Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 118

Văn bản gốc(Tây Tạng)

Trang 6 / 18 (50.000 ký tự/trang)
པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟར་ཆོས་ཀྱི་
དབྱིངས་ཤིན་ཏུ་རྣམ་པར་དག་པ་བརྙེས་པའོ། །ཆོས་ཀྱི་དབྱིངས་དེ་ནི་ལམ་བསྒོམས་པའི་འབྲས་བུ་ཡིན་ནོ་ཞེས་འབྱུང་ངོ་། །ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པ་ཞེས་བྱ་བས་ནི་ཡོན་ཏན་ཉི་ཤུ་པ་བསྟན་ཏེ། འདི་ནི་མི་ཟད་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་
དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་འདི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཟད་པ་མེད་དེ། ནམ་མཁའ་དང་མཚུངས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་ཇི་ལྟར་ནམ་མཁའ་དེ་མཐའ་མེད་པ། མུ་མེད་པ། ཟད་པ་མེད་པ།
འགྲིབ་པ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། འགྱུར་བ་མེད་པ། དུས་ཐམས་ཅད་དུ་གཟུགས་ཅན་ཐམས་ཅད་ལ་སྐབས་དབྱེ་བ་དེ་བཞིན་དུ། ཆོས་ཀྱི་སྐུ་ཡང་རྟག་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མཛད་པ་ཉེ་བར་གནས་པའི་མཚན་ཉིད་དེ། སེམས་ཅན་གྱི་
ཁམས་ཇི་སྲིད་པར་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པ་རྒྱུན་ཆད་མེད་དོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །ཕྱི་མའི་མཐའི་མུར་ཐུག་པ་ཞེས་བྱ་བས་ནི་ཡོན་ཏན་ཉི་ཤུ་རྩ་གཅིག་པ་བསྟན་ཏེ། འདི་ནི་མཐར་བྱོན་པའི་ཡོན་ཏན་ཞེས་བྱ་བ་ཉིད་དོ། །སློབ་དཔོན་

དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། དེ་བཞིན་གཤེགས་པའི་མཁྱེན་པས་ཕྱི་མའི་མཐའ་མུ་མཐར་བྱོན་པ་ལ་རྒྱུན་ཆད་པ་མི་མངའ་བའོ་ཞེས་འབྱུང་ངོ་། །ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། ཡོན་ཏན་འདི་དག་ཕྱི་མའི་མཐའི་བར་དུ་རྟག་
པར་རྒྱུན་མི་འཆད་པའོ། །ཕྱི་མའི་མཐའི་མུར་ཐུག་པ་ཞེས་པས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་མི་ཟད་པར་བསྟན་ཏེ། གདུལ་བར་བྱ་བའི་སེམས་ཅན་གཏན་དུ་མི་ཟད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ནི་བཤད་པ་ཕྱི་མ་འདི་གཉིས་
གཅིག་ཏུ་བསྡུས་ནས་སྟོན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་འདིས་ནི་བཅོམ་ལྡན་འདས་ཀྱི་ཟད་པ་མི་མངའ་བའི་ཕྱིར་བྱོན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟ་སྟེ། ཇི་ལྟར་ནམ་མཁའ་རྟག་པར་གཏན་དུ་མི་ཟད་པ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་དབྱིངས་
ལས་འབྱུང་བའི་ཡོན་ཏན་རྣམས་ཀྱང་དེ་བཞིན་ཏེ། གཏན་དུ་མི་ཟད་པ་ཉིད་ཀྱི་ཕྱིར་དང་། ཇི་ལྟར་ཕྱི་མའི་མཐའ་ཟད་པའི་དུས་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སྦྱོར་བ་ཡང་རྒྱུན་ཆད་པ་མི་མངའ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །གཞན་ཡང་སློབ་དཔོན་ཉེ་
བའི་འོད་ཀྱིས་འགྲེལ་པ་ལས། འདིས་ནི་བཅོམ་ལྡན་འདས་བདག་དང་གཞན་ལ་ཕན་འདོགས་པའི་ཡོན་ཏན་རྣམ་པ་གཉིས་ཟད་པ་མི་མངའ་བ་ཁྱད་དུ་འཕགས་པའི་ཡོན་ཏན་བསྟན་ཏེ། ཇི་ལྟར་ནམ་མཁའ་བསྐལ་པ་འཇིག་པ་དང་འཆགས་པ་དག་ནི་ངོ་བོ་ཉིད་རྟག་པར་མི་
ཟད་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་ཐམས་ཅད་ཀྱང་དེ་བཞིན་དེ་རྟག་པར་ཟད་པ་མི་མངའ་བའོ། །ཇི་ལྟར་ཕྱི་མའི་མཐའ་ཟད་པ་མེད་པ་དེ་བཞིན་དུ་གཞན་ལ་ཕན་འདོགས་པའི་ཡོན་ཏན་རྣམས་ཀྱང་དེ་བཞིན་ཏེ། ཕྱི་མའི་མཐའི་མུར་ཐུག་པའི་
བར་དུ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕན་པ་དང་། བདེ་བའི་དངོས་པོ་རྟག་པར་མཛད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གསུམ་ལས། ཡོན་ཏན་རྣམས་བསྟན་པ་ཡང་དོན་ཕལ་ཆེར་མཐུན་ཏེ། གོང་དུ་

བཤད་པ་རྣམས་ནི་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་དང་། སངས་རྒྱས་ཀྱི་སའི་འགྲེལ་པ་དང་སྦྱར་ནས་བསྟན་པ་ཡིན་ཏེ། འཆད་པར་འདོད་པ་རྣམས་ཀྱིས་འཕྲལ་ལ་བླང་བ་དང་དོར་བ་ཅི་དགར་བྱོས་ཤིག། །།བམ་པོ་བརྒྱད་པ། དེ་ཉན་ཐོས་ཆེན་པོའི་དགེ་
འདུན་ཚད་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པ་གསུང་རབ་ཉན་པའི་འཁོར་བསྟན་པ་ཞེས་བྱ་བ་སྟོན་ཏེ། རྣམ་པ་དྲུག་ལས་ནི་དྲུག་པ་འཁོར་ཕུན་སུམ་ཚོགས་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཉན་ཐོས་ཀྱི་འཁོར་བསྟན་པ་དང་། བྱང་ཆུབ་སེམས་དཔའི་
འཁོར་བསྟན་པའོ། །འཁོར་རྣམ་པ་འདི་གཉིས་ཀྱང་སྔར་སྒོ་རྣམ་པ་བཞིས་རྣམ་པར་ཕྱེ་ནས། དེའི་འོག་ཏུ་ཚིག་གི་དོན་བཤད་པར་བྱའོ། །དེ་ལ་སྒོ་རྣམ་པ་བཞི་ནི་ཡོད་པ་དང་མེད་པ་རྣམ་པར་འབྱེད་པ་དང་། སྔ་ཕྱིའི་རྣམ་པར་བཤད་པ་དང་། རེ་ཞིག་པ་དང་། གཏན་དུ་བ་བསྟན་
པ་དང་། འཁོར་གཞན་ཡོད་པ་དང་། མེད་པ་བསྟན་པའོ། །དེ་ལ་ཡོད་པ་དང་མེད་པ་རྣམ་པར་འབྱེད་པ་ནི་མུ་རྣམ་པ་བཞི་ཡོད་དེ། དང་པོ་ནི་མདོ་སྡེ་ལ་སོགས་པ་ལས་དམན་པ་ཁོ་ན་སྨོས་ལ། ཆེན་པོ་སྨོས་པ་མ་ཡིན་པ་སྟེ། འཕགས་པ་རྡོ་རྗེ་གཅོད་པ་དང་། ལུང་རིང་པོ་ལ་
སོགས་པ་ལས་བཤད་པ་ལྟ་བུའོ། །གཉིས་པ་ནི་ཆེན་པོ་ཁོ་ན་སྨོས་ལ་དམན་པ་མི་སྨོས་པ་སྟེ། འཕགས་པ་སངས་རྒྱས་ཕལ་པོ་ཆེ་དང་། ཚུལ་བརྒྱ་ལྔ་བཅུ་པའི་མདོ་ལ་སོགས་པ་ལྟ་བུའོ། །གསུམ་པ་ནི་ཆེ་ཆུང་གཉིས་ཀ་སྨོས་པ་སྟེ། འཕགས་པ་དམ་པའི་ཆོས་པདྨ་
དཀར་པོའི་མདོ་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལ་སོགས་པ་ལྟ་བུའོ། །བཞི་པ་ནི་ཆེ་ཆུང་གཉི་ག་མི་སྨོས་པ་སྟེ། འཕགས་པ་ཕྲེང་ལྡན་མའི་མདོ་ལ་སོགས་པ་ལྟ་བུའོ། །གལ་ཏེ་མུ་རྣམ་པ་བཞི་ཡོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་
པ་ལས་བྱུང་བ་ཇི་ལྟར་བརྡ་སྤྲོད་ཅིང་བཤད་པར་བྱ་སྟེ། དེ་ལས་ཉན་ཐོས་ཀྱི་སྡེ་སྣོད་ལས་ནི་ཉན་ཐོས་ཁོ་ན་སྨོས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གཉི་ག་ཚང་བར་སྨོས་པ་ཡིན་ནོ་ཞེས་འབྱུང་ངོ་ཞེ་ན། འདི་ལ་བཤད་པ་

