Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 133

Văn bản gốc(Tây Tạng)

Trang 18 / 23 (50.000 ký tự/trang)
རོལ་པོའི་དབང་དུ་བྱས་ནས་སྡུག་བསྔལ་རྣམ་པ་གསུམ་གྱི་རྒྱུ་ལ་གནས་པའི་སེམས་ཅན་རྣམས་ལ་ཕན་པའི་བསམ་པ་ནི་ཕན་པ་ལ་ལྷག་པར་མོས་པའོ། །སྡུག་བསྔལ་ཅན་རྣམས་ལ་ནི་བདེ་བའི་བསམ་པ་ཉིད་དེ། བདེ་བར་ལྷག་པར་མོས་
པའོ། །གཉི་ག་ལ་ཟང་ཟིང་མེད་པའི་ཕྱིར་ལྷག་པའི་བསམ་པ་ཞེས་བྱའོ། །གཅིག་ཏུ་བྱང་ཆུབ་ཀྱི་སེམས་བརྟན་པའི་ཕྱིར་བརྟན་པའི་བསམ་པ་དང་ཞེས་བྱ་བའོ། །ཐབས་ལ་ལྷག་པར་མོས་པའི་ཕྱིར་མི་སླུ་བའི་བསམ་པ་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་དངོས་པོའི་དབྱེ་བ་ཡིན་ནོ། །གནས་སྐབས་
ཀྱི་དབྱེ་བ་ནི་རྣམ་པ་གསུམ་སྟེ། མ་དག་པའི་བསམ་པ་དང་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བའི་བྱེ་བྲག་གིས་ནི་རྣམ་པ་གཉིས་ཏེ། སོ་སོར་རྟོག་པའི་སྟོབས་ཀྱིས་འཇུག་པ་དང་། ལྷུན་གྱིས་གྲུབ་པར་འཇུག་པའོ། །བསམ་པའི་ཁྱད་པར་གྱིས་འཇུག་པའི་ཕྱིར་མ་དག་པའི་བསམ་
པའོ། །དམིགས་པ་མེད་པ་ཉིད་ནི་དག་པའི་བསམ་པའོ། །མཐར་ཐུག་པར་གྱུར་པ་ནི་ཤིན་ཏུ་རྣམ་པར་དག་པའི་བསམ་པའོ། །མ་དག་པའི་བསམ་པ་དེ་ཉིད་སོ་སོར་བརྟགས་ནས་འཇུག་པར་བྱ་བ་ཉེ་བར་བཟུང་ནས་ཚར་གཅད་པར་བྱ་བའི་བསམ་པ་ཞེས་བྱའོ། །གཞན་དག་རང་

གི་ངང་གིས་འཇུག་པ་དེ་ནི་ལྷན་ཅིག་སྐྱེས་པའི་བསམ་པ་ཞེས་བྱའོ། །དེའི་ཕྱིར་སྨྲས་པ་དེའི་བདག་ཉིད་དུ་གྱུར་པ་དང་ཞེས་བྱ་བའོ། །ཡང་བསམ་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་རྟེན་ལ་ཤིན་ཏུ་གནས་པའི་ཕྱིར་ཞེས་བྱ་བ་ནི་རྟེན་ངེས་པར་མི་གཏོང་བའོ། །དེ་ལྟར་ན་དེའི་བསམ་པ་ནི་
ས་ཐམས་ཅད་དུ་གཏོགས་པར་རྗེས་སུ་འཇུག་པར་འགྱུར་བའོ། །དེས་ན་འདི་དག་གིས་བྱ་བ་བཅུ་བྱེད་པར་འགྱུར་རོ། །དང་པོས་ནི་དཀོན་མཆོག་གསུམ་ལ་ལྷག་པར་མོས་པས་རབ་ཏུ་དང་བའི་བྱ་བ་བྱེད་དོ། །དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་འཛིན་པའི་སྦྱོར་བས་ཚོགས་ཐམས་
ཅད་ཀྱི་མཆོག་ཏུ་གྱུར་པ་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པའོ། །གཉིས་པས་ནི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ལ་བརྟན་པར་གནས་པས་མ་ཉམས་ཤིང་མ་རལ་བའོ། །གསུམ་པས་ནི་དགེ་བ་ལ་རྟག་ཏུ་གུས་པར་བྱེད་པའི་ཕྱིར་བག་ཡོད་པ་ལ་གནས་པའོ། །བཞི་པས་ནི་འཁོར་བར་
གཏོགས་པའི་སྦྱོར་བ་དང་མྱ་ངན་ལས་འདས་པར་གཏོགས་པའི་བསམ་པ་དང་ལྡན་པའོ། །ལྔ་པས་ནི་བསྟན་པ་ལ་མ་ཞུགས་པ་རྣམས་ངེས་པར་འཛུད་པར་བྱེད་དོ། །དྲུག་པ་ལ་སོགས་པ་གསུམ་གྱིས་ནི་སེམས་ཅན་རྣམས་ཀྱི་དོན་ལ་སྦྱོར་བར་བྱེད་དོ། །དགུ་པས་ནི་བརྩོན་འགྲུས་བརྟན་པ་དང་
བརྩོན་འགྲུས་རྒྱ་ཆེན་པོར་འགྱུར་རོ། །དེའི་ཕྱིར་སྨྲས་པ། བརྩོན་འགྲུས་འབར་བ་དང་། བརྩོན་འགྲུས་རྒྱ་ཆེན་པོ་ཡང་དག་པར་རྩོམ་པར་གནས་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གཉི་གའི་བཤད་པ་ནི་སྦྱོར་བ་ལྷོད་པར་མི་འགྱུར་ཞིང་སྦྱོར་བ་ཉམས་པར་མི་འགྱུར་རོ་ཞེས་བྱ་
བའོ། །བཅུ་པས་ནི་དགེ་བ་རྣམས་ལ་རབ་དང་གཙོ་བོར་འགྱུར་བའོ། །དེའི་ཕྱིར་སྨྲས་པ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་འདུ་བྱེད་པ་མེད་པར་འདྲེན་ནོ། །དེས་ནི་གོང་ནས་གོང་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་མཐུན་
པ་ཉིད་ཡིན་ནོ། །བསམ་པ་འདི་དག་ནི་བསྡུས་པ་དང་རྒྱས་པར་བསྟན་པ་ཙམ་ཡིན་གྱི། དབྱེ་བ་ནི་བཅོམ་ལྡན་འདས་ཀྱིས་སྐབས་དེ་དང་དེ་དག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་དག་གི་དབང་དུ་བྱས་པའོ། །བྱང་ཆུབ་སེམས་དཔའི་སའི་

གཞི་དང་མཐུན་པའི་ཆོས་ཀྱི་རྣལ་འབྱོར་གྱི་གནས་ལས་ལྷག་པའི་བསམ་པའི་ལེའུ་སྟེ་གསུམ་པའི་འགྲེལ་པ་རྫོགས་སོ།། །།དེ་ལྟ་བུའི་ལྷག་པའི་བསམ་པ་དང་ལྡན་པའི་ལུས་ལ་སོགས་པའི་སྤྱོད་པའི་དབང་དུ་བྱས་ནས་གནས་སྐབས་ཐམས་ཅད་དུ་རྗེས་སུ་འཇུག་པ་ནི་གནས་པ་ཞེས་བསྟན་
ཏོ་ཞེས་བྱ་བར་དེ་དག་གི་སྡོམ་གྱི་ཚིགས་སུ་བཅད་པས་སྟོན་པར་བྱེད་དོ། །གནས་པ་འདི་དག་ནི་ཞུགས་པ་དང་། མ་ཞུགས་པ་རྣམས་དང་། མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཅི་རིགས་པར་སྦྱར་བར་བྱའོ། །དེའི་ཕྱིར་སྨྲས་པ། རིགས་ཕུན་སུམ་ཚོགས་པ་ལས་གཟུང་སྟེ་ཞེས་བྱ་བ་
ལ། ལྷག་པའི་བསམ་པའི་རྗེས་ཐོགས་ལ་བསྟན་པའི་གོ་རིམས་ཀྱི་འགྲེལ་པ་བསྟན་པའི་ཕྱིར་སྨྲས་པ། ཇི་ལྟར་བསྟན་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་བསྟན་པའི་རྟགས་རྣམས་དང་ལྡན་པ་དང་། བྱང་ཆུབ་ཀྱི་སྦྱོར་བ་ལ་ཞུགས་པ་དང་།
བསམ་པ་རྣམ་པར་སྦྱོང་བར་བྱེད་པས་འདི་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་གནས་འདི་དག་ལ་གནས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཏེ། རིགས་ལ་གནས་པ་ཡང་སེམས་བསྐྱེད་པའི་བསླབ་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །གནས་པ་རེ་རེ་ལ་ཡང་གནས་སྐབས་
ཀྱི་ཁྱད་པར་དཔག་ཏུ་མེད་པས་མདོར་བསྡུས་པ་ཡིན་ནོ་ཞེས་སྨྲས་པ། གནས་པ་ནི་མདོར་བསྡུ་ན་བཅུ་གཉིས་ཡོད་དེ་ཞེས་བྱ་བ་ལ་སོགས་པ་ལ། གནས་པའི་དོན་ནི་བྱང་ཆུབ་སེམས་དཔའི་ལུས་ལ་སོགས་པའི་སྤྱོད་པའི་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་སྨྲས་པ། བྱང་
ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་གནས་པ་བསྟན་པའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་ཡང་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཁོ་ནས་དེ་འཐོབ་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། བྱང་
ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ལ། འདིའི་ཕ་རོལ་ན་མཆོག་ཏུ་གྱུར་པའི་གནས་པ་གཞན་མེད་པས་བླ་ན་མེད་པའོ་ཞེས་དེ་དག་གི་མིང་རྣམ་པར་གཞག་པའི་དབང་དུ་བྱས་ནས་སྨྲས་པ། གནས་པ་བཅུ་གཉིས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པའི་རིགས་ལ་གནས་པ་ནི་

རིགས་དང་། དེའི་རྒྱུར་གྱུར་བ་ལུས་ལ་སོགས་པའི་ལས་ཀྱི་ཁྱད་པར་ནི་རིགས་ལ་གནས་པའོ། །སེམས་བསྐྱེད་པ་རྣམས་ཀྱི་ནི་བསམ་པ་མ་དག་པའི་ས་སྟེ། དེ་དང་འདྲ་བར་མོས་པས་སྤྱོད་པ་ལ་གནས་པའོ། །གཞན་དག་ཀྱང་དེ་བཞིན་ནོ། །གནས་པ་དང་པོ་ནི་བསླབ་པ་
ལ་གནས་པས་བསྡུས་པ་མ་ཡིན་ཏེ། བསམ་པ་དག་པ་ཉིད་དུ་ཡོངས་སུ་དག་པའི་བསླབ་པ་གསུམ་ལ་གནས་ཀྱི། གཞན་ནི་མ་ཡིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར་དེ་ལྟ་བས་ན་མོས་པས་སྤྱོད་པའི་གནས་སྐབས་ན་ཡང་ཡོད་དུ་ཟིན་ཀྱང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་།
ལྷག་པའི་ཤེས་རབ་ཀྱི་བསླབ་པར་རྣམ་པར་གཞག་པ་མི་འཐོབ་སྟེ། བསླབ་པ་མ་ཡིན་པ་དང་འདྲེས་པའི་ཕྱིར་རོ། །རབ་ཏུ་དགའ་བའི་ས་ལ་ཡང་ངེས་པ་མེད་པ་ཡིན་ལ། གང་ལས་བསླབ་པའི་ངེས་པ་ཐོབ་པ་ནས་དེའི་རྣམ་པར་གཞག་པ་ཡིན་ནོ། །རབ་ཏུ་དགའ་བ་ལ་གནས་པ་ནི་
ས་དང་པོ་སྟེ། རབ་ཏུ་དགའ་བ་རྣམ་པ་བཅུ་རྣམ་པར་གཞག་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ལྷག་པའི་ཚུལ་ཁྲིམས་ལ་གནས་པ་ནི་ས་གཉིས་པ་སྟེ། རང་བཞིན་གྱིས་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་གཉེན་པོ་དགེ་བ་ལ་ཀུན་དུ་སྤྱོད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ལྷག་པའི་
སེམས་ལ་གནས་པ་ནི་ས་གསུམ་པ་སྟེ། བསམ་གཏན་དང་། གཟུགས་མེད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཐོབ་པ་བསྟན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །བཞི་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ཡང་དག་པར་ལྡན་པ་སྟེ། བྱང་ཆུབ་ཀྱི་
ཕྱོགས་བསྒོམ་པ་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་བསྒོམ་པ་ནི་ཤེས་རབ་ཀྱི་ལས་ཡིན་པའི་ཕྱིར། ལྷག་མཐོང་གི་རྗེས་སུ་མཐུན་པ་ཉིད་དེ། དེས་ན་ལྷག་པའི་ཤེས་རབ་ལ་གནས་པའོ། །ཇི་ལྟར་ཉན་ཐོས་ཀྱི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་འབྲས་བུ་བཞིས་བསྡུས་པ་ཡིན་པ་ལྟར་
འདིར་ཡང་ལྷག་པའི་ཤེས་རབ་ཀྱི་བསླབ་པའི་དབྱེ་བ་རྣམ་པར་གཞག་པར་བྱའོ། །ས་ལྔ་པ་ནི་བདེན་པ་ངེས་པར་རྟོགས་པ་དང་ལྡན་པའོ། །བདེན་པ་མཐོང་ནས་ཀྱང་བདེན་པ་མངོན་པར་རྟོགས་པའི་རྗེས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོགས་པ་མང་བར་འགྱུར་རོ་ཞེས་

བྱ་བས་ནག་པོའི་ཕྱོགས་དང་། དཀར་པོའི་ཕྱོགས་ཀྱི་དབྱེ་བ་དེ་དང་དེ་དག་དང་ལྡན་པར་གྱུར་པ་ནི་ས་དྲུག་པའོ། །གང་གིས་ཞེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་དབྱེ་བའོ། །གང་ཞེས་བྱ་བ་ནི་བདེན་པའི་དེ་ཁོ་ན་ཉིད་དོ། །དེ་མ་ཤེས་པས་སྡུག་བསྔལ་ལ་འཇུག་པ་དང་། ཡང་ཤེས་པས་
ནི་འཇུག་པར་མི་འགྱུར་བའོ་ཞེས་རབ་ཏུ་རྟོགས་པར་བྱེད་པའི་རྣམ་པ་གསུམ་ཆར་ཡང་ལྷག་པའི་ཤེས་རབ་ལ་གནས་པ་ཞེས་བྱའོ། །མཚན་མ་མེད་པ་ཡང་རྣམ་པ་གཉིས་ཏེ། མངོན་པར་འདུ་བྱེད་པ་དང་བཅས་ཤིང་འབད་པ་དང་བཅས་པ་དང་། དེ་ལས་བཟློག་པའོ། །ས་བདུན་པ་ལ་
གནས་པ་ཡང་མཚན་མ་མེད་པ་ཀུན་དུ་སྤྱོད་པ་ཡིན་མོད་ཀྱི། ཡང་དེ་ནི་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་བ་མ་ཡིན་པས་འབད་པ་མེད་པར་བསྒྲུབ་པར་བྱ་བ་མ་ཡིན་པས་ཞེས་བྱས་ནས་མངོན་པར་འདུ་བྱེད་པ་དང་བཅས་པ་ཡིན་ནོ། །བརྒྱད་པ་ནི་དེ་མང་དུ་བསྒོམ་པ་དང་ལྡན་པས་དེ་ནི་
ལྷུན་གྱིས་གྲུབ་པའི་ལམ་བསྒོམ་པ་ལ་འཇུག་པ་ཡིན་ནོ་ཞེས་བྱས་ནས་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའོ། །རྣམ་པ་ཐམས་ཅད་ཀྱིས་ཆོས་འཆད་པ་ལ་མཁས་པས་ཆོས་སྨྲ་བ་ཆེན་པོ་ཉིད་ཀྱི་གནས་རབ་ཏུ་ཐོབ་པས་ས་དགུ་པ་སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ཞེས་བྱའོ། །
བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པ་དང་ལྡན་ཞིང་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའི་གནས་པ་མཆོག་ནི་ས་བཅུ་པའོ། །དེ་ལྟར་ན་གཉིས་ནི་སྦྱོར་བའི་སའོ། །བཅུ་ནི་མངོན་པར་རྟོགས་པའི་ས་སྟེ་བསྡུས་ནས་བཅུ་གཉིས་སོ། །གནས་པ་ཐམས་ཅད་བསྡུས་
ཏེ་ཞེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་བསྡུས་སོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྨྲས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་སོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་གནས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བར་སྨྲས་པ།
བྱང་ཆུབ་སེམས་དཔའི་གནས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ལ་སོགས་པའོ། །དེའི་གནས་པ་ནི་རྣལ་འབྱོར་གྱི་གནས་ཐ་མ་ལས་སྟོན་པར་འགྱུར་རོ། །དེས་ན་སྨྲས་པ། གནས་པ་ཐ་མ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་བཅུ་ནི་དེའི་གནས་སུ་གྱུར་པ་ཡིན་པའི་

