིས་སྡིག་པའི་ལས་བྱེད་པར་འགྱུར་ཏེ། འདུན་པ་དང་། ཞེ་སྡང་དང་། འཇིགས་པ་དང་། གཏི་མུག་གོ། །ལོངས་སྤྱོད་ཟད་པར་འགྱུར་བའི་སྒོ་ནི་དྲུག་སྟེ། །ཆང་དང་བཅོས་པའི་ཆང་དང་མྱོས་པར་འགྱུར་པ་བག་མེད་པའི་གནས་ལ་ཆགས་པ་དང་། དུས་མ་ཡིན་པའི་མཚན་མོ་ཀུན་དུ་སྤྱོད་པ་ལ་ཆགས་པ་དང་།
ལྟད་མོ་དང་འདུས་པ་ལ་ཀུན་དུ་ཆགས་པ་དང་། རྒྱན་པོ་དང་ཤོ་འགྱེད་པ་ལ་ཀུན་དུ་ཆགས་པ་དང་། སྡིག་པའི་གྲོགས་པོ་ལ་ཀུན་དུ་ཆགས་པ་དང་། ལེ་ལོ་དང་སྙོམ་ལས་ལ་ཀུན་དུ་ཆགས་པའོ། །དྲི་མའི་ལས་ཀྱི་མཐའ་བཅུ་བཞི་པོ་འདི་དག་སྤང་བ་བྱས་པས་དྲི་མའི་ལས་ཀྱི་མཐའ་བཅུ་བཞི་དང་བྲལ་བ་
འཐོབ་པར་འགྱུར་རོ། །ཕྱོགས་དྲུག་གིས་བཀབ་པ་ནི་རྗེས་སུ་གཟུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་དྲུག་ལ་ཕྱག་བྱ། མཆོད་པ་བྱ། ཕྱག་བྱས་ཤིང་མཆོད་པ་བྱས་ན་དེ་དག་གིས་སོ་སོར་རྗེས་སུ་བརྩེ་བར་འགྱུར་རོ་ཞེས་བྱས་ནས་སོ། །དེ་ལ་ཤར་གྱི་ཕྱོགས་ནི་མ་དང་ཕའོ། །ལྷོའི་ཕྱོགས་ནི་སློབ་དཔོན་
དང་མཁན་པོའོ། །ནུབ་ཀྱི་ཕྱོགས་ནི་བུ་དང་ཆུང་མའོ། །བྱང་གི་ཕྱོགས་ནི་གྲོགས་པོ་དང་བློན་པོ་ལ་སོགས་པའོ། །འོག་གི་ཕྱོགས་ནི་བྲན་ལ་སོགས་པའོ། །སྟེང་གི་ཕྱོགས་ནི་དགེ་སློང་དང་བྲམ་ཟེའོ། །སྡིག་པའི་གྲོགས་པོ་བཞི་སྤངས་པ་ཡིན་ཞེས་བྱ་བ་ལ་སྡིག་པའི་གྲོགས་པོ་བཞི་ནི་གཞན་གྱི་ནོར་འཕྲོག་པ་

དང་། དགེ་བའི་བཤེས་གཉེན་གྱི་གཟུགས་ཀྱིས་སྡིག་པའི་གྲོགས་པོར་གནས་པ་དང་། བཅོས་མའི་ངག་སྨྲ་བས་སྙན་པར་སྨྲ་བ་ཙམ་ཤེས་པ་དང་། ཐབས་དང་མི་ལྡན་པའི་གྲོགས་པོའོ། །དགེ་བའི་བཤེས་གཉེན་བཞི་ནི་ཕན་པ་བྱེད་པ་དང་། བདེ་བ་དང་སྡུག་བསྔལ་མཉམ་དུ་སྤྱོད་པ་དང་།
ཕན་པ་སྟོན་པ་དང་། རྗེས་སུ་བརྩེ་བ་ཅན་ནོ། །འདི་དག་གིས་བཤད་པ་ནི་ཇི་ལྟར་གཙུག་ཕུད་ཅན་གྱི་མདོ་ལས་འབྱུང་བ་བཞིན་ནོ། །ཚེ་འདི་ལ་ཆོས་དང་མཐུན་པའི་ལོངས་སྤྱོད་དང་རབ་ཏུ་ལྡན་པའི་ཕན་འདོགས་པ་ལས་བརྩམས་ནས་འཇིག་རྟེན་ཤེས་པ་དང་ལྡན་པའི་ཕྱིར་དང་། ཡང་དག་པའི་ལས་ཀྱི་མཐའ་ཉམས་
སུ་ལེན་པའི་སྒྲུབ་པ་ལས་བརྩམས་ནས་སྒྲུབ་ཕོད་པས་ལེ་ལོ་ལ་སོགས་པ་རྣམ་པར་སྤངས་པ་དང་། ཡོངས་སུ་སྲུང་བ་ལས་བརྩམས་ནས། ཀུན་ནས་སྲུང་བ་དང་ལྡན་པ་སྟེ། མཚོན་ཆ་ལེན་པ་ལ་སོགས་པ་སྤངས་པ་ཉིད་ཀྱིས་ནོར་ལེགས་པར་སྲུང་བའོ། །ལོངས་སྤྱོད་པའི་དབང་དུ་བྱས་ནས་སྨྲས་པ། མཐུན་པས་
