Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 118
Văn bản gốc(Tây Tạng)
Trang 18 / 18 (50.000 ký tự/trang)
མ་པར་གཞག་གི །རང་གི་མཚན་ཉིད་ཀྱི་མཚན་ཉིད་དུ་རྣམ་པར་གཞག་པ་ནི་མ་ཡིན་ པས་ཞེས་བྱ་བ་ནི་བཞི་པ་བརྟག་པ་བཞིན་ཏུ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་མིང་དང་བརྡས་མཚན་ཉིད་དུ་རྣམ་པར་གཞག་ཅེས་བྱ་བ་ནི་མཚན་ཉིད་ཀྱི་དོན་བསྟན་པ་སྟེ། འདི་ལྟར་ཐ་སྙད་ལ་བརྟེན་ནས་མཚན་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །གང་རང་གི་མཚན་ ཉིད་ཀྱིས་མཚན་ཉིད་དུ་རྣམ་པར་གཞག་པ་ནི་མ་ཡིན་པས་ཞེས་བྱ་བ་ནི་མཚན་ཉིད་མེད་པ་ཉིད་ཀྱི་དོན་བསྟན་པ་སྟེ། དེ་ནི་མདོར་བསྡུ་ན་འདི་སྐད་དུ་ཀུན་བརྟགས་པ་ནི་སེམས་ཀྱི་རྗེས་སུ་ཡོད་ཀྱི། དོན་དམ་པར་མེད་པའི་ཕྱིར་ངོ་བོ་ཉིད་མེད་པའོ་ཞེས་བཤད་དེ། དེས་ན་ ཀུན་བརྟགས་པའི་མཚན་ཉིད་དེ་ལ་ངོ་བོ་ཉིད་མེད་པའོ་ཞེས་བྱའོ་ཞེས་བསྟན་པར་འགྱུར་ཏེ། དེ་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས་འདི་ལྟ་སྟེ། ཀུན་དུ་བརྟགས་པའི་ངོ་བོ་ཉིད་ལ་བདག་ཉིད་ཀྱི་མཚན་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ་ཞེས་བསྟན་ ཏོ། །གཞན་ཡང་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ལས། ཇི་ལྟར་སྣང་བ་བཞིན་དུ་མཚན་ཉིད་དེ་ཡང་དག་པར་མེད་པའི་ཕྱིར་ཀུན་དུ་རྟོག་པའི་ངོ་བོ་ཉིད་ནི་མཚན་ཉིད་མེད་པའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་ པའི་ས་ལས་ཀྱང་། མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ཀྱི་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དོ་ཞེས་འབྱུང་ངོ་། །དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་ཅེས་བྱའོ་ཞེས་བྱ་བ་ནི་ལྔ་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ། །ཆོས་རྣམས་ཀྱི་ སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཡིན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་ལྔར་དབྱེ་བ་ནི་གོང་མ་བཞིན་དུ་རིག་པར་བྱ་སྟེ་འདི་ནི་དང་པོ་དྲིས་པའོ། །འདི་ལྟ་སྟེ། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ཡིན་པའོ་ ཞེས་བྱ་བ་ནི་གཉིས་པ་ལན་ཡང་དག་པར་བསྟན་པ་སྟེ། འདི་ལྟར་ངོ་བོ་ཉིད་རྣམ་པ་གསུམ་ལས་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་བདག་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གསུམ་པ་བརྟག་པ་སྟེ། དོན་གང་གི་ཕྱིར་གཞན་གྱི་དབང་གི་ངོ་བོ་ ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་ཞེས་བྱ་བའི་དོན་ཏོ། །འདི་ནི་འདི་ལྟར་གཞན་གྱི་སྟོབས་ཀྱིས་ཡོད་པ་ཡིན་གྱི། བདག་ཉིད་ཀྱིས་ཡོད་པ་ནི་མ་ཡིན་པས་ཞེས་བྱ་བ་ནི་བཞི་པ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་འདི་ལྟར་རྐྱེན་གཞན་གྱི་སྟོབས་ཀྱིས་ཡོད་པ་ ཡིན་གྱི་ཞེས་བྱ་བ་འདིས་ནི་སྐྱེ་བའི་དོན་བསྟན་པ་སྟེ། འདི་ལྟར་རྐྱེན་གཞན་གྱི་སྟོབས་ཀྱིས་ཡོད་པའི་ཕྱིར་སྐྱེ་བ་ཞེས་བྱའོ་ཞེས་བྱ་བའོ། །བདག་ཉིད་ཀྱིས་ཡོད་པ་མ་ཡིན་ཞེས་བྱ་བས་ནི་ངོ་བོ་ཉིད་མེད་པ་ཉིད་བསྟན་པའོ། །དེ་ནི་འདི་སྐད་དུ་ཆོས་གཞན་རྣམས་ལ་ བརྟེན་པའི་རྒྱུ་དང་རྐྱེན་གྱི་ཕྱིར་སྐྱེ་བ་ཞེས་བཤད་ཀྱི་དབང་ཕྱུག་ལ་སོགས་པ་ལས་བྱུང་བ་མ་ཡིན་པས་སྐྱེ་བ་མེད་པ་ཞེས་བྱའོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྐྱེན་གྱི་སྟོབས་ལས་བྱུང་བ་ ཡིན་གྱི། བདག་ཉིད་ཀྱིས་སྐྱེས་པ་མ་ཡིན་པས་དེའི་ཕྱིར་སྐྱེ་བ་མེད་པ་ཞེས་བྱའོ་ཞེས་བསྟན་ཏོ། །གཞན་ཡང་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད་རྐྱེན་གྱི་སྟོབས་ལས་སྐྱེས་པ་ཡིན་གྱི། བདག་ཉིད་ཀྱིས་སྐྱེས་པ་མ་ ཡིན་པས་དེའི་ཕྱིར་གཞན་གྱི་དབང་ནི་སྐྱེ་བ་མེད་པའི་བདག་ཉིད་དོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན་ཞེས་འབྱུང་ངོ་། །དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་ནི་ལྔ་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ ཟད་དོ། །ཆོས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་དོན་དམ་པ་ངོ་བོ་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གཞན་གྱི་དབང་ལས་བརྩམས་ནས་དོན་དམ་པ་ངོ་བོ་ཉིད་བསྟན་པ་དང་། གཞན་ཡང་ཞེས་ བྱ་བ་མན་ཆད་ཀྱིས་ཡོངས་སུ་གྲུབ་པ་ལས་བརྩམས་ནས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་ལྔར་ཕྱེ་ནས་བསྟན་པ་ནི་གོང་མ་བཞིན་དུ་རིག་པར་བྱ་སྟེ་འདི་ནི་དང་པོ་དྲིས་པའོ། །འདི་ལྟ་སྟེ། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་ པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་ཀྱང་བྱའོ་ཞེས་བྱ་བ་ནི་གཉིས་པ་ལན་ཡང་དག་པར་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། དང་པོ་ནི་གསུམ་པ་བཤད་པ་ཉིད་ཀྱིས་གཉིས་སྨོས་པ་སྟེ་དེ་ནི་སྔ་མ་བཞིན་ནོ། །གཉིས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་སོགས་པས་ནི་ངོ་བོ་ཉིད་གཉིས་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་གསུམ་པ་རྣམ་པར་གཞག་པ་སྟེ། འདི་ལྟར་གཞན་གྱི་དབང་ལ་ ཡོངས་སུ་གྲུབ་པ་མེད་པས་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བར་མ་ཟད་ཀྱི། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་ཀྱང་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། གཞན་གྱི་དབང་གི་ངོ་བོ་ ཉིད་མཚན་ཉིད་ཐ་དད་པའི་ཕྱིར། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དུ་ཡང་རྣམ་པར་གཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གསུམ་པ་བརྟག་པ་སྟེ། ཅིའི་ ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི། ངས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཡིན་པར་ཡོངས་སུ་བསྟན་ལ། གཞན་གྱི་ དབང་གི་མཚན་ཉིད་ནི་རྣམ་པར་དག་པའི་དམིགས་པ་མ་ཡིན་པས་ཞེས་བྱ་བ་ནི་བཞི་པ་རྣམ་པར་ཕྱེ་སྟེ་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཡུལ་ལ་དོན་དམ་པ་རྣམ་པར་དག་པ་མེད་པར་བསྟན་པ་དང་། གཞན་གྱི་དབང་ལ་རྣམ་ པར་དག་པའི་དོན་དམ་པ་དེ་མེད་པར་བསྟན་པའོ། །འདིས་ནི་དེ་བཞིན་ཉིད་ཡེ་ཤེས་ཡོངས་སུ་དག་པའི་དམིགས་པར་གྱུར་པ་ལ་རྣམ་པར་དག་པའི་དོན་དམ་ཞེས་བསྟན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། འདི་ལྟར་དོན་དམ་པ་ནི་རྣམ་པར་དག་ པའི་དམིགས་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཡུལ་འདི་ལ་དམིགས་པའི་དབང་གིས་སེམས་རྣམ་པར་དག་པ་ཐོབ་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ་ཞེས་བྱ་བ་ལྔ་པ་མཇུག་བསྡུ་བ་སྟེ་བརྡ་ཕྲད་ པར་ཟད་དོ། །གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཡང་དོན་དམ་པར་ངོ་བོ་ཉིད་ཅེས་བྱའོ་ཞེས་བྱ་བ་ལ་སོགས་པས་གཉིས་པ་ཡོངས་སུ་གྲུབ་པ་ལས་བརྩམས་ནས་དོན་དམ་པ་ངོ་བོ་ཉིད་མད་པ་ཉིད་བསྟན་པའོ། །འདི་ཡང་རྣམ་པ་བཞིས་བསྟན་ཏེ། མདོར་བསྟན་པ་དང་། བརྟག་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ནི་དང་པོ་མདོར་བསྟན་པ་སྟེ། འདི་ལྟར་ངོ་བོ་ཉིད་རྣམ་པ་གསུམ་ལས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གཉིས་པ་གཏན་ ཚིགས་བརྟག་པ་སྟེ། ཅིའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་དོན་དམ་པ་ཞེས་ཀྱང་བྱ། ངོ་བོ་ཉིད་མེད་པ་ཞེས་ཀྱང་བྱ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ཀྱི་བདག་མེད་པ་ཉིད་ནི་དོན་དམ་པ་ཞེས་ཀྱང་བྱ། ངོ་བོ་ཉིད་མེད་པ་ཞེས་ཀྱང་བྱ་སྟེ། ཆོས་ཐམས་ཅད་ཀྱི་དོན་དམ་པའི་བདེན་ པ་ཡིན་པའི་ཕྱིར་དང་། ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་ཞེས་བྱ་བ་ནི་གསུམ་པ་ཡང་དག་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང་། རྣམ་པར་བཤད་པའོ། །འདི་ལྟར་ཆོས་བདག་མེད་པ་ཡང་དོན་དམ་པ་གཉིས་ཀྱི་ཕྱིར་ཏེ་དོན་ དམ་པ་ཞེས་བྱ་བ་དང་། ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་སྟེ། ཆོས་རྣམས་ཀྱི་དོན་དམ་པ་ཡིན་པའི་ཕྱིར་དང་། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་འདི་ལྟ་སྟེ། ཡོངས་སུ་གྲུབ་པ་ནི་དོན་དམ་ པ་དང་། ངོ་བོ་ཉིད་མེད་པ་ཡིན་ཏེ། ངོ་བོ་ཉིད་དེས་ན་དོན་དམ་པའི་བདག་ཉིད་ཡིན་ནོ། །གཞན་ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས། རང་བཞིན་དེས་ན་དོན་དམ་པ་ཡང་ཡིན། ངོ་བོ་ཉིད་མེད་པ་ཡང་ཡིན་ཏེ། སྤྲོས་པ་དང་བདག་དང་ཆོས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ངོ་བོ་ཉིད་མེད་པ་རྣམ་པ་གསུམ་བསྟན་པའི་བསྟན་བཅོས་ལས་ནི་འདི་དང་མི་མཐུན་ཏེ་དེའི་ཕྱིར་དེ་ཉིད་ལས། དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ནས་དེ་ཁོ་ན་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བཤད་པ་ནི་དེ་ ཁོ་ན་ཉིད་འདི་ལ་ངོ་བོ་ཉིད་གཞན་མེད་ཀྱི། སྔ་མའི་ངོ་བོ་ཉིད་ཡིན་ཏེ། དེ་ཁོ་ན་ཉིད་མཚན་ཉིད་མེད་པ་དང་། སྐྱེ་བ་མེད་པའི་ཕྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་ཀུན་དུ་རྟོག་པ་དང་གཞན་གྱི་དབང་གཉིས་ཀྱི་ངོ་བོ་ཉིད་ལས་གུད་ན་མེད་དོ། །ངོ་བོ་ཉིད་འདིས་དེ་ཁོ་ན་ཉིད་ མཚན་ཉིད་མེད་པ་དང་སྐྱེ་བ་མེད་པའི་རིགས་པ་དེའི་ཕྱིར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཉིད་དུ་མཚུངས་སོ། །ངོ་བོ་ཉིད་མེད་པ་འདི་གཅིག་ཁོ་ན་ཉིད་དུ་མེད་པ་ཡང་ཡིན་ལ། དེ་ཁོ་ན་ཉིད་དུ་ཡོད་པ་ཡང་ཡིན་དུ་ཟིན་ཀྱང་དེ་ཁོ་ན་ཉིད་ལ་ནི་ཀུན་དུ་རྟོག་པ་དང་། གཞན་གྱི་དབང་འདི་ གཉིས་ཡོད་ཅེས་བྱ་བ་དང་དེ་ཁོ་ན་ཉིད་ལ་ཀུན་དུ་རྟོག་པ་དང་། གཞན་གྱི་དབང་འདི་གཉིས་མེད་ཅེས་བྱ་བ་མེད་པའི་ཕྱིར་ཡོད་ཅེས་བྱར་ཡང་མི་རུང་ལ། མེད་ཅེས་བྱར་ཡང་མི་རུང་ངོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་འབྱུང་སྟེ། གཞན་གྱི་ དབང་ཡང་བསྡུས་པའི་ཕྱིར་འདི་དང་མི་མཐུན་ནོ། །རྒྱུ་དང་རྐྱེན་དེས་ན་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ། །མདོ་འདི་ཉིད་དང་སྦྱར་ན་དོན་དམ་པ་དང་ངོ་བོ་ཉིད་མེད་པ་ཡང་གཉིས་སུ་འགྱུར་ཏེ། གཞན་གྱི་དབང་དང་ ཡོངས་སུ་གྲུབ་པ་ཡིན་ན་ཅིའི་ཕྱིར་བསྟན་བཅོས་ཚིག་ལེའུར་བྱས་པ་སུམ་ཅུ་པ་ལས། ཕྱི་མ་མ་ཡིན་ལ་སྔ་མ་ཡིན་པར་བསྟན་ཞེ་ན། སྨྲས་པ། ཡང་དག་པར་དོན་གཉིས་དང་ལྡན་པའི་ཕྱིར། མདོ་འདི་དང་བསྟན་བཅོས་རྣམ་པར་བཤད་པ་ལས། གཞན་གྱི་དབང་གི་ངོ་བོ་ ཉིད་ལ་དོན་དམ་པ་མེད་པའི་ཕྱིར་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བཤད་ལ། བསྟན་བཅོས་རྣམས་སྔ་མ་མ་བསྟན་པ་ནི། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་ནང་ནས་སློབ་དཔོན་ཆོས་སྐྱོང་གིས་བཤད་པ་ལས། ཇི་སྐད་དུ་གཉིས་པ་ཡང་བསྡུས་པར་ འགྱུར་བས་དེའི་ཕྱིར་འདིར་མ་བཤད་དོ་ཞེས་བསྟན་པ་ལྟ་བུའོ། །མདོ་འདི་ལས་ངོ་བོ་ཉིད་གསུམ་པོ་ཉིད་ལས་ངོ་བོ་ཉིད་མེད་པ་གསུམ་ཉིད་དུ་རྣམ་པར་གཞག་པས་བདག་ཉིད་ངོ་བོ་ཉིད་གསུམ་དུ་གྱུར་པ་ཡིན་ན་ཅིའི་ཕྱིར་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ ལས་དེ་བཞིན་ཉིད་གཅིག་ལས་ངོ་བོ་ཉིད་མེད་པ་གསུམ་རྣམ་པར་གཞག་པ་དེའི་ཕྱིར་དེ་ཉིད་ལས་ངོ་བོ་ཉིད་གསུམ་པོ་འདི་ཉིད་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་གསུམ་པོ་དག་བཤད་པ་ཡིན་ཏེ། ངོ་བོ་ཉིད་མེད་པ་གསུམ་གྱི་དབང་གིས་ན་སྐྱེ་བ་མེད་པའི་དོན་དུ་ གཅིག་པ་ཉིད་དུ་རིག་པར་བྱའོ། །ཀུན་དུ་རྟོག་པ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་དེས་ངོ་བོ་ཉིད་མེད་པ་ཞེས་བཤད་དོ། །གཞན་གྱི་དབང་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་དེས་ངོ་བོ་ཉིད་མེད་པ་ཞེས་བཤད་དོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་ ངོ་བོ་ཉིད་མེད་པ་ཞེས་བཤད་དོ་ཞེས་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ་ཞེ་ན། སྨྲས་པ། འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་སློབ་དཔོན་ཡང་དག་བདེན་པ་ན་རེ། དེ་བཞིན་ཉིད་གཅིག་ལ་ངོ་བོ་ཉིད་ཡོངས་སུ་བསགས་པའི་ཕྱིར་ངོ་བོ་ཉིད་རྣམ་པ་ གསུམ་གསུངས་ཏེ། དེ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་རྣམ་པར་གཞག་པའི་བདེན་པས་བསྡུས་པ་ཡིན་ལ། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ནི་རྣམ་པར་གཞག་པ་མ་ཡིན་པས་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ལས་འབྱུང་བ་བཞིན་ནོ་ཞེའོ། ། གཉིས་པ་ནི་སློབ་དཔོན་ཧྱན་ཙང་ན་རེ། བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ངོ་བོ་ཉིད་རྣམ་པ་གསུམ་ལ་བརྟེན་ནས། ངོ་བོ་ཉིད་མེད་པ་གསུམ་རྣམ་པར་གཞག་ནས་དེ་ཉིད་ལ་ཡང་དག་པ་ཉིད་དུ་འཛིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་དབྱིག་གཉེན་ གྱིས་མཛད་པའི་ཚིག་ལེའུར་བྱས་པ་སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་བསྟན་པའི་ཕྱིར་ཏེ། སློབ་དཔོན་ཆོས་སྐྱོང་གིས་བཤད་པའི་ འགྲེལ་པ་ལས། ཡོད་པ་དང་མེད་པ་གཉི་ག་ངོ་བོ་ཉིད་མེད་པར་གསུངས་པའི་ཕྱིར་དགོངས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ནི། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་ཡིན་པས། བསྟན་བཅོས་ཐེག་པ་ ཆེན་པོ་བསྡུས་པ་དང་འདྲ་བར་དོན་གཅིག་སྟོན་པ་ཡིན་ལ། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མདོ་འདི་ཉིད་རྒྱ་ཆེར་ཁོངས་སུ་སྟོན་ཅིང་ངོ་བོ་ཉིད་གསུམ་གྱིས་ཡོད་པ་དང་མེད་པ་ཉིད་དུ་ཡང་སྟོན་པས་དེའི་ཕྱིར་ངོ་བོ་ཉིད་མེད་པ་གསུམ་བསྟན་ པའི་བསྟན་བཅོས་དེ་ནི་ལོ་ཙཱ་བ་དག་གིས་ནོར་བར་བསྒྱུར་བར་ཤེས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རིག་པ་ཙམ་དུ་གྲུབ་པའི་ཚིག་ལེའུར་བྱས་པ་སུམ་ཅུ་པ་དང་། ངོ་བོ་ཉིད་མེད་པ་གསུམ་བསྟན་པ་གཉི་ག་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ ཡིན་ན། ཅིའི་ཕྱིར་བསྟན་བཅོས་འདི་གཉིས་ལ་བྱེ་བྲག་དེ་ལྟ་བུ་དག་ཡོད་པར་གྱུར། གཞན་ཡང་སློབ་དཔོན་དབྱིག་གཉེན་ནི་འཕགས་པ་བྱམས་པ་དང་། སློབ་དཔོན་ཐོགས་མེད་ཀྱི་གཞུང་ལ་བརྟེན་པས་དེའི་ཕྱིར་ངོ་བོ་ཉིད་མེད་པ་གཅིག་ཏུ་མཚུངས་ སོ་ཞེས་བཤད་པ་ནི། ཡང་དག་བདེན་པས་ནོར་བར་བསྒྱུར་བར་མངོན་ནོ་ཞེའོ། །འདིར་ཡང་དག་བདེན་པས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་བསྒྱུར་བ་དང་གཏུགས་ན། བསྟན་བཅོས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པར་འབྱུང་བས་བསྟན་བཅོས་རྣམ་པར་བཤད་ པའི་ནང་ནས་ངོ་བོ་ཉིད་མེད་པར་བསྟན་པའི་ལེའུ་གཅིག་སློབ་དཔོན་ཡང་དག་བདེན་པས་ལོགས་ཤིག་ཏུ་ཕྱུང་སྟེ་བསྒྱུར་ནས་དཔེར་སྤེལ་བ་ཡང་འདྲའོ། །རིགས་ཀྱི་བུ་དཔེར་ན་ནམ་མཁའི་མེ་ཏོག་ལྟ་བུར་ནི། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱང་དེ་བཞིན་དུ་རིག་པར་ བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དཔེ་སྨོས་ནས་བཟླས་ཏེ་བཤད་པ་སྟོན་ཏོ། །འདི་ཡང་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་མཚན་ཉིད་ངོ་བོ་ཉིད་མེད་པའི་དཔེ་བསྟན་པའོ། །དཔེར་ན་ནམ་མཁའི་མེ་ ཏོག་རབ་རིབ་ཀྱི་དབང་གིས་ནམ་མཁའ་ལ་མེ་ཏོག་གི་མཚན་མ་ལྟ་བུར་སྣང་ཡང་། །ཡང་དག་པར་ནམ་མཁའ་ལ་མེ་ཏོག་གཟོད་མ་ནས་མེད་པ་ལྟར་ཀུན་དུ་བརྟགས་པ་ཡང་དེ་བཞིན་ཏེ། བརྟག་པ་ཉིད་དང་པོ་ནས་ངོ་བོ་ཉིད་མེད་པའི་ཕྱིར། མཚན་ཉིད་ངོ་བོ་ཉིད་མེད་ པ་ཉིད་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་གསུངས་སོ། །དཔེར་ན་སྒྱུ་མ་བྱས་པ་ཇི་ལྟ་བུ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་ཀྱང་དེ་བཞིན་དུ་རིག་པར་བྱ། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱོགས་གཅིག་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་སྐྱེ་བ་ངོ་བོ་ཉིད་མེད་ པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱོགས་གཅིག་གི་དཔེ་བསྟན་པ་སྟེ། ཆོས་མངོན་པའི་མདོ་ལས་ཇི་སྐད་དུ། སྒྱུ་མ་ལ་སོགས་པའི་དཔེ་བརྒྱད་ཀྱིས་ནི་གཞན་གྱི་དབང་རབ་ཏུ་བསྟན་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འདིར་གཉིས་ པ་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱོགས་གཅིག་གི་གཞན་གྱི་དབང་གི་བདག་ཉིད་ཡིན་པས་དེའི་ཕྱིར་སྒྱུ་མའི་གཟུགས་བཞིན་དུ་རིག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ལས་ནི། སྒྱུ་ མ་ལ་སོགས་པ་སྟོང་པ་ཉིད་ཀྱི་དོན་གྱི་དཔེར་བསྟན་ན། ཅིའི་ཕྱིར་མདོ་འདི་ལས་གཞན་གྱི་དབང་གི་དཔེར་བསྟན་ཞེ་ན། སྨྲས་པ། སྒྱུ་མ་ལ་སོགས་པ་ལ་ཡང་དོན་རྣམ་པ་གཉིས་ཡོད་དེ། དང་པོ་ནི་ཡོད་པ་མ་ཡིན་ཡང་ཡོད་པ་འདྲ་བར་སྣང་བ་དང་། གཉིས་པ་ནི་ཡང་ དག་པའི་གཟུགས་ལ་སོགས་པ་མེད་པ་སྟེ། དེའི་ཕྱིར་མདོ་ཉིད་ལས་སོ་སོ་ནས་དོན་རེ་རེ་སྨོས་པའི་ཕྱིར་འགལ་བ་མེད་དོ། །དཔེར་ན་ནམ་མཁའ་ནི་གཟུགས་སྣ་ཚོགས་ཀྱི་ངོ་བོ་ཉིད་མེད་པ་ཙམ་རབ་ཏུ་ཕྱེ་བ་དང་། ཐམས་ཅད་དུ་སོང་བ་ལྟ་བུར་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ ཉིད་ཀྱི་ཕྱོགས་གཅིག་ཀྱང་དེ་བཞིན་དུ་རིག་པར་བྱ་སྟེ། ཆོས་བདག་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་དང་། ཐམས་ཅད་དུ་སོང་བའི་ཕྱིར་རོ་ཞེས་བྱ་བ་ནི་གསུམ་པ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱོགས་གཅིག་གི་དཔེ་བསྟན་པའོ། །དཔེར་ན་ནམ་མཁའ་ཞེས་བྱ་ བ་ལ་དོན་རྣམ་པ་གཉིས་ཡོད་དེ། གཟུགས་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་ཀུན་དུ་ཁྱབ་པའོ། །དེ་བཞིན་ཉིད་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱང་དེ་བཞིན་དུ་རིག་པར་བྱ་སྟེ། དང་པོ་ནི་ཆོས་བདག་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་དང་། གཉིས་པ་ནི་ ཐམས་ཅད་དུ་ཁྱབ་པའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་མདོ་ལས། ནམ་མཁའི་དཔེ་རྣམ་པ་བཅུས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དཔེར་བསྟན་པ་ཡིན་ཏེ། འདིར་ཡང་དེ་བཞིན་ནོ། །ཆོས་མངོན་པའི་མདོ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་གཟུགས་ མེད་པ་ཙམ་དང་། གནས་མེད་པ་ཙམ་ལ་ནམ་མཁའ་ཞེས་བསྟན་ལ་སངས་རྒྱས་ཀྱི་སའི་འགྲེལ་པ་དང་། བསྟན་བཅོས་རྣམ་པར་རིག་པར་ཙམ་དུ་གྲུབ་པ་ལས་ནི་ཕུང་པོ་གནས་མེད་པ་ལ་ནམ་མཁའ་ཞེས་བསྟན་པ་སྟེ་ཇི་ལྟར་ཤེས་པར་བྱ་ཞེ་ན། སྨྲས་པ། རྣལ་འབྱོར་སྤྱོད་པའི་ས་དང་། ཆོས་མངོན་པ་ ལ་སོགས་པ་ནི་བཀྲི་བའི་དོན་གྱི་སྒོ་ནས་བསྟན་པས་ཆོས་ཐམས་ཅད་ཡོད་པར་སྨྲ་བ་དག་དང་མཐུན་ལ། རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལ་སོགས་པ་ནི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་བསྟན་པས་སོ་སོ་ནས་དོན་རེ་རེ་སྨོས་པའི་ཕྱིར་འགལ་བ་མེད་དོ། །རིགས་ཀྱི་ བུ་ངས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དེ་དེ་དག་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་ནི་གསུམ་པ་བཤད་ཟིན་ནས་སྤྱིའི་མཇུག་བསྡུ་བའོ།། །།བམ་པོ་ཉི་ཤུ་ལྔ་པ། དོན་དམ་ཡང་དག་འཕགས་འདི་ལྟར་ཤེས་པར་བྱ་སྟེ། ངས་ མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་རྣམས་ཐམས་ཅད་ནི་སྐྱེ་བ་མེད་པ། འགག་པ་མེད་པ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བསྟན་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ངོ་བོ་ཉིད་མེད་པ་དང་པོ་དང་ཐ་མ་ལས་བརྩམས་ནས་ཆོས་ ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པའི་ཚིག་གི་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ངོ་བོ་ཉིད་མེད་པ་ལས་བརྩམས་ནས་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་བཤད་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་དོན་དམ་པ་ངོ་བོ་ཉིད་ མེད་པ་ལས་བརྩམས་ནས་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་རྣམ་པར་བཤད་པའོ། །དང་པོ་ཡང་རྣམ་པ་བཞིར་དབྱེ་སྟེ། མདོར་བཀོད་པ་དང་། བརྟག་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ནི་དང་པོ་རིགས་པས་གཞུང་ཉིད་མདོར་བཀོད་པ་སྟེ། འདི་ ལྟར་མདོ་སྡེ་རྣམས་ལས་སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་མཚན་ཉིད་ངོ་བོ་ཉིད་མེད་པའི་དབང་དུ་མཛད་ནས་སྐྱེ་བ་མེད་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གཉིས་པ་ཕྱི་རོལ་པ་དག་གིས་ཕྱིར་བརྟག་པའོ། །ཆོས་གང་རང་གི་ མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་ཡིན་ལ། སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་འགག་པ་མེད་པ་ཡིན་ནོ། །སྐྱེ་བ་མེད་པ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་གཟོད་མ་ནས་ཞི་བ་ཡིན། གཟོད་མ་ནས་ཞི་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ལ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཞེས་བྱ་བ་ནི་གསུམ་པ་རྣམ་པར་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་བཞིར་དབྱེ་སྟེ། སྐྱེ་བ་མེད་པ་རྣམ་པར་བཤད་པ་དང་། འགག་པ་མེད་པ་རྣམ་པར་བཤད་པ་དང་། གཟོད་མ་ནས་ཞི་བ་རྣམ་པར་བཤད་པ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་རྣམ་པར་བཤད་པ་སྟེ། མདོ་སྡེ་འདི་ཉིད་ལས་བརྡ་ཕྲད་པའི་ཕྱིར་བཤད་པ་མ་བྱས་སོ། །དེ་ལྟ་བས་ན་ངས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་རྣམས་ཐམས་ཅད་ནི་སྐྱེ་བ་མེད་པ། འགག་པ་མེད་པ། གཟོད་མ་ནས་ཞི་བ། རང་ བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་སྟེ་བརྡ་ཕྲད་པར་ཟད་དོ། །རིགས་ཀྱི་བུ་ཆོས་ཐམས་ཅད་བདག་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཀྱང་ཆོས་རྣམས་ཐམས་ཅད་སྐྱེ་བ་མེད་པ། འགག་པ་མེད་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་བརྩམས་ནས་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་བཞིས་བསྟན་ཏེ། མདོར་བཀོད་པ་དང་། བརྟག་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཡོངས་སུ་གྲུབ་པ་དོན་དམ་པའི་བདེན་པ་ལ་དོན་རྣམ་པ་བཞི་ཡོད་དེ། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེའི་ ཕྱིར་མདོ་སྡེ་རྣམས་ལས་ཡོངས་སུ་གྲུབ་པ་དོན་དམ་པ་ངོ་བོ་ཉིད་མེད་པ་ལས་བརྩམས་ནས་སྐྱེ་བ་མེད་པ་ལ་སོགས་པ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གཉིས་པ་ཕྱི་རོལ་པས་བརྟག་པ་སྟེ། ཕྱི་རོལ་པ་དག་འདི་སྐད་དུ། དོན་དམ་པ་བཞིས་བསྟན་ཀྱང་ད་དུང་། དེའི་རྒྱུ་གང་ལགས་མ་འཚལ་ན། ཅིའི་སླད་དུ་སྐྱེ་བ་མ་མཆིས་པ་ལ་སོགས་པ་ཞེས་བགྱི་ལགས་ཞེས་བརྟག་པའོ། །ཆོས་བདག་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ནི་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་རྣམས་ཀྱི་ཆོས་ཉིད་དུ་རྣམ་པར་ གནས་ཤིང་འདུས་མ་བྱས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པ་ཡང་དག་པར་བཤད་པ་སྟེ། འདི་ཡང་རྣམ་པ་གཉིས་སུ་ཕྱེ་ནས་བསྟན་ཏོ། །རྒྱུ་རྣམ་པ་གསུམ་མདོར་བསྟན་ནས་ བརྟག་པའི་ལན་གསུངས་པ་དང་རྒྱུ་རྣམ་པ་གསུམ་བཟླས་ནས་སྐྱེ་བ་མེད་པ་ལ་སོགས་པ་རྣམ་པར་བཤད་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་ཕྱེ་ནས་བསྟན་ཏོ། །དང་པོ་ནི་དོན་དམ་པ་ངོ་བོ་ཉིད་མེད་པའི་བདག་ཉིད་བསྟན་པ་སྟེ། འདི་ཡང་རྣམ་པ་གཉིས་ པོ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའོ། །འདི་ནི་ཕྱི་མ་གཟུང་གི། དང་པོ་ནི་མ་ཡིན་ནོ། །གཉིས་པ་རྟག་པ་རྟག་པའི་དུས་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་རྣམ་པ་གསུམ་ཡང་དག་པར་བསྟན་ཏེ། དང་པོ་ནི་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་རྣམས་ཀྱི་ ཆོས་ཉིད་དུ་རྣམ་པར་གནས་པའི་ཕྱིར་འདུས་མ་བྱས་པའོ། །གཉིས་པ་ནི་འདུས་མ་བྱས་པའི་ཕྱིར། སྐྱེ་བ་མེད་པ་དང་། འགག་པ་མེད་པ་སྟེ། འདི་ནི་རྣམ་པར་གནས་པའི་ཕྱིར་དང་། འདུས་མ་བྱས་པའི་ཕྱིར་རྒྱུ་རྣམ་པ་གཉིས་ལས་སྐྱེ་བ་དང་། འགག་པ་མེད་པའི་དོན་གཉིས་མངོན་པར་ གྲུབ་པར་བསྟན་པའོ། །ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་མི་ལྡན་པའི་ཕྱིར་ཞེས་བྱ་བས་ནི་རྒྱུ་གསུམ་པ་ལས་བརྩམས་ནས་མདོ་སྡེ་རྣམས་ལས་གསུངས་པའི་གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་དོན་གཉིས་རྣམ་པར་གཞག་པ་ཡིན་ པར་བསྟན་ཏོ། །རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་རྣམས་ཀྱི་ཆོས་ཉིད་དུ་རྣམ་པར་གནས་པའི་ཕྱིར་འདུས་མ་བྱས་པའོ། །འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་པ་འགག་པ་མེད་པའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྒྱུ་རྣམ་པ་གསུམ་བཟླས་ནས་སྐྱེ་བ་མེད་ པ་ལ་སོགས་པ་རྣམ་པར་བཤད་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཀྱི་བ་བསྟན་ཏེ་རྒྱུ་རྣམ་པ་གཉིས་ཀྱིས་སྐྱེ་བ་མེད་པ་ལ་སོགས་པ་བཤད་པ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་མི་ལྡན་པའི་རྒྱུས་གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་ འདས་པ་བཤད་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཆོས་བདག་མེད་པ་དོན་དམ་པའི་བདེན་པའི་ཚུལ་ནི་རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་རྣམས་ཀྱི་ཆོས་ཉིད་དུ་རྣམ་པར་གནས་པའི་ཕྱིར་ནི་འདུས་མ་བྱས་ཉིད་དུ་མངོན་པར་གྲུབ་ལ། འདུས་མ་བྱས་པའི་ཕྱིར་ནི་སྐྱེ་བ་མེད་པ་དང་འགག་པ་མེད་ པའི་དོན་གཉིས་མངོན་པར་འགྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་མི་ལྡན་པའི་ཕྱིར། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་པ་ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་མི་ལྡན་ པའི་རྒྱུ་ལས་གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་དོན་གཉིས་མངོན་པར་འགྲུབ་པ་ཡིན་པར་བསྟན་པའོ། །མདོ་དག་ལས་ནི་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ན། འདིར་ཅིའི་ཕྱིར་ངོ་བོ་ཉིད་མེད་པ་དང་པོ་དང་ཐ་མ་ཁོ་ན་ལས་བརྩམས་ཤེ་ན། སྨྲས་པ། ངོ་བོ་ ཉིད་མེད་པ་དེ་ཡང་། བརྗོད་ན་རྣམ་པ་གཉིས་ཡོད་དེ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ལས་ཐུན་མོང་དུ་བསྟན་པའི་ངོ་བོ་ཉིད་མེད་པ་དང་། བྱང་ཆུབ་སེམས་དཔའ་ཁོ་ནའི་སྡེ་སྣོད་ལས་བསྟན་པའི་ངོ་བོ་ཉིད་མེད་པའོ། །དེ་ལ་ཐུན་མོང་དུ་བསྟན་པ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཇི་སྐད་དུ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པའི་དགོངས་པ་འདིར་བསྟན་པར་བྱ་སྟེ། རང་འཁྲུངས་ཉིད་དུ་མེད་པ་ནི་ཆོས་རྣམས་གང་ཡང་རྐྱེན་མང་པོ་ལས་གུད་ན་རང་གི་ངོ་བོར་ཡོད་པ་མ་ཡིན་པ་གང་ཡིན་པ་སྟེ། འདི་ནི་ངོ་བོ་ཉིད་མེད་པར་བསྟན་ པའི་དགོངས་པ་གཅིག་ཅེས་བྱའོ། །རང་གི་བདག་ཉིད་ཀྱིས་མེད་པ་ནི་ཆོས་གང་འགགས་ནས་ཡང་མི་སྐྱེ་བའི་ཕྱིར་ངོ་བོ་ཉིད་མེད་པ་གང་ཡིན་པ་སྟེ། འདི་ཡང་ངོ་བོ་ཉིད་མེད་པར་བསྟན་པའི་དགོངས་པ་གཅིག་གོ། །རང་གི་ངོ་བོ་ཉིད་ཀྱིས་བརྟན་པོར་མི་གནས་པ་ནི་ཆོས་གང་བྱུང་མ་ཐག་ཏུ་ སྐད་ཅིག་གཅིག་ཕན་ཆད་གནས་པའི་མཐུ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་གང་ཡིན་པ་སྟེ། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་རིགས་པ་དེ་དག་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །དེ་ལ་ཐུན་མོང་མ་ཡིན་པ་ཡང་འགྲེལ་པ་དེ་ཉིད་ལས་ཇི་ལྟར་མངོན་པར་ཞེན་པ་ལྟར་ཡོད་པ་མ་ ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བསྟན་པའི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པའོ་ཞེས་འབྱུང་སྟེ། ཇི་ལྟར་སོ་སོའི་སྐྱེ་བོ་དག་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་དེ་ནི་དེ་ལྟར་ཡོད་པ་མ་ཡིན་པས་དགོངས་པ་དེའི་ཕྱིར། ཐེག་པ་ཆེན་ པོའི་རིགས་པ་དང་སྦྱར་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་པའོ་ཞེས་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། ངོ་བོ་ཉིད་མེད་པར་བསྟན་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །དེ་ལྟར་རྣམ་པ་གཉིས་སུ་བསྟན་པ་ཡང་ཡོད་མོད་ ཀྱི། མདོ་འདི་ཉིད་ནི་ཐུན་མོང་མ་ཡིན་པའི་སྒོའི་དབང་དུ་མཛད་ནས་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐུན་མོང་མ་ཡིན་པའི་སྒོ་ནས་ངོ་བོ་ཉིད་མེད་པ་ལ་སོགས་པ་བསྟན་པ་དེ་ཡང་བསྟན་པ་རྣམས་ལས་ངོ་བོ་ཉིད་མེད་པར་སྟོན་པ་སོ་སོ་ནས་མི་མཐུན་པས་འཕགས་པའི་གསུང་ རབ་ཁ་ཅིག་ནི་ངོ་བོ་ཉིད་མེད་པ་དང་པོ་ལས་བརྩམས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པར་སྟོན་པ་ཡང་ཡོད་དེ། བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཉིད་ཀྱིས་ངས་ཀུན་བརྟགས་པའི་ངོ་བོ་ཉིད་ ལས་དགོངས་ནས་མདོ་གཞན་དག་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་སྟོན་ཏོ་ཞེས་གསུངས་སོ་ཞེས་འབྱུང་བ་ལྟ་བུའོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་ སྤྱོད་པའི་ས་དང་། མདོ་སྡེའི་རྒྱན་དང་། སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ནི་སྤྱིར་ངོ་བོ་ ཉིད་མེད་པ་རྣམ་པ་གསུམ་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པར་སྟོན་པས་འདི་དང་མི་མཐུན་ནོ། །གསུང་རབ་ཁ་ཅིག་ལས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་སྟོན་ལ། ངོ་བོ་ཉིད་མེད་པ་དང་པོ་ལས་བརྩམས་ནས་ ནི་སྐྱེ་བ་མེད་པ་ལ་སོགས་པ་ཉིད་དུ་སྟོན་པ་ཡང་ཡོད་དེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་ཤེ་ན་སྨྲས་པ། གདུལ་བའི་དབང་གིས་དེ་དང་དེར་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་ དགོངས་ནས་གསུངས་སོ། །གཞན་ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་སྨྲས་པ། མཚན་ཉིད་ངོ་བོ་ཉིད་མེད་པ་ ལས་དགོངས་ནས་གསུངས་སོ་ཞེས་བསྟན་པ་ལྟ་བུའོ། །གསུང་རབ་ཁ་ཅིག་ལས་ནི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་བརྟེན་ནས་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་ལ་དང་པོ་དང་ཐ་མ་གཉིས་ལ་བརྟེན་ནས་ནི་སྐྱེ་བ་མེད་པ་ལ་སོགས་པར་སྟོན་པ་ཡང་ཡོད་དེ། མདོ་འདི་ཉིད་དང་དགོངས་ པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་བསྟན་པ་ལྟ་བུའོ། །གསུང་རབ་ཁ་ཅིག་ལས་ནི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་ལ་སོགས་པར་སྟོན་པ་ཡང་ཡོད་དེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་ སྐད་དུ་དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་ངོ་བོ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཀུན་བརྟགས་པའི་ངོ་བོ་ཉིད་ནི་ངེས་པར་རང་གི་མཚན་ཉིད་དེ་རང་གི་མཚན་ཉིད་མེད་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་ མེད་པ་ཞེས་བྱ་ལ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྐྱེན་མང་པོ་ལ་ལྟོས་པའི་ཕྱིར་བདག་ཉིད་སྐྱེ་བ་མ་ཡིན་ལ། བདག་ཉིད་སྐྱེ་བའི་ངོ་བོ་ཉིད་མེད་པའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། སྐྱེ་བ་ངོ་བོ་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ ཞེས་བྱའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་རྣམ་པར་དག་པའི་དམིགས་པ་ཡིན་པའི་ཕྱིར་དང་། གཞན་གྱི་དབང་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པས་རབ་ཏུ་ཕྱེ་བའི་བདག་ཉིད་ཡིན་པའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་དོ། །གཞན་ཡང་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་ བྱ་ལ། དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། རིགས་པ་དེས་ན་དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་ཀྱི། རིགས་ཅན་ཐམས་ཅད་ཀྱི་མཚན་གྱི་རྣམ་པ་གཏན་མེད་པ་ལ་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ནི་མ་ ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །གཞན་ཡང་དེ་ཉིད་ལས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་ཅི་ལས་དགོངས་ཏེ་གསུངས། ངོ་བོ་ཉིད་མེད་པ་ཇི་ལྟ་བ་དེ་བཞིན་དུ་སྐྱེ་བ་མེད་པ་ཡང་དེ་བཞིན་ནོ། ། སྐྱེ་བ་མེད་པ་ཇི་ལྟ་བ་དེ་བཞིན་དུ་འགག་པ་མེད་པ་ཡང་དེ་བཞིན་ནོ། །སྐྱེ་བ་མེད་པ་དང་འགག་པ་མེད་པ་ཇི་ལྟ་བ་དེ་བཞིན་དུ་གཟོད་མ་ནས་ཞི་བ་ཡང་དེ་བཞིན་ནོ། །གཟོད་ནས་ཞི་བ་ཇི་ལྟ་བ་དེ་བཞིན་དུ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དེ་བཞིན་ནོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ ལས་དགོངས་པ་ནི་འདི་ལྟ་སྟེ། ངོ་བོ་ཉིད་རྣམ་པ་གསུམ་ལས་ཆོས་ཐམས་ཅད་ཀྱི་བྱེད་པ་ཉིད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པར་བསྟན་པ་གང་ཡིན་པའོ་ཞེས་འབྱུང་སྟེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ཀྱང་ དེ་སྐད་དུ་སྟོན་ཏོ། །བསྟན་པ་རྣམ་པ་དེ་ལྟར་ཐ་དད་པར་གྱུར་པ་ཡང་བྱེད་པ་ཉིད་ཅེས་བྱ་བ་འདི་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེའི་ཕྱིར་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལ་སོགས་པ་ལས། ཀུན་བརྟགས་པའི་ངོ་བོ་ཉིད་ལ་བརྟེན་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་སྐྱེ་བ་མེད་པ་དང་། འགག་ པ་མེད་པ་ཞེས་བྱ་བ་ལ་སོགས་པར་བསྟན་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དམ་པ་མ་ཡིན་པར་རབ་ཏུ་བསྟན་པ་ཡིན་ཏེ། དེའི་ཕྱིར་མདོ་འདི་ཡང་སྤྱིར་ངོ་བོ་ཉིད་མེད་པ་གསུམ་ལས་དགོངས་ནས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བསྟན་ལ། ངོ་བོ་ཉིད་མེད་པ་དང་པོ་དང་ཐ་མ་ལ་དགོངས་ ནས་སྐྱེ་བ་མེད་པ་ལ་སོགས་པར་བསྟན་པ་ཡིན་ནོ། །གཞན་གྱི་དབང་གི་བདག་ཉིད་ནི་གཞན་ལ་བརྟེན་ནས་སྐྱེ་བ་ཡང་བདག་ཉིད་ཀྱིས་སྐྱེ་བ་དང་། རྒྱུ་མེད་པ་ལས་སྐྱེ་བའི་དོན་མེད་པས་དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པ་ལས་ངོ་བོ་ཉིད་རྣམ་པ་གསུམ་ལས་ བརྩམས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པ་ཞེས་བསྟན་པ་ཡིན་ཏེ། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དོན་ཞིབ་ཏུ་ནི་མཚན་ཉིད་བརྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་ངས་ཆོས་བདག་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་རྣམས་ཐམས་ཅད་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ་ཞེས་བྱ་བ་བཞི་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ། །གོང་དུ་བསྟན་པའི་དགོངས་ པ་དེ་དག་ལྡེམ་པོར་དགོངས་པ་རྣམ་པ་བཞི་པོ་གང་ལས་དགོངས་ཤེ་ན་སྨྲས་པ། བསྟན་བཅོས་ཆོས་མངོན་པར་སྣ་ཚོགས་ཀུན་ལས་བཏུས་པ་དང་སྦྱར་ན་ལྡེམ་པོར་དགོངས་པ་རྣམ་པ་བཞི་ཡོད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གཞུག་པ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས་ པ་དང་། གཉན་་པོ་ལ་ལྡེམ་པོར་དགོངས་པ་སྟེ། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་དང་། རྣམ་པ་བཞི་པོ་འདི་དག་གིས་ཐེག་པ་ཆེན་པོ་ལས་དེ་བཞིན་གཤེགས་པས་ལྡེམ་པོར་གསུངས་པའི་རིགས་པ་ཐམས་ཅད་མདོར་བསྡུས་པ་ཡིན་ནོ། །དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་འདི་ལྟ་སྟེ། ཉན་ ཐོས་ཀྱི་ཐེག་པ་ལས་གཟུགས་ལ་སོགས་པའི་ཆོས་རྣམས་རང་གི་ངོ་བོ་ཉིད་ཡོད་པ་སྐད་དུ་བཤད་པ་སྟེ། སྐྲག་པ་མེད་པར་འཕགས་པའི་གསུང་རབ་ལ་གཞུག་པའི་ཕྱིར་རོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་འདི་ལྟ་སྟེ། ངོ་བོ་ཉིད་རྣམ་པ་གསུམ་ལས་དགོངས་ནས་ཆོས་ ཐམས་ཅད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པར་བསྟན་པ་གང་ཡིན་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་འདི་ལྟ་སྟེ། ཉེས་པའི་སྐྱོན་རྣམས་འདུལ་བའི་ཆེད་དུ་དེ་བཞིན་གཤེགས་པས་ལྡེམ་པོར་དགོངས་པ་རྣམ་པ་སྣ་ཚོགས་ཀྱིས་སྒྲིབ་པ་རྣམ་ པ་བརྒྱད་ཀྱི་གཉེན་པོའི་ཕྱིར་ཐེག་པ་མཆོག་ཡང་དག་པར་གསུངས་པ་ལྟ་བུའོ། །བརྒྱད་པོ་དག་ཀྱང་གང་ཞེ་ན། སངས་རྒྱས་ལ་བརྙས་པ་དང་། ཆོས་ལ་བརྙས་པ་དང་། ལེ་ལོ་དང་དགེ་བ་ཆུང་ངུ་ཙམ་གྱིས་ཆོག་པར་འཛིན་པ་དང་། འདོད་ཆགས་ལ་སྤྱོད་པ་དང་། ང་རྒྱལ་ལ་སྤྱོད་པ་དང་། འགྱོད་ པ་དང་། མ་ངེས་པའི་རིགས་ཅན་ཏེ། སངས་རྒྱས་ལ་བརྙས་པའི་གཉེན་པོར་སྔོན་གྱི་སངས་རྒྱས་རྣམ་པར་གཟིགས་ཀྱང་ང་ཉིད་ཡིན་ནོ་ཞེས་གསུངས་པ་དང་། ཆོས་ལ་བརྙས་པའི་གཉེན་པོར་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བསྙེན་བཀུར་བྱས་ན་ཐེག་པ་ཆེན་ པོའི་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་དང་། ལེ་ལོའི་སྒྲིབ་པའི་གཉེན་པོར་སེམས་ཅན་གང་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་དག་ནི་དེར་སྐྱེ་བར་འགྱུར་བ་དང་། སངས་རྒྱས་དྲི་མ་མེད་པ་ཟླ་བའི་འོད་ཀྱི་མཚན་དྲན་ཅིང་བརྗོད་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་གསུངས་པ་དང་། དགེ་བ་ཆུང་ངུ་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་སྦྱིན་པ་ལ་སོགས་པའི་སྤྱོད་པ་ལ་རེས་འགའ་ནི་བསྔགས་ལ་རེས་འགའ་ནི་དམན་པར་མཛད་པ་དང་། འདོད་ཆགས་ལ་སྤྱོད་པའི་བར་དུ་གཅོད་པའི་གཉེན་པོར་སངས་ རྒྱས་ཀྱི་ཞིང་གི་བདེ་བ་དང་བཀོད་པའི་བསྔགས་པ་བརྗོད་པ་དང་། ང་རྒྱལ་ལ་སྤྱོད་པའི་བར་དུ་གཅོད་པའི་གཉེན་པོར་སངས་རྒྱས་རྣམས་ཀྱི་ཕུན་སུམ་ཚོགས་པ་ལ་ལྷག་པར་བསྔགས་པ་བརྗོད་པ་དང་། འགྱོད་པ་ལ་སྤྱོད་པའི་བར་དུ་གཅོད་པའི་གཉེན་པོར་གང་གིས་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱས་པའི་སེམས་ཅན་དེ་དག་བརྙས་པ་བྱས་མོད་ཀྱི། འོན་ཀྱང་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་དང་། མ་ངེས་པའི་རིགས་ཅན་གྱི་གཉེན་པོར་ཉན་ཐོས་ཀྱི་མོས་པ་དམན་པ་སྤང་བའི་ཆེད་དུ་ཉན་ཐོས་ཆེན་པོ་རྣམས་ཀྱང་སངས་རྒྱས་སུ་ འགྱུར་རོ་ཞེས་ལུང་བསྟན་པ་དང་། གཞན་ཡང་ཐེག་པ་ནི་གཅིག་ཁོ་ནར་ཟད་དེ་དེའི་གོང་ནི་ཁྱད་པར་དུ་འཕགས་པ་གཞན་མེད་དོ་ཞེས་གསུངས་པ་ལྟ་བུའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་འདི་ལྟར་མདོ་དག་ལས་ལེའུ་ལྟ་བུའི་ཚུལ་དུ་གསུངས་པ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་ སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་ཀུན་ལས་རབ་ཉོན་མོངས། །བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། འདིའི་དགོངས་པ་ནི་རྣམ་པར་གཡེང་བ་ལ་གང་དག་སྙིང་པོ་དང་། མཆོག་གི་བློ་འབྱུང་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྙིང་པོ་ཞེས་བྱ་བ་ ལ་དོན་རྣམ་པ་གཉིས་ཡོད་དེ། ཕྲ་བ་དང་རྣམ་པར་གཡེང་ཞིང་གཡོ་བའོ། །འདི་ལྟར་རྣམ་པར་གཡེང་ཞིང་གཡོ་བའི་དབང་གིས་སེམས་སྲ་ཞིང་བག་མེད་པར་འགྱུར་བའི་ཕྱིར་ཡང་སྙིང་པོ་ཞེས་བྱའོ། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་ཞེས་བྱ་བ་ནི་འདི་ལྟ་སྟེ། རྟག་པ་དང་། བདེ་བ་ དང་། གཙང་བ་དང་། བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་བཟློག་ནས་མི་རྟག་པ་ལ་སོགས་པ་ཉིད་དུ་འགྱུར་བའི་ཕྱིར་ཕྱིན་ཅི་ལོག་ཅེས་བྱ་ལ། དེ་ལས་ཉམས་པར་མ་གྱུར་པའི་ཕྱིར་ནི་ཤིན་ཏུ་གནས་པ་ཞེས་བྱའོ། །ཉོན་མོངས་ཀུན་ནས་རབ་ཉོན་མོངས། །ཞེས་བྱ་བ་ནི་འདི་ལྟ་སྟེ། ཡུན་རིང་པོར་ དཀའ་བ་བྱས་པའི་རྩོལ་བས་ཤིན་ཏུ་ངལ་ཞིང་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་གོང་དུ་བསྟན་པ་ལྟ་བུའི་དངོས་པོ་གསུམ་དང་ལྡན་པ་གང་ཡིན་པ་དེ་ནི་ངེས་པར་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་བའོ་ཞེས་འབྱུང་ངོ་། །མདོ་འདི་ ལས་གསུངས་པའི་ལྡེམ་པོར་དགོངས་པ་བསྟན་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་ལ་སོགས་པའི་ཆོས་ཀྱི་སྒོ་རྣམ་པ་བཅུ་གསུམ་པོ་དག་ལ་རང་གི་མཚན་ཉིད་ཡོད་པར་གསུངས་པ་ལྟ་བུ་སྟེ། འདི་ནི་རྣམ་པ་བཞི་ལས་གཞུག་པ་ལ་ལྡེམ་པོར་དགོངས་པའོ། །བཅོམ་ལྡན་ འདས་ཀྱིས་གཞན་ཡང་ཆོས་རྣམས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པར་གསུངས་པ་གང་ཡིན་པ་དེ་ནི་རྣམ་པ་བཞི་ལས་མཚན་ཉིད་ལ་ལྡེམ་པོར་དགོངས་པའོ། །སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་མཛད་པའི་ཐེག་པ་ ཆེན་པོ་བསྡུས་པའི་འགྲེལ་པ་ལས་ནི། ངོ་བོ་ཉིད་རྣམ་པ་གསུམ་ལ་བརྟེན་ནས་མཚན་ཉིད་ལ་ལྡེམ་པོར་དགོངས་པ་སྟོན་ཏོ། །བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། མདོ་སྡེའི་རྒྱན་ལས་ནི། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་བརྟེན་ནས་སྐྱེ་བ་མེད་པ་ལ་སོགས་པ་བསྟན་ པ་གང་ཡིན་པ་དེ་ལ་མཚན་ཉིད་ལ་ལྡེམ་པོར་དགོངས་པ་ཞེས་སྟོན་པས། བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། མདོ་སྡེའི་རྒྱན་དེ་ཉིད་མདོའི་ཚིག་དང་མཐུན་ནོ། །གཞན་ཡང་དོན་དམ་ཡང་དག་འཕགས་སེམས་ཅན་གྱི་ཁམས་ན་སེམས་ཅན་རྣམས་ཀྱི་ཀུན་བརྟགས་པའི་ ངོ་བོ་ཉིད་ལ་ངོ་བོ་ཉིད་ཐ་དད་པར་མཐོང་བའི་ཕྱིར་དང་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཐ་དད་པར་མཐོང་བའི་ཕྱིར། ངས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་དུ་རྣམ་པར་གཞག་པ་མ་ཡིན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ངོ་ བོ་ཉིད་རྣམ་པ་གསུམ་གྱི་རྣལ་འབྱོར་ལས་བརྩམས་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྣམ་པར་གཞག་པའི་དགོངས་པ་སྟོན་པ་མཛད་དོ། །འདི་ཡང་རྣམ་པ་གཉིས་ཏེ། མི་མཐུན་པའི་རྣམ་པར་བཤད་པས་བསྟན་པ་དང་། འོན་ཀྱང་ཞེས་བྱ་བ་མན་ཆད་རྗེས་སུ་མཐུན་པའི་ རྣམ་པར་བཤད་པའོ། །འདི་ནི་དང་པོ་སྟེ། དེ་ལ་མཐོང་བ་ཞེས་བྱ་བ་ནི་ལྟོས་པའམ་ཡང་ན་སོ་སོར་བརྟག་པའི་དོན་ཏོ། །དེ་ནི་འདི་སྐད་དུ། འདི་ལྟར་སེམས་ཅན་རྣམས་ངོ་བོ་ཉིད་རྣམ་པ་གསུམ་པོ་དག་ལ་གོ་རིམས་བཞིན་དུ་ངོ་བོ་ཉིད་རྣམ་པ་གསུམ་ཡོངས་སུ་བསལ་བའི་ཕྱིར་ངོ་བོ་ ཉིད་རྣམ་པ་གསུམ་དུ་རྣམ་པར་གཞག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་ངོ་བོ་ཉིད་མེད་པ་ཁོ་ནས་ཀུན་བརྟགས་པ་ཡོངས་སུ་བསལ་བར་བྱ་བ་མ་ཡིན་གྱི། གཞན་གཉིས་ཀྱང་མངོན་པར་ཞེན་པ་སེལ་བར་བྱེད་པའི་ཕྱིར་རོ། །གཞན་གྱི་དབང་དང་ཡོངས་སུ་གྲུབ་ པ་བསལ་ནས་ངོ་བོ་ཉིད་མེད་པ་ཉིད་ཕྱི་མ་གཉིས་རྣམ་པར་གཞག་པ་མ་ཡིན་ཏེ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ནི་ཡོངས་སུ་བསལ་མི་ནུས་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །གཞན་ཡང་ཁ་ཅིག་ན་རེ་འདིར་དགོངས་པ་རྣམ་པ་གསུམ་གཞག་པ་ནི་སེམས་ཅན་རྣམས་ཀྱི་ མངོན་པར་ཞེན་པའི་སྐྱོན་རབ་ཏུ་བསལ་བའི་ཆེད་དུ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྣམ་པར་གཞག་པ་ཡིན་གྱི། སེམས་ཅན་དེ་དག་ངོ་བོ་ཉིད་གསུམ་པོ་རེ་རེ་ལ་ལོགས་ཤིག་ཏུ་ངོ་བོ་ཉིད་རྣམ་པ་གསུམ་ཡོད་པ་ཉིད་དུ་མངོན་པར་ཞེན་པས་དེ་དག་རབ་ཏུ་བསལ་བའི་ཕྱིར་ངོ་བོ་ཉིད་མེད་པ་རྣམ་ པ་གསུམ་རྣམ་པར་གཞག་པ་ནི་མ་ཡིན་ཡང་སེམས་ཅན་རྣམས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཁོང་དུ་མ་ཆུད་པས་ངོ་བོ་ཉིད་རྣམ་པ་གཉིས་ལ་སྒྲོ་འདོགས་པའི་མངོན་པར་ཞེན་པ་བསྐྱེད་པ་དེས་ན་ངོ་བོ་ཉིད་རྣམ་པ་གསུམ་རྣས་པར་གཞག་པ་ཡིན་ནོ་ཞེས་ཟེར་ཏེ། བཤད་པ་རྣམ་ པ་གཉིས་ལས་བཤད་པ་ནི་ཕྱི་མ་བཟང་སྟེ། མདོ་སྡེའི་ཚིག་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་འདི་དང་མཐུན་པར་འབྱུང་ངོ་། །འོན་ཀྱང་སེམས་ཅན་རྣམས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་ བརྟགས་པའི་ངོ་བོ་ཉིད་དུ་སྒྲོ་འདོགས་པའི་ཕྱིར་ངས་ངོ་བོ་ཉིད་རྣམ་པ་གསུམ་རྣམ་པར་གཞག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་རྗེས་སུ་མཐུན་པའི་རྣམ་པར་བཤད་པས་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང་རྣམ་པར་བཤད་པའོ། དེ་ནི་འདི་སྐད་དུ། ངོ་ བོ་ཉིད་རྣམ་པ་གཉིས་ལ་ཀུན་བརྟགས་པའི་མཚན་ཉིད་རང་གི་མཚན་ཉིད་དུ་རྣམ་པར་གཞག་པས་མཚན་ཉིད་དུ་གྱུར་པ་མ་ཡིན་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་རྣམ་པར་གཞག་པ་དང་གཞན་གྱི་དབང་ལ་རང་གི་བདག་ཉིད་ཀྱི་སྐྱེ་བ་མེད་ཅིང་སྒྲོ་བཏགས་པ་ཡིན་པའི་ཕྱིར་ སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་པ་དང་། ཡོངས་སུ་གྲུབ་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་གོ། །ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ཐ་དད་པར་མཐོང་བ་ལ་ངོ་བོ་ཉིད་ཅེས་བྱ་བ་མ་ཡིན་པས་དེའི་ཕྱིར་ ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་ཞེས་བཤད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དེས་ན་དེའི་ཕྱིར་སེམས་ཅན་དེ་དག་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་རྗེས་སུ་ཐ་སྙད་འདོགས་སོ་ཞེས་བྱ་བ་ལ་ སོགས་པ་ནི་གཉིས་པ་རྣམ་པར་བཤད་པ་སྟེ། དེ་ནི་འདི་སྐད་དུ་འདི་ལྟར་བརྟགས་པའི་མཚན་ཉིད་ཀྱིས་ནི་ཐ་སྙད་སློང་བར་འགྱུར། ཐ་སྙད་ཀྱི་དབང་གི་ཕྱིར་ནི་རྒྱུ་རྣམ་པ་གསུམ་མངོན་པར་གྲུབ་པར་འགྱུར། རྒྱུ་རྣམ་པ་གསུམ་གྱི་དབང་གི་ཕྱིར་ནི་མངོན་པར་ཞེན་པ་བསྐྱེད་པར་ འགྱུར། མངོན་པར་ཞེན་པའི་ཕྱིར་ནི་གཞན་གྱི་དབང་དང་། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་བྱུང་ནས་འགྲོ་བ་དྲུག་པོ་དག་ཏུ་འཁོར་བའི་ཉེས་དམིགས་སུ་འགྱུར་བས་དེའི་ཕྱིར་འདིར་ཀུན་བརྟགས་པའི་མཚན་ཉིད་ཀྱི་དབང་དུ་མཛད་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་དུ་རྣམ་པར་ གཞག་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཀུན་བརྟགས་པའི་དབང་གིས་མངོན་པར་ཞེན་པ་སྐྱེད་པར་བསྟན་པ་དང་། ཇི་ལྟ་ཇི་ལྟར་ཞེས་བྱ་བ་མན་ཆད་ཀྱིས་མངོན་པར་ཞེན་པའི་དབང་གིས་འཁོར་བའི་ཆོས་ཅན་དུ་འགྱུར་བར་བསྟན་ པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཀུན་བརྟགས་པའི་མཚན་ཉིད་ཀྱི་དབང་གིས་ཐ་སྙད་འབྱུང་བར་བསྟན་པ་དང་། ཇི་ལྟ་ཇི་ལྟར་ཞེས་བྱ་བ་མན་ཆད་ཀྱིས་ཐ་སྙད་ཀྱི་དབང་གིས་མངོན་པར་ཞེན་པ་སྐྱེ་བར་བསྟན་པའོ། །འདི་ནི་དང་པོ་སྟེ། ཡང་དག་པའི་དོན་དུ་ན་ངོ་བོ་ ཉིད་གཉི་ག་ཡང་ཐ་སྙད་དང་བྲལ་བ་ཡིན་མོད་ཀྱི་ཀུན་བརྟགས་པའི་མཚན་ཉིད་ཀྱི་དབང་གིས་ངོ་བོ་ཉིད་རྣམ་པ་གཉིས་སུ་ཐ་སྙད་འདོགས་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་ཐ་སྙད་བཏགས་པའི་སེམས་ཡོངས་སུ་བསྒོས་པའི་ཕྱིར་ དང་། ཐ་སྙད་བློ་དང་འབྲེལ་པའི་ཕྱིར་དང་། ཐ་སྙད་བག་ལ་ཉལ་གྱི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཐ་སྙད་ཀྱི་དབང་གིས་མངོན་པར་ཞེན་པ་སྐྱེ་བར་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་ཐ་སྙད་ཀྱི་དབང་གིས་རྒྱུ་རྣམ་པ་གསུམ་མངོན་པར་འགྲུབ་པར་བསྟན་པ་དང་། རྒྱུ་རྣམ་པ་ གསུམ་གྱི་དབང་གིས་མངོན་པར་ཞེན་པ་སྐྱེ་བར་བསྟན་པ་སྟེ། འདི་ནི་དང་པོའོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་བཤད་པར་བྱ་བའི་ཆོས་བསྟན་པ་སྟེ། བཤད་པར་བྱ་བའི་ཆོས་ཀྱང་གཅིག་ཁོ་ན་མ་ཡིན་པའི་ཕྱིར་ཇི་ལྟ་ཇི་ལྟར་ཞེས་བྱ་བ་གསུངས་སོ། །ཇི་ལྟ་ཇི་ལྟར་གྱུར་པ་དེ་དག་གི་རྗེས་ སུ་ཐ་སྙད་འདོགས་པས་ན། དེའི་ཕྱིར་ཚིག་ཟློས་བུར་དེ་ལྟ་དེ་ལྟར་ཞེས་གསུངས་སོ། །ཐ་སྙད་རྣམས་ཀྱི་དབང་གིས་རྒྱུ་རྣམ་པ་གསུམ་མངོན་པར་འགྲུབ་པར་འགྱུར་ཏེ། དང་པོ་ཐ་སྙད་བཏགས་པས་སེམས་ཡོངས་སུ་བསྒོས་པའི་ཕྱིར་ཞེས་བྱ་བ་འདིས་ནི་ཡོངས་སུ་བསྒོས་པ་རྣམ་པ་ གསུམ་ལས་ཐ་སྙད་ཀྱིས་ཡོངས་སུ་བསྒོས་པ་བསྟན་ཏོ། །གཉིས་པ་ཐ་སྙད་དུ་བློ་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་འདིས་ནི་མིང་དང་ཐ་སྙད་ཤེས་པ་བློའི་རྗེས་སུ་རྣམ་པར་རྟོག་པར་གྱུར་པ་སྟེ། ལྷ་དང་མི་ལ་སོགས་པ་ཐ་སྙད་ཤེས་པ་གང་ཡིན་པ་རྣམས་སོ། །གསུམ་པ་ཐ་སྙད་བག་ལ་ཉལ་ གྱི་ཕྱིར་ཞེས་བྱ་བ་འདི་ནི་མིང་དང་ཐ་སྙད་མི་ཤེས་པ་བག་ལ་ཉལ་གྱི་རྗེས་སུ་རྣམ་པར་རྟོག་པར་གྱུར་པ་སྟེ། བ་ལང་དང་ལུག་ལ་སོགས་པ་ཐ་སྙད་མི་ཤེས་ཀྱང་བག་ལ་ཉལ་གྱི་དབང་གིས་རྣམ་པར་རྟོག་པར་གྱུར་པ་ལྟ་བུ་སྟེ། དེས་ན་ཐ་སྙད་ཀྱི་དབང་གིས་རྒྱུ་རྣམ་པ་གསུམ་མངོན་པར་གྲུབ་ པར་བསྟན་ཏོ། །གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་ཏེ་ཞེས་བྱ་བ་ནི་གཉིས་པ་རྒྱུ་རྣམ་པ་གསུམ་གྱི་དབང་གིས་མངོན་པར་ཞེན་པ་སྐྱེ་བར་བསྟན་པ་སྟེ། རྒྱུ་རྣམ་པ་གསུམ་ལས་དང་པོའི་རྒྱུ་གཅིག་ གིས་ནི་མངོན་པར་ཞེན་པའི་རྒྱུའི་རྐྱེན་རབ་ཏུ་བསྟན་ཏོ། །རྒྱུ་ཕྱི་མ་གཉིས་ཀྱིས་ནི་བདག་པོའི་རྐྱེན་རབ་ཏུ་བསྟན་ཏེ། རྒྱུ་རྣམ་པ་འདི་གསུམ་གྱི་དབང་གིས་ངོ་བོ་ཉིད་གཉིས་པོ་དག་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཇི་ལྟར་མངོན་ པར་ཞེན་པ་དེ་ལྟ་དེ་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མངོན་པར་ཞེན་པའི་དབང་གིས་འཁོར་བའི་ཆོས་ཅན་དུ་གྱུར་པར་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་སྔ་མའི་ མངོན་པར་ཞེན་པ་བཟློག་ནས་འཁོར་བའི་རྒྱུ་རབ་ཏུ་བསྟན་པ་དང་། མངོན་པར་ཞེན་པས་འཁོར་བའི་འབྲས་བུ་བསྐྱེད་པ་རབ་ཏུ་བསྟན་པ་སྟེ་འདི་ནི་དང་པོའོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་མངོན་པར་ཞེན་པའི་ཡུལ་བསྟན་པ་སྟེ། མངོན་པར་ཞེན་པ་ཞེས་བྱ་བ་ཡང་གཅིག་ཁོ་ན་མ་ ཡིན་པའི་ཕྱིར་ཇི་ལྟ་ཇི་ལྟར་ཞེས་བྱ་བ་གསུངས་སོ། །ཇི་ལྟ་ཇི་ལྟར་གྱུར་པ་དེ་དག་གི་རྗེས་སུ་མངོན་པར་ཞེན་པ་རྣམས་སྐྱེ་བས་དེའི་ཕྱིར་ཚིག་ཟློས་བུར་དེ་ལྟ་དེ་ལྟར་ཞེས་བྱ་བ་གསུངས་ཏེ། མངོན་པར་ཞན་པ་དེས་ན་ངོ་བོ་ཉིད་རྣམ་པ་གཉིས་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་ པར་གྱུར་ལ། མངོན་པར་ཞེན་པ་དེས་ནི་འཁོར་བར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དང་རྐྱེན་དེས་ན་ཕྱི་མ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དུ་ཀུན་དུ་བསྐྱེད་དེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་འཁོར་བའི་འབྲས་བུ་བསྐྱེད་པ་རབ་ཏུ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་གཞན་ གྱི་དབང་བསྐྱེད་པ་བསྟན་པ་དང་། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་བསྐྱེད་པ་ཡོངས་སུ་བསྟན་པ་སྟེ་འདི་ནི་དང་པོའོ། །གཞན་གྱི་དབང་དང་། ཀུན་ནས་ཉོན་མོངས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། སྤྱི་དང་ཁྱད་པར་གྱི་བྱེ་བྲག་ཡོད་དོ། །ཡང་ན་རྒྱ་ཆེ་ཆུང་མི་མཐུན་པས་ གཞན་གྱི་དབང་ནི་རྒྱ་ཆེ་བ་ཡིན་ཏེ། རྐྱེན་ལས་སྐྱེས་པ་རྣམས་ནི་ཐམས་ཅད་ཀྱང་གཞན་གྱི་དབང་ཡིན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དག་ཏུ་ནི་དབང་པོ་ལྔ་ལ་སོགས་པ་ཡོངས་སུ་གསོ་བ་མ་བསྡུས་པའི་ཕྱིར་རོ། །གཞི་དེས་ན་ཉོན་མོངས་པའི་ཀུན་ནས་ཉོན་མོངས་ པས་ཀྱང་ཉོན་མོངས་པར་འགྱུར། ལས་ཀྱི་ཀུན་ནས་ཉོན་མོངས་པས་ཀྱང་ཉོན་མོངས་པར་འགྱུར་ལ། སྐྱེ་བའི་ཀུན་ནས་ཉོན་མོངས་པས་ཀྱང་ཀུན་ནས་ཉོན་མོངས་པར་འགྱུར་བས་འཁོར་བ་ན་ཡུན་རིང་པོར་རྒྱུག་ཅིང་། ཡུན་རིང་པོར་འཁོར་བ་ལ་རྒྱུན་ཆད་པ་མེད་ཅེས་བྱ་བ་ལ་ སོགས་པ་ནི་གཉིས་པ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་བསྐྱེད་པ་ཡོངས་སུ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་དབང་གིས་འཁོར་བ་ན་འཁོར་བར་བསྟན་པ་དང་། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་དབང་གིས་འགྲོ་བ་ དྲུག་པོ་དག་ཏུ་འཁོར་བར་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་མངོན་པར་ཞེན་པ་དེས་རྒྱུ་དང་རྐྱེན་བྱས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྐྱེ་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ལས་དང་སྐྱེ་བའོ། །དམིགས་པ་དང་ མཚུངས་པར་ལྡན་པ་དང་། འཆིང་བ་རྣམ་པ་གཉིས་ཀྱིས་བཅིངས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཞེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དེ་དག་གི་དབང་གིས་ནི་དངོས་པོ་དང་རྣམ་པར་གྱུར་པའི་འཆི་འཕོ་རྣམ་པ་གཉིས་སུ་རྒྱུག་ཅིང་འཁོར་བ་ལ་རྒྱུན་ཆད་མེད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འཆི་ འཕོ་རྣམ་པ་གཉིས་ཀྱི་དོན་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཡང་ན་སེམས་ཅན་དམྱལ་བ་རྣམས་སམ། ཡང་ན་དུད་འགྲོ་རྣམས་སམ། ཡང་ན་ཡི་དགས་རྣམས་སམ། ཡང་ན་ལྷ་རྣམས་སམ། ཡང་ན་ལྷ་མ་ཡིན་རྣམས་སམ། ཡང་ན་མི་རྣམས་ཀྱི་ནང་དུ་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་དབང་གིས་འགྲོ་བ་དྲུག་པོ་དག་ཏུ་འཁོར་བར་གྱུར་པ་བསྟན་པའོ། དེ་ལ་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་བསྟན་བཅོས་ཡང་དག་པའི་རིག་པ་ དང་རྗེས་སུ་མཐུན་པ་ལས། ཀ་ནི་བདེ་བའི་མིང་ཡིན། ན་ནི་མེད་པ་ལ་བྱ། རག་ནི་སྦྱིན་པའི་དོན་ཡིན་ཏེ། བདེ་བ་ཕན་ཚུན་སྦྱིན་པ་མེད་པས་ན་སེམས་ཅན་དམྱལ་བ་ཞེས་བྱའོ། །གཞན་ཡང་ར་ཀ་ནི་སྐྱབས་བྱེད་པའི་དོན་ལ། ན་རག་ནི་ན་ནི་བསྐྱབ་ཏུ་མི་རུང་བའི་མིང་ཡིན་ པས་སེམས་ཅན་དམྱལ་བ་ཞེས་བྱའོ་ཞེས་བསྟན་ཏོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ན་རག་ནི་མིང་ཞེས་བྱའོ། །ཀ་ནི་མི་ངན་པ་ཞེས་བྱ་སྟེ། གནས་ངན་པར་སྐྱེས་པས་ན། སེམས་ཅན་དམྱལ་བ་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཆོས་ མངོན་པ་ལས་ནི་བདེ་བ་མེད་པའི་ཕྱིར་སེམས་ཅན་དམྱལ་བ་ཞེས་བྱའོ་ཞེས་འབྱུང་ངོ་། །དུད་འགྲོ་ཞེས་བྱ་བ་ནི། ལུས་བཏུད་དེ་འགྲོ་བའི་ཕྱིར། དུད་འགྲོ་ཞེས་བྱ་སྟེ། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ཀྱང་། འགྲོ་བ་དེ་ཕལ་ཆེར་ལུས་བཏུད་དེ་འགྲོ་ བའི་ཕྱིར་དང་། ཡང་ན་འགྲོ་བ་དེར་དུད་དེ་འགྲོ་བ་ཁ་ཅིག་ཀྱང་ཡོད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། དེ་དག་གི་དབྱིབས་བཏུད་པའི་ཕྱིར་འགྲོ་བ་ཡང་བཏུད་ང་ཡིན་ལ། འགྲོ་བ་བཏུད་པའི་ཕྱིར་དབྱིབས་ཀྱང་བཏུད་པས་ན་དེའི་ཕྱིར་དུད་འགྲོ་ཞེས་ བྱའོ་ཞེས་བཤད་དོ། །ཁ་ཅིག་ན་རེ། ཀུན་དུ་གནས་ཀུན་དུ་ཁྱབ་པར་འགྲོ་བའི་ཕྱིར་དུད་འགྲོ་ཞེས་བྱ་སྟེ། འདི་ལྟར་དེ་དག་འགྲོ་བ་ལྔ་པོའི་སྲིད་པ་ཀུན་དུ་ཁྱབ་པའི་ཕྱིར་རོ་ཞེ་འོ། །ཡི་དགས་ཞེས་བྱ་བ་ནི་བསྟན་བཅོས་ཆོས་མངོན་པ་ལས། གཞན་དག་ལས། རེ་ཞིག་ཚོལ་བའི་ཕྱིར་ཡི་དགས་ ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས། འཇིགས་ཤིང་སྐྲག་པ་དང་། མང་དུ་ལྡན་པ་དང་། མདོག་ཤིན་ཏུ་ངན་པ་དང་། སེམས་མི་བརྟན་པའི་ཕྱིར་ཡི་དགས་ཞེས་བྱའོ་ཞེས་འབྱུང་ངོ་། །བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི། བཀྲེས་པ་དང་། སྐོམ་ པས་ཡོངས་སུ་གདུངས་པའི་ཕྱིར་ཡི་དགས་ཞེས་བྱའོ་ཞེས་བཤད་དོ། །ཁ་ཅིག་ན་རེ་གཞན་དག་གིས་བཀོལ་ཤིང་སྤྱད་པའི་ཕྱིར་ཡི་དགས་ཞེས་བྱ་སྟེ། རྟག་པར་ཡི་དགས་ལྷ་རྣམས་ཀྱིས་དེ་དང་དེ་དག་ཏུ་མངག་གཞུག་བྱེད་དུ་འཇུག་པས་རྒྱུག་དགོས་པའི་ཕྱིར་རོ་ཞེའོ། ། དེ་ལ་ལྷ་ཞེས་བྱ་བ་ནི། བསྟན་བཅོས་ཆོས་མངོན་པ་ལས། འོད་དང་ལྡན་པའི་ཕྱིར་ལྷ་ཞེས་བྱའོ་ཞེས་བསྟན་ཏོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས། ལྷ་ནི་འདི་ལྟ་སྟེ། ཀུན་གྱིས་བཀུར་ཞིང་རྫུ་འཕྲུལ་གྱི་བྱ་བ་ལ་དབང་ཐོབ་པ་དང་། མང་པོ་ཀུན་གྱིས་གསོལ་ བ་འདེབས་པའི་ཕྱིར། ལྷ་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འོད་ཤིན་ཏུ་རྒྱས་པའི་ཕྱིར་ལྷ་ཞེས་བྱ་སྟེ། འདི་ལྟར་དེ་དག་རང་གི་ལུས་ཀྱི་འོད་ཀྱིས་ཉིན་མཚན་རྒྱུན་དུ་སྣང་བར་བྱེད་པའི་ཕྱིར་རོ་ཞེས་བཤད་དོ། །ལྷ་མ་ཡིན་ཞེས་བྱ་བ་ནི། བསྟན་བཅོས་ཡང་དག་ པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་སུ་ར་ཞེས་བྱ་བ་ནི། ལྷ་ཞེས་བྱ་སྟེ་རང་དབང་ཐོབ་པའི་དོན་ཏོ། །ཨ་ནི་མ་ཡིན་པའི་དོན་ཏོ། །དེ་ལྷ་མ་ཡིན་པ་དང་། རང་དབང་ཉམས་པའི་ལྷ་ཡིན་པ་ཡིད་དུ་སྟོན་པས་ལྷ་མ་ཡིན་ཞེས་བྱའོ་ཞེས་འབྱུང་ངོ་། །བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། སུ་ར་ཞེས་བྱ་བ་ནི། ལྷ་ ཡིན་ལ་དེ་དག་ནི་ལྷ་མ་ཡིན་པའི་ཕྱིར་ལྷ་མ་ཡིན་པའོ་ཞེས་བྱའོ། །གཞན་ཡང་སུ་ར་ཞེས་བྱ་བ་ནི། སྡུག་པ་ཞེས་བྱ་བ་ཡིན་ལ། དེ་དག་ནི་སྡུག་པ་མ་ཡིན་པས། ལྷ་མ་ཡིན་ཞེས་བྱའོ་ཞེས་བཤད་དོ། །དེ་ལ་མི་ཞེས་བྱ་བ་ནི་བསྟན་བཅོས་ཆོས་མངོན་པ་ལས་ཡིད་རབ་ཏུ་དབེན་ཞིང་ཞི་བའི་ཕྱིར། མི་ ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཆོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ནི། བསམ་པ་མང་བའི་ཕྱིར་མི་ཞེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི། འདི་ཡང་རབ་ཏུ་དབེན་ཞིང་ཞི་བར་ནུས་པའི་ཕྱིར་མི་ཞེས་བྱའོ། །འདི་ལྟར་འགྲོ་བ་ ལྔ་པོ་དག་གི་ནང་ན་ཡིད་རབ་ཏུ་དབེན་ཞིང་ཞི་བར་ནུས་པ་ནི་མི་ལྟ་བུ་མེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་བཤད་པ་ནི་བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། །།