ཕྱིར། རབ་ཏུ་གནས་པའི་གནས་ཀྱིས་བསྡུས་པའི་ཕྱིར་རོ། །ཇི་ལྟར་རྣམ་པར་གནས་པ་དེ་བཞིན་དུ་ཞེས་བྱ་བ་ནི་རྣམ་པ་གང་གིས་མདོ་སྡེ་ནས་གནས་པ་བསྟན་པ་དེ་བཞིན་དུ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་བཞིས་རིགས་ལ་གནས་པ་རྣམ་པར་གཞག་སྟེ། བསམ་པ་
ཕུན་སུམ་ཚོགས་པ་ཉིད་དང་། སྦྱོར་བ་ཕུན་སུམ་ཚོགས་པ་ཉིད་དང་། རྒྱུ་ཕུན་སུམ་ཚོགས་པ་ཉིད་དང་། ལས་ཀྱི་མཐའ་ཕུན་སུམ་ཚོགས་པ་ཉིད་དོ། །དེ་ལ་དང་པོའི་དབང་དུ་བྱས་ནས་སྨྲས་པ། རང་བཞིན་གྱིས་སེམས་ཀྱི་རྒྱུད་དགེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། རང་བཞིན་གྱིས་རྒྱུད་དགེ་བ་ཡིན་
པའི་ཕྱིར། སྤྱི་དང་ཁྱད་པར་ལ་སོ་སོར་བརྟག་པ་མེད་པར་ཡང་ངོ་། །དགེ་བའི་ཆོས་རྣམས་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་ས་བོན་དང་མངོན་པར་ལྡན་པ་ཡིན་པར་བཞེད་ཀྱི་མངོན་སུམ་དུ་བྱས་པ་དང་ལྡན་པ་ནི་མ་ཡིན་ཏེ། ཀུན་དུ་སྤྱོད་པ་ཡང་ཡང་དག་པར་མཐོང་ངོ་ཞེས་བྱ་བའི་
ཚིག་གིས་སོ། །གཉིས་པའི་དབང་དུ་བྱས་ནས་སྨྲས་པ། དེ་ཡང་དག་པར་སྤྱོད་པ་ལ་ཡང་ཡང་དག་པར་སྣང་བ་ཞེས་བྱ་བ་ལ། དེ་དག་གི་རིགས་ཀྱི་རྟགས་ཀྱིས་བསྡུས་པའི་ཡོན་ཏན་རྣམས་མངོན་སུམ་དུ་གྱུར་པའོ། །དེ་ལ་ཡང་དག་པར་སྣང་ལ་ཞེས་བྱ་བ་ནི་དེ་དང་ཡང་དག་པར་སྤྱོད་
པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ནན་གྱིས་སྦྱོར་བ་ནི་མ་ཡིན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བརྟན་པར་བྱས་ནས་སྦྱོར་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་སྨྲས་པ། སོ་སོར་བརྟགས་ཏེ་གགས་དང་བཅས་པར་མ་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། ཚར་བཅད་པས་མ་ཡིན་
ཞེས་བྱ་བའི་ཐ་ཚིག་གོ། །གསུམ་པའི་དབང་དུ་བྱས་ནས་སྨྲས་པ། ས་བོན་འཛིན་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ། བཞི་པའི་དབང་དུ་བྱས་ནས་སྨྲས་པ། དྲི་མ་རགས་པ་དང་བྲལ་བ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། རགས་པ་ཉིད་ནི་ཁ་ན་མ་ཐོ་བ་ཆེན་པོས་ཀུན་ནས་བསླང་
བའོ། །ཁ་ན་མ་ཐོ་བ་དང་བཅས་པ་ཡང་ལུས་ཀྱི་ཉེས་པར་སྤྱོད་པ་ལ་སོགས་པའི་ལས་ཏེ། མ་ལ་སོགས་པའི་རྟེན་གྱི་སྲོག་གཅོད་པ་དང་། དེ་ལ་སྦྱོར་བའོ། །ངག་གི་ལས་དགེ་འདུན་གྱི་དབྱེན་ལ་སོགས་པ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་ལོག་པར་ལྟ་བའོ། །བྱ་བ་གང་

བསྟན་པ་ཞེས་བྱ་བ་ལ། བྱ་བ་གང་བསྟན་པ་འདི་དག་ཐམས་ཅད་ཀྱང་རིགས་ལ་གནས་པའི་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མིང་གིས་བསྟན་པའི་གནས་པ་རྣམས་དོན་གྱི་སྒོ་ནས་བསྟན་པའི་དབང་དུ་བྱས་ནས་རིགས་ལ་གནས་པ་ནི་གང་ཡིན་ཞེས་བྱ་བ་ལ་སོགས་པ་ལ།
དྲི་བ་བྱས་པ་བཞིན་དུ་མོས་པས་སྤྱོད་པའི་ས་ལ་གནས་པ་ལ་སོགས་པ་ལ་ཡང་སྦྱར་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམ་པ་ལྔ་བསྟན་པ་ནི་གནས་སྐབས་ཉིད་དང་། ངོ་བོ་ཉིད་དང་། རྩོམ་པ་ཉིད་དང་། ཐོབ་པ་ཉིད་དང་། ཡོངས་སུ་རྫོགས་པ་ཉིད་དོ། །ངོ་བོ་ཉིད་མ་གཏོགས་པ་གཞན་
རྣམ་པ་བཞི་ནི་ས་བསྟན་པ་ཐམས་ཅད་དུ་རྗེས་སུ་རྟོགས་པས་ཐུན་མོང་བ་ཞེས་བྱའོ། །ངོ་བོ་ཉིད་ནི་སོ་སོར་ངེས་པ་ཡིན་པའི་ཕྱིར། ཐུན་མོང་མ་ཡིན་པ་ཞེས་བྱའོ། །དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གནས་སྐབས་གསལ་བར་བྱས་པ་ཡིན་ནོ། །བྱང་ཆུབ་
སེམས་དཔའི་སྤྱོད་པ་གང་ཅི་ཡང་རུང་ཞེས་བྱ་བས་ནི་ངོ་བོ་བསྟན་ཏོ། །རྒྱུ་ཙམ་ལ་འཇུག་ཅིང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའི་གནས་པ་རྣམས་ཀྱི་རྒྱུ་ཙམ་ལ་འཇུག་པ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་
ཅད་ཀྱི་ས་བོན་འཛིན་པ་ཡིན་པས་དེ་བཞིན་གཤེགས་པའི་གནས་པའི་རྒྱུ་ཙམ་ཡིན་ནོ། །དོན་དེ་ཉིད་བསྟན་པ་ནི་རྒྱུ་ཡོངས་སུ་འཛིན་པར་ཟད་ཀྱི་ཞེས་བྱ་བ་ལ་དེས་རྒྱུ་ཡོངས་སུ་གཟུང་བར་ཟད་ཀྱི་འབྲས་བུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྨྲས་པ། གནས་པ་གཞན་ཅི་
ཡང་བརྩམས་པ་ཡང་མེད་ཅེས་བྱ་བ་ནི་བརྩམས་སུ་ཟིན་ཀྱང་གནས་པ་འཐོབ་པ་དང་རྗེས་སུ་མཐུན་པ་སྦྱོར་བའི་ལམ་གྱི་གནས་སྐབས་སྦྱོར་བའི་ལམ་ཞེས་བྱ་བ་སྟེ། དེས་བསྡུས་པ་མེད་དེ། སེམས་བསྐྱེད་པ་མེད་པའི་ཕྱིར་དང་། སྦྱིན་པ་ལ་སོགས་པའི་སྦྱོར་བ་དག་པ་མེད་པའི་
ཕྱིར། དེ་བཞིན་གཤེགས་པའི་ལྟ་ཤིན་ཏུ་རིང་བ་ཉིད་ཡིན་ནོ། །བྱང་ཆུབ་སེམས་དཔའི་གནས་པ་ཐམས་ཅད་བརྩམས་པ་ཡིན་ཏེ་ཞེས་བྱ་བ་ནི་སེམས་བསྐྱེད་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡོད་པས་དེས་ས་འཐོབ་པར་འགྱུར་བའི་ཕྱིར་བརྩམས་པ་

ཞེས་བྱ་སྟེ། དེའི་དོན་དུ་ཤིན་ཏུ་འབད་པར་བྱེད་དོ་ཞེས་བྱ་བས་འཐོབ་པ་ཡང་མེད་ཅེས་བྱ་བ་ནི་ཡང་དག་པར་མངོན་དུ་བྱས་པ་མེད་པའོ། །རྣམ་པར་སྦྱངས་པ་ཡང་མེད་ཅེས་བྱ་བ་ནི་ཡོངས་སུ་རྫོགས་པ་མེད་དོ། །མོས་པས་སྤྱོད་པའི་ས་ལ་གནས་པ་ཐོབ་ཅིང་དེ་ལ་གནས་པའི་
ཕྱིར་དེ་ཉིད་ཀྱི་རྣམ་པར་དག་པ་རབ་ཏུ་འཐོབ་པས་རིམ་གྱིས་དེའི་མཐར་ཐུག་པ་ཐོབ་པའོ། །ས་ནས་ས་རུ་འཕོ་བ་བསྟན་པའི་ཕྱིར་མོས་པས་སྤྱོད་པ་ལ་གནས་པ་ཡོངས་སུ་དག་ན་ཞེས་བྱ་བ་ལ་སོགས་པ་ལ། ས་དེ་འཐོབ་ཀྱང་ས་གོང་མ་འཐོབ་པ་སྟེ། བསམ་གཏན་ཐོབ་ཀྱང་གོང་མ་ཐོབ་པ་ལྟ་
བུའོ། །ཇི་ལྟར་བསམ་གཏན་ཐོབ་ཀྱང་གོང་མ་མ་ཐོབ་པས་དེ་ཡོངས་སུ་སྦྱངས་ནས་གོང་མ་ཐོབ་པར་བྱེད་དོ། །དེ་བཞིན་དུ་འདིར་ཡང་ཚུལ་དེ་དང་འདྲ་བ་ཡིན་ཏེ། བསྐལ་པ་མང་པོས་ས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་གནས་པ་ནི་ཐོབ་པ་དང་དག་པ་ཅིག་ཅར་
ཡིན་ཏེ། བླ་ན་མེད་པ་ཡིན་པའི་ཕྱིར་དང་། ཡང་རྩོམ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་བསྟོད་པ། ཤིང་ལ་བྱ་རྣམས་གནས་འཆའ་བཞིན་དུ་ཁྱོད་ཀྱིས་སྐད་ཅིག་གཅིག་ལ་དེ་འདིར་བརྙེས། །ཞེས་བསྟན་པ་ཡིན་ཏེ་ཟུང་དུ་འཇུག་པར་བརྙེས་པ་ལ་དགོངས་པ་ཡིན་ནོ། །མི་སློབ་པའི་སས་
བསྡུས་པ་ཡིན་པའི་ཕྱིར་དེའི་དག་པ་ཉིད་རིམ་གྱིས་འཐོབ་པ་མ་ཡིན་ཏེ། ཡང་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །ལྷག་པའི་བསམ་པ་དག་པ་ཞེས་བྱ་བ་ནི་གནས་སྐབས་བསྟན་ཏོ། །གནས་པ་གང་ཡིན་པ་ཞེས་བྱ་བ་ནི་ངོ་བོ་ཉིད་བསྟན་ཏེ། དེའི་ཁྱད་པར་མེད་པའི་ཕྱིར་རོ། །བསམ་
པ་དག་པའི་གཞིས་ཞེས་བྱ་བ་ནི། ཇི་ལྟར་ཉན་ཐོས་ལྟ་བ་ཕུན་སུམ་ཚོགས་པ་བསམ་པ་དག་པ་ནི་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པ་བཞིན་དུ་བསམ་པ་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའི་ཡིན་ནོ་ཞེས་བྱ་བར་དེའི་རྒྱུ་བསྟན་པའི་ཕྱིར། རང་བཞིན་གྱིས་ཚུལ་ཁྲིམས་
དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་སྐྱེས་ཤིང་སྐྱེས་པ་ཐམས་ཅད་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་མེད་པར་ཡང་དག་པར་ལྡན་པ་སྟེ། ས་དེ་དག་ལ་ལུས་ལ་སོགས་པའི་ལས་དགེ་བའི་ལས་ཀྱིས་བསྡུས་པས་ཀུན་དུ་སྤྱོད་པ་ལ་མང་དུ་གནས་པ་དང་ལྡན་