འཚོ་བ་དང་ཞེས་བྱ་བ་ལ་བདག་ཉིད་ཀྱང་ཚིམ་པར་བྱེད་ཅེས་བྱ་བ་ནས་རྒྱས་པར་བསླབ་པར་བྱ་བ་ལ་སློབ་པར་བྱེད་ཅེས་བྱ་བའི་བར་ཚིགས་སུ་བཅད་པས་བསྟན་པ་ཡིན་ཏེ། །དེ་ལ་མཁས་པར་གྱུར་པ་ཐོབ་པའོ། །གཞན་དག་ལ་སླུ་བར་མི་བྱེད་པས་ན་ཕ་རོལ་འདྲིད་པའི་ངང་ཚུལ་ཅན་མ་ཡིན་པའི་འཇིག་རྟེན་ཤེས་
པ་བསྟན་པའི་ཕྱིར་དང་། འཇལ་ལུགས་ལ་སོགས་པས་གཞན་དག་སླུ་བར་མི་བྱེད་པས་ན་གཡོ་མེད་པའོ། །བྱ་བ་དེ་ལྟ་བུ་ལ་ངོ་ཚ་བར་འགྱུར་བས་ན་སྒྱུ་མེད་པར་གྱུར་པ་ཡིན་ནོ། །ཡུལ་ལ་སོགས་པའི་རྗེས་སུ་འཇུག་པས་སྤྱོད་པ་ཕུན་སུམ་ཚོགས་པའོ། །ནམ་ཡང་འདའ་བར་མི་བྱེད་པས་ན་དེ་ལྷུར་ལེན་པའོ། །
དེ་ཉིད་ཀྱིས་ན་སྤྱོད་པ་སྲུང་བའོ། །ནོར་བཅོལ་བ་ཉམས་པར་མི་བྱེད་པས་ན་དེ་གཏམས་པ་ལ་ཡང་གཡོ་མི་བྱེད་པ་ཡིན་ཞེས་བྱ་བའོ། །བུ་ལོན་ཆགས་པ་ལ་ཡང་མི་སླུ་བས་ན་སྨྲས་པ། བུ་ལོན་ཆགས་པ་ལ་ཡང་དོར་བ་མི་བྱེད་པ་ཡིན་ཞེས་བྱའོ། །བགོ་བཤའ་ལ་སོགས་པ་ལ་ཡང་མི་སླུ་བས་སྨྲས་པ། བགོ་སྐལ་
གཅིག་པ་ལ་ཡང་མི་འདྲིད་པ་ཡིན་ཞེས་བྱ་བའོ། །རིན་པོ་ཆེ་བརྟག་པ་ལ་རྨོངས་པ་རྣམས་ལ་ཡང་སླུ་བར་མི་བྱེད་པས་སྨྲས་པ། རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། མི་ཤེས་པ་ལ་སླུ་བར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཁ་ན་མ་ཐོ་བ་མེད་པའི་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་ལ་

ཡང་མཁས་པ་ཡིན་པས་རང་ཉིད་གྲོགས་སུ་གཡར་བའི་བློ་དང་ལྡན་པའོ། །གྲོགས་མེད་པ་དག་ལ་བཅོལ་ན་གྲོགས་སུ་འགྲོ་སྟེ། མི་འགྱུར་བ་ནི་ལོག་པར་སྒྲུབ་པར་མི་བྱེད་པ་ཡིན་ནོ། །གཏམ་རླུང་སྐུར་བ་ནི་གཞན་གྱིས་དྲིས་ན་གཞན་གྱིས་ལན་འདེབས་པ་སྟེ། དྲིས་པའི་ལན་མི་འདེབས་པའོ། །ལས་ཀྱི་མཐའ་བཟང་
པོ་དང་ལྡན་པ་ནི་དུས་དང་འཚམ་པ་དང་། ཐབས་དང་ལྡན་པར་བརྩམས་པ་ཉིད་དོ། །རྒྱལ་པོར་གྱུར་པའི་འཇུག་པ་བསྟན་པའི་ཕྱིར་རྒྱལ་པོ་བྱེད་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་གཉིས་ཀྱིས་རྒྱལ་པོ་བྱེད་པ་ཡིན་ཏེ། རྩོད་པ་མེད་པར་རྒྱལ་སྲིད་སྐྱོང་བ་གང་ཡིན་པ་དེ་ནི་ཆོས་ཀྱི་རྒྱལ་སྲིད་བྱེད་པ་ཡིན་