རྣམ་པ་གཉིས་ཡོད་དེ། ཁ་ཅིག་ནི་ཡང་དག་པའི་དོན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བཤད་པ་ཁོ་ན་བཞིན་ཏེ། མུ་བཞི་སྨོས་པ་ནི་མདོ་སྡེ་སྡུད་པ་དག་གི་མོས་པ་ཐ་དད་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་ཡང་དག་པའི་དོན་དུ་ན་མུ་བཞི་ཚང་བར་
སྨོས་པ་ཉིད་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྡེ་སྣོད་གཉིས་ཀྱི་མཆོག་དང་དམན་པ་ཐ་དད་པར་བསྟན་པའི་ཕྱིར། རེ་ཞིག་མུ་གཉིས་བསྟན་པ་ཡིན་ཏེ། སྔོན་བརྒྱུད་པའི་བཤད་པ་ལས། ཡང་དག་པར་ཡོད་པ་དང་། མེད་པའི་ཕྱིར་དང་། ཡང་ན་རྒྱས་པ་
དང་བསྡུས་པའི་ཕྱིར་རོ་ཞེའོ། །དེ་ལ་སྔ་ཕྱིའི་རྣམ་པར་བཤད་པ་ཡང་ངེས་པ་མེད་དེ། མདོ་སྡེ་ཁ་ཅིག་ལས་སྔར་ཆེན་པོ་སྨོས་ལ། དེའི་འོག་ཏུ་དམན་པ་སྨོས་པ་ཡོད་དེ་འཕགས་པ་སྙིགས་མ་ལྔ་བསྟན་པའི་མདོ་ལྟ་བུའོ། །ཁ་ཅིག་ལས་ནི་སྔར་དམན་པ་སྨོས་ལ། དེའི་འོག་ཏུ་ཆེན་
པོ་སྨོས་པ་ཡང་ཡོད་དེ། མདོ་སྡེ་འདི་ཉིད་ལ་སོགས་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཉན་ཐོས་སྔར་སྨོས་པ་བཤད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་འདི་སྐད་དུ།
སངས་རྒྱས་ཀྱི་ཆོས་ནི་རྣམ་པ་གཉིས་ཏེ། ཤིན་ཏུ་གསང་བ་དང་། བསྟན་པར་བྱ་བའོ་ཞེས་བཤད་པ་ལྟ་བུ་སྟེ། བསྟན་པར་བྱ་བའི་སྒོ་ནས་སྔར་ཉན་ཐོས་སྨོས་པ་ཡིན་ཏེ། འདི་ལྟར་དེ་དག་ཉོན་མོངས་པ་སྤངས་པས་ལུས་པ་མེད་པའི་ཕྱིར་རོ། །ཤིན་ཏུ་གསང་བའི་སྒོ་ནས་ནི་བྱང་ཆུབ་
སེམས་དཔའ་སྔར་སྨོས་པ་ཡིན་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །དེ་ནས་མདོ་སྡེ་རྣམ་པ་གཉིས་སོ་སོ་ནས་དོན་རེ་རེའི་དབང་དུ་མཛད་པས་ཕན་ཚུན་འགལ་བ་མེད་དོ། །ཉན་ཐོས་སྔར་སྨོས་པ་དེ་ཡང་སངས་རྒྱས་ཀྱི་སའི་འགྲེལ་པ་ལས།
དོན་རྣམ་པ་བརྒྱད་ཀྱི་ཕྱིར་རོ་ཞེས་བཤད་དེ། ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཟ་བ་དག་གི་ཐེ་ཚོམ་རབ་ཏུ་བསལ་བའི་ཕྱིར་དང་། རིགས་མ་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་ངེས་པའི་དང་བ་རབ་ཏུ་བསྐྱེད་པར་དྲན་པའི་ཕྱིར་དང་། ཡོངས་སུ་དག་པའི་ཉན་ཐོས་ཆེན་པོ་རྣམས་

བདག་ཅག་གི་ལུས་ནི་བཙུན་པ་ཡིན་ནོ་སྙམ་པའི་ང་རྒྱལ་སྤང་བར་བྱ་བའི་ཕྱིར་དང་། གཞན་ཡང་ཉན་ཐོས་རྣམས་རྟག་པར་དེ་བཞིན་གཤེགས་པའི་ཞམ་རིང་བ་བྱེད་པའི་ཕྱིར་དང་། ཆ་བྱད་མཚུངས་པའི་ཕྱིར་དང་། ནང་གི་འཁོར་ཡིན་པའི་ཕྱིར་དང་། བྱང་ཆུབ་སེམས་
དཔའ་རྣམས་ཉན་ཐོས་ཀྱི་འཁོར་ལ་གུས་པ་བསྐྱེད་པའི་ཕྱིར་དང་། གཞན་དག་ཀྱང་ཉན་ཐོས་ཀྱི་འཁོར་རྣམས་ལ་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་རྣམ་གྲངས་ཀྱིས་སྟོན་ཏེ། དེའི་ཕྱིར་དེ་ལས་གལ་ཏེ་ཡས་བགྲང་
ན་ནི་སྔར་བྱང་ཆུབ་སེམས་དཔའ་སྨོས་པར་རིགས་སོ། །གལ་ཏེ་མས་བགྲང་ན་ནི་སྔར་དགེ་བསྙེན་མ་སྨོས་པའི་རིགས་ན། ཅིའི་ཕྱིར་སྔར་ཉན་ཐོས་ཀྱི་འཁོར་རྣམ་པ་བཞི་བསྟན་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་སྨོས་ཤེ་ན། སྨྲས་པ་བྱང་ཆུབ་སེམས་དཔའ་ཤེས་པ་ཆེ་མོད་ཀྱི།
སངས་རྒྱས་ཀྱིས་དེའི་འོག་ཏུ་གསུངས་ཏེ། འདི་ལྟར་ཉོན་མོངས་པ་ད་དུང་མ་ཟད་པས་དེའི་ཕྱིར་འོག་ཏུ་སྨོས་སོ། །དགྲ་བཅོམ་པ་རྣམས་ཤེས་པ་ཆུང་ཡང་ཉོན་མོངས་པ་ཟད་པས་དེའི་ཕྱིར་གོང་དུ་སྨོས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཐབས་ཀྱི་སྟོབས་ཀྱིས་འགྲོ་བ་ལྔ་པོ་དག་
ཏུ་འདོད་པ་ལྔ་ཉམས་སུ་ལེན་ཅིང་སེམས་ཅན་འདྲེན་པར་བྱེད་ལ། གལ་ཏེ་དགྲ་བཅོམ་པས་དེ་ལྟར་བྱས་ན་ལྷ་དང་མི་རྣམས་ཐེ་ཚོམ་སྐྱེ་ཞིང་ཡ་མཚན་དུ་འཛིན་པས། དེའི་ཕྱིར་འོག་ཏུ་བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །དེ་ལ་རེ་ཞིག་པ་
དང་། གཏན་དུ་བ་བསྟན་པ་ནི་མདོ་སྡེ་འདི་ཡང་སྔར་གོང་དུ་བཤད་པ་བཞིན་དུ་ཡང་དག་པའི་དོན་དུ་ན་གནས་གཉིས་སུ་གསུངས་པ་ཡིན་ཏེ། ཞིང་ཡོངས་སུ་དག་པ་དང་། ཞིང་ཡོངས་སུ་མ་དག་པའོ། །མདོ་སྡེ་འདི་གལ་ཏེ་ཞིང་ཡོངས་སུ་དག་པར་གསུངས་པ་ཡིན་ན་ནི། བྱང་ཆུབ་སེམས་
དཔའ་རྣམས་ནི་གཏན་དུ་བ་ཡིན་ལ། ཐེག་པ་གཉིས་ནི་རེ་ཞིག་པ་ཡིན་ཏེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས། སེམས་ཅན་ཇི་ལྟ་བུ་དག་ཞིང་ཡོངས་སུ་དག་པར་སྐྱེ་བར་མི་འགྱུར་རོ་ཞེ་ན། སོ་སོའི་སྐྱེ་བོ་དང་ཐེག་པ་གཉིས་དང་། སའི་མདུན་རོལ་གྱི་བྱང་ཆུབ་སེམས་

དཔའ་རྣམས་སོ་ཞེས་བཤད་པས་དེའི་ཕྱིར་ཐེག་པ་གཉིས་ནི་སྤྲུལ་པ་ཡིན་པས། གཏན་དུ་བ་མ་ཡིན་ནོ། །གལ་ཏེ་ཞིང་ཡོངས་སུ་མ་དག་པར་གསུངས་པ་ཡིན་ན་ནི་ཐེག་པ་གཉིས་ནི་གཏན་དུ་བ་ཡིན་ལ། བྱང་ཆུབ་སེམས་དཔའ་དག་ནི་རེ་ཞིག་པ་
ཡིན་ཏེ། འགྱུར་བའི་ལུས་ལེན་པས་མཐོང་བར་མི་ནུས་པའི་ཕྱིར་དང་། ས་བདུན་པ་མན་ཆད་དངོས་པོ་ཅན་ལེན་པའི་ཕྱིར་དང་ཡང་དག་པའི་ལུས་ཀྱི་དོན་དང་ལྡན་པས་ཉེས་པ་མེད་པའི་ཕྱིར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ས་བདུན་པ་མན་ཆད་ད་དུང་སྲིན་
བུ་དང་བཅས་པའི་ལུས་དང་ཤའི་ལུས་མ་སྤངས་པ་ཡིན་ནོ་ཞེས་བཤད་དོ། །དེ་ལ་འཁོར་གཞན་ཡོད་པ་དང་། མེད་པ་བསྟན་པ་ནི་གལ་ཏེ་ཞིང་ཡོངས་སུ་མ་དག་པའི་དབང་དུ་བྱས་ནས་ནི་ཡང་དག་པའི་ཀླུ་ལ་སོགས་པ་ཡང་ཡོད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་
ལས། འཁོར་འདུས་པ་དེར་འཁོར་གཞན་ཡང་ཡོད་མོད་ཀྱི། སྡུད་པ་པོ་རྣམས་ཀྱིས་མདོར་བསྡུས་ནས་རྣམ་པ་གཉིས་བསྟན་པ་ནི་དེ་དག་མཆོག་ཏུ་གྱུར་པའི་ཕྱིར་ཏེ། འོག་ནས་མདོ་ལ་ཇི་སྐད་དུ་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་
འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་གསུངས་པ་ལྟ་བུ་ཞེས་འབྱུང་ངོ་། །གལ་ཏེ་ཞིང་ཡོངས་སུ་དག་པར་བཞུགས་པ་ཡིན་ན་ནི། སྤྲུལ་པའི་ཀླུ་ལ་སོགས་པ་ཡོད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་སྤྲུལ་པ་ཡིན་ན་ཡང་ཉེས་པ་མེད་དེ། ཆོས་བཤད་
པའི་དཀྱིལ་འཁོར་རབ་ཏུ་བརྒྱན་པའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀྱི་སྤྲུལ་པ་འམ། བྱང་ཆུབ་སེམས་དཔའ་དག་གི་སྤྲུལ་པ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་མཛད་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་འདི་དང་མཐུན་
པར་བཤད་དོ། །དེ་ལ་ཚིག་གི་དོན་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཉན་ཐོས་ཀྱི་འཁོར་བསྟན་པ་དང་། བྱང་ཆུབ་སེམས་དཔའི་འཁོར་བསྟན་པའོ། །ཉན་ཐོས་ཀྱི་འཁོར་བསྟན་པ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དང་པོ་ནི་གྲངས་སྨོས་ཤིང་