པ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པའི་སེམས་མཉམ་པར་འཇོག་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ་ཞེས་བྱ་བ་ནས་ཡང་མ་ཞིག་པ་ཉིད་དང་ཞེས་བྱ་བ་ནས། ཏིང་ངེ་འཛིན་ཡང་དག་པར་སྒྲུབ་པར་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་བའི་ཚིག་གི་བར་གྱིས། ཚུལ་ཁྲིམས་རྣམ་པར་དག་པའི་
གཞི་ལས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་གནས་པའོ། །འཇིག་རྟེན་པའི་ཞེས་སྨོས་པ་ནི་བསམ་གཏན་དང་། གཟུགས་མེད་པ་དང་། དེ་དག་ལས་བྱུང་བའི་ཡོན་ཏན་ས་དེར་བསྟན་པ་རྣམས་ནི་དེའི་ས་ཞེས་བསྟན་ཏོ། །ཡང་དང་ཡང་དུ་བསམ་གཏན་དང་ཏིང་ངེ་འཛིན་དུ་འཇུག་པ་
དང་། ཡང་དག་པར་ལྡན་པ་དེ་ལྟ་བུ་ནི་དགེ་བའི་ཆོས་ལ་ཀུན་དུ་སྤྱོད་པ་ཡིན་ནོ། །དེའི་ཕྱིར་གནས་པ་ཞེས་རྣམ་པར་གཞག་སྟེ། ཐམས་ཅད་ཀྱང་དེ་བཞིན་ནོ། །ཏིང་ངེ་འཛིན་ལ་བརྟེན་ནས་ཞེས་བྱ་བ་ནི་སྔར་ནས་ཐོབ་པའི་ལྷག་པའི་སེམས་ལ་བརྟེན་ནས་ཏེ། སེམས་མཉམ་པར་
གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ནི་རབ་ཏུ་རྣམ་པར་འབྱེད་པའི་གནས་པ་ཞེས་བྱའོ། །ས་དེ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པ་ལ་མང་དུ་གནས་པ་ཡིན་ནོ། །ཇི་ལྟར་ཉན་ཐོས་རྣམས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
བསྒོམ་པ་སྔོན་དུ་འགྲོ་བས་བདེན་པ་རབ་ཏུ་རྟོགས་པ་ཡིན་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་བདེན་པ་མངོན་པར་རྟོགས་པའི་གནས་པ་སྟེ། བདེན་པ་སོ་སོར་རིག་པའི་རྣམ་པས་ས་དེ་ལ་ནི་བདེན་པ་ལ་ལྟ་བ་མང་དུ་གནས་
པ་ཡིན་ནོ། །སྡུག་བསྔལ་ཤེས་པའི་རྒྱུས་སྡུག་བསྔལ་འགོག་པར་འགྱུར་རོ་ཞེས་བྱ་བའི་ངེས་པས་བདེན་པ་ཤེས་པ་དང་ལྡན་པ་ནི་འཇུག་པ་དང་ལྡོག་པའི་རིམ་གྱིས་སོ་སོར་རྟོག་པར་བྱེད་དོ་ཞེས་བྱ་བས་བདེན་པ་མངོན་པར་རྟོགས་པ་གཙོར་བྱེད་པའི་དབང་དུ་བྱས་ནས་སྨྲས་
པ། དེ་མ་ཤེས་པས་ཞེས་བྱ་བ་ནི་བདེན་པ་སོ་སོར་མ་རྟོགས་པས་སོ། །སྡུག་བསྔལ་འབྱུང་བ་རྒྱུ་དང་བཅས་པ་ཞེས་བྱ་བའི་རྒྱུ་ནི་ཉོན་མོངས་པ་དང་། ལས་ཀྱིས་ཀུན་ནས་ཉོན་མོངས་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་མཚན་མ་མེད་པར་

བསྒོམ་པར་བྱའོ་ཞེས་བྱ་བར་སྨྲས་པ་རྣམ་པ་དེ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་འདུ་བྱེད་པ་དང་བཅས་པའི་སྦྱོར་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། རྩོལ་བས་ཞེས་བྱ་བ་ལ། རྒྱུན་ཆགས་སུ་བར་ཆད་མེད་པར་ཞེས་བྱ་བ་ནི།
སྐད་ཅིག་མ་རྒྱུན་ཆགས་སུའོ། །ཆོས་ཐམས་ཅད་ལ་ཞེས་བྱ་བ་ནི་འདུས་མ་བྱས་ལ་སོགས་པའོ། །རྣམ་པར་མི་རྟོག་པའི་ཤེས་རབ་བསྒོམ་པ་དང་ལྡན་པ་ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་ཤེས་བྱའི་མཆོག་ལ་རྣམ་པར་རྟོག་པ་ཐམས་ཅད་མེད་པ་ལྟར་དེ་ལ་དམིགས་པའི་
ཤེས་རབ་ཀྱང་དེ་དང་འདྲ་བར་རྣམ་པར་མི་རྟོག་པ་ཉིད་དོ། །དེའི་རྣམ་པར་བསྒོམ་པ་ནི་ཤེས་རབ་བསྒོམ་པ་དང་ལྡན་པ་ཞེས་བྱའོ། །དེ་ལ་འདི་དང་གཉིས་པའི་ཁྱད་པར་ནི། སྔར་བསྟན་པའི་རྣམ་པར་མི་རྟོག་པའི་ཤེས་རབ་ཤས་ཆེར་བསྒོམ་པས་མངོན་པར་འདུ་བྱེད་པ་དང་རྩོལ་བ་མེད་
པར་རང་གི་ངང་གིས་འཇུག་པ་རྒྱུན་མི་འཆད་པའི་རྣམ་པ་ཅན་གྱི་ལམ་དུ་གྱུར་པ་ཡིན་ནོ། །ཤེས་རབ་དང་ལྡན་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །བསྟན་པའི་ཆོས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཡང་
དག་པར་བསྡུས་པའི་ཕྱིར་ཤེས་རབ་ཀྱང་རྒྱ་ཆེ་བའི་ཕྱིར་བློ་གྲོས་ཆེན་པོ་རྒྱ་ཆེ་བ་རྗེས་སུ་འཐོབ་པ་ཡིན་ནོ། །དེས་ན་ཆོས་སྨྲ་བ་ཆེན་པོ་ཡིན་པའི་ཕྱིར་ཆོས་ཡང་དག་པར་སྟོན་པ་བླ་ན་མེད་པ་ཞེས་བྱ་བ་ལ། དེའི་ཆོས་སྟོན་པ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པས་བླ་ན་མེད་པ་
ཡིན་ནོ། །དེས་ན་བླ་ན་མེད་པ་ཞེས་བྱ་བ་ཡིན་ནོ། །རྣམ་གྲངས་དང་ཞེས་བྱ་བ་ལ་སོགས་པས་ནི་སོ་སོ་ཡང་དག་པར་རིག་པའི་ཡུལ་བསྟན་ཏོ། །ལམ་གྱི་མཐར་ཐུག་པ་སྟེ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་རོ། །བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལ་དབང་བ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབང་བསྐུར་བ་ཆེན་པོ་ཐོབ་པ་ཞེས་བྱའོ། །ཡང་དེ་ནི་རྣམ་པ་གཉིས་སུ་བསྟན་པའི་ཕྱིར་སྐྱེ་བ་གཅིག་གིས་ཐོགས་པའམ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་གནས་པ་རྣམས་ཀྱི་ངོ་བོ་བསྟན་ནས་བསྒོམ་པའི་རྣམ་པའི་ཁྱད་

པར་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པའོ། །འདིའི་ལུས་ལ་སོགས་པའི་བྱ་བའི་ལས་རྣམས་ནི་འཇིག་རྟེན་པ་ཐམས་ཅད་དང་། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ན་ས་ལ་ཞུགས་པ་ལ་ལྟོས་ནས་བྱ་བ་ཆུང་ངུ་དང་ལྡན་པ་ཡིན་གྱི་རྒྱ་ཆེ་བ་མ་ཡིན་ཞིང་
ཚད་མེད་པ་མ་ཡིན་ནོ། །རྒྱུན་ཆགས་པ་མ་ཡིན་པར་བྱེད་པ་ནི་རེས་འགའ་ནི་བྱེད་ལ་རེས་འགའ་མི་བྱེད་པའོ། །ངེས་པར་མི་བྱེད་པ་ནི་ཡོངས་སུ་ཉམས་པར་འགྱུར་བ་སྟེ། ཡང་བྱ་དགོས་ཤིང་སྦྱོར་བ་ཉིད་དོ། །དེའི་ཕྱིར་སྨྲས་པ། ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བའོ། །ས་ལ་
ཞུགས་པའི་ནི་རྒྱ་ཆེར་བྱེད་པ་ཡིན་གྱི། དཔག་ཏུ་མེད་པར་བྱེད་པ་ནི་མ་ཡིན་ནོ། །རྒྱུན་མི་འཆད་པར་སྦྱོར་བ་ནི་རྒྱུན་ཆགས་སུ་བྱེད་པའོ། །ཡོངས་སུ་ཉམས་པར་མི་འགྱུར་བ་ནི་ངེས་པར་བྱེད་པ་ཡིན་ནོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་བསླབ་པའི་ལམ་ལ་གནས་པའི་ཁྱད་པར་མེད་
པའོ། །ལྷག་མ་གསུམ་གྱིས་རྣམ་པ་འདྲ་བར་བསྟན་པའི་ཕྱིར། མཚན་མ་མེད་པ་ལ་གནས་པ་དང་པོ་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེའི་སྐད་ཅིག་གཅིག་ལ་བསྐྱེད་པའི་དགེ་བ་ཡང་དཔག་ཏུ་མེད་པ་ཡིན་པའི་ཕྱིར་ཚད་མེད་པར་བྱེད་པ་ཞེས་བྱའོ། །གནས་པ་དང་པོ་
གཉིས་ནི་ས་ལ་མ་ཞུགས་པ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། ཡང་དག་པར་རྩོམ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །ཆོས་བདག་མེད་པར་རབ་ཏུ་རྟོགས་པར་རབ་ཏུ་སྦྱོར་བ་ཡིན་པའི་ཕྱིར་རོ། །ས་དྲུག་པོ་རྣམས་སུ་ཆོས་བདག་མེད་པ་ལ་སྦྱོར་བའོ། །ཐོག་
པ་རྣམས་ཁྱད་པར་དུ་འཕེལ་བ་ནི་འགྲུབ་པ་ཞེས་བྱའོ། །འཕེལ་བ་མཐར་ཐུག་པར་གྱུར་པ་ནི་ཡོངས་སུ་དག་པའོ། །འབྲས་བུ་སོ་སོར་མྱོང་བ་ནི་ཁ་ན་མ་ཐོ་བ་མེད་པའི་ཆོས་སྨྲ་བ་ཆེན་པོ་ཉིད་འཐོབ་བའོ། །བཅུ་པ་ལ་ནི་དབང་བསྐུར་བ་ཐོབ་པའོ། །ཡང་གནས་པ་འདི་དག་གིས་སོ་སོའི་
རྣམ་པ་ལ་སོགས་པ་བསྟན་པ་ནི་གནས་པ་དེ་དག་ལ་གནས་པ་ལེགས་པར་མཚོན་པར་བྱ་བའི་ཕྱིར་རོ། །རྣམ་པ་ལ་སོགས་པ་གསུམ་ནི་དོན་གཅིག་པ་ཉིད་དོ། །དེ་ལྟ་དེ་ལྟར་སྣང་བའི་ཕྱིར། །ཞེས་བྱ་བ་ནི་རྣམ་པའོ། །འདིས་མཚོན་པར་བྱེད་ཤེས་པར་བྱེད་པས་ན་རྟགས་སོ། །མཚན་

མར་གྱུར་པས་མཚན་མའོ། །རྣམ་པ་ལ་སོགས་པ་རྣམས་མདོར་བསྡུ་ན་རྣམ་པ་བཞིར་རྣམ་པར་གཞག་པར་བྱའོ། །རིགས་ལ་གནས་པ་ལ་མེད་པའི་ཡོན་ཏན་གང་ཡིན་པ་དེ་འདི་ལ་ལྡན་པ་དང་། ས་ལ་གནས་པ་རྣམས་ལ་སྐྱོན་གང་མེད་པ་དེ་འདི་ལ་ཡོད་པ་དང་། དེ་ལ་
ཡོད་པའི་ཡོན་ཏན་གྱི་ཕྱོགས་གཅིག་འདི་ལ་ཡོད་པ་དང་། རིགས་ལ་གནས་པ་རྣམས་ཀྱི་སྐྱོན་གང་ཡིན་པའི་ཕྱོགས་གཅིག་འདི་ལ་ཡོད་པ་མ་ཡིན་ཏེ། རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་ལ་སོ་སོར་བརྟགས་ནས་འཇུག་པར་མི་བྱེད་དོ། །འདི་ནི་
ཡང་རབ་ཏུ་སྦྱོར་བར་བྱེད་དོ་ཞེས་བྱ་བ་ནི་ཁྱད་པར་རོ། །རང་བཞིན་གྱིས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ས་ལ་ཞུགས་པ་བས་དམན་པར་བསྟན་པའོ། །བརྟན་པ་ལ་སོགས་པ་དང་། ཡོངས་སུ་མི་ཉམས་པ་ནི་དོན་གཅིག་པ་ཉིད་དོ། །ཐོབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གནས་པ་དེ་ལ་ནི་ཡོངས་
སུ་ཉམས་པ་སྲིད་པ་ཡིན་ནོ། །འདིས་ནི་ས་ལ་ཞུགས་པ་བས་དམན་པར་བསྟན་ཏོ། །དེ་བཞིན་དུ་འཇིགས་པ་རྣམས་ལས་ཀྱང་ཡང་དག་པར་འདས་པ་ཡང་མ་ཡིན་ནོ། །སེམས་ཅན་གྱི་དོན་རྣམས་ལ་ཡང་སྦྱོར་བ་དག་ལ་སོ་སོར་བརྟགས་ཏེ་སྦྱོར་བར་བྱེད་ཀྱི་ཞེས་བྱ་བ་ནི་བདག་དང་
གཞན་དུ་མཉམ་པའི་བསམ་པ་མེད་པའི་ཕྱིར་རོ། །ཆེད་འགའ་ནི་ལོག་པར་ཡང་བསྒྲུབ་པོ་ཞེས་བྱ་བ་ནི་མི་ཕན་པ་དང་སྡུག་བསྔལ་ཡང་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་ཀུན་དུ་སྤྱོད་པ་ཡོད་པ་ཉིད་དོ། །ཆེད་འགའ་ནི་ལྷག་པར་ཞེན་པར་འགྱུར་
རོ་ཞེས་བྱ་བ་ནི་འདོད་པའི་ཉེས་དམིགས་མ་མཐོང་བས་ཆགས་པའི་དབང་གིས་འདོད་པ་ལ་ཡོངས་སུ་སྤྱོད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་པ་ཡིན་ནོ། །ཀུན་དུ་འཛིན་པར་ཡང་སྣང་ངོ་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་ཆོས་ཀྱང་ཡོད་ལ་སློང་མོ་པ་ཉེ་བར་ལྷགས་ཀྱང་
སྦྱིན་པ་ལ་མི་འཇུག་པའོ། །དད་པས་འགྲོ་བར་འགྱུར་ཞེས་བྱ་བ་ནི་གཞན་གྱི་རྐྱེན་གྱིས་དྲངས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྨྲས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུའམ་ཞེས་བྱ་བ་ལ་སྔར་བསྟན་པའི་དོན་བརྒྱད་པོ་ལ་གཞན་གྱི་དབང་གིས་འཇུག་པ་ཉིད་