གྱི་རྩོད་པས་རྒྱལ་པོ་བྱེད་པ་མ་ཡིན་ནོ། །ཚེ་འདིའི་བདེ་བ་འབའ་ཞིག་སྒྲུབ་པར་བྱེད་པ་མ་ཡིན་གྱི་འཇིག་རྟེན་ལ་ཕན་པ་བྱེད་དོ་ཞེས་བསྟན་པའི་ཕྱིར་རོ། །སྐྱེ་བོ་ཕལ་པོ་ཆེ་འཆལ་བའི་ཚུལ་ཁྲིམས་ལས་བཟློག་ནས་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་སྨྲ་བ་ལན་གཅིག་གོ། །ཞེས་བྱ་བའི་ཚིག་གིས་སྨྲས་པ། འཕགས་
པའི་ཐ་སྙད་ཅེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་ཤེས་པའི་བསྡུས་པའི་དོན་བསྟན་པའི་ཕྱིར་སྨྲས་པ། །འཇིག་རྟེན་ཇི་ལྟར་ཤེས་པར་བྱ་བ་དང་། །ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་གཉིས་སུ་འཇིག་རྟེན་ཤེས་པ་རྣམ་པར་གཞག་པར་བྱ་སྟེ། འཇིག་རྟེན་ཡོངས་སུ་ཤེས་པ་དང་། །འཇིག་རྟེན་རྗེས་སུ་
འཇུག་པའོ། །རྟོན་པ་བཞི་པོ་དག་ལ་ཞེས་བྱ་བ་ནི་དོན་རྣམ་པ་བཞིས་རྟོན་པ་རྣམ་པ་བཞི་ལ་ཇི་ལྟར་རྟོན་པར་རིགས་པར་འགྱུར་ཞེས་དྲིས་པའི་དོན་ཏོ། །དོན་འདོད་པའི་ཕྱིར་ཞེས་བྱ་བ་ནི་དོན་ལྷུར་ལེན་པར་གྱུར་པས་ཉན་པར་བྱེད་ཀྱི་ཡི་གེ་སྦྱར་བ་ལྷུར་ལེན་པ་ནི་མ་ཡིན་ནོ། །དོན་ལྷུར་ལེན་པའི་ཕྱིར་ཕལ་པའི་སྐད་
ཀྱིས་ཆོས་སྟོན་ན་ཡང་གུས་པར་བྱས་ཏེ་ཆོས་ཉན་པར་བྱེད་དོ། །དེ་ལྟར་ན་དོན་ལ་རྟོན་པ་ཡིན་ནོ། །ཆོས་ལ་རྟོན་པའི་དབང་དུ་བྱས་ནས་སྨྲས་པ། ནག་པོ་བསྟན་པ་དང་། ཆེན་པོ་བསྟན་པ་ཞེས་བྱ་བ་ལ། ནག་པོ་དང་དཀར་པོ་མ་འདྲེས་པར་ཞེས་བྱ་བ་སྟེ་རིགས་པ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་
སྨྲས་པ་རིགས་པ་ལ་རྟོན་པར་བྱེད་པ་ཡིན་གྱི་ཞེས་བྱ་བའོ། །གནས་བརྟན་ཞེས་བྱ་བ་ནི་ཆོས་ཉིད་ལ་གནས་པ་བརྟན་པ་ཡིན་ཏེ། སྒྲུབ་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པའི་གང་ཟག་ཅེས་བྱ་བ་ནི་ཀུན་གྱིས་སློབ་དཔོན་དུ་འཁུར་བ་སྟེ། མང་དུ་ཐོས་པ་ཞེས་བྱ་བའི་དོན་ཏོ། །དགེ་འདུན་གྱིས་ཞེས་བྱ་བ་ནི་ཚོགས་

ཀྱི་དགེ་འདུན་ཏེ། འདིས་ནི་བཏགས་པའི་དགེ་འདུན་ལ་བྱ་བར་བསྟན་ཏོ། །དེ་ལྟར་གང་ཟག་ལ་བརྟེན་པར་མི་བྱའི། གཞན་དུ་ན་རིགས་པ་ལ་བརྟེན་པར་བྱའོ། །དེའི་ཕན་ཡོན་བསྟན་པའི་ཕྱིར། དེ་ཁོ་ནའི་དོན་ལས་མི་གཡོ་ཞིང་ཞེས་བྱ་བ་ནི་ཆོས་འདི་སྟོན་པས་གསུངས་པའི་བསྟན་པ་ཡིན་