རྣམ་པ་རྣམ་པར་འབྱེད་པའོ། །གཉིས་པ་ནི་ཐམས་ཅད་ཀྱང་ཞེས་བྱ་བ་མན་ཆད་ཀྱིས་ཡོན་ཏན་རྣམས་རྒྱ་ཆེར་རྣམ་པར་བཤད་པའོ། །གསུམ་པ་ནི་དེ་བཞིན་གཤེགས་པའི་བཀའ་ཞེས་བྱ་བ་མན་ཆད་ཀྱིས་བཀའ་བཞིན་བྱེད་པ་བསྟན་པ་སྟེ། འདི་ནི་གྲངས་སྨོས་ཤིང་རྣམ་པར་འབྱེད་
པའོ། །འདི་ལྟར་འཁོར་རྣམ་པ་གཉིས་ལས། བྱང་ཆུབ་སེམས་དཔའ་ལས་ཐ་དད་པ་དབྱེ་བའི་ཕྱིར་ཉན་ཐོས་ཞེས་བྱ་བ་གསུངས་སོ། །འདི་ཡང་རྣམ་པ་ལྔས་བསྟན་ཏེ། ཐབས་ཅིག་ཏུ་བཞུགས་པ་རྣམ་པར་འབྱེད་པ་དང་། ཚད་མེད་པ་རྣམ་པར་བཤད་པ་དང་། ཆེན་པོ་རྣམ་པར་
བཤད་པ་དང་། ཉན་ཐོས་ཀྱི་དོན་བསྟན་པ་དང་། དགེ་འདུན་གྱི་དོན་བསྟན་པའོ། །དེ་ལ་ཐབས་ཅིག་ཅེས་བྱ་བ་ནི་འཁོར་དང་བདག་ཉིད་མངོན་སུམ་དུ་གྱུར་པའི་ཕྱིར་དེ་དག་དང་ལྷན་ཅིག་པའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཆེན་པོ་ལས་ནི་དགེ་འདུན་ཆེན་པོ་དང་ལྷན་ཅིག་
ཅེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གནས་གཅིག་པ་དང་། དུས་གཅིག་པ་དང་། སེམས་གཅིག་ཏུ་གྱུར་པའམ། ཡང་ན་ལྟ་བ་གཅིག་པ་དང་། ལམ་གཅིག་པ་དང་། རྣམ་པར་གྲོལ་བ་གཅིག་ཏུ་གྱུར་པ་ནི་ལྷན་ཅིག་པ་ཞེས་བྱའོ་ཞེས་འབྱུང་སྟེ།
མདོ་སྡེ་འདི་ལས་ཐབས་ཅིག་ཅེས་གསུངས་པ་དང་དོན་གཅིག་གོ། །དེ་ལ་ཚད་མེད་པ་ཞེས་བྱ་བ་ནི་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། དེའི་གྲངས་ཤིན་ཏུ་མང་སྟེ། བགྲང་བར་དཀའ་བའི་ཕྱིར་ཚད་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་ཆེན་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་འགྲེལ་པ་ལས། དོན་རྣམ་པ་གསུམ་གྱི་ཕྱིར་ཏེ། ཆེ་བ་དང་མང་བ་དང་མཆོག་ཏུ་གྱུར་པའོ། །མང་པོའི་ནང་ན་གཙོ་བོར་གྱུར་པའི་ཕྱིར་དང་། སྒྲིབ་པ་རྣམས་སྤངས་པའི་ཕྱིར་དང་། རྒྱལ་པོ་ལ་སོགས་པས་ཤིན་ཏུ་བཀུར་བའི་ཕྱིར་ཆེ་བ་ཞེས་བྱའོ། །གྲངས་ཤིན་ཏུ་མང་བའི་ཕྱིར་མང་བ་ཞེས་
བྱའོ། །མུ་སྟེགས་ཅན་དགུ་བཅུ་རྩ་དྲུག་གི་སྨྲ་བ་རྣམས་འཇིག་པའི་ཕྱིར་མཆོག་ཏུ་གྱུར་པའོ་ཞེས་འབྱུང་ངོ་། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ནི་རྣམ་པ་བཞིར་བསྟན་ཏེ། དབང་པོ་རྣོ་བ་དང་། མི་སློབ་པ་དང་། མ་ངེས་པ་དང་། འཁོར་མང་པོའོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་

ཐམས་ཅད་ཀྱང་དབང་པོ་ཤིན་ཏུ་རྣོ་བ་ཕ་རོལ་ཏུ་ཕྱིན་པའི་རིགས་ཅན་གྱི་ཉན་ཐོས་ཡིན་པའི་ཕྱིར་ཆེན་པོ་ཞེས་བྱའོ། །གཞན་ཡང་མི་སློབ་པའི་འབྲས་བུའི་གནས་སྐབས་ལ་གནས་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ཡང་དག་པའི་དོན་དུ་ན་ཐམས་ཅད་ཀྱང་མ་ངེས་པའི་
རིགས་ཅན་གྱི་ཉན་ཐོས་ཡིན་པས། འབྲས་བུ་ཆུང་ངུ་ཐོབ་ནས་བྱང་ཆུབ་ཆེན་པོར་གཞོལ་བའི་ཕྱིར་ཆེན་པོ་ཞེས་བྱའོ། །ཡང་ན་འཁོར་གྲངས་མང་བའི་ཕྱིར་ཆེན་པོ་ཞེས་བྱ་སྟེ། ད་ལྟར་གྱི་འཁོར་མང་པོ་བཞིན་ནོ་ཞེས་འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པས་བྱས་པའི་བརྗེད་བྱང་
ལས། ཆེན་པོ་ཞེས་བྱ་བ་ནི་དོན་རྣམ་པ་གསུམ་ཡོད་དོ། །དང་པོ་ནི་གྲངས་མང་བ་སྟེ། ཇི་ལྟར་དམག་ཆེན་པོ་ཞེས་བརྗོད་པ་ལྟ་བུ་གྲངས་མང་བའི་ཕྱིར་ཆེན་པོ་ཞེས་བྱའོ། །གཉིས་པ་ནི་ཚད་ཆེ་བ་སྟེ་ཇི་ལྟར་རིན་པོ་ཆེ་ཞེས་བརྗོད་པ་ལྟར་གྲངས་མང་བའི་ཕྱིར་ཆེན་པོ་ཞེས་བྱ་བ་མ་ཡིན་གྱི་
དབྱིབས་ཀྱི་ཚད་མཐོ་ཞིང་རྒྱ་ཆེ་བའི་ཕྱིར་ཆེན་པོ་ཞེས་བརྗོད་པའོ། །གསུམ་པ་ནི་མཆོག་ཏུ་གྱུར་པས་ཆེ་བ་སྟེ། རྒྱལ་པོ་ཆེན་པོ་ཞེས་བརྗོད་པ་ལྟ་བུ་གྲངས་མང་བ་དང་། དབྱིབས་ཀྱི་ཚད་མཐོ་ཞིང་རྒྱ་ཆེ་བ་ལ་བྱ་བ་མ་ཡིན་གྱི། ཡོན་ཏན་མཆོག་ཏུ་གྱུར་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ཉན་ཐོས་
རྣམས་ཀྱང་དེ་བཞིན་ཏེ་གྲངས་གཅིག་ཁོ་ན་མ་ཡིན་པའི་ཕྱིར་དེ་ནི་གྲངས་ཆེན་པོ་ཞེས་བྱའོ། །སངས་རྒྱས་ཀྱི་འབྲས་བུ་ཚོལ་བར་སེམས་གྱུར་ནས་བྱང་ཆུབ་ཀྱི་ལམ་བསྒྲུབ་སྟེ། ཤིན་ཏུ་མཐོ་ཞིང་བླ་ན་མེད་པར་གྱུར་པ་ནི་མཆོག་ཏུ་ཆེ་བ་ཡིན་ནོ། །རྒྱ་ཆེ་ཞིང་གཏིང་མེད་དེ་དཔག་པར་མི་
ནུས་པ་ནི་ཚད་མེད་པ་ཞེས་བྱའོ་ཞེས་བཤད་དོ། །དེ་ལ་ཉན་ཐོས་ཞེས་བྱ་བ་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་བསྟན་པ་ལས། ཆོས་ཐོས་པས་གོ་བར་གྱུར་པའི་ཕྱིར་ཉན་ཐོས་ཞེས་བྱའོ་ཞེས་འབྱུང་ངོ་། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས། སངས་རྒྱས་ཀྱི་གསུང་གི་སྒྲ་ཐོས་པས་འཕགས་
པའི་ལམ་ལ་འཇུག་པའི་ཕྱིར་ཉན་ཐོས་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་གཞན་དག་ལས་ཡང་དག་པའི་ཆོས་ཀྱི་གསུང་གི་སྒྲ་ཐོས་པ་དང་། གཞན་དག་ཡང་དག་པའི་ཆོས་ཀྱི་སྒྲ་ཐོས་པར་བྱེད་པའི་ཕྱིར་ཉན་ཐོས་ཞེས་བྱའོ་ཞེས་བཤད་དོ། །ཉན་ཐོས་