དོ། །ས་ལ་ཞུགས་པའི་ཤེས་པ་ལ་ལྟོས་ནས་ཆུང་ངུ་དང་ལྡན་པ་ཡིན་པ་དང་། དྲན་པ་བརྗེད་ངས་པ་དང་ལྡན་པས་ཆེད་འགའ་བརྗེད་ངས་པ་དང་། དམན་པའི་ལམ་དང་ལྡན་པ་ཡང་ཡིན་ཞེས་བསྟན་པའི་ཕྱིར། མངོན་པར་ཤེས་པ་བུལ་ལ་དཀའ་བ་དང་ལྡན་པ་ཞེས་བྱ་བ་ལ་
སོགས་པ་ལ། འདུན་པ་དྲག་པོ་མེད་དོ་ཞེས་བྱ་བ་ཉིད་བསྟན་པའི་ཕྱིར། བརྩོན་འགྲུས་འབར་བ་མ་ཡིན་ནོ། །ཟབ་མོ་ལ་དགའ་བ་ལེགས་པར་གནས་པ་མ་ཡིན་ནོ་ཞེས་བྱ་བས་བསྟན་པ་ཡིན་ནོ། །ཡུལ་རྣམས་ལ་བརྗེད་ངས་པ་ནི་འདོད་པ་དང་། མི་འདོད་པ་རྣམས་ལ་
ཆགས་པ་དང་། སྡང་བ་དག་གིས་སེམས་ཕྱིན་ཅི་ལོག་པ་ཉིད་དོ། །སྐྱེ་བ་གཞན་དུ་སྐྱེས་པ་ནས་འདས་པའི་ལུས་མི་དྲན་པ་དང་། ཆོས་རྣམས་ལ་བཟུང་ནས་རིང་དུ་ལོན་པའམ་བྱས་ནས་རིང་དུ་ལོན་པའི་ཆོས་རྣམས་མི་དྲན་པའོ། །ཡིད་གཞུངས་པ་དང་། དྲན་པ་དང་། ཤེས་རབ་དང་
ལྡན་པས་ཆོས་རྣམས་ལེན་པ་ལ་སོགས་པར་ནུས་པ་ལ་ཆེད་འགའ་དྲན་པ་བརྗེད་ངས་པར་ཡང་འགྱུར་རོ། །ཐམས་ཅད་ཀྱི་ཐམས་ཅད་དུ་ཐབས་ལ་མཁས་པ་དང་བྲལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སེམས་ཅན་འདུལ་བའི་ཐབས་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ཞེས་བྱ་བ་ལ་སོགས་
པ་ལ། ནན་གྱིས་ཆོས་སྟོན་ཅིང་ཞེས་བྱ་བ་ནི་གཞན་གྱིས་གསོལ་བ་བཏབ་པའི་སྟོབས་ཞེས་བྱ་བའི་དོན་ཏོ། །འབྲས་བུ་མེད་པར་ཡང་འགྱུར་ཞེས་བྱ་བ་ནི་འབྲས་བུ་གྲུབ་པ་མེད་པའོ། །དེའི་ཕྱིར་དཔེ་བསྟན་པ་ཡིན་ནོ། །ཁ་ཅིག་ཏུ་སྨོན་ལམ་ཡང་གཏོང་བར་བྱེད་ལ། དེ་བཞིན་
དུ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཉིད་ཀྱང་གཏོང་ངོ་། །ཆེད་འགའ་ནི་འཇིགས་པ་དང་བཅས་པའི་ཡིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པར་མི་བྱེད་དོ། །ཆེད་འགའ་ནི་སེམས་ཅན་རྣམས་ཀྱི་ལོག་པར་བསྒྲུབ་པའི་
སྡུག་བསྔལ་གྱི་རྒྱུས་སེམས་ཅན་གྱི་དོན་ལས་ལྡོག་པར་ཡང་བྱེད་དོ། །བསམ་པ་ཐག་པ་ནས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སོ། །སོ་སོར་བརྟགས་ཏེ་ཞེས་བྱ་བ་ནི་སོ་སོར་བརྟགས་པ་ཉིད་ཀྱིས་སོ། །བདག་གི་འཁྲུལ་པ་ཡོངས་སུ་ཤེས་པ་བཞིན་དུ་མི་སྤོང་བར་དེ་བཞིན་དུ་

ཡང་འཁྲུལ་པ་ལ་སྤྱོད་པ་ཉིད་ཡིན་ནོ། །འདི་ལས་ཁྲིད་པར་འགྱུར་རོ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ངན་པས་ཐེག་པ་ཆེན་པོ་ལས་འདུན་པ་ཟློག་པར་བྱེད་པའོ། །སྐྲག་པར་འགྱུར་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཕྱིན་ཅི་ལོག་ཏུ་སྦྱོར་བས་ལོག་པ་ལ་ངེས་པར་
གཟུང་བའོ། །གཡོ་བ་ནི་བློ་གྲོས་ངན་པ་སྐྱེ་བར་འགྱུར་བས་ཐེ་ཚོམ་ཟ་བ་ཉིད་དོ། །བསམ་པའི་ཁྱད་པར་མ་ཐོབ་པས་སྙིང་རྗེ་ཆེན་པོས་ཀུན་དུ་སྤྱོད་པ་ཡང་སྤོང་བར་འགྱུར་རོ། །གཞན་གྱི་དོན་གྱི་བྱ་བ་ལ་སྦྱོར་བ་ཡིན་ན་ཡང་སྦྱོར་བ་ཆུང་ངུས་ཉེ་བར་བསྒྲུབ་པ་སྟེ། བསམ་པ་ཆུང་བའི་ཕྱིར་ཇི་
སྐད་བསྟན་པའི་མཚན་ཉིད་ཅན་གྱི་བསླབ་པ་ཡོངས་སུ་རྫོགས་པ་དང་། དེ་བཞིན་དུ་རྟགས་དང་། ཕྱོགས་ཀྱི་སྦྱོར་བ་དང་། ལྷག་པའི་བསམ་པ་མེད་པ་ཡིན་ནོ། །དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་དང་རིང་བ་ཉིད་ཡིན་ནོ། །ཆེད་འགའ་ནི་བདག་ཏུ་ལྟ་བ་ལ་ཀུན་དུ་སྤྱོད་
པར་ཡང་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བདག་ཉིད་ཀྱང་རིང་བར་འཛིན་ཏོ་ཞེས་བྱ་བ་ལ་དེས་ན་འཁོར་བ་ན་འཁོར་བའི་བསམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་ལ་སོགས་པ་འདི་དག་གཉེན་པོའི་དབང་གིས་ཆེན་པོ་དང་འབྲིང་དང་ཆུང་ངུ་ཉིད་དུ་བསྟན་པའི་ཕྱིར།
བཟོད་པ་ཆུང་ངུ་ལ་གནས་པའི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བཟོད་པ་ཆུང་ངུའི་གནས་སྐབས་ན་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ལ་སོགས་པ་ཆེན་པོ་ཡིན་ལ། །གཉེན་པོའི་ཕྱོགས་ནི་ཆུང་ངུའི་ཡིན་ནོ། །བཟོད་པ་ཆེན་པོ་ལ་ཞུགས་པར་གྱུར་པའི་ཚེ་འདི་དག་མ་ལུས་པར་རབ་ཏུ་
སྤོང་བར་འགྱུར་རོ་ཞེས་དེས་ན་རབ་ཏུ་དགའ་བའི་གནས་པ་ལ་འཇུག་པར་བསྟན་པའི་ཕྱིར། འཐོབ་པའི་ཚུལ་གྱིས་འཇུག་པར་རིག་པར་བྱའོ་ཞེས་བྱ་བ་སྟེ། མོས་པས་སྤྱོད་པ་ན་འདི་ལ་བསྟན་པ་ལས་བཟློག་ནས་རབ་ཏུ་དགའ་བ་ལ་གནས་པ་ལ་བར་ཆད་དེ་དག་ཐམས་ཅད་མི་འབྱུང་
བར་བསྟན་པའི་ཕྱིར། ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་གནས་པ་འཐོབ་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །ཇི་སྐད་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཀྱི་གཉེན་པོའི་ཕྱོགས་ཀྱི་ཆོས་རབ་ཏུ་དགའ་བའི་གནས་པའི་རྣམ་པ་ལ་

སོགས་པ་བསྟན་པའི་ཕྱིར་སྨྲས་པ། དེ་དག་དང་ལྡན་ན་ཞེས་བྱ་བ་ལ་སོགས་པ་ལ། འོན་ཏེ་མོས་པས་སྤྱོད་པའི་གནས་སྐབས་ན་ཡང་ལྷག་པའི་བསམ་པ་དག་པ་ཡོད་ཀྱང་ཅིའི་ཕྱིར་དེར་རྣམ་པར་གཞག་པར་མི་བྱ་ཞེ་ན། དེས་ན་སྨྲས་པ། ཡོད་མོད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །ཀུན་ནས་
ཉོན་མོངས་པས་ཉོན་མོངས་པ་ཅན་དུ་བྱས་པའི་ཕྱིར་དེའི་ལྷག་པར་མོས་པ་དེ་བསམ་པ་དག་པར་རྣམ་པར་གཞག་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རབ་ཏུ་དགའ་བའི་གནས་པ་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ཏེ། བསམ་པ་དག་པའི་ཕྱིར་རོ། །མོས་པས་སྤྱོད་པའི་
གནས་པ་རྫོགས་སོ།། །།ཁྱད་པར་གྱི་རྣམ་པ་ལ་སོགས་པའི་དབང་དུ་བྱས་ནས་སྨྲས་པ། རྣམ་པ་ནི་གང་དག་ཡིན་ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་སྨོན་ལམ་བཏང་ནས་སྔོན་མེད་པའི་སྨོན་ལམ་ཡོངས་སུ་བཟུང་ནས་རབ་ཏུ་དགའ་བའི་གནས་པ་ལ་འཇུག་པ་བསྟན་པའི་
ཕྱིར་ཟག་པ་མེད་པའི་དོན་དམ་པའི་སེམས་བསྐྱེད་པ་ཉིད་དོ། །སྔོན་གྱི་སྨོན་ལམ་གཏོང་བའི་རྒྱུ་ཉིད་བསྟན་པ་ནི། རྣམ་པ་བཞིས་དམན་པ་ཉིད་དེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེ་བའི་བདག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ལས་སྐྱེས་པ་མ་ཡིན་པའི་
ཕྱིར། བྱང་ཆུབ་པར་བྱ་བའི་ཐབས་ལེགས་པ་རྟོགས་པ་མ་ཡིན་ནོ། །དེ་བཞིན་དུ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐབས་ཀྱི་ཆེ་བའི་བདག་ཉིད་མ་ཤེས་པའི་ཕྱིར་བྱང་ཆུབ་ཀྱི་ཐབས་ལེགས་པར་རྟོགས་པ་མ་ཡིན་ནོ། །གཞན་ལ་ཡིད་ཆེས་པའི་དབང་གིས་འགྲོ་བའི་ཕྱིར་གཞན་
གྱི་རྐྱེན་གྱིས་འགྲོ་བ་ཞེས་བྱའོ། །རང་གིས་ཉམས་སུ་མྱོང་བ་མེད་པའི་ཕྱིར་ངེས་པ་མ་ཡིན་པ་ཞེས་བྱ་བ་དེ་དག་ནི་དམན་པ་སྟེ། དེས་ན་སྤངས་ནས་ཞེས་སྨྲས་པ་ཡིན་ནོ། །སར་པ་གཞན་ཞེས་བྱ་བ་ནི་ཟག་པ་མེད་པའི་དོན་དམ་པའོ། །རྣམ་པ་དྲུག་པོ་དེ་ལས་གཞན་པའི་དཀར་པོའི་
ཕྱོགས་ཀྱི་སྨོན་ལམ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཉིད་དང་། མཚུངས་པ་མེད་པ་ཉིད་དང་། འབྲས་བུ་ཐུན་མོང་མ་ཡིན་པ་ཉིད་དང་། འཇིག་རྟེན་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདས་པ་ཉིད་དང་། འགྱུར་བ་མེད་པ་ཉིད་དང་། ཁྱད་པར་དུ་བསྒོམས་པ་ཉིད་

དོ། །མདོར་བསྡུ་ན་རབ་ཏུ་དགའ་བའི་གནས་པའི་རྣམ་པ་ནི་བརྒྱད་དུ་བསྟན་ཏེ། ཤིན་ཏུ་རྣམ་པར་ངེས་པ་ཉིད་དང་། སེམས་བསྐྱེད་པའི་རྣམ་པ་བཞི་དང་། ཡང་དག་པའི་སྨོན་ལམ་དང་། བརྩོན་འགྲུས་བརྩམས་པས་མངོན་པར་བསྒྲུབ་པ་ཉིད་དང་། གནས་ཡོངས་སུ་སྦྱོང་
བ་ཉིད་དང་། དེ་ལས་གཞན་པའི་གནས་པ་ཐམས་ཅད་ཤེས་པར་བྱེད་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྦྱོང་བ་ཉིད་དང་། སྐྱེ་བ་ཉིད་དང་། མཐུ་ཉིད་དོ། །དེ་ལ་ཤིན་ཏུ་རྣམ་པར་ངེས་པ་ཉིད་ཀྱི་དབང་དུ་བྱས་ནས་བསྟན་པ་ནི་རྣམ་པ་དྲུག་པོ་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་རྣམ་
པར་ངེས་པ་ནི། རང་གི་དབང་གིས་འགྲོ་བའོ། །རང་གི་དབང་གིས་འགྲོ་བ་ནི་བསྒོམས་པ་ལས་བྱུང་བའི་ཕྱིར་རོ། །དེ་ལས་གཞན་པའི་སྨོན་ལམ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར། དེ་དག་ལས་ཡང་དག་པར་འདས་པ་ཞེས་བྱའོ། །ཉན་ཐོས་ལ་སོགས་པ་
ཐམས་ཅད་དང་མི་མཉམ་པས་ན་མཚུངས་པ་མེད་པའོ། །འདོད་པའི་འབྲས་བུ་དཔག་ཏུ་མེད་པའི་ཕྱིར་འབྲས་བུ་ཐུན་མོང་མ་ཡིན་པའོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡོངས་སུ་སྐྱོབ་པར་རྗེས་སུ་ཞུགས་པ་ཉིད་ཀྱི་རྣམ་པས་ནི་འཇིག་རྟེན་པ་ཡིན་པར་སྣང་བའོ། །འཇིག་
རྟེན་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་སྐྱེ་བ་ནི་འཇིག་རྟེན་ལས་འདས་པ་ཡིན་པར་ཤེས་པར་བྱའོ། །དེ་སྐད་ཅིག་གཅིག་ཙམ་སྐྱེས་པའི་མཐུ་ཁྱད་པར་ཅན་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། ཆོས་ཀྱི་རང་བཞིན་དེ་དང་ཞེས་བྱ་བ་ལ་སོགས་པ་ལ།
ཆོས་ཀྱི་ངོ་བོ་ཉིད་དེ། ཆོས་རྣམས་ཀྱི་ནུས་པ་ཞེས་བྱ་བའི་ཐ་ཚིག་གོ། །དཀར་པོའི་ཆོས་ཀྱི་སྡུག་པའི་འབྲས་བུ་དཔག་ཏུ་མེད་པ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུའི་དབང་དུ་བྱས་པའོ། །སྡུག་པའི་འབྲས་བུ་དཔག་ཏུ་མེད་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་
བུའི་དབང་དུ་བྱས་བའོ། །འགྱུར་བ་མེད་པ་ཉིད་བསྟན་པའི་ཕྱིར་ཡོངས་སུ་ཉམས་པར་འགྱུར་བ་མེད་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བརྗེད་པས་ནི་ཡོངས་སུ་ཉམས་པ་ཡིན་པར་ཤེས་པར་བྱའོ། །གཞན་དུ་འགྱུར་བ་ནི་སྨོན་ལམ་ཡོངས་སུ་གཏོང་བའོ། །ཟད་མི་ཤེས་པ་

ཉིད་བསྟན་པ་ནི་ཁྱད་པར་དུ་འགྲོ་བའི་ཆ་དང་མཐུན་པ་ཞེས་བྱ་བ་སྟེ། ཁྱད་པར་དུ་འགྲོ་བའི་ཆ་དང་མཐུན་པ་ཉིད་ནི་རྣམ་པ་གཉིས་ཏེ། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་གྱི་བྱ་བ་ཉམས་སུ་ལེན་པས་ཕྱི་མའི་མཐའི་བར་དུ་སྤྱོད་པ་དང་། རང་གི་རྒྱུད་ལ་འབྲས་བུ་ཁྱད་
པར་དུ་འཕགས་པ་བྱང་ཆུབ་ཆེན་པོའི་བར་དུ་བསྒྲུབ་པའོ། །སྒྲུབ་པ་དེ་ལྟར་ཤིན་ཏུ་ངེས་པར་བྱས་པའི་སྨོན་ལམ་ཤིན་ཏུ་རྣམ་པར་དག་པ་དེ་ནི་སེམས་བསྐྱེད་པ་ཞེས་བྱ་བ་སྟེ། ཡོན་ཏན་གྱིས་སེམས་མངོན་པར་འདུ་བྱེད་པ་ཡིན་པའི་ཕྱིར་རོ། །སྨོན་ལམ་ཡང་བྱང་ཆུབ་དོན་དུ་
གཉེར་བའི་རྣམ་པ་ཉིད་ཡིན་ནོ། །སེམས་བསྐྱེད་པ་མདོར་བསྟན་པའི་དབང་དུ་བྱས་ནས་སྨྲས་པ། སེམས་བསྐྱེད་པ་དེ་ནི་མདོར་བསྡུ་ན་ཞེས་བྱ་བ་ལ་སོགས་པ་རྣམ་པ་བཞི་ནི་བཅུ་ཚན་བཞིས་ས་བཅུའི་མདོ་ལས་ཤེས་པར་བྱ་སྟེ། རྟེན་ཉིད་དང་། དམིགས་པ་ཉིད་དང་། རྣམ་
པ་ཉིད་དང་། འབྲས་བུའི་ཕན་ཡོན་ཉིད་དོ། །རྟེན་གང་ལས་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། ཇི་ལྟ་བུ་དག་ལས་སྐྱེ་ཞེས་བྱ་བའོ། །ཅིའི་དོན་དུ་སྐྱེད་པར་བྱེད་ཅེ་ན། སྨྲས་པ། ཅི་ལ་དམིགས་ནས་སྐྱེ་བ་དང་། །ཞེས་བྱ་བའོ། །ངོ་བོ་ཉིད་ནི་ཇི་ལྟ་བུ། །རྒྱུ་ནི་གང་ཞེ་ན། སྨྲས་པ། ཇི་ལྟ་བུའི་མཚན་
ཉིད་ཅེས་བྱ་བ་ལ་སོགས་པའོ། །འབྲས་བུའི་ཕན་ཡོན་གྱི་དབང་དུ་བྱས་ནས་སྨྲས་པ། ཕན་ཡོན་ཅིར་འགྱུར་ཞེས་བྱ་བའོ། །ཇི་ལྟ་བུ་དག་ལས་སྐྱེ་བར་འགྱུར་བ་མདོར་བསྟན་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལ་སེམས་ཅན་དགེ་བའི་རྩ་བ་ཤིན་ཏུ་བསགས་པ་
ཚོགས་ཤིན་ཏུ་བསགས་པ། སྤྱད་པ་ཤིན་ཏུ་སྤྱད་པ། སངས་རྒྱས་འབྱུང་བ་ལ་ཤིན་ཏུ་བསྙེན་བཀུར་བྱས་པ། ཆོས་དཀར་པོ་ཤིན་ཏུ་བསྡུས་པ། དགེ་བའི་བཤེས་གཉེན་གྱིས་ཤིན་ཏུ་གཟུང་བ། བསམ་པ་ཤིན་ཏུ་རྣམ་པར་དག་པ། ལྷག་པའི་བསམ་པ་རྒྱ་ཆེན་པོ་
དང་ལྡན་པ། མོས་པ་རྒྱ་ཆེན་པོ་དང་ལྡན་པ། སྙིང་བརྩེ་བ་དང་། སྙིང་རྗེ་མངོན་དུ་གྱུར་པ་ཞེས་བྱ་བ་སྟེ་བཅུ་པོ་འདི་དག་གིས་བསྡུས་པའི་དོན་བསྟན་པའི་ཕྱིར་སྨྲས་པ། མདོར་བསྡུ་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་

བ་ལ། སངས་རྒྱས་འབྱུང་བ་ལ་ཤིན་ཏུ་མཉེས་པར་བྱས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཤིན་ཏུ་གཟུང་བ་ཞེས་བྱ་བ་གཉིས་ནི་དགེ་བའི་རྩ་བ་ཤིན་ཏུ་བསགས་པ་ཞེས་བྱ་བས་བསྟན་ཏོ། །ལྷག་མ་རྣམས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ངེས་པར་
འབྱུང་བ་ཞེས་བྱ་བས་བསྟན་ཏོ། །དགེ་བའི་རྩ་བ་ཤིན་ཏུ་བསགས་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ལ། ཡང་དེའི་བཤད་པ་ནི་ལྷག་མ་དགུ་ཡིན་ནོ། །ཚུལ་ཁྲིམས་འཁོར་དང་བཅས་པ་ལ་ལེགས་པར་སྤྱད་པ་ཉིད་དེ། ཚུལ་ཁྲིམས་ནི་ལུས་དང་ངག་གི་སྡོམ་པའོ། །དེའི་
འཁོར་ནི་དབང་པོའི་སྒོ་བསྡམས་པ་ལ་སོགས་པ་ནས་འདོད་པ་ཆུང་བའི་བར་དུའོ། །ཡང་སྤྱད་པ་ཤིན་ཏུ་སྤྱད་པ་ཞེས་བྱ་བ་ནི་ལེགས་པར་སྤྱད་པ་འཁོར་དང་བཅས་པའི་ཏིང་ངེ་འཛིན་འདི་ཡིན་ཏེ། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །དེའི་འཁོར་ནི་ཟས་ཀྱི་ཚོད་རིག་
པ་ནས་སྒྲིབ་པ་རྣམ་པར་སེལ་བའི་བར་དུ་སྟེ། ནང་དང་ཕྱིའི་གཡེང་བ་སྤངས་ནས་དམིགས་པ་ལ་སྤྱོད་པ་ཉིད་ཀྱི་ཕྱིར་རོ། །ཡན་ལག་ཡོངས་སུ་རྫོགས་པའམ། མ་ཚང་ཡང་རུང་། དངོས་གཞི་དང་ཉེ་བར་གྱུར་པ་ནི་བསམ་གཏན་ལ་སྤྱོད་པའོ། །ཡང་བསྙེན་བཀུར་
ཤིན་ཏུ་བྱས་པ་ནི་ཐོས་པ་ལེགས་པར་བྱས་པའི་ཤེས་པ་ཉིད་དང་། ཡོངས་སུ་བསྡུས་པ་ནི་བསམས་པ་ལས་བྱུང་བའི་ཤེས་པས་ལེགས་པར་བསྡུས་པ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ཆོས་ཉིད་དོ། །ཡང་ཡོངས་སུ་བཟུང་བས་ཤིན་ཏུ་བསམ་པ་
ནི་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་སྦྱོར་བ་བསྒོམས་པའི་གདམས་ངག་ལེགས་པར་ཐོབ་པ་ཉིད་དོ། །ཡང་བསམ་པ་དག་པ་ཤིན་ཏུ་བསམ་པ་ནི་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་ཉིད་དོ། །ཡང་ཤིན་ཏུ་རྒྱས་པ་ཤིན་ཏུ་བསམ་པ་ནི་སེམས་ཅན་གྱི་དོན་བྱ་བའི་བསམ་
པ་ཉིད་དོ། །ཡང་ལྷག་པར་མོས་པ་ཤིན་ཏུ་བསམ་པ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངོན་པར་མོས་པ་ཉིད་དེ། ལྷག་པར་མོས་པའི་འབྲས་བུ་ཉིད་ནི་མངོན་པར་མོས་པ་ཡིན་པའི་ཕྱིར་རོ། །ཡང་མངོན་དུ་གྱུར་པ་ཤིན་ཏུ་བསམ་པ་ནི་སྙིང་བརྩེ་བ་དང་།

སྙིང་རྗེ་ལ་མང་དུ་གནས་པ་ཉིད་དེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ལས་བརྩམས་པ་ནི་སྙིང་བརྩེ་བ་ཞེས་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ་ལས་བརྩམས་པ་ནི་སྙིང་རྗེ་ཞེས་བྱའོ། །གང་ཡང་དམིགས་པ་བསྟན་པའི་ཕྱིར་ཕྱི་མ་ལ་ཡང་དག་པར་
ཞེས་བྱ་བ་ལ་སོགས་པ་ལ། བཅུ་ཚན་གཉིས་པའི་མདོར་བསྡུས་པའི་དོན་གཟུང་བ་ཉིད་ནི་དམིགས་པ་རྣམ་པ་ལྔ་ཡིན་ནོ། །དེ་ལ་བཅུ་ཚན་ནི་འདི་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་འདོད་པར་བྱ་བའི་ཕྱིར་དང་། སྟོབས་བཅུའི་སྟོབས་
ཐོབ་པར་བྱ་བའི་ཕྱིར་དང་། མི་འཇིགས་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དང་། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་དང་། སྙིང་བརྩེ་བ་དང་། སྙིང་རྗེ་ཆེན་པོ་རྣམ་པར་དག་པའི་
ཕྱིར་དང་། ཕྱོགས་བཅུ་མ་ལུས་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཐོགས་པ་མེད་པར་ཡོངས་སུ་སྤྱད་པར་བྱ་བའི་ཕྱིར་དང་དུས་གསུམ་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། ཆོས་ཀྱི་འཁོར་ལོ་
ཆེན་པོ་རབ་ཏུ་བསྐོར་བ་ལ་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞེས་བྱ་བའོ། །དེ་ལ་དང་པོ་བཞིས་ནི་ཚོགས་ཡོངས་སུ་རྫོགས་པར་བྱ་བ་བསྟན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་མོས་པར་གྱུར་ན་མྱུར་དུ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་
བའི་ཕྱིར་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་བར་དུའོ། །གཅིག་གིས་ནི་སེམས་ཅན་རྣམས་ཀྱི་དོན་གྱི་བྱ་བ་ཡོངས་སུ་རྫོགས་པ་སྟེ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བ་ཞེས་བྱ་བས་སོ། །གཅིག་གིས་ནི་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྟན་ཏེ། དེའི་རྒྱུ་ནི་སྙིང་བརྩེ་བ་དང་། སྙིང་རྗེ་ཡོངས་སུ་སྦྱངས་པའི་ཕྱིར་རོ། །གསུམ་གྱིས་ནི་སངས་རྒྱས་ཀྱི་ཆོས་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པར་བྱེད་པའོ། །རྣམ་པ་ཐམས་ཅད་དང་སངས་རྒྱས་དང་། ཆོས་

གསུམ་དུ་རྣམ་པར་གཞག་པ་ལ། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པའི་ཕྲིན་ལས་ཅན་ནི་དང་པོ་སྟེ། ཕྱོགས་བཅུ་མ་ལུས་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་དང་ཞེས་གསུངས་པ་ཡིན་ནོ། །ཞིང་ཐམས་ཅད་ཡོངས་སུ་སྦྱང་བར་བྱ་བའི་
ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཐོགས་པ་མེད་པ། ཉོན་མོངས་པ་མེད་པར་སྤྲུལ་པ་འཇུག་པའི་ལས་ཅན་ཏེ། ཡེ་ཤེས་དང་སེམས་ཐོགས་པ་མེད་པའི་ཕྱིར་ཏེ། གཉིས་པའོ། །དེའི་ཕྱིར་སྨྲས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་
སོགས་པའོ། །རྣམ་པ་མ་ལུས་པར་མཁྱེན་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཏེ། དུས་གསུམ་གྱི་སེམས་ཅན་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་སྐད་ཅིག་གཅིག་ལ་མཁྱེན་པའི་ལས་ཅན་ཏེ། སངས་རྒྱས་ཀྱི་ཆོས་གསུམ་པའོ། །དེའི་ཕྱིར་སྨྲས་པ། དུས་གསུམ་སྐད་
ཅིག་གཅིག་གིས་ཞེས་བྱ་བ་ལ་སོགས་པའོ། །གཅིག་གིས་ནི་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་ཡོངས་སུ་རྫོགས་པ་སྟེ། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པའོ། །དེའི་ཕྱིར་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ཞེས་བྱ་བ་
ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་ལྟ་བུ་ཞིག་ཡིན་ཞེ་ན། །ཡང་དག་པར་མྱུར་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མདོའི་ཚིག་བཅུ་པ་གསུམ་པ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཤེས་རབ་དང་ཡེ་ཤེས་ཀྱི་དབང་དུ་གྱུར་པ་དང་། ཐབས་ལ་མཁས་པས་ཡོངས་སུ་གཟུང་
བ་དང་། བསམ་པ་དང་ལྷག་པའི་བསམ་པ་བརྟན་པ། དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་དང་ལྡན་པ་སྙིང་བརྩེ་བའི་སྟོབས་དང་། བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་དང་ལྡན་པ། རང་བྱུང་གི་ཡེ་ཤེས་དང་མཐུན་པ། སངས་རྒྱས་
ཀྱི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་ཀྱི་གདམས་ངག་ཡང་དག་པར་ཚོལ་བ། ཆོས་ཀྱི་དབྱིངས་ཤིན་ཏུ་རྒྱས་པ་དང་། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ་ཞེས་བྱ་བ་ཡིན་ནོ། །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར།

བྱང་ཆུབ་ཀྱི་ཚོགས་ཐམས་ཅད་དང་མཐུན་པ་ཉིད་དོ། །གཉིས་པ་དང་གསུམ་པ་དང་། བཞི་པ་ནི་བྱང་ཆུབ་སེམས་དཔའི་བྱ་བ་དང་མཐུན་པ་ཡིན་ནོ། །ལྔ་པ་དང་དྲུག་པ་དང་། བདུན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བྱུང་གི་ཡེ་ཤེས་འཐོབ་པ་དང་
མཐུན་པའོ། །ལྷག་མ་གསུམ་ནི་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་དང་མཐུན་པ་ཉིད་དོ། །ཕན་ཡོན་གང་ཡིན་ཞེས་བྱ་བའི་དབང་དུ་བྱས་ནས་སྨྲས་པ། སེམས་དེ་སྐྱེས་པས་ཞེས་བྱ་བ་ལ་སོགས་པ་ལ། འདིའི་མདོའི་ཚིག་རྣམས་ཀྱང་མདོ་ཇི་ལྟ་བ་བཞིན་ནོ། །བྱང་ཆུབ་
སེམས་དཔའ་བྱིས་པའི་ས་ནི་མོས་པས་སྤྱོད་པའི་སའོ། །སོ་སོའི་སྐྱེ་བོའི་ས་ནི་རིགས་ཀྱི་ས་སྟེ། དེ་དག་གཉི་ག་ལས་ཤིན་ཏུ་འདས་པའོ། །དེ་ལས་ཤིན་ཏུ་འདས་ནས་འཕགས་པའི་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ། །བྱང་ཆུབ་སེམས་དཔའི་སྐྱོན་
མེད་པ་ལ་ཞུགས་པ་ཡིན་ཞེས་བྱ་བ་འདིས་ནི་མངལ་དུ་ཞུགས་པ་བཞིན་དུ་ཞུགས་པ་བསྟན་ཏོ། །འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྟན་ཏེ། དང་པོ་མངལ་དུ་འཇུག་པ་དང་ཆོས་མཐུན་པའོ། །རིགས་སུ་སྐྱེས་པ་ཡིན་ཞེས་བྱ་བ་ནི་རིགས་ཀྱི་སྐྱེ་བ་དང་
ཆོས་མཐུན་པར་དེ་བཞིན་གཤེགས་པའི་ཐུགས་ལས་སྐྱེས་པའི་སྲས་ཡིན་གྱི། མངལ་ནས་ནི་མ་ཡིན་ཞེས་བསྟན་པ་ཡིན་ནོ། །མནད་སྨད་པའི་སྐྱོན་མེད་པ་ཡིན་ཞེས་བྱ་བ་ནི་མོའི་རིགས་ཀྱི་སྐྱོན་ལས་ཀྱང་ཤིན་ཏུ་འདས་པ་ཡིན་ཏེ། རིགས་མཉམ་པ་ལས་སྐྱེས་
པའི་བུ་དང་ཆོས་མཐུན་པར་ཐེག་པ་ཆེན་པོའི་སྤྱོད་པ་ངེས་པ་ལས་སྐྱེས་པའི་ཕྱིར་རོ། །འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ཕྱིར་ལོག་པ་སྟེ། འཇིག་རྟེན་ལས་འདས་པའི་འགྲོ་བར་ཞུགས་པ་ཞེས་བྱ་བ་ནི་འགྲོ་བ་གཞན་བཏང་ནས་གཞན་ལེན་པ་དང་ཆོས་
མཐུན་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་ཡིན་ཏེ། སྙིང་རྗེའི་བདག་ཉིད་ཅན་ཡིན་པས་གཞན་གྱི་བྱ་བ་ཉིད་བདག་གི་བྱ་བ་ཉིད་ཡིན་པའི་ཕྱིར་ཏེ། བདག་གི་ལུས་དང་ཆོས་མཚུངས་པ་ཉིད་ཀྱིས་སོ། །བྱང་ཆུབ་སེམས་དཔའི་གནས་སྐབས་ལ་