གྱི་ཟུང་ཤིག་ཅེས་ཟེར་བ་ནི། རིགས་པ་ལ་རྟོན་པ་སུན་འབྱིན་པར་བྱེད་ཅིང་བཀྲིར་མི་བཏུབ་པར་འགྱུར་རོ། །དེ་ལས་བཟློག་པ་ནི་ལེན་པར་བྱེད་དོ། །དེའི་ཕྱིར་གཞན་གྱི་དྲིང་མི་འཇོག་པ་ཡང་ཡིན་ཏེ། །གཞན་གྱི་རྐྱེན་གྱིས་མི་འགྲོ་བ། །ཞེས་བྱའོ། །དད་པས་ཞེན་ཞིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་དད་པས་
ཞེན་པ་སྟེ། མདོ་གཞན་ལས་བཞི་ལས་སྐྱེས་པ། །ཞེས་བྱ་བའི་བར་དུའོ། །དེ་ལྟ་ན་ཡང་གཞན་དུ་མི་འགྱུར་ཞིང་གཅིག་ཏུ་ངེས་པའི་གསུངས་ལ་ནི་མངོན་པར་རབ་ཏུ་དགའ་བར་འགྱུར་བ་ཡིན་ནོ། །གཅིག་ཏུ་ངེས་པའི་གསུང་བསྟན་པའི་ཕྱིར་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱ་སྟེ། །ཇི་ལྟར་མ་དང་ཕ་ནི་རྗེས་
སུ་མཐུན་པའི་གནས་ཡིན་ནོ་ཞེས་བྱ་བ་ལྟ་བུ་དྲང་བའི་དོན་གྱི་མདོ་སྡེ་ལ་ནི་མ་ཡིན་ཏེ། ཇི་ལྟར་གང་ཟག་ཡོད་པ་ཉིད་དུ་བསྟན་པ་ལ་གང་ཟག་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །རབ་ཏུ་གྲུབ་པའི་དེ་ཁོ་ནའི་དོན་ལ་གནས་པ་ནི་མི་འཕྲོགས་པར་འགྱུར་བ་ཡིན་ནོ། །དྲང་བའི་དོན་ཇི་ལྟར་ཚད་མ་
མ་ཡིན་པ་དེ་བསྟན་པའི་ཕྱིར་སྒོ་སྣ་ཚོགས་ནས་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་དང་དེ་དག་གིས་ཇི་ལྟར་འདོད་པར་ཡོངས་སུ་འདྲེན་པར་བྱེད་པས་ཐེ་ཚོམ་སྐྱེ་བའི་ཕྱིར་དེ་དག་ཚད་མ་མ་ཡིན་ནོ། །ངེས་པའི་དོན་གྱི་མདོ་སྡེ་ཚད་མ་མ་ཡིན་ནོ་ཞེས་ཟེར་བའི་ཉེས་དམིགས་བསྟན་པའི་ཕྱིར་གལ་ཏེ་བྱང་ཆུབ་
སེམས་དཔའ་ངེས་པའི་དོན་གྱི་མདོ་སྡེ་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །ངེས་པའི་དོན་ཡིན་ཡང་ཐམས་ཅད་ཀྱིས་ཡེ་ཤེས་འཐོབ་པ་མ་ཡིན་པས་ཚད་མ་མ་ཡིན་ནོ། །འོ་ན་ཚད་མའི་ཤེས་པ་ཐོབ་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། རྟོགས་པའི་ཡེ་ཤེས་ལ་སྙིང་པོར་བལྟ་བ་ཞེས་བྱ་བ་ལ་སོགས་པ་ལ། ཐོས་
པ་དང་བསམས་པའི་ཤེས་པ་ནི་ཅུང་ཟད་ཙམ་ཤེས་པས་རྣམ་པར་ཤེས་པ་ཞེས་རྣམ་པར་གཞག་པར་བྱ་སྟེ། དེ་དག་ནི་ལུང་གི་ཡུལ་ཅན་ཡིན་པའི་ཕྱིར་རྟོགས་པ་ལ་འཇུག་པ་མེད་དོ། །དེའི་ཕྱིར་སྨྲས་པ། དེས་བསྒོམས་པའི་ཤེས་པས་ཤེས་པར་བྱ་བ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུའི་