ཀྱི་སྒྲ་རྒྱ་ཆེར་བཤད་པ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་དང་། གནས་པ་བཅུའི་བཤད་པ་དང་། མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འདུས་པ་ཆེན་པོ་ལ་སོགས་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་དགེ་འདུན་ཞེས་བྱ་བ་ནི་སཾ་གྷའི་སྒྲ་ལས་དྲངས་ནས་མཐུན་
པའི་འཁོར་ཞེས་བྱ་བར་འདྲེན་ཏེ། དོན་དང་དངོས་པོ་གཉིས་མཐུན་པར་གྱུར་པའི་ཕྱིར་དགེ་འདུན་ཞེས་བྱའོ། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཐམས་ཅད་ཀྱང་རབ་ཏུ་བྱུང་བའི་དགེ་འདུན་ཡིན་པའི་ཕྱིར་དགེ་འདུན་ཞེས་བྱའོ་ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་འགྲེལ་པ་ལས་ནི། དགེ་སློང་མང་པོ་གཅིག་ཏུ་འདུས་ནས་མཐུན་པར་གྱུར་པ་ནི་དགེ་འདུན་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །ཐམས་ཅད་ཀྱང་ཤིན་ཏུ་དུལ་བ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡོན་ཏན་རྣམས་རྒྱ་ཆེར་བཤད་པ་ཞེས་བྱ་བ་བསྟན་
ཏོ། །འདི་ཡང་ཡོན་ཏན་རྣམ་པ་བཅུ་གསུམ་ཡོད་པ་ཉིད་ཀྱིས་སྒོ་རྣམ་པ་བཅུ་གསུམ་དུ་དབྱེ་སྟེ། འདིས་ནི་དང་པོ་ཤིན་ཏུ་དུལ་བའི་ཡོན་ཏན་བསྟན་ཏོ། །འདི་ཡང་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། བཤད་པ་རྣམ་པ་གསུམ་ཡོད་དེ། དེའི་ཕྱིར་དེ་ཉིད་ལས་ཐམས་ཅད་ཀྱང་ཤིན་
ཏུ་དུལ་བ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་སློབ་པ་དང་བཅས་པ་དག་གིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གནས་ངན་ལེན་ཀུན་དུ་བརྟགས་པ་བརྒྱ་རྩ་བཅུ་གཉིས་ཀྱི་རྣམ་པ་དང་བྲལ་བ་དམུ་རྒོད་མ་ཡིན་པའི་ཕྱིར་རྟ་ཅང་ཤེས་བཞིན་པས་ན་ཤིན་ཏུ་དུལ་བ་ཞེས་བྱའོ་ཞེའོ། །ཁ་
ཅིག་ནི་མི་སློབ་པ་དག་གིས་མཐོང་བ་དང་། བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་བརྒྱ་ཉི་ཤུ་རྩ་བརྒྱད་དང་བྲལ་བས་མ་དུལ་བ་མ་ཡིན་པའི་ཕྱིར། གསེར་བཙོ་མ་བཞིན་པས་ན་དུལ་བ་ཞེས་བྱའོ། །ཡང་དག་པའི་དོན་དུ་ཀུན་ཀྱང་བྱང་ཆུབ་ཆེན་པོར་ཡོངས་སུ་
བསྔོས་པའི་རིགས་ཅན་དག་ཡིན་པས་ཐམས་ཅད་ཀྱང་འབྲས་བུ་ཆེན་པོ་ལ་གཞོལ་བ་དང་། དེ་བཞིན་གཤེགས་པའི་ཐུགས་ཇི་ལྟ་བ་བཞིན་དུ་འགྱུར་ཞིང་། གླང་པོ་ཆེ་ཅང་ཤེས་བཞིན་པས་ན་ཤིན་ཏུ་དུལ་བ་ཞེས་བྱ་སྟེ། ཤིན་ཏུ་དུལ་བ་རྒྱ་ཆེར་བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་འགྲེལ་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །སངས་རྒྱས་ཀྱི་སྲས་ཞེས་བྱ་བས་ནི་གཉིས་པ་སངས་རྒྱས་ཀྱི་གདུང་གསོབ་པའི་ཡོན་ཏན་བསྟན་ཏོ། །སངས་རྒྱས་ཀྱི་སྲས་ཞེས་བྱ་བ་འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། དང་པོ་ནི་ཉན་ཐོས་ཀྱི་དབང་
དུ་མཛད་ནས་སངས་རྒྱས་ཀྱི་སྲས་ཞེས་བཤད་དེ། མདོ་སྡེ་འདི་ཉིད་དང་། སངས་རྒྱས་ཀྱི་ས་ལ་སོགས་པ་ལས་གསུངས་པ་ཉིད་དོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། དེ་བཞིན་གཤེགས་པའི་ལུང་གི་སྟོབས་ཀྱིས་འཕགས་པའི་ལམ་ལས་སྐྱེས་པའི་ཕྱིར། སངས་
རྒྱས་ཀྱི་སྲས་ཞེས་བྱ་སྟེ། ཇི་སྐད་དུ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་གསུང་ངག་ལས་སྐྱེས་པ་སྟེ། ཡང་དག་པའི་ཆོས་ལས་སྐྱེས་པའི་ཕྱིར་རོ་ཞེས་བཤད་པ་ལྟ་བུའོ། །ཁ་ཅིག་ནི་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་གཞོལ་བའི་ཉན་ཐོས་ཡིན་པས། དེ་བཞིན་གཤེགས་པའི་
གདུང་འཚོབ་ཅིང་རྒྱུན་མི་གཅོད་པའི་ཕྱིར་སངས་རྒྱས་ཀྱི་སྲས་ཞེས་བྱའོ་ཞེས་འབྱུང་ངོ་། །གཉིས་པ་ནི་བྱང་ཆུབ་སེམས་དཔའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་སྲས་ཞེས་བཤད་དེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས། ཇི་སྐད་དུ་སངས་
རྒྱས་ཀྱི་སྲས་ཞེས་བྱ་བ་ཡང་དོན་རྣམ་པ་ལྔ་ཡོད་དེ། བླ་ན་མེད་པའི་ཐེག་པ་ལ་ཤིན་ཏུ་མོས་པས་ནི་ས་བོན་བྱེད་དོ། །ཤེས་རབ་ཀྱིས་ནི་མི་བྱེད་དོ། །ཏིང་ངེ་འཛིན་གྱིས་ནི་མངལ་བྱེད་དོ། །སྙིང་རྗེ་ཆེན་པོས་ནི་མ་མ་བྱེད་དོ། །སངས་རྒྱས་རྣམས་ཀྱིས་ནི་ཡབ་མཛད་དོ་ཞེས་བཤད་
པ་ལྟ་བུའོ། །སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས། སེམས་ཅན་གྱི་ལུས་མངོན་པར་གྲུབ་པ་ལས་གདོན་མི་ཟ་བར་དངོས་པོ་ལྔ་ཕུན་སུམ་ཚོགས་པར་བྱ་དགོས་ཏེ། ཕ་དང་། ས་བོན་དང་། མ་དང་། མངལ་གྱི་གནས་དང་། མ་མའོ། །ཕ་ནི་བུ་སྐྱེད་པའི་གཞི་ཡིན་
པས་སྔར་བསྟན་པའོ། །ཕའི་ཁུ་ཆུ་ལས་ལུས་ཀྱི་ས་བོན་དུ་འགྱུར་བའི་ཕྱིར་གཉིས་པ་ས་བོན་བསྟན་ཏོ། །མ་མེད་ན་འཛིན་པར་མི་ནུས་པས་ལུས་མི་འགྲུབ་པའི་ཕྱིར་གསུམ་པ་མ་བསྟན་ཏོ། །མས་ཡོངས་སུ་བཟུང་ཡང་གལ་ཏེ་མངལ་གྱིས་མ་བཀྲིས་ན་ལུས་མི་འགྲུབ་སྟེ། མངལ་

ནི་ལུས་གནས་པའི་རྟེན་ཡིན་པས་བཞི་པ་མངལ་གྱི་གནས་བསྟན་ཏོ། །བཙས་ནས་མ་མས་མ་གསོས་ན་ལུས་མི་འགྲུབ་པའི་ཕྱིར་ལྔ་པ་མ་མ་བསྟན་ཏོ། །སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ཡང་དེ་བཞིན་དུ་རྐྱེན་ཁྱད་པར་ཅན་རྣམ་པ་ལྔ་དགོས་ཏེ། དང་པོ་ནི་ཡབ་མཆོག་ཏུ་གྱུར་པ་སྟེ།
སངས་རྒྱས་བཅོམ་ལྡན་འདས་རྣམས་ཡབ་མཛད་པའི་ཕྱིར་རོ། །གཉིས་པ་ནི་ས་བོན་མཆོག་ཏུ་གྱུར་པ་སྟེ། འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱིས་ས་བོན་བྱེད་པའོ། །གསུམ་པ་ནི་སྐྱེད་པའི་ཡུམ་མཆོག་ཏུ་གྱུར་པ་སྟེ། ཤེས་རབ་ཀྱིས་བསྐྱེད་པའི་མ་བྱེད་པའི་ཕྱིར་རོ། །བཞི་པ་
ནི་མངལ་གྱི་སྙིང་པོ་མཆོག་ཏུ་གྱུར་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་ནས་མངལ་གྱི་སྙིང་པོ་བྱེད་པའི་ཕྱིར་རོ། །ལྔ་པ་ནི་མ་མ་མཆོག་ཏུ་གྱུར་པ་སྟེ། སྙིང་རྗེ་ཆེན་པོ་རྣམས་ཀྱིས་གསོ་ཞིང་མ་མ་བྱེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །གསུམ་པ་ནི་བྱང་
ཆུབ་སེམས་དཔའ་དང་། ཉན་ཐོས་གཉི་གའི་དབང་དུ་མཛད་ནས། སངས་རྒྱས་ཀྱི་སྲས་ཞེས་བཤད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཇི་སྐད་དུ་སངས་རྒྱས་ཀྱི་སྲས་ནི་རྣམ་པ་ལྔ་སྟེ། ཐམས་ཅད་ཀྱང་གསུང་ལས་སྐྱེས་པ། ཆོས་ལས་སྐྱེས་པ།
འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དང་། ཡང་དག་པའི་གནས་སྐབས་སུ་ཞུགས་པའི་བྱང་ཆུབ་སེམས་དཔའོ། །རང་སངས་རྒྱས་ནི་སངས་རྒྱས་ཀྱི་ཆོས་ཀྱི་ནང་དུ་རྒྱུ་རྐྱེན་བཏབ་པ་ཡིན་མོད་ཀྱི། སངས་རྒྱས་མི་འབྱུང་བའི་ཚེ་རང་ཉིད་ཀྱིས་ལམ་རྟོགས་པའི་
ཕྱིར། གསུང་ལས་སྐྱེས་པ་ཞེས་མི་བརྗོད་དེ། རྒྱུའི་རྐྱེན་རིང་དུ་གྱུར་པའི་ཕྱིར་རོ་ཞེས་འབྱུང་སྟེ། སངས་རྒྱས་ཀྱི་སྲས་ཀྱི་དོན་རྒྱ་ཆེར་བཤད་པ་ནི་བསྟན་བཅོས་མདོ་སྡེ་རྒྱན་དང་། སངས་རྒྱས་ཀྱི་རང་བཞིན་བསྟན་པ་དང་ཐེག་པ་ཆེན་པོ་བསྡུས་པ་དང་། གནས་པ་བཅུ་བཤད་
པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་སྟེ། མངས་ཀྱིས་དོགས་ནས་འདིར་མ་བསྟན་ཏོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བས་ནི་གསུམ་པ་སེམས་དང་ཤེས་རབ་རྣམ་པར་

གྲོལ་བའི་ཡོན་ཏན་བསྟན་ཏེ། མདོ་ལས་ཇི་སྐད་དུ་འདི་ལྟར་འདོད་ཆགས་དང་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །མ་རིག་པ་དང་བྲལ་བའི་ཕྱིར་ཤེས་རབ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །
མདོའི་ཚིག་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། བྱེ་བྲག་ཏུ་སྨྲ་བ་དག་ནི་འདི་སྐད་དུ་སེམས་ནི་རང་བཞིན་གྱིས་རྣམ་པར་དག་པ་སྟེ། གློ་བུར་གྱིས་ཉོན་མོངས་པས་མ་གོས་པའི་ཕྱིར་རོ། །རྣམ་པར་མ་དག་པ་ཞེས་བཤད་དེ། ཡང་དག་པའི་དོན་དུ་ན་སེམས་དང་ཤེས་
རབ་རང་བཞིན་གྱིས་རྣམ་པར་གྲོལ་བ་ཡིན་ནོ་ཞེའོ། །ཐམས་ཅད་ཡོད་པར་སྨྲ་བ་དག་ནི་སེམས་འདོད་ཆགས་དང་བྲལ་བའི་ཚེ་སེམས་དང་མཚུངས་པར་ལྡན་པའི་མོས་པ་འདོད་ཆགས་ལས་རྣམ་པར་གྲོལ་བའི་ཕྱིར་མོས་པ་དེ་ཉིད་ལས་སེམས་རྣམ་པར་གྲོལ་བ་ཞེས་བཤད་དོ། །
ཤེས་རབ་མ་རིག་པ་དང་བྲལ་བའི་ཚེ་ཤེས་རབ་དང་མཚུངས་པར་ལྡན་པའི་མོས་པ་མ་རིག་པ་ལས་རྣམ་པར་གྲོལ་བའི་ཕྱིར་མོས་པ་དེ་ཉིད་ཤེས་རབ་རྣམ་པར་གྲོལ་བ་ཞེས་བཤད་དེ། འདུས་མ་བྱས་དང་མྱ་ངན་ལས་འདས་པ་ལ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེའོ། །
མདོ་སྡེ་པ་དག་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས་འདུ་ཤེས་བཅུ་བཤད་པ་ལས་འབྱུང་བ་བཞིན་དུ་མ་རིག་པ་དང་བྲལ་བའི་ཕྱིར། ཤེས་རབ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །སྲེད་པ་དང་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ་ཞེའོ། །འདིར་
ཐེག་པ་ཆེན་པོའི་བསྟན་བཅོས་དང་སྦྱར་ན། སངས་རྒྱས་ཀྱི་སའི་འགྲེལ་པ་ལས། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཁམས་གསུམ་པའི་འདོད་ཆགས་ལས་རྣམ་པར་གྲོལ་བའི་ཕྱིར་ཏེ། ཇི་སྐད་དུ་འདོད་ཆགས་དང་བྲལ་བའི་སེམས་རྣམ་པར་གྲོལ་བ་འཐོབ་པར་འགྱུར་
རོ་ཞེས་བཤད་པ་ལྟ་བུའོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་ཏེ། ཇི་སྐད་དུ་མ་རིག་པ་འགགས་པས་ཤེས་རབ་རྣམ་པར་གྲོལ་བ་འཐོབ་པར་འགྱུར་རོ་ཞེས་བཤད་པ་ལྟ་བུའོ་ཞེས་འབྱུང་སྟེ། དེ་