རབ་ཏུ་གནས་པ་ཡིན་ཞེས་བྱ་བ་ནི་གནས་པ་ལས་རབ་ཏུ་འདས་པར་བསྟན་ཏོ། །འཁོར་བ་ཡོངས་སུ་མི་གཏོང་བ་དང་། ཀུན་ནས་ཉོན་མོངས་པ་ཅན་ཡང་མ་ཡིན་པ་ལ་ཐབས་ལ་མཁས་པ་ནི་སྐྱེས་པའི་གནས་སྐབས་དང་ཆོས་མཐུན་པའོ། །དུས་
གསུམ་མཉམ་པ་ཉིད་དུ་རྟོགས་པ་ནི་མཉམ་པ་ཉིད་ཀྱིས་རབ་ཏུ་འདའ་བར་བྱ་བ་ཡིན་ཏེ། འདས་པ་ལ་སོགས་པ་ལ་སྟོང་པ་ཉིད་རྗེས་སུ་ཞུགས་པའི་འཕགས་པའི་ཤེས་རབ་དང་ལྡན་པའི་ཕྱིར་སྐྱེས་ནས་འཚོ་བ་ལ་བརྟེན་པ་དང་ཆོས་མཐུན་པ་ཡིན་ནོ། །དེ་བཞིན་གཤེགས་
པའི་རིགས་སུ་ངེས་ཤིང་རྫོགས་པའི་བྱང་ཆུབ་ལ་གཞོལ་བ་ཡིན་ཞེས་བྱ་བ་འདིས་ནི་ངེས་པར་རབ་ཏུ་འདས་པ་ཡིན་ཏེ། སངས་རྒྱས་ཀྱི་རིགས་ལས་མི་ཉམས་པ་དང་། མྱ་ངན་ལས་འདས་པ་ལ་མཆོག་ཏུ་གཞོལ་བའི་ཕྱིར་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པ་ཡིན་ནོ། །
འདི་དག་ལས་འདས་པའི་ཕྱིར་སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་ཞེས་བསྟན་པར་འགྱུར་རོ། །ད་ནི་སའི་ངེས་པའི་ཚིག་གི་ཚུལ་གྱི་སྒོ་ནས་བསྟན་པར་བྱ་སྟེ། མཆོག་ཏུ་དགའ་བ་མང་བ་ཡིན་པ་ནི་རབ་ཏུ་དགའ་བ་ཞེས་བྱའོ། །ཇི་ལྟ་བུའི་མཆོག་ཏུ་དགའ་བ་
ཞིག་གིས་རབ་ཏུ་དགའ་བ་ཡིན་ཞེ་ན། མདོ་ནས་བསྟན་པའི་བཅུ་ཚན་གཅིག་གིས་བསྟན་པ་ཡིན་ནོ། །དེ་ལ་མཆོག་ཏུ་དགའ་བའི་དགའ་བ་ནི་སེམས་མགུ་བ་སྟེ། ཡིད་ཀྱིས་བསྡུས་པའོ། །དེ་ཡང་རྣམ་པ་དགུ་སྟེ། དང་བ་མང་བའི་དགའ་བ་ནི་དཀོན་མཆོག་གི་
ཡོན་ཏན་རྗེས་སུ་དྲན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། དང་བ་མང་བ་ཡིན་ཞེས་བྱ་བའོ། །རབ་ཏུ་དགའ་བ་དེ་ཉིད་མཚོན་པའི་ཕྱིར་དེ་ཤེས་ནས་དད་པ་ཐོབ་ནས་ཞེས་བྱ་བ་སྨོས་སོ། །དགའ་བའི་དགའ་བ་ནི་དམིགས་པ་ལ་དགའ་བས་ཚིམ་པར་གྱུར་པའོ། །དེའི་
ཕྱིར་སྨྲས་པ། དགའ་བ་མང་བ་ཡིན་ཞེས་བྱ་བའོ། །རངས་པ་མང་བའི་དགའ་བ་ནི་མངོན་པར་རྟོགས་པའི་ཁྱད་པར་གྱིས་བསྐུལ་བར་གྱུར་པའོ། །མགུ་བ་མང་བའི་དགའ་བ་ནི་རང་གི་ལུས་དང་སེམས་ཀྱིས་བསྡུས་པའི་སངས་རྒྱས་ཉིད་དོ། །དགའ་རླབས་

ཀྱི་དགའ་བ་ནི་རང་གི་ལུས་དང་སེམས་ལ་ཕན་པས་ཁྱབ་པའོ། །སྤྲོ་བ་མང་བའི་དགའ་བ་ནི་བྱང་ཆུབ་དང་ཉེ་བས་བསྐུལ་བའི་ཕྱིར་རོ། །མི་འཁྲུགས་པ་མང་བའི་དགའ་བ་ནི་འབེལ་བའི་གཏམ་གཏན་ལ་འབེབས་པ་ན་ཀུན་ནས་མི་འཁྲུགས་པའོ། །རྣམ་པར་འཚེ་བ་མེད་
པའི་དགའ་བ་ནི་གཞན་ཡོངས་སུ་སྨིན་པར་བྱེད་ཅིང་སེམས་ཅན་ཡང་དག་པར་སྡུད་པའི་དུས་སུ་སྙིང་རྗེ་དང་ངེས་པས་གཞན་གྱི་སེམས་བསྲུང་བའོ། །ཁོང་ཁྲོ་བ་མེད་པའི་དགའ་བ་ནི་སེམས་ཅན་རྣམས་ལོག་པ་སྒྲུབ་པའི་དུས་སུ་བཟོད་པའོ། །མདོའི་དང་པོ་དང་ཐ་མའི་ཚིག་
བླངས་པས་ནི་དགའ་བའི་ཁྱད་པར་བསྟན་པའི་ཕྱིར་རོ། །ཤེས་ནས་དད་པ་ཐོབ་ནས་མཆོག་ཏུ་དགའ་བ་ནས་ཁོང་ཁྲོ་བ་མེད་པའི་དགའ་བའི་བར་གྱིས་སེམས་ཅན་ལ་ཉོན་མོངས་པ་མི་བསྐྱེད་པར་བསྟན་པ་ཡིན་ནོ། །ཇི་ལྟ་བུའི་དགའ་བ་དང་ལྡན་པ་ཡིན་པ་དེ་བསྟན་ནས། ཇི་
ལྟ་བུའི་དམིགས་པ་ལ་དགའ་བ་སྐྱེ་བ་བསྟན་པའི་ཕྱིར་དེ་ལ་མདོའི་ཚིག་གིས་བསྟན་པ་ནི་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་།
བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་དང་། བྱང་ཆུབ་སེམས་དཔའ་མི་འཕྲོགས་པ་ཉིད་དང་། དེ་བཞིན་གཤེགས་པའི་གདམས་ངག་དང་། རྗེས་སུ་བསྟན་པ་དང་། སེམས་
ཅན་གྱི་དོན་ཡང་དག་པར་ཐོབ་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་པའི་སྦྱོར་བ་རྗེས་སུ་དྲན་ཞིང་ཞེས་བྱ་བ་ལ། ཚིག་བཅུ་པོ་འདི་དག་གིས་བསྡུས་པའི་དོན་བསྟན་པའི་ཕྱིར། རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ། ཡང་མདོ་
འདི་ལས་ནི་རིམ་པ་གཞན་དུ་བསྟན་ཏེ། འདིར་ནི་དོན་གྱི་གོ་རིམས་བཞིན་དུ་མདོར་བསྡུས་པའི་དོན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་གྱི་བྱ་བ་ཞེས་བྱ་བ་གཉིས་ཀྱིས་ནི། བྱང་ཆུབ་སེམས་དཔའ་རྣམས་དང་། བྱང་ཆུབ་སེམས་དཔའི་སྤྱོད་

པ་རྣམས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ན་སེམས་ཅན་གྱི་དོན་བྱ་བ་སྟེ། གཞན་གྱི་དོན་ཉིད་བདག་གིས་བྱ་བ་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་དང་། བྱང་ཆུབ་
སེམས་དཔའ་མི་འཕྲོགས་པ་ཞེས་བྱ་བའི་ཚིག་གསུམ་གྱིས་ནི་ཚོགས་ཡོངས་སུ་རྫོགས་པ་བསྟན་ཏོ། །སངས་རྒྱས་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་བསྟན་ལ། སངས་རྒྱས་ཀྱི་ཆོས་རྣམས་དང་ཞེས་བྱ་བའི་དོན་ནི། སངས་རྒྱས་ཀྱི་ཆོས་རྣམས་དང་ཞེས་བྱ་བའི་སྒྲ་
ཉིད་ཀྱིས་བསྟན་ཏོ། །དེ་བཞིན་གཤེགས་པའི་གདམས་ངག་དང་རྗེས་སུ་བསྟན་པ་དང་། ཡང་དག་པར་ཐོབ་པར་བྱེད་པ་དང་། ཡེ་ཤེས་ལ་འཇུག་པའི་སྦྱོར་བ་ཞེས་བྱ་བའི་ཚིག་གསུམ་གྱི་དོན་ནི། སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་པ་ཞེས་བྱའོ། །མདོ་ལས་ནི་དང་པོར་
དགའ་བར་བྱ་བ་བསྟན་ཏོ། །འདིར་དོན་གྱི་གོ་རིམས་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་དོན་གྱི་བྱ་བ་དང་། ཚོགས་ཡོངས་སུ་རྫོགས་པ་ནི་རྒྱ་ཆེན་པོ་རྗེས་སུ་དྲན་པར་འགྱུར་རོ་ཞེས་བྱ་བར་བསྟན་པའི་ཕྱིར། དེ་དག་གཉི་
ག་སྔར་བསྟན་ཟིན་ཏོ། །དེ་ལྟར་མ་འོངས་པ་ལ་དམིགས་ནས་དགའ་བ་སྐྱེ་བར་འགྱུར་བ་བསྟན་ནས། ད་ལྟར་གྱི་ལ་དམིགས་ནས་དགའ་བ་སྐྱེ་བར་འགྱུར་བ་བསྟན་པའི་ཕྱིར། །ལྷག་པའི་བསམ་པ་དག་པས་ཞེས་བྱ་བ་ལ་སོགས་པ་ལ། དེའི་མདོའི་ཚིག་ནི་ཕྱིར་ཞིང་
མཆོག་ཏུ་དགའ་བ་དང་ལྡན་པ་ཡིན་ཏེ། བདག་གི་འགྲོ་བ་ཐམས་ཅད་ཀྱི་ཡུལ་ལས་ཕྱིར་ལོག་གོ་ཞེས་བྱ་བ་ལ་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་བ་སྟེ། བདག་ནི་སངས་རྒྱས་ཀྱི་ས་དང་ཉེ་བར་ཞུགས་སོ་ཞེས་བྱ་བ་ནས་བདག་ནི་འཇིགས་པ་དང་། དངང་བ་དང་། བག་ཚ་
བ་དང་བྲལ་ལོ་ཞེས་བྱ་བའི་བར་གྱིས་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་དོ། །དམིགས་པ་བྱས་ཤིང་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་མོས་པས་འཇུག་པ་ཞེས་བྱ་བས་སོ། །ཚིག་དེ་དག་གིས་བསྡུས་པའི་དོན་ངོ་བོ་གཅིག་པར་བསྟན་པར་བྱ་བའི་ཕྱིར་ཆོས་འདི་མྱུར་

དུ་ཡང་དག་པར་འགྲུབ་པ་དང་། མཐུན་པར་བདག་ཉིད་ཡང་དག་པར་མཐོང་ཞིང་ཞེས་བྱ་བ་ནི། །བསྟན་མ་ཐག་པའི་ཆོས་རྣམས་མྱུར་དུ་ཡང་དག་པར་འགྲུབ་པ་དང་མཐུན་པར་བདག་ཉིད་མཐོང་བ་དང་། ཡུལ་ཐམས་ཅད་ལས་ཕྱིར་ལོག་པ་ནས་འཇིགས་པ་དང་། དངང་
བ་དང་། བག་ཚ་བ་དང་བྲལ་ལོ་ཞེས་བྱ་བའི་བར་དང་མཐུན་པར་བདག་ཉིད་ཡང་དག་པར་མཐོང་བས་མཆོག་ཏུ་དགའ་བ་མང་བར་འགྱུར་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱ་བ་མཐོང་བ་དང་། དགེ་བའི་ཚོགས་ཡོངས་སུ་རྫོགས་པ་མཐོང་བ་
དང་། བྱང་ཆུབ་རྒྱ་ཆེན་པོ་མཐོང་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་མངོན་པར་འབྱུང་བ་དང་ཉེ་བར་མཐོང་བ་དང་། ཟང་ཟིང་མེད་པའི་སངས་རྒྱས་ཀྱི་མཛད་པ་མཐོང་བས་མཚུངས་པ་མེད་པ་དང་། བསམ་པ་དག་པའི་ལུས་དང་སེམས་ཀྱིས་རྗེས་སུ་བསྡུས་
པ་ཡིན་ནོ། །བྱང་ཆུབ་དང་ཉེ་བ་ཉིད་བསྟན་པའི་ཕྱིར། དགེ་བའི་ཆོས་འབར་བ་དག་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་བྱང་ཆུབ་ལ་གཅིག་ཏུ་མོས་པའི་ཕྱིར་ལྷག་པའི་བསམ་པ་རྣམ་པར་དག་པའོ། །འཇིགས་པ་ལྔ་ལས་ཡང་དག་པར་འདས་
པར་མདོ་ནས་བསྟན་པའི་ཆོ་གའི་རྣམ་པ་བསྟན་པར་བྱའོ། །དེས་བདག་མེད་པར་མཐོང་བས་གང་ཟག་ལ་བདག་མེད་པར་ལྟ་བ་ལེགས་པར་བསྒོམ་པ་ཡིན་ནོ། །དེའི་ཕྱིར་བདག་ཏུ་འདུ་ཤེས་པ་ཡང་མི་འགྱུར་ན། ཡང་བདག་ཏུ་ལྟ་བ་འབྱུང་བར་ག་ལ་འགྱུར། དེ་མེད་པའི་ཕྱིར་
དེ་སྔོན་དུ་འགྲོ་བའི་བདག་ཏུ་ལྟ་བ་དང་། ལུས་ལ་སྲེད་པ་ཡང་མེད་དེ་བདག་ཏུ་ལྟ་བ་སྔོན་དུ་སོང་བ་ལས་བདག་གིར་ལྟ་བ་ཡང་འབྱུང་བའི་ཕྱིར་རོ། །དེ་གཉིས་སྔོན་དུ་སོང་བ་ལས་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་ཆགས་པར་འགྱུར་རོ། །དེ་མེད་པས་དེ་དག་ལ་ཆགས་པ་ཡང་
མེད་པར་འགྱུར་རོ། །དེའི་ཕྱིར་དེ་ལ་འཚོ་བ་མེད་པའི་འཇིགས་པ་ཡང་མི་འབྱུང་ངོ་ཞེས་བསྟན་པར་འགྱུར་རོ། །རྙེད་པ་ལ་སོགས་པ་གཞན་ལ་ལྟོས་པར་གྱུར་ན་ཚིགས་སུ་བཅད་པ་མེད་པའི་འཇིགས་པ་འབྱུང་ན། བྱང་ཆུབ་སེམས་དཔའི་ལུས་ལ་སོགས་པ་