ཐོས་པ་དང་། བསམས་པའི་ཤེས་པ་དང་ལྡན་པ་ཡང་བསྒོམས་པའི་ཤེས་པའི་ཡུལ་དུ་གྱུར་པའི་མདོ་སྡེ་གང་ཡིན་པ་ལ་འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ་ཞེས་སྐུར་པ་མི་འདེབས་སོ། །ཇི་སྐད་བསྟན་པའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་
བ་ལ་སོགས་པ་ལ། གཉིས་གཉིས་སུ་བཅད་པ་བཞིས་ནི་ཚད་མ་བཞི་དང་། ཚད་མ་མ་ཡིན་པ་བཞི་བསྟན་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་གཉིས་གསུངས་ཏེ། དོན་དང་ཡི་གེའོ། །དེ་དག་ལས་དོན་ཚད་མ་ཡིན་གྱི་ཡི་གེ་ནི་མ་ཡིན་ནོ། །བསྟན་པའི་དོན་ནི་གཉིས་ཏེ་ཆོས་དང་
གང་ཟག་གོ། །དེ་ལས་ཆོས་ཚད་མ་ཡིན་གྱི། གང་ཟག་ནི་མ་ཡིན་ཏེ། དེ་ཡོངས་སུ་གྱུར་ནས་གཞན་དུ་ཡང་འགྱུར་བའི་ཕྱིར་ལ་ཆོས་ནི་གཅིག་ཏུ་ངེས་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ་རིགས་པ་དང་ཞེས་བྱ་བ་ལ་ཆོས་ཀྱང་རྣམ་པ་གཉིས་ཏེ། ངེས་པའི་དོན་ལ་སོགས་པའི་དབྱེ་བས་སོ། །དེ་དག་ལས་ངེས་
པའི་དོན་ནི་ཚད་མ་ཡིན་ཏེ། གཅིག་ཏུ་ངེས་པའི་དོན་སྟོན་པར་བྱེད་པའི་ཕྱིར་རོ། དྲང་བའི་དོན་ནི་མ་ཡིན་ཏེ། དོན་སྣ་ཚོགས་སུ་བརྗོད་དུ་རུང་བའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། རྟོན་པ་དང་ཞེས་བྱ་བ་ལ་གཅིག་ཏུ་ངེས་པ་གསུངས་པ་ཡིན་པའི་ཕྱིར་རོ། །དེ་ལས་ཀྱང་ཤེས་པ་གསུམ་འབྱུང་བར་འགྱུར་
ཏེ། རྣམ་པར་རྟོག་པ་ལས་བྱུང་བ་ཐོས་པ་དང་བསམས་པའི་ཤེས་པ་དང་། སླུ་བ་མེད་པ་བསྒོམས་པ་ལས་བྱུང་བའི་སོ་སོ་རང་རིག་པའོ། །དེ་དག་ལས་དང་པོ་ནི་རང་གི་རྣམ་པར་རྟོག་པའི་རྣམ་པ་ལ་གནས་པ་ཉིད་དོ། །དེས་ན་བསྒོམས་པ་ལས་བྱུང་བ་ནི་ཚད་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྟོན་
པ་དང་ལྡན་པ་སྒྲུབ་པ་དང་ལྡན་པ་ནི་ཀུན་དུ་བརྟགས་པའི་སྒོ་ནས་མངོན་པར་ཞེན་པ་མེད་པས་ངེས་པར་འབྱུང་བ་འཁྲུལ་པ་མེད་པ་ཡིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་རྣམས་ཀྱི་དོན་སོ་སོར་ལེགས་པར་རྟོགས་པ་ནི་སོ་སོ་ཡང་དག་པར་རིག་པའོ། །རྣམ་གྲངས་ཐམས་ཅད་དེ། མིང་གི་ཁྱད་