ལ་བཤད་པ་ལྟ་བུའི་ཞེས་བྱ་བ་ནི་མདོ་ལས་གསུངས་པ་དག་ལ་སྙེགས་སོ། །སངས་རྒྱས་ཀྱི་སའི་འགྲེལ་པའི་དགོངས་པ་ནི་སེམས་དང་ཤེས་རབ་ཀྱི་དབང་གིས་འདོད་ཆགས་དང་བྲལ་བ་དང་། གཏི་མུག་དང་བྲལ་བ་འཐོབ་པར་འགྱུར་ལ། དེས་འཐོབ་པའི་འདུས་མ་བྱས་ནི་
རྣམ་པར་གྲོལ་བའི་ངོ་བོ་ཉིད་བྱེད་པས་རིགས་པ་དང་འགལ་བ་མེད་དེ། བསྟན་བཅོས་ལས་རྣམ་པར་མ་ཕྱེ་བའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཉོན་མོངས་པ་རྣམས་ནི་སྲེད་པར་གཏོགས་པ་དང་། ལྟ་བར་གཏོགས་པ་ཡིན་
ཏེ་སྲེད་པར་གཏོགས་པའི་ཉོན་མོངས་པ་རྣམས་ཀྱིས་ནི་སེམས་ལ་སྒྲིབ་པར་བྱེད་དོ། །ལྟ་བར་གཏོགས་པའི་ཉོན་མོངས་པ་རྣམས་ཀྱིས་ནི་ཤེས་རབ་ལ་སྒྲིབ་པར་བྱེད་དོ། །འདི་ལྟར་སྲེད་པ་དང་བྲལ་བའི་ཕྱིར་སྲེད་པར་གཏོགས་པའི་ཉོན་མོངས་པ་རྣམས་དང་བྲལ་ནས། མ་རིག་པ་
དང་བྲལ་བའི་ཕྱིར་ལྟ་བར་གཏོགས་པའི་ཉོན་མོངས་པ་རྣམས་དང་བྲལ་བས་ཤེས་རབ་རྣམ་པར་གྲོལ་བ་འཐོབ་པར་འགྱུར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འདོད་ཆགས་དང་ཞེ་སྡང་དང་།
གཏི་མུག་གི་སེམས་གཏན་འགགས་པའི་ཕྱིར། སེམས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་རོ། །ཆོས་ཐམས་ཅད་ལ་ཐོགས་པ་མེད་པས་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཤིན་ཏུ་ཞེས་བྱ་
བ་ནི་བཟང་པོ་ཞེས་བྱ་བར་བསྒྱུར་ཏེ། བཟང་པོའི་རྣམ་པར་གྲོལ་བ་དེ་ཡང་རྣམ་པ་གསུམ་སྟེ། དང་པོ་ནི་མུ་སྟེགས་ཅན་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་གང་ཟག་ལས་རྣམ་པར་དབྱེ་སྟེ། དེ་དག་གནས་གཅིག་པ་དང་། ལམ་གཅིག་པས་སེམས་རྣམ་པར་གྲོལ་བ་ཡིན་གྱི་ཐམས་
ཅད་ལས་མ་ཡིན་པའི་ཕྱིར་བཟང་པོ་ཞེས་མི་བྱའོ། །གཉིས་པ་ནི་ཆོས་འདི་པའི་སློབ་པ་དང་བཅས་པའི་གང་ཟག་ལས་རྣམ་པར་དབྱེ་བ་སྟེ། དེ་དག་རྣམ་པར་གྲོལ་བས་ཐོབ་པ་ཡིན་མོད་ཀྱི། ཉོན་མོངས་པའི་ལྷག་མ་ལུས་པའི་ཕྱིར་རྣམ་པར་གྲོལ་བ་མ་ཡིན་ནོ། །གསུམ་པ་ནི་མི་སློབ་པ་

ལས་ལྡོག་པའི་ཆོས་ཅན་གྱི་དགྲ་བཅོམ་པ་དང་དུས་ཀྱི་རྣམ་པར་གྲོལ་བ་ཐོབ་པ་ལས་རྣམ་པར་དབྱེ་བ་སྟེ། དེ་དག་བཟང་པོ་རྣམ་པར་གྲོལ་བ་མ་ཡིན་པས། དེའི་ཕྱིར་དགྲ་བཅོམ་པ་དབང་པོ་རྣོན་པོའི་དབང་དུ་མཛད་ནས། བཟང་པོ་རྣམ་པར་གྲོལ་
ཞེས་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ་། །ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བས་ནི་བཞི་པ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་བསྟན་ཏེ། འདི་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་རྣམ་གྲངས་གསུམ་གྱིས་རྣམ་པར་བཤད་དེ་དང་པོ་ནི་ཡན་ལག་དྲུག་
ལ་བརྟེན་ནས་སོ། །གཉིས་པ་ནི་ཟག་པ་མེད་པ་ལ་བརྟེན་ནས་སོ། །གསུམ་པ་ནི་ཐེག་པ་ཆེན་པོ་ལ་བརྟེན་ནས་སོ། །དེ་ལ་ཡན་ལག་དྲུག་ལ་བརྟེན་ནས་བཤད་པ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི་མདོ་ལས་ཇི་སྐད་དུ། ཡན་ལག་
དྲུག་དང་ལྡན་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱ་སྟེ། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བདག་ཉིད་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཤིན་ཏུ་ཕྲ་བ་དག་ལ་
ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཟག་པ་མེད་པ་ལ་བརྟེན་པ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཡང་ན་ཐམས་ཅད་ཀྱིས་ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་པའི་ཕྱིར་ཤིན་ཏུ་རྣམ་པར་དག་
པ་ཞེས་འབྱུང་ངོ་། །དེ་ལ་ཐེག་པ་ཆེན་པོ་ལ་བརྟེན་ནས་བཤད་པ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཡང་དག་པའི་དོན་དུ་ནི་མི་སློབ་པའི་ས་ལ་གནས་པ་དག་ཐེག་པ་ཆེན་པོར་ཡོངས་སུ་བསྔོས་པས་རང་གི་ཕྱོགས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའི་
ཚུལ་ཁྲིམས་བསྒྲུབ་པའི་ཕྱིར། ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ་ཞེས་འབྱུང་ངོ་། །ཆོས་ཀྱི་བདེ་བ་ལ་གཞོལ་ཞིང་ཡོངས་སུ་ཚོལ་བ་ཞེས་བྱ་བས་ནི་ལྔ་པ་ཆོས་ཀྱི་བདེ་བ་གཉེར་བའི་ཡོན་ཏན་བསྟན་ཏོ། །འདི་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་རྣམ་པ་གསུམ་དུ་བཤད་དེ། དེའི་

ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཆོས་ཀྱི་བདེ་བ་ལ་གཞོལ་ཞིང་ཡོངས་སུ་ཚོལ་བ་ཞེས་བྱ་བ་ནི་ཆོས་ཡང་དག་པར་ཡོངས་སུ་ཚོལ་བ་ན་བདེ་བ་ཆེན་པོ་འདི་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ལ་གཞོལ་བར་བྱེད་ཀྱི། དོན་གཞན་མི་ཚོལ་བའོ། །ཡང་ན་ཆོས་ཚོལ་བའི་ཚེ་གཞན་
བདེ་བར་བྱ་བའི་ཕྱིར་ཏེ་ཀླན་ཀ་ཚོལ་བའི་བསམ་པ་མེད་པ་དང་། སྤྱོད་ལམ་ངན་པ་ཡོངས་སུ་སྤངས་པའོ། །ཡང་དག་པའི་དོན་དུ་ན་ཉན་ཐོས་ཆེན་པོ་འདི་དག་རྩེ་གཅིག་ཏུ་ཆོས་ཀྱི་བདེ་བ་ཚོལ་བར་བྱེད་པ་གྲགས་པ་དང་རྙེད་པ་དང་། བཀུར་སྟི་ཚོལ་བ་ནི་མ་ཡིན་པའོ་ཞེས་འབྱུང་ངོ་། །
མང་དུ་ཐོས་པ་ཐོས་པ་འཛིན་པ་ཐོས་པ་བསགས་པ་ཞེས་བྱ་བས་ནི་དྲུག་པ་ཐོས་པའི་ཤེས་རབ་ཕུན་སུམ་ཚོགས་པའི་ཡོན་ཏན་བསྟན་ཏེ། འདི་ལྟར་ཚིག་གསུམ་པོ་དེ་དག་ཀྱང་ཐོས་པའི་ཤེས་རབ་ཀྱིས་དང་པོ་དང་བར་མ་དང་གནས་སྐབས་ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་
པའི་བྱེ་བྲག་གི་དབང་དུ་མཛད་ནས་ཚིག་རྣམ་པ་གསུམ་རྣམ་པར་འབྱེད་པ་ཡིན་ནོ། །ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དང་སྦྱར་ན་མང་དུ་ཐོས་པ་རྗེས་སུ་དྲན་པ་དང་། ཡོངས་སུ་འཛིན་པ་དང་། བྱང་བར་བྱེད་པ་ནི་ཚིག་གསུམ་པོ་བྱེ་བྲག་ཡིན་ནོ་ཞེས་ཟེར་ཏེ། དེའི་ཕྱིར་བསྟན་
བཅོས་རྣམ་གྲངས་བསྡུ་བ་ལས། མང་དུ་ཐོས་པ་ཐོས་པ་འཛིན་པ་ཐོས་པ་བསགས་པ་ཞེས་བྱ་བ་ནི་འདི་ལྟར་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། ཚིག་འབྲུ་དང་དོན་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་
པར་སྤྱོད་པའི་ཆོས་བཤད་པ་ན། ཆོས་དེ་དག་མང་དུ་ཐོས་པ་ཕུན་སུམ་ཚོགས་པ་དང་། ཐོས་པ་འཛིན་པ་དང་། བསྟན་པའི་ཚིག་བྱང་བར་བྱེད་པའོ་ཞེས་འབྱུང་ངོ་། །རྣལ་འབྱོར་སྤྱོད་པའི་ས་ལས་ཐོག་མར་དགེ་བ་ནི་འདི་ལྟ་སྟེ། ཉན་པ་ན་རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་རོ། །
བར་དུ་དགེ་བ་ནི་འདི་ལྟ་སྟེ། བར་དུ་སྦྱོར་བ་ན་ཚེགས་ཆུང་ངུས་མཐའ་གཉིས་རྣམ་པར་སྤངས་ནས། དབུ་མའི་ལམ་དུ་འགྲོ་བའི་ཕྱིར་རོ། །ཐ་མར་དགེ་བ་ནི་འདི་ལྟ་སྟེ། ཤིན་ཏུ་མཐར་ཕྱིན་ནས་དྲི་མ་རྣམས་དང་བྲལ་བའི་ཕྱིར་དང་། ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་དང་། ཤིན་ཏུ་

འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པར་གྱུར་པའི་ཕྱིར་རོ། །དོན་བཟང་པོ་ནི་ཕན་པ་དང་བདེ་བ་རབ་ཏུ་འདྲེན་པའི་ཕྱིར་རོ། །ཚིག་འབྲུ་བཟང་པོ་ནི་འདི་ལྟ་སྟེ། མིང་གི་ཚོགས་ལ་སོགས་པ་ལེགས་པར་སྦྱར་བ་དང་ཚིག་ཏུ་འདོན་པ་ཟུར་ཕྱིན་པའི་ཕྱིར་རོ། །
མ་འདྲེས་པ་ནི་འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་དུ་མ་གྱུར་པའི་ཕྱིར་རོ། །ཡོངས་སུ་རྫོགས་པ་ནི་ཚད་མེད་པའི་ཕྱིར་དང་། ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཡོངས་སུ་དག་པ་ནི་འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་གྲོལ་བའི་ཕྱིར་རོ། །ཡོངས་
སུ་བྱང་བ་ནི་འདི་ལྟ་སྟེ། རྣམ་པར་གྲོལ་བ་མཚམས་སྦྱོར་བའི་ཕྱིར་རོ། །ཚངས་པར་སྤྱོད་པ་འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་དེ། ལམ་འདི་ནི་མ་འདྲེས་པའི་རྣམ་པ་ལ་སོགས་པ་མཚན་ཉིད་བཟང་པོ་རྣམ་པ་བཞིས་བསྟན་ཏོ་ཞེས་འབྱུང་ངོ་། །འདི་ལྟར་ཐེག་པ་
ཆེན་པོའི་གཞུང་དང་སྦྱར་ན། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་མདོ་སྡེ་ཚད་མ་རྣམས་ཀྱི་དང་པོ་དང་། བར་མ་དང་། ཐ་མའི་ཡན་ལག་རྣམས་ཐམས་ཅད་ཐོས་ཤིང་གཟུང་བའི་ཕྱིར་མང་དུ་ཐོས་པ་ཞེས་བྱའོ། །ཐོས་པའི་དོན་གྱི་རྗེས་སུ་ཐམས་ཅད་དྲན་ཞིང་མི་བརྗེད་པའི་
ཕྱིར་ཐོས་པ་འཛིན་པ་ཞེས་བྱའོ། །ཚིག་འབྲུ་དང་དོན་གོམས་པར་བྱ་སྟེ། བརྟན་པོར་གནས་པར་བྱེད་པས། དེའི་ཕྱིར་ཐོས་པ་ལ་སོགས་པས་ཞེས་བྱའོ་ཞེས་འབྱུང་ངོ་། །ལེགས་པར་བསམ་པ་སེམས་པ་ལེགས་པར་སྨྲ་བ་བརྗོད་པ། ལེགས་པར་བྱ་བའི་ལས་བྱེད་པ་ཞེས་
བྱ་བས་ནི། བདུན་པ་ལས་རྣམ་པ་གསུམ་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཡོན་ཏན་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འཇིག་རྟེན་པ་བྱིས་པ་དག་ནི་ཉེས་པར་བསམ་པ་སེམས་པ་ཉེས་པར་སྨྲ་བ་བརྗོད་པ། ཉེས་པར་བརྗོད་པའི་ལས་བྱེད་པ་དག་
ཡིན་གྱི་འཇིག་རྟེན་ལས་འདས་པའི་འཕགས་པ་དག་ནི་དེ་དག་གི་ཆོས་ལས་འདས་ཤིང་དེ་དག་དང་མི་མཐུན་པས། དེའི་ཕྱིར་ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་བརྗོད་པ། ལེགས་པར་བརྗོད་པའི་ལས་བྱེད་པ། ལས་རྣམ་པ་གསུམ་རྣམ་པར་དག་པ་ཡེ་

ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་གསུངས་སོ་ཞེས་འབྱུང་ངོ་། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། ཇི་ལྟར་མཁས་པའི་རྟགས་དང་ལྡན་པ་ཡིན་ཞེ་ན། འདི་ལྟ་སྟེ་ལས་ཀྱི་མཚན་ཉིད་ཀྱིས་བྱིས་པ་ཡིན་པར་ཤེས་ལ། ལས་ཀྱི་མཚན་ཉིད་ཀྱིས་མཁས་པ་ཡིན་པར་
ཤེས་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། བྱིས་པ་རྣམས་ཉེས་པར་བསམ་པ་སེམས་པ་དང་། ཉེས་པར་སྨྲ་བ་བརྗོད་པ་དང་། ཉེས་པར་བྱེད་པའི་ལས་བྱེད་པ་ཡིན་གྱི། མཁས་པ་ནི་ལེགས་པར་བསམ་པ་སེམས་པ་དང་། ལེགས་པར་སྨྲ་བ་བརྗོད་པ་དང་། ལེགས་པར་
བྱ་བའི་ལས་བྱེད་པ་ཡིན་ཏེ། དེ་ལྟར་མཁས་པའི་རྟགས་དང་ལྡན་པ་ཡིན་ནོ་ཞེས་འབྱུང་སྟེ། དེ་ལ་ལེགས་པར་སེམས་པ་ཞེས་བྱ་བ་ལ་སོགས་པ་ནི་ཡིད་དང་ངག་དང་ལུས་ཀྱི་ལས་ཡོངས་སུ་དག་པ་རྣམ་པ་གསུམ་དང་གོ་རིམས་བཞིན་ནོ། །ཉེས་པར་བསམ་པ་ཞེས་བྱ་བ་ལ་སོགས་
པ་ནི་ཉོན་མོངས་པ་ཅན་གྱི་ལས་རྣམ་པ་གསུམ་སྟེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་ཉེས་པར་བསམ་པ་སེམས་པ་དང་། ཉེས་པར་སྨྲ་བ་བརྗོད་པ་དང་། ཉེས་པར་བྱ་བའི་ལས་བྱེད་པ་ཇི་ཙམ་དུ་མངོན་སུམ་དུ་སྤྱོད་པའི་ལུས་དང་། ངག་དང་ཡིད་ཀྱི་ལས་རྣམས་ནི་ཐམས་ཅད་
ཀྱང་རྣམ་པར་མ་དག་པ་ཡིན་ནོ་ཞེས་བཤད་དོ། །ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་རྟོགས་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་
པ་མེད་པ། ཤེས་རབ་རིན་པོ་ཆེར་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་བརྒྱད་པ་ཤེས་རབ་ཁྱད་པར་ཅན་གྱི་ཡོན་ཏན་བསྟན་ཏེ། ཤེས་རབ་འདི་དག་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ནི་མདོ་སྡེ་འདི་ལས་ཤེས་རབ་རྣམ་པ་བརྒྱད་ཀྱི་མིང་སྟོན་ཏེ། མདོ་ལས་ཤེས་རབ་
རིན་པོ་ཆེ་ཡོངས་སུ་གྲུབ་པ་ཞེས་བྱ་བས་གོང་མའི་ཤེས་རབ་བརྒྱད་པོ་དག་ཤེས་རབ་རིན་པོ་ཆེ་ཡིན་པར་སྡུད་པ་ཡིན་གྱི། ལོགས་ཤིག་ཏུ་ཤེས་རབ་རྣམ་པར་གཞག་པ་མ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས། ཤེས་རབ་རིན་པོ་ཆེ་ཞེས་འབྱུང་གི་རིན་པོ་ཆེའི་ཤེས་རབ་

ཅེས་མི་བརྗོད་དོ་ཞེའོ། །ཁ་ཅིག་ནི་ཤེས་རབ་རྣམ་པ་དགུ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། རིན་པོ་ཆེའི་ཤེས་རབ་ཅེས་འབྱུང་བའི་ཕྱིར། ཤེས་རབ་གཞན་ཡིན་
པར་ཤེས་པར་བྱའོ་ཞེའོ། །ཁ་ཅིག་ནི་མདོ་སྡེ་འདི་ལ་ཤེས་རབ་བཅུ་བསྟན་ཏེ། ཤེས་རབ་ཤིན་ཏུ་ཟབ་པས་བསྣན་ནའོ། །དེའི་ཕྱིར་སངས་རྒྱས་ཀྱི་སའི་མདོ་དཔེ་མི་མཐུན་པ་རྣམ་པ་གཅིག་ལས། ཤེས་རབ་ཤིན་ཏུ་ཟབ་པ་ཞེས་འབྱུང་སྟེ། གཞན་དག་གིས་གཏིང་དཔག་
དཀའ་བའི་ཕྱིར་རོ། །འདི་ནི་རེ་ཞིག་རྣམ་པ་དགུ་དང་སྦྱར་ནས་རྣམ་པར་འབྱེད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བའི་དོན་ལ་མྱུར་དུ་འཇུག་པའི་ཕྱིར་ཤེས་རབ་མྱུར་བ་ཞེས་བྱའོ། །དེ་ཉིད་ཀྱི་དོན་མང་
པོ་ལ་འཇུག་པའི་ཕྱིར། ཤེས་རབ་མགྱོགས་པ་ཞེས་བྱ་སྟེ། མང་པོ་ལ་འགྲོ་བ་ནི་ཤེས་རབ་མགྱོགས་པ་ཞེས་བྱ་བའི་ཕྱིར་རོ། །དོན་ཕྲ་བ་ལ་འཇུག་པའི་ཕྱིར་ཤེས་རབ་རྣོ་བ་ཞེས་བྱའོ། །འཁོར་བ་ལས་ངེས་པར་འབྱུང་བའི་ཤེས་རབ་ཐོབ་པའི་ཕྱིར། ངེས་པར་འབྱུང་
བའི་ཤེས་རབ་ཅན་ཞེས་བྱའོ། །ངེས་པར་འབྱུང་བའི་ཤེས་རབ་འདི་ཉིད་ཀྱིས་མྱ་ངན་ལས་འདའ་བ་རྟོགས་པའི་རྒྱུ་བྱེད་པས་དེའི་ཕྱིར་ངེས་པར་རྟོགས་པའི་ཤེས་རབ་ཅན་ཞེས་བྱ་སྟེ། མཆོག་ཏུ་གཏན་ལ་འབེབས་པའི་ཕྱིར་ངེས་པར་རྟོགས་པ་ཞེས་བྱ་སྟེ། དེ་ནི་མྱ་ངན་ལས་
འདས་པའོ། །ཤེས་རབ་འདིས་དེ་རྟོགས་པའི་རྒྱུ་བྱེད་པའི་ཕྱིར། དེ་ལ་བརྟེན་ནས་མིང་རྣམ་པར་གཞག་པ་ཡིན་ནོ། །དྲིས་པ་རྣམས་རྣམ་པར་གཏན་ལ་འབེབས་པ་ལ་ཡོངས་སུ་གཏུགས་པ་མེད་པའི་ཕྱིར་ཤེས་རབ་ཆེ་བ་ཞེས་བྱའོ། །ཟབ་ཅིང་རྒྱ་ཆེ་བ་དང་ཤིན་ཏུ་
རྟོགས་པའི་ཕྱིར་ཤེས་རབ་ཡངས་པ་ཞེས་བྱའོ། །ཉན་ཐོས་དབང་པོ་རྟུལ་པོ་རྣམས་ལས་ཤེས་རབ་ཁྱད་པར་དུ་འཕགས་པའི་ཕྱིར། ཤེས་རབ་མཉམ་པ་མེད་པ་ཞེས་བྱའོ། །ཤེས་རབ་འདིས་ནི་དོན་གྱི་མཆོག་ཐོབ་པར་བྱེད་པས། ཤེས་རབ་རིན་པོ་ཆེ་ཞེས་བྱ་སྟེ། ཉན་ཐོས་རྣམས་