ཡང་སེམས་ཅན་རྣམས་ལ་བསྔོས་པའི་ཕྱིར། དེ་ལ་ལྟོས་པ་མེད་པས་ཚིགས་སུ་བཅད་པ་མེད་པའི་འཇིགས་པ་མི་འབྱུང་ངོ་། །བདག་ཏུ་ལྟ་བ་དང་བྲལ་བར་བདག་གི་འདུ་ཤེས་མེད་པའི་ཕྱིར། འཆི་བའི་འཇིགས་པ་ཡང་མི་འབྱུང་ངོ་། །འདི་ལས་
ཤི་འཕོས་པར་གྱུར་ནས་ངེས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པར་འགྱུར་བའི་ཕྱིར་དང་། ངན་སོང་དུ་འགྲོ་བའི་འཇིགས་པ་ཡང་མེད་དོ། །ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པ་གཞན་ཐམས་ཅད་དང་འདི་བསམ་
པ་མཉམ་པ་ཡང་མེད་ན་ལྷག་པ་ལྟ་ག་ལ་ཡོད། ཐམས་ཅད་བསམ་པ་མ་དག་པ་ཡིན་པའི་ཕྱིར་རོ། །དེས་ན་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མི་འབྱུང་ངོ་། །དེ་ཡང་མདོ་ནས་བསྟན་པ་དེ་ལྟར་འཇིགས་པ་དང་། དངང་བ་དང་། བག་ཚ་བ་དང་། སྤུ་ཟིང་
ཞེས་བྱ་བ་མེད་པའི་ཞེས་བྱ་བ་ལ། འཇིགས་པ་དང་ཞེས་བྱ་བ་ནས། སྤུ་ཟིང་ཞེས་བྱ་བའི་བར་སོ་སོའི་དོན་རིམ་པ་བཞིན་བཤད་པར་བྱ་སྟེ། འཇིགས་པ་ལྔ་སྤངས་པ་ནི་འཇིགས་པ་དང་བྲལ་བ་ཡིན་ནོ། །ཆོས་ཟབ་མོ་སྟོན་པ་ལ་འཇིགས་པར་མི་འགྱུར་བ་ནི་
སྐྲག་པ་དང་བྲལ་བའོ། །བདག་ཉིད་མཐོང་བར་གྱུར་ཀྱང་བདག་ལ་བསྟོད་པ་མེད་པས་ཁེངས་པ་དང་བྲལ་བ་ཞེས་བྱའོ། །གཞན་གྱིས་གནོད་པ་བྱས་པ་དང་། ལོག་པར་སྒྲུབ་པ་ཐམས་ཅད་ལ་ཞེ་སྡང་དང་བྲལ་བ་ཉིད་དོ། །དེའི་ཕྱིར་སྤུ་ཟིང་ཞེས་བྱེད་པ་དང་བྲལ་
བ་ཡིན་ནོ། །འཇིག་རྟེན་གྱི་ཟང་ཟིང་ཐམས་ཅད་དགའ་བ་མི་བསྐྱེད་པས་འདུ་འཛི་ལ་དགའ་བ་སྤངས་པ་སྟེ། གང་ཡང་མདོ་ལས་བསྟན་པ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་ལྷག་པའི་བསམ་པ་མ་ཉམས་པ་དང་། མི་དམའ་བ་ཞེས་བྱ་བ་ཡིན་ནོ། །དེའི་
དོན་བསྟན་པ་སྟེ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དེས་ན་ཉམས་པ་མེད་པའོ། །ཤིན་ཏུ་སྦྱངས་པའི་ཕྱིར་ཕལ་པ་མ་ཡིན་པ་སྟེ། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །མདོ་ལས་གསུངས་པ་ནི། ལྷག་

པའི་བསམ་པ་མ་ཉམས་པ་དང་། མི་དམའ་བས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་ཕྱིར་ཤིན་ཏུ་བརྩོན་པར་བྱེད་དེ། ཡིད་ཆེས་པའི་དབང་གི་ཕྱིར་དང་ཞེས་བྱས་ནས་ཀྱེ་རྒྱལ་བའི་སྲས་དག་ས་ཡོངས་སུ་སྦྱོང་བའི་རྣམ་པ་འདི་ལྟ་བུ་དག་དང་ཡང་དག་
པར་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པ་ཡིན་ཏེ་ཞེས་བྱ་བའི་བར་དུ་སྟེ། །མདོའི་ཚིག་འདི་དག་གིས་བསྡུས་པའི་དོན་བསྟན་པ་ཡིན་ནོ། །དད་པ་དང་ལྡན་པ་ནི་བརྩོན་འགྲུས་རྩོམ་པར་བྱེད་དོ་ཞེས་བྱ་བའི་
མདོའི་ཚིག་གིས་དད་པ་སྔོན་དུ་འགྲོ་བའི་དབང་གིས་ཚེ་འདི་ལ་ཡང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པར་བྱེད་ལ། ཕྱི་མ་ལ་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་རྩོམ་པར་བྱེད་དོ་ཞེས་བསྟན་པའི་
ཕྱིར། སྔར་བསྟན་པའི་སྨོན་ལམ་ཆེན་པོ་བཅུ་བོ་གང་ཡིན་པ་དེ་དག་ནི། རབ་ཏུ་དགའ་བ་ལ་གནས་པས་རབ་ཏུ་སྒྲུབ་པར་འགྱུར་གྱི། མོས་པས་སྤྱོད་པའི་ས་ལ་གནས་པས་ནི་མ་ཡིན་ནོ། །དེའི་རྒྱུ་བསྟན་པའི་ཕྱིར། །བསམ་པ་དག་པ་ལ་བརྟེན་ནས་
ཞེས་བྱ་བ་ལ། བསམ་པ་དག་པ་ཉིད་ཡིན་པའི་ཕྱིར། གནས་པ་འདི་ལ་དེའི་སྨོན་ལམ་འགྲུབ་པར་འགྱུར་གྱི། བསམ་པ་མ་དག་པ་ནི་མ་ཡིན་ཏེ། མོས་པས་སྤྱོད་པའི་འོ། །དེ་ཡང་དགེ་སློང་དག་པ་རྣམ་པར་དག་པའི་སེམས་ཀྱིས་སྨོན་པ་ནི་འགྲུབ་པར་
འགྱུར་རོ་ཞེས་གསུངས་པའི་ཚིག་གིས་སོ། །དེ་བཞིན་གཤེགས་པ་ལ་མཆོད་པའི་དབང་དུ་བྱས་པའི་སྨོན་ལམ་དང་པོ་ནི་དེ་བཞིན་གཤེགས་པ་ཉིད་མཆོད་པའི་འོས་ཡིན་པར་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་མཆོག་ཡོན་གྱི་གནས། ལྷ་དང་
མི་རྣམས་ཀྱི་སྟོན་པ་ནི་ཆོས་ཀྱི་མངའ་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱའོ། །དམ་པའི་ཆོས་ཡང་དག་པར་འཛིན་པའི་དབང་དུ་བྱས་ནས་ནི་གཉིས་པའོ། །དེ་ཉིད་དགའ་ལྡན་ན་བཞུགས་པ་ལ་སོགས་པའི་རིམ་གྱིས་གོ་རིམས་བཞིན་དུ་འཇུག་པར་བྱེད་པའི་

དབང་དུ་བྱས་པ་ནི་གསུམ་པའོ། །དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ནི་བཞི་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དབང་དུ་བྱས་པ་ནི་ལྔ་པའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མཐུས་ཉེ་བར་
འགྲོ་བའི་དབང་དུ་བྱས་པ་ནི་དྲུག་པའོ། །རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་དབང་དུ་བྱས་པ་ནི་བདུན་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་བའི་དབང་དུ་བྱས་པ་ནི་བརྒྱད་པའོ། །སེམས་ཅན་རྣམས་ཀྱི་དོན་བྱ་བའི་དབང་
དུ་བྱས་པ་ནི་དགུ་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་དབང་དུ་མཛད་པ་ནི་བཅུ་པའོ། །འདི་དག་གི་གཞུང་ནི་མདོའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །མདོ་ལས་སེམས་ཅན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་
པ་རྒྱུན་མི་འཆད་པ་ལྟ་བུ་དང་། འཇིག་རྟེན་གྱི་ཆོས་རྒྱུན་མི་འཆད་པར་བསྟན་པ་བཞིན་དུ་བྱང་ཆུབ་ཀྱི་མཐར་ཐུག་པའི་ཚེ་རབས་ཐམས་ཅད་དུ་བདག་གི་སྨོན་ལམ་འདི་དག་ཐོབ་པ་དང་། མི་བརྗེད་པ་དང་། མི་འབྲལ་བའི་དབང་དུ་བྱས་ནས་འདིར་སྨོན་ལམ་ཉིད་ལ་
སྨོན་ལམ་འདེབས་པ་བསྟན་པའི་ཕྱིར་མདོའི་ཚིག་རྣམས་ཀྱིས་བསྟན་ཏེ། དེ་ལ་མདོའི་ཚིག་ནི་མཐར་ཐུག་པ་མེད་པའི་གནས་བཅུར་མངོན་པར་བསྒྲུབ་སྟེ། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་དང་ཞེས་བྱ་བ་ནས། ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་ཀྱི་
མཐར་ཐུག་པ་ཞེས་བྱ་བ་དང་། བདག་གི་དགེ་བའི་རྩ་བ་འདི་དག་ཀྱང་མཐར་ཐུག་པ་མེད་པར་གྱུར་ཅིག་ཅེས་བྱ་བའི་བར་ལ། ཐོབ་པ་ནི་ཡོངས་སུ་མི་ཉམས་པའོ། །མི་བརྗེད་པ་ནི་དྲན་པ་ལ་གནས་པའོ། །ཐམས་ཅད་ཀྱི་ཐམས་ཅད་དུ་སྨོན་ལམ་དང་མི་འབྲལ་བ་ནི་མི་
འབྲལ་བའོ། །དང་པོ་ནི་དངོས་པོ་ལ་སྨོན་ལམ་འདེབས་པའོ། །གཉིས་པ་ནི་སྨོན་ལམ་ཉིད་ལ་སྨོན་ལམ་འདེབས་པའོ་ཞེས་བསྟན་པའི་ཕྱིར། སྔ་མ་ནི་སྨོན་པར་བྱ་བའི་དོན་ལ་སྨོན་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་དག་ནི་རྩ་བའི་སྨོན་ལམ་ཡིན་ནོ། །

དེ་ལས་གཞན་པ་ནི་དཔག་ཏུ་མེད་པར་རིག་པར་བྱའོ་ཞེས་མདོའི་རྗེས་སུ་འབྲངས་ནས་བསྟན་པ་ནི་སྨོན་ལམ་ཆེན་པོ་འདི་དག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །ཆོས་བཅུ་ལ་ཀུན་དུ་སྤྱོད་པའི་རྒྱུ་བསྟན་པ་ནི་ཕྱི་མ་ལ་ནི་སྨོན་ལམ་གྱི་སྟོབས་སྐྱེ་ལ། ཚེ་འདི་ལ་ནི་བརྩོན་
འགྲུས་བརྩམས་པ་སྟེ། ཕྱི་མ་ལ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ཆོས་འདི་དག་གི་སྐྱེ་བའི་རིམ་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །གོ་རིམས་ཀྱི་རྒྱུ་བསྟན་པ་ནི་དེ་ལ་རེ་ཞིག་དང་པོར་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་མངོན་པར་ཡིད་ཆེས་པ་སྐྱེས་པ་ནི་དད་པའོ། །
སེམས་ཅན་གྱི་སྡུག་བསྔལ་གྱི་གནས་སྐབས་ལ་ལྟ་བ་ནི་སྙིང་རྗེའོ། །སྡུག་བསྔལ་ཅན་ལ་ཕན་པ་ཉེ་བར་བསྒྲུབ་པ་ནི་བྱམས་པའོ། །སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་བསམ་པས་བདག་ཉིད་ལ་ལྟོས་པ་མེད་པ་ནི་ཡོངས་སུ་གཏོང་བའོ། །སེམས་ཅན་ཡོངས་
སུ་བསྐྱབ་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་བ་ལ་མི་སྐྱོ་བ་དང་སྐྱོ་བ་མེད་པའི་ཕྱིར་བསྟན་བཅོས་ཐམས་ཅད་ཤེས་པར་བྱ་བ་ཐོབ་པ་དང་། ཡོངས་སུ་དག་པར་བྱེད་པ་ནི་བསྟན་བཅོས་ཤེས་པ་ཞེས་བྱའོ། །འཇིག་རྟེན་ཇི་ལྟར་འབྱུང་བར་འགྱུར་བ་དང་།
འཇིག་རྟེན་ཇི་ལྟར་འཇུག་པ་ཇི་ལྟ་བ་བཞིན་ཤེས་པ་ནི་འཇིག་རྟེན་ཤེས་པའོ། །འཇིག་རྟེན་ཤེས་པར་གྱུར་ནས་དུས་དང་ཚོད་ཤེས་པ་ལ་སོགས་པས་སྤྱོད་པ་ཕུན་སུམ་ཚོགས་པ་དང་། ངོ་ཚ་ཞིང་ཁྲེལ་ཡོད་པ་དང་ལྡན་ཞིང་། སྲན་ཐུབ་པའི་སྟོབས་བསྐྱེད་
པས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་རོ། །ཡང་དག་པར་བླངས་ནས་གནས་པ་ཞེས་བྱ་བ་ནི་མ་ཐོབ་པ་ཐོབ་པར་གྱུར་པའོ། །ལན་མང་དུ་བྱེད་དོ་ཞེས་བྱ་བ་ནི་ཐོབ་པ་རྣམས་གནས་ཤིང་འཕེལ་བར་བྱེད་པའི་སྦྱོར་བའོ། །གནས་པ་ཐམས་
ཅད་ལ་ཡང་ལམ་གྱི་ཡོན་ཏན་ཏེ། །སའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་གྱུར་པའོ། །སྐྱོན་ནི་སའི་མི་མཐུན་པའི་ཕྱོགས་སོ། །ཡོངས་སུ་ཚོལ་བར་བྱེད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ཉན་པ་དང་། ཐེ་ཚོམ་དྲི་བའོ། །དེ་ལྟ་བུ་ནི་