པར་ཐམས་ཅད་ལའོ། །ཇི་སྙེད་ཡོད་པ་ཞེས་བྱ་བ་ནི་འདི་སྙེད་ཅིག་གོ་ཞེས་ཡོངས་སུ་གཅོད་པའོ། །ཇི་ལྟར་ཡོད་པ་ཞེས་བྱ་བ་ནི་འདི་ཁོ་ན་ལྟར་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་རང་བཞིན་དང་རྐྱེན་དང་བྱེད་པ་ལ་སོགས་པས་ངོ་བོ་ཇི་ལྟ་བ་བཞིན་དུ་བསྒྲུབ་པ་ཤེས་པའོ། །ཐོགས་པ་མེད་

ཅིང་ཞེས་བྱ་བ་ནི་ཤེས་པ་དེ་དང་ལྡན་པས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་གཞན་ལས་ཐོས་པ་ན་མིང་འདིའི་བརྗོད་བྱ་གང་ཡིན་ཞེས་བདག་ཉིད་ལ་སྒྲུབ་པའི་དུས་སུ་ཀུན་དུ་ཐོགས་པ་མེད་པའོ། །གཞན་ལས་སྟོན་པའི་དུས་ན་ནི་མི་བཟློགས་པའོ། །དེ་བཞིན་དུ་མཚན་ཉིད་ལ་སོགས་པ་ལ་ཡང་རིག་
པར་བྱའོ། །མཚན་ཉིད་ཐམས་ཅད་ལ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ལ་སོགས་པ་འདི་དག་གོ་ཞེས་ཡོངས་སུ་གཅོད་པའི་ཤེས་པ་འཇུག་པར་ཤེས་པར་བྱའོ། །ངེས་པའི་ངག་ནི་ངེས་པའི་ཚིག་སྟེ། གཟུགས་སུ་རུང་བའི་དོན་གྱིས་ན་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འཇིག་རྟེན་ལ་གྲགས་པའི་
ཚུལ་གྱིས་ནི་རྣམ་པ་ལྔར་ཤེས་པར་བྱ་སྟེ། ཡི་གེ་སྐྱེ་ཞིང་གཞན་དུ་བཟློག་པ་དང་། །ཡི་གེ་བསྒྱུར་ཞིང་ཕྱི་བ་གཞན་གཉིས་དང་། །སྐད་བྱིངས་དོན་ནི་ཤིན་ཏུ་གཞན་སྦྱོར་དང་། །རྣམ་ལྔ་དེ་ལ་ངེས་པའི་ཚིག་ཅེས་བརྗོད། །ཅེས་བྱ་བའོ། །རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་བལྟར་ཡོད་པ་ལ་སོགས་པའོ། །མདོར་བསྡུ་ན་
སོ་སོ་ཡང་དག་པར་རིག་པ་རྣམས་ནི་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་ཐུན་མོང་མ་ཡིན་པའི་གནས་ལ་སྟོན་པ་ལ་མཁས་པ་ཡིན་པར་བསྟན་པའི་ཕྱིར་ཆོས་རྣམ་པ་འདི་བཞིས་ཞེས་བྱ་བ་ལ་སོགས་པའོ། །སོ་སོ་ཡང་དག་པར་རིག་པ་བཞིས་བསྟན་པའི་ཆོས་ཀྱི་དབང་དུ་བྱས་ནས་བསྟན་པའི་ཕྱིར།
བདག་ཉིད་ཀྱིས་ལེགས་པར་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཐམས་ཅད་ཀྱི་ཚིག་དང་དོན་རྣམ་པ་ཐམས་ཅད་དུ་བསྟན་པར་བྱ་བ་ལ་རབ་ཏུ་དབྱེ་བ་བཞི་པོ་འདི་ལས་གོང་ན་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཀུན་རྫོབ་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བསླབ་པར་བྱའོ