ཤེས་རབ་རིན་པོ་ཆེ་དེ་ལྟ་བུ་དག་དང་ལྡན་པའི་ཕྱིར་ཤེས་རབ་ནི་རིན་པོ་ཆེ་ཡོངས་སུ་གྲུབ་པ་ཞེས་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་དོན་གྱི་མཆོག་ཅེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་བྱའོ། །རྣལ་འབྱོར་སྤྱོད་པའི་ས་དང་སྦྱར་ན་དེ་དག་ཅུང་ཟད་མི་མཐུན་ཏེ། དེའི་
ཕྱིར་དེ་ཉིད་ལས་རྐྱེན་རབ་ཏུ་ཤེས་པའི་ཕྱིར་ཤེས་རབ་མྱུར་བ་ཞེས་བྱའོ། །ཐོགས་པ་མེད་པའི་ཕྱིར་ཤེས་རབ་མགྱོགས་པ་ཞེས་བྱའོ། །ཇི་ཙམ་པ་དང་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱ་བའི་ཕྱིར་ཤེས་རབ་རྣོ་བ་ཞེས་བྱའོ། །ངེས་པར་འབྱུང་བའི་ཆོས་རྣམས་དང་། འཇིག་
རྟེན་པའི་འདོད་ཆགས་དང་བྲལ་བ་ཡང་རབ་ཏུ་ཤེས་པའི་ཕྱིར་ངེས་པར་འབྱུང་བའི་ཤེས་རབ་ཅན་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་རབ་ཏུ་ཤེས་པའི་ཕྱིར་ངེས་པར་རྟོགས་པའི་ཤེས་རབ་ཅན་ཞེས་བྱའོ། །ཤེས་རབ་དེ་ཉིད་དུས་ཡུན་རིང་
པོ་ནས་ཡོངས་སུ་གོམས་པར་བྱ་བའི་ཕྱིར་ཤེས་རབ་ཆེ་བ་ཞེས་བྱའོ། །ཤེས་རབ་དེ་ཉིད་ཚད་མེད་པ་དང་མཐའ་ཡས་པའི་སྤྱོད་ཡུལ་གྱི་ཕྱིར་ཤེས་རབ་ཡངས་པ་ཞེས་བྱའོ། །གཞན་དག་གི་ཤེས་རབ་ཀྱིས་མཚུངས་པ་མེད་པའི་ཕྱིར་མཉམ་པ་མེད་པའི་ཤེས་རབ་ཅན་ཞེས་
བྱའོ། །དབང་པོ་ཐམས་ཅད་ཀྱི་ནང་ན་ཤེས་རབ་གཙོ་བོར་གྱུར་པའི་ཕྱིར་ཏེ། ཇི་ལྟར་ཡིད་བཞིན་གྱི་ནོར་བུས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིན་པོ་ཆེ་བཻ་ཌཱུརྱ་འོད་ཀྱིས་སྣང་བར་བྱེད་པ་བཞིན་དུ་གྱུར་པའི་ཕྱིར་དང་། དེ་དང་མཚུངས་པར་ལྡན་པའི་ཕྱིར་ཤེས་རབ་རིན་པོ་
ཆེ་ཡོངས་སུ་གྲུབ་པ་ཞེས་བྱའོ་ཞེས་འབྱུང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་ཤེས་རབ་བཅུ་གཅིག་བསྟན་ཏོ། །འཕགས་པ་འདུས་པ་ཆེན་པོའི་མདོ་ལས་ནི་ཤེས་རབ་བཅུ་གཉིས་གསུངས་སོ། །རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཤེས་རབ་བཅུ་དྲུག་ཅེས་
བྱ་སྟེ། མངས་ཀྱིས་དོགས་པས་འདིར་མ་བརྗོད་དོ། །རིག་པ་གསུམ་དང་ལྡན་པ་ཞེས་བྱ་བ་ནི་དགུ་པ་རིག་པ་གསུམ་དང་ལྡན་པའི་ཡོན་ཏན་བསྟན་ཏེ། མདོ་དག་ལས་ཇི་སྐད་དུ། རིག་པ་ནི་རྣམ་པ་གསུམ་ཡོད་དེ། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་

བྱེད་པའི་མངོན་པར་ཤེས་པའི་རིག་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱེད་པ་མངོན་པར་ཤེས་པའི་རིག་པ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པའི་རིག་པ་ཞེས་གསུངས་སོ། །རིག་པ་གསུམ་པོ་འདི་
ཡང་ཐམས་ཅད་ཡོད་པར་སྨྲ་བ་དག་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་སྒོ་རྣམ་པ་བཞིས་རྣམ་པར་འབྱེད་དེ། དང་པོ་ངོ་བོ་ཉིད་བསྟན་པ་སྟེ། ཤེས་རབ་ཀྱིས་ངོ་བོ་ཉིད་བྱེད་དོ། །དེ་ཡང་གོ་རིམས་བཞིན་དུ་མངོན་པར་ཤེས་པ་དྲུག་ལས་ལྔ་པ་སྔོན་གྱི་གནས་རྗེས་སུ་
དྲན་པ་དང་། གཉིས་པ་ལྷའི་མིག་དང་། དྲུག་པ་ཟག་པ་ཟད་པ་གསུམ་གྱི་ངོ་བོ་ཉིད་དོ། །གཉིས་པ་ནི་གསུམ་རྣམ་པར་གཞག་པའི་དགོས་པ་བསྟན་པ་སྟེ་གོ་རིམས་བཞིན་དུ་སྔོན་དང་མ་འོངས་པ་དང་། ད་ལྟར་གྱི་མཐའི་ཀུན་ཏུ་གཏི་མུག་པ་རྣམ་པ་གསུམ་གྱི་གཉེན་
པོའི་ཕྱིར་རོ། །གསུམ་པ་ནི་ཡང་དག་པ་དང་། བརྟགས་པ་རྣམ་པར་འབྱེད་པ་སྟེ། ཟག་པ་ཟད་པའི་ཤེས་པའི་རིག་པ་ནི། བརྟགས་པ་དང་། ཡང་དག་པའི་གཉི་གར་བཏགས་ཏེ། ཟག་པ་མེད་པར་རྟོགས་པའི་ཕྱིར་རོ། །གཞན་གཉིས་པ་ནི་བཏགས་པ་
ཡིན་ཏེ། གཅིག་ཏུ་ཟག་པ་དང་བཅས་པའི་ཕྱིར་རོ། །ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཤེས་པ་དག་ནི་ཀུན་ཀྱང་ཟག་པ་ཟད་པ་ཞེས་བྱ་སྟེ། གཉི་ག་ཡང་ཟག་པ་ཟད་པའི་ལུས་ལས་སྐྱེ་བའི་ཕྱིར་རོ། །ཡང་དག་པ་ནི་ཟག་པ་མེད་པ་ཞེས་བྱའོ། །
བཏགས་པ་ནི་ཟག་པ་དང་བཅས་པ་ཞེས་བྱ་སྟེ། མཆོག་དང་དམན་པ་ཕན་ཚུན་ལྟོས་པའི་ཕྱིར། ཡང་དག་པ་དང་། བཏགས་པ་བསྟན་པ་ཡིན་ནོ། །བཞི་པ་ནི་སློབ་པ་དང་། མི་སློབ་པ་རྣམ་པར་འབྱེད་པ་སྟེ། གཅིག་ཏུ་མི་སློབ་པར་གཏོགས་པ་ཡིན་ཏེ། སློབ་པ་དག་ནི་མུན་པ་དང་བཅས་
པའི་ཕྱིར་རོ། །བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རྣམ་པ་གསུམ་རྣམ་པར་གཞག་པའི་དགོས་པ་བསྟན་པ་ནི་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་ཅུང་ཟད་ཐ་དད་དེ། དེའི་ཕྱིར་དེ་ཉིད་ལས་མངོན་པར་ཤེས་པ་དྲུག་ལས་ཅིའི་ཕྱིར་རྣམ་པ་གསུམ་རིག་པ་ཞེས་བསྟན་ཅེ་ན།

སྨྲས་པ་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པ་ནི། བཟོའི་གནས་རྣམས་ལ་འཇུག་གོ། །ལྷའི་རྣ་བའི་ཤེས་པའི་མངོན་པར་ཤེས་པ་ནི་གཅིག་ཏུ་སྒྲ་ཡོངས་སུ་འཛིན་པའོ། །གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་ནི་གཅིག་ཏུ་རང་གི་མཚན་ཉིད་འཛིན་ཏེ།
ཁྱད་པར་ཅན་གྱི་ནུས་པ་མེད་པའི་ཕྱིར་རིག་པ་རྣམ་པར་མི་གཞག་གོ། །མངོན་པར་ཤེས་པ་ཕྱི་མ་གསུམ་གྱི་ཁྱད་པར་ཅན་གྱི་ནུས་པ་དང་ལྡན་པའི་ཕྱིར་རིག་པ་རྣམ་པར་གཞག་གོ། །དེ་ལ་ནུས་པ་ཁྱད་པར་ཅན་འདི་ལྟ་སྟེ། འཁོར་བ་ལས་ཡོངས་སུ་སྐྱོ་བའི་རྗེས་སུ་མཐུན་པ་
དང་། ཐམས་ཅད་ཀྱང་ཡོན་ཏན་ཁྱད་པར་ཅན་རབ་ཏུ་འདྲེན་པ་དང་། ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་རྗེས་སུ་གཞོལ་བའོ། །ཅིའི་ཕྱིར་ཕྱི་མ་གསུམ་པོ་དག་ནུས་པ་ཁྱད་པར་ཅན་དང་ལྡན་ཞེ་ན། བཞི་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱེད་པའི་
མངོན་པར་ཤེས་པ་ནི་སྔོན་གྱི་མཐའི་དངོས་པོ་རྣམས་མཐོང་བས་ཤིན་ཏུ་སྐྱོ་བ་སྐྱེ་བར་འགྱུར་རོ། །ལྔ་པ་ནི་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་ནི། ཕྱི་མའི་མཐའི་དངོས་པོ་རྣམས་མཐོང་བས་ཤིན་ཏུ་སྐྱོ་བ་སྐྱེ་བར་འགྱུར་རོ། །དྲུག་པ་ཟག་པ་
ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་དེ་ལྟར་སྐྱོ་བར་གྱུར་ནས། མྱ་ངན་ལས་འདས་པ་ལ་ཤིན་ཏུ་མོས་པར་འགྱུར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་བཤད་པ་ནི་དེ་ཉིད་ལས་འབྱུང་བ་བཞིན་ནོ། །ལུང་སྣ་ཚོགས་དང་། ལུང་བར་མ་དང་།
བསྟན་བཅོས་ཡང་དག་པར་རིག་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་རིག་པ་གསུམ་གྱི་མཚན་ཉིད་རྒྱ་ཆེར་འཆད་དེ། མངས་ཀྱིས་དོགས་ནས་འདིར་མ་བསྟན་ཏོ། །འདིར་ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན། སངས་རྒྱས་ཀྱི་སའི་འགྲེལ་པ་དང་། རྣལ་འབྱོར་
སྤྱོད་པའི་ས་ལས་ཀྱང་ཕལ་ཆེར་མཛོད་ཀྱི་བསྟན་བཅོས་ལས་བསྟན་པ་དང་མཐུན་པར་བཤད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་མི་སློབ་པ་དབང་པོ་རྣོ་བས་ཐོབ་པའི་མངོན་པར་ཤེས་པ་གསུམ་པོ་དག་ནི་ཀུན་ནས་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་མ་ཡིན་