ཡོངས་སུ་ཚོལ་བ་ཡིན་ནོ། །འདིར་མདོས་བསྟན་པ་ནི། ཀྱེ་རྒྱལ་བའི་སྲས་དག་གཞན་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ཀྱི་རྣམ་པ་དང་། ཐོས་པར་བྱ་བ་དང་། རྒྱུ་
མཐུན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་། དགེ་བའི་བཤེས་གཉེན་རྣམས་ལས་ཡོངས་སུ་བཙལ་བར་བྱ། ཡོངས་སུ་དྲི་བར་བྱ་ཞེས་བྱ་བ་ནས། དེ་དེ་ལྟར་ཤེས་པས་སེམས་ཅན་གྱི་འདྲེན་པ་ཕལ་པོ་ཆེ་ཡེ་ཤེས་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་
བྱེད་ཅིང་། བྱང་ཆུབ་སེམས་དཔས་ཡོངས་སུ་མི་སྐྱོ་བར་ས་ཡོངས་སུ་སྦྱོང་བའི་ཁྱད་པར་ལ་བརྩོན་པར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ཤེས་ནས་ཀྱང་ཞེས་བྱ་བ་ནི་ལམ་གྱི་ཡོན་ཏན་དང་སྐྱོན་ཤེས་པའོ། །བདེ་བླག་ཏུ་ཞེས་བྱ་བ་ནི་དཀའ་བ་མེད་པར་རོ། །ལམ་ཆུད་མི་ཟ་
བ་ནི་ལམ་གྱི་ཡོན་ཏན་ཤེས་པའི་ཕྱིར་རོ། །དེ་ནི་དོན་ཉིད་བསྟན་པའི་ཕྱིར། ལེགས་པར་གཟུང་བ་ཞེས་བྱ་བ་ལ་སོགས་པ་ལ། ལེགས་པར་གཟུང་བའི་རྣམ་པ་ལ་སོགས་པ་ཉིད་ཀྱི་ལམ་ཆུད་མི་ཟ་བའི་རྣམ་པ་དང་ཞེས་བྱ་བ་ནི་ལམ་གྱི་ཡོན་ཏན་རྣམ་པར་ཤེས་པའི་ཕྱིར་རོ། །
དོན་དེ་ཉིད་བསྟན་པའི་ཕྱིར། །མཚན་མ་ལེགས་པར་བཟུང་ལ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ལ་སོགས་པ་ལེགས་པར་གཟུང་བའི་ཕྱིར་ལམ་ཆུད་མི་ཟ་བའོ་ཞེས་བྱ་བར། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སའི་རྣམ་པ་མངོན་པར་
སྒྲུབ་པ་ལ་མཁས་པ་ནི་ས་དང་པོ་ལས་གྱེན་དུ་བསྐྱོད་ནས་ས་བཅུ་པའི་བར་དུ་ཐོབ་པར་བྱ་བ་ལ་ལམ་དུ་ཐོགས་པ་མེད་པར་འགྲོ་བ་དང་། ས་ཤེས་པའི་སྣང་བས་ཡེ་ཤེས་ཀྱི་སྣང་བ་ཡང་ཐོབ་པོ་ཞེས་བྱ་བའི་མདོའི་དོན་བསྟན་པའི་ཕྱིར། བདག་ཉིད་ཀྱིས་ཀྱང་
གནས་པ་ཐམས་ཅད་མནན་ནས་ཞེས་བྱ་བ་ལ་སོགས་པའོ། །དེད་དཔོན་མཁས་པའི་དཔེ་བསྟན་པ་ནས། འཁོར་བའི་ནགས་ཁུངས་ཡ་ང་བ་བགྲོད་དཀའ་བ་ལས་བརྒལ་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གྲོང་ཁྱེར་ཆེན་པོའི་བར་དུ་ཕྱིན་པར་བྱེད་ཅིང་

ཞེས་བྱ་བའི་དོན་བསྟན་པའི་ཕྱིར་རོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དེད་དཔོན་ཡང་འཁོར་བའི་འབྲོག་དགོན་པ་ནས་སེམས་ཅན་རྣམས་སྒྲོལ་བར་བྱེད་དོ་ཞེས་བྱ་བའོ། །རྣམ་པ་ལ་སོགས་པ་རྣམས་ཀྱི་དོན་བསྟན་པར་བྱ་སྟེ། གང་ཡེ་ཤེས་ཀྱི་རྣམ་པས་སམ་བསྒོམ་
པའི་རྣམ་པས་ཀྱང་རུང་ས་དང་པོ་ལ་འཇུག་པ་དེ་ནི་རྣམ་པ་ཞེས་བྱ་སྟེ། གྲོང་ཁྱེར་དུ་འཇུག་པའི་ལམ་གྱི་རྣམ་པ་ལྟ་བུའོ། །དེ་ཉིད་འཇུག་པ་ནི་འཐོབ་པ་སྟེ། གྲོང་ཁྱེར་དུ་འཇུག་པ་ལྟ་བུའོ། །ཞུགས་ནས་ཀྱང་འབྲས་བུ་ཆེན་པོའི་ཕན་ཡོན་འགྲུབ་ཅིང་ཡང་དག་པར་འགྲུབ་པ་
ཞེས་བྱ་བ་ནི་ས་ཡོངས་སུ་སྦྱོང་བའི་ཆོས་གྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །འགྲུབ་པ་ཞེས་བྱ་བ་ནི་དེ་དག་ཉིད་འཇུག་པར་སྒྲུབ་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་སངས་རྒྱས་མང་པོ་བལྟར་སྣང་བར་འགྱུར་ཏེ། ལྟ་བ་
རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སོ་ཞེས་མདོ་ལས་གསུངས་པའི་དོན་བསྟན་པ་ནི་གནས་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྣང་བར་འགྱུར་ཞེས་བྱ་བ་ནི་བལྟར་སྣང་བར་ཞེས་བྱ་བར་འབྲེལ་ཏོ། །རྒྱ་ཆེ་བ་ཉིད་བསྟན་པའི་ཕྱིར། ཐོས་པ་དང་བསམ་པའི་སྒོ་ནས་
སོ། །སེམས་ཀྱིས་མོས་པས་ཞེས་བྱ་བ་ནི་གང་གི་ཕྱིར་ཐོས་པ་མེད་ཀྱང་དེ་ལྟ་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་བཞུགས་སོ་ཞེས་རང་ཉིད་མོས་པར་བྱེད་པའོ། །རྒྱ་ཆེ་བའི་དོན་བསྟན་པའི་ཕྱིར། དད་པ་རྒྱ་ཆེན་པོ་དང་ལྡན་
པའི་སེམས་ཀྱིས་ཞེས་བྱ་བའོ། །འདོད་པར་བྱེད་པ་ཞེས་བྱ་བ་ནི་དོན་དུ་གཉེར་བའོ། །དེ་ལྟ་བུར་གྱུར་པ་དེའི་ཞེས་བྱ་བ་ནི་བསམ་པ་དག་པ་དེའི་སྟེ། སངས་རྒྱས་ལ་བསྐྲུན་པའི་དགེ་བའི་རྩ་བ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་རྒྱ་ཆེ་བས་བསྡུས་པའི་རྒྱུ་དང་པོ་
བསྟན་ནས། སྨོན་ལམ་གྱི་སྟོབས་བསྟན་པའི་ཕྱིར། དེ་ལྟར་ཡང་སེམས་ཀྱིས་སྨོན་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པ་ལ། གང་དུ་འབྱུང་བ་དེར་ཞེས་བྱ་བ་ནི་འཇིག་རྟེན་དེར་ཞེས་བྱ་བའོ། །རྣམ་པ་ཐམས་ཅད་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་རྙེད་པ་དང་བཀུར་སྟི་དང་།

སྒྲུབ་པས་བསྡུས་པའོ། །བདེ་བའི་ཡོ་བྱད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་ཅེས་མདོ་ནས་བསྟན་པའི་ཚིག་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་གང་གིས་བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་རྣམས་ཐུན་
མོང་དུ་འགྱུར་བའི་ཡོངས་སུ་མཁོ་བ་ལས་བྱུང་བའོ། །དགེ་འདུན་ལ་ཡང་བཀུར་སྟི་བྱེད་དོ་ཞེས་བྱ་བ་ནི་དགེ་འདུན་གྱི་ཚོགས་ལ་བཀུར་སྟི་བྱེད་དོ་ཞེས་བྱ་བའི་མདོའི་ཚིག་བསྟན་པས་དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་ཚོགས་ལ་མཆོད་པ་དང་། བསྙེན་
བཀུར་བྱེད་པའོ། །ཆོས་ཀྱང་ཉན་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའོ། །འཛིན་པར་བྱེད་དོ་ཞེས་བྱ་བ་ནི་བརྗེད་པ་མེད་པར་རོ། །བསྒོམ་པའི་སྒོ་ནས་ནི་ནན་ཏན་གྱིས་སྒྲུབ་པར་བྱེད་པའོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་སྔོ་བར་བྱེད་དོ་ཞེས་བྱ་བ་མདོའི་ཚིག་བསྟན་པ་ནི་དེར་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བའོ། །དོན་མཐུན་པ་ཡིན་ཞེས་བྱ་བའི་བར་གྱི་མདོའི་ཚིག་བསྟན་པ་ནི་བསྡུ་བའི་དངོས་པོ་བཞིས་ཀྱང་ཞེས་བྱ་
བ་ལ་སོགས་པའོ། །དཔེའི་སྒོ་ནས་དེ་ལྟར་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེ་དག་རབ་ཏུ་བྱང་བ་དང་། ཡོངས་སུ་དག་པ་དང་། ཅི་དགར་ལས་སུ་རུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་དུ་ཟིན་ཀྱང་དག་པའི་རྒྱུ་བསྟན་པའི་
ཕྱིར། དེའི་རྣམ་པར་དག་པའི་རྒྱུ་གསུམ་པོ་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་བསྟན་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ལ་མཆོད་པ་ཡོངས་སུ་གཟུང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བར་
གྱིས་ཏེ། དེ་བཞིན་གཤེགས་པའི་མཆོད་པ་དང་། བསྙེན་བཀུར་གྱིས་ནི་རབ་ཏུ་བྱང་བར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ནི་ཡོངས་སུ་དག་པར་འགྱུར་རོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི་ལས་སུ་རུང་བར་འགྱུར་ཏེ། དེ་འཐོབ་པ་ལ་

མཐུན་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཇི་ལྟར་འདོད་པར་སྦྱར་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །བསྐལ་པ་དུ་མ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་དུ་ཞེས་བྱ་བ་འདིས་ནི་ས་ཡོངས་སུ་སྦྱང་བར་བྱ་བའི་དུས་ཆེན་པོ་
ཉིད་བསྟན་ཏོ། །དཔེར་ན་ཞེས་བྱ་བས་ནི་དཔེ་སྟོན་པར་བྱེད་དོ། །རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་འབྱུང་ཁུངས་ནས་བྱུང་བའོ། །གསེར་མགར་མཁས་པ་ཞེས་བྱ་བ་ནི་ཡོངས་སུ་སྦྱོང་བ་ལ་མཁས་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕལ་ཆེར་འཛམ་
བུའི་གླིང་གི་བདག་པོར་འགྱུར་ཞིང་ཞེས་བྱ་བའི་མདོའི་ཚིག་གི་དོན་བསྟན་པ་ནི་དེ་ལ་གནས་པ་དེ་ནི་ཞེས་བྱ་བ་ལ་སོགས་པའོ། །དབང་ཕྱུག་ཆེན་པོ་ལ་དབང་རབ་ཏུ་འཐོབ་པ་ལ་ཆོས་རྗེས་སུ་སྲུང་ཞིང་གཏོང་ཞིང་གཏོང་བ་ཆེན་པོས་སེམས་ཅན་རྣམས་སྡུད་པའི་ཞེས་བྱ་བའི་
མདོའི་ཚིག་གི་དོན་བསྟན་པ་ནི་སེར་སྣའི་དྲི་མ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའོ། །སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་ཟློག་པ་ལ་མཁས་པ་ཡིན་ཞེས་བྱ་བའི་མདོའི་དོན་བསྟན་པ་ནི་སེར་སྣའི་དྲི་མ་སེལ་བའི་བདག་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བསྡུ་བའི་
དངོས་པོ་བཞིའི་སྒོ་ནས་བསགས་པའི་དགེ་བ་ཡིད་ལ་བྱེད་པ་མདོ་ནས་གསུངས་པ་བསྟན་པ་ནི་བསྡུ་བའི་དངོས་པོ་བཞི་གང་ཅི་རྩོམ་ཡང་རུང་ཞེས་བྱ་བའོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡིད་ལ་བྱེད་པ་བསྟན་པ་ནི་དཀོན་མཆོག་དང་ཞེས་བྱ་བས་བསྟན་པ་
ཡིན་ནོ། །ལྷག་མས་ནི་བྱང་ཆུབ་ཡང་དག་པར་འགྲུབ་པའི་རྣམ་པ་ཐམས་ཅད་དུ་རྟོགས་པའི་ཡིད་ལ་བྱེད་པའོ། །ཡིད་ལ་བྱེད་པ་འདི་དག་གི་དོན་བསྟན་པའི་ཕྱིར་བདག་སེམས་ཅན་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལ། འདི་ནི་དོན་དམ་པའི་སངས་རྒྱས་ལ་
སོགས་པ་ཡིད་ལ་བྱེད་པར་ཤེས་པར་བྱ་སྟེ། གང་སངས་རྒྱས་ལ་སོགས་པའི་ཆོས་ཉིད་ཡིད་ལ་བྱེད་པས་གང་ཡང་བདག་གིས་སྦྱིན་པར་བྱའོ། །འདི་ལ་སྦྱིན་པར་བྱའོ། །འདི་སྦྱིན་པར་བྱའོ། །འདིའི་དོན་དུ་སྦྱིན་པར་བྱའོ་ཞེས་རློམ་སེམས་མེད་པའོ། །དེ་ལྟ་ན་ཡང་

ལས་ཐམས་ཅད་ལ་ཡང་བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། བྱ་བར་རློམ་སེམས་མེད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེ་ལ་མཆོག་ནི་རྣམ་པ་གཉིས་ཏེ། མཆོག་ཉིད་ནི་ཡོན་ཏན་རབ་ཏུ་
འབར་བ་ཉིད་དོ། །གཙོ་བོ་ཉིད་ནི་གཉིས་པ་མེད་པ་ཉིད་དོ། །དེའི་ཕྱིར་སྨྲས་པ། མཆོག་ཏུ་འགྱུར། གཙོ་བོར་འགྱུར་ཞེས་བྱ་བའོ། །མཆོག་ཉིད་ཀྱི་རྣམ་པ་ཡང་གཉིས་ཏེ། ཕུལ་དུ་གྱུར་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དམ་པར་འགྱུར་བ་ནི་སྤངས་
པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། ཕུལ་དུ་འགྱུར། དམ་པར་འགྱུར་ཞེས་བྱ་བ་ཡིན་ནོ། །གཙོ་བོ་ཡང་རྣམ་པ་གཉིས་ཉིད་ད། རབ་མཆོག་ཏུ་གྱུར་པ་ཉིད་ནི་དེ་དང་མཉམ་པ་མེད་པའི་ཕྱིར་རོ། །གོང་མར་གྱུར་པ་ཉིད་ནི་དེའི་གོང་ན་གཞན་
མེ