པ་མཐའ་གསུམ་གྱི་ཀུན་ཏུ་གཏི་མུག་པ་རབ་ཏུ་སེལ་བའི་ཕྱིར། རིག་པ་གསུམ་ཡོད་པར་གསུངས་སོ། །ཁ་ཅིག་རིག་པ་འདི་ནི་འདི་ལྟར་ཤེས་རབ་ཀྱིས་ངོ་བོ་ཉིད་བྱེད་དེ། ཤེས་རབ་ཀྱིས་མུན་པ་སེལ་བས་རིག་པ་ཞེས་བཤད་དོ་ཞེའོ། །ཁ་ཅིག་
ནི་གཏི་མུག་མེད་པའི་དགེ་བའི་རྩ་བས་ངོ་བོ་ཉིད་བྱེད་དེ། མ་རིག་པ་བཟློག་པར་ནུས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་དག་ནི་ཐམས་ཅད་ཟག་པ་མེད་པའོ་ཞེས་བཤད་ཀྱང་འགལ་བ་མེད་དོ་ཞེས་སྟོན་ཏེ། རྗེས་ལ་ཐོབ་པའི་ཡེ་ཤེས་ཟག་པ་མེད་པ་ཡིན་ནོ་
ཞེས་འདོད་པའི་ཕྱིར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་མངོན་པར་ཤེས་པ་དྲུག་ལས་སྔ་མ་གསུམ་ནི་མངོན་པར་ཤེས་པ་ཡིན་གྱི། རིག་པ་ནི་མ་ཡིན་ནོ། །ཕྱི་མ་གསུམ་ནི་མངོན་པར་ཤེས་པ་ཡང་ཡིན་ནོ། །རིག་པ་ཡང་ཡིན་ཏེ། འདི་ལྟར་དུས་གསུམ་ལ་
རྨོངས་པའི་གཉེན་པོར་གྱུར་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་མིག་དང་། ཟག་པ་ཟད་པ་ནི་རིག་པ་གསུམ་ཞེས་བྱའོ་ཞེས་འབྱུང་ངོ་། །མངོན་པར་ཤེས་པ་དང་རིག་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན།
འདས་པའི་སྔོན་གྱི་གནས་ཀྱི་དངོས་པོ་ཤེས་པ་ནི་མངོན་པར་ཤེས་པ་ཞེས་བྱའོ། །འདས་པའི་རྒྱུ་དང་རྐྱེན་དང་མངོན་པར་འདུ་བྱེད་པར་འདུ་བྱེད་པའི་ལས་ཤེས་པ་ནི་རིག་པའི་ཤེས་རབ་ཅེས་བྱའོ། །འདིར་ཤི་འཕོས་ནས་དེར་སྐྱེ་བར་ཤེས་པ་ནི་ལྷའི་མིག་འཐོབ་པའི་མངོན་པར་ཤེས་པ་
ཞེས་བྱའོ། །མངོན་པར་འདུ་བྱེད་པ་དང་། རྒྱུ་དང་རྐྱེན་གྱི་མཐའ་ཕྲད་ཅིང་མི་སྟོར་བར་ཤེས་པ་ནི་རིག་པའི་ཤེས་རབ་ཅེས་བྱའོ། །ཉོན་མོངས་པའི་མཚམས་སྦྱོར་བ་ཡང་སྐྱེ་བ་དང་མི་སྐྱེ་བ་ཤེས་པ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་ཡིན་ནོ། །ཟག་པ་ཟད་ནས་ཡང་མི་སྐྱེ་
བར་ཤེས་པ་ནི་རིག་པ་ཞེས་བྱ་སྟེ། དེ་ལྟ་བུའི་རིག་པ་གསུམ་པོ་དག་ནི་དགྲ་བཅོམ་པ་ཆེན་པོ་དང་། རང་སངས་རྒྱས་དག་གིས་འཐོབ་བོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་ཐམས་ཅད་འཐོབ་པ་ཞེས་བྱ་བས་ནི་བཅུ་པ་ཚེ་འདི་ལ་བདེ་བར་གནས་པའི་ཡོན་ཏན་བསྟན་

ཏེ། འདི་ལྟར་ཉན་ཐོས་རྣམས་བསམ་གཏན་བཞིའི་དངོས་གཞིའི་ཏིང་ངེ་འཛིན་ཐོབ་པས། ཚེ་འདི་ལ་ལུས་དང་སེམས་བདེ་བར་གནས་པའི་ཕྱིར། མཐོང་བའི་ཆོས་ལ་བདེ་བར་གནས་པ་ཞེས་བྱའོ། །བདེ་བར་གནས་པ་འདི་ཡང་། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་བྱེ་བྲག་ཏུ་
བཤད་པ་ཆེན་པོ་ལས། བཅོམ་ལྡན་འདས་ཅིའི་ཕྱིར་བསམ་གཏན་བཞི་པ་བདེ་བར་གནས་པ་ཞེས་གསུངས། སྨྲས་པ་བསམ་གཏན་ཁོ་ན་ལ་བདེ་བ་རྣམ་པ་གཉིས་ཡོད་པའི་ཕྱིར། བདེ་བར་གནས་པ་ཞེས་བྱ་སྟེ། ཚོར་བའི་བདེ་བ་དང་། ཤིན་ཏུ་སྦྱངས་པའི་བདེ་བའོ། །བསམ་
གཏན་སྔ་མ་གསུམ་པོ་དག་ནི་བདེ་བ་གཉིས་དང་ལྡན་ལ། བསམ་གཏན་བཞི་པོ་དག་ནི་ཚོར་བའི་བདེ་བ་མེད་ཀྱང་། ཤིན་ཏུ་སྦྱངས་པའི་མཐུ་དང་ལས་རྒྱ་ཆེ་སྟེ། སྔ་མ་དག་གི་བདེ་བ་གཉིས་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །ཉེར་བསྡོགས་དང་གཟུགས་མེད་པ་དག་ལ་ཤིན་ཏུ་སྦྱངས་
པ་ཡོད་ཀྱང་། རྒྱ་མི་ཆེ་བའི་ཕྱིར་བདེ་བ་ཞེས་མི་བྱའོ། །གཞན་ཡང་དངོས་གཞིའི་བསམ་གཏན་མངོན་སུམ་དུ་གྱུར་པ་ན། འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་བརྟས་པས། ལུས་ཐམས་ཅད་དུ་ཁྱད་པར་སྐྱེས་ནས། ལུས་དང་བར་བྱེད་པའི་ཕྱིར་བདེ་བར་གནས་པ་ཞེས་བྱའོ། །ཉེར་
བསྡོགས་ཀྱི་ཏིང་ངེ་འཛིན་ལ་སོགས་པ་མངོན་སུམ་དུ་གྱུར་པ་ན་འབྱུང་བ་ཆེན་པོ་རྣམས་འཕེལ་ཞིང་བརྟས་པས། སེམས་འབའ་ཞིག་ཏུ་ཁྱད་པར་སྐྱེའི། ཤིན་ཏུ་དང་བར་བྱེད་པ་མ་ཡིན་པའི་ཕྱིར་བདེ་བར་གནས་པ་མ་ཡིན་ནོ་ཞེས་འབྱུང་སྟེ། རྒྱ་ཆེར་ནི་བསྟན་བཅོས་དེ་ཉིད་
ལས་རྣམ་གྲངས་རྣམ་པ་དགུས་བཤད་པ་བཞིན་དུ་རིག་པར་བྱའོ། །འདིར་ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན། ཕལ་ཆེར་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འབྱུང་བ་དག་དང་མཐུན་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། མཐོང་བའི་ཆོས་ལ་བདེ་བར་གནས་པ་
ཞེས་བྱ་བ་ནི། ཡོངས་སུ་ཉམས་པར་མི་འགྱུར་བའི་བསམ་གཏན་ཐོབ་པའི་ཕྱིར་རོ་ཞེས་འབྱུང་བ་བཞིན་ནོ། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས། བསམ་གཏན་རྣམས་ཁོ་ན་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ངོ་བོ་ཉིད་ཡིན་ཏེ། ལུས་དང་སེམས་

རྣམ་པ་གཉིས་ཀྱི་ཤིན་ཏུ་སྦྱངས་པ་དང་ལྡན་པའི་ཕྱིར་རོ། །གཟུགས་མེད་པའི་ཏིང་ངེ་འཛིན་དག་མ་ཡིན་ཏེ། ལུས་ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། བསམ་གཏན་དེ་དག་ནི་བདེ་བ་ལ་
གནས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་དག་ཏུ་བདེ་བ་ཡོངས་སུ་རྫོགས་པར་མྱོང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་རྣམས་ལ་བརྟེན་ནས་དགའ་བའི་བདེ་བ་དང་། ཤིན་ཏུ་སྦྱངས་པའི་བདེ་བ་དང་། བཏང་སྙོམས་ཀྱི་བདེ་བ་ལུས་དང་སེམས་ཀྱིས་མྱོང་བའི་ཕྱིར་
རོ། །གཟུགས་མེད་པ་རྣམས་ལ་ནི་དེ་ལྟ་བུའི་མྱོང་བ་མེད་པས། དེའི་ཕྱིར་དེ་ལ་བདེ་བར་གནས་པ་ཞེས་མ་གསུངས་སོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །ཅིའི་ཕྱིར་མ་འོངས་པའི་ཆོས་ལ་བདེ་བ་ཞེས་བྱ་བ་མ་གསུངས་ཤེ་ན། མཛོད་ཀྱི་བསྟན་བཅོས་ལས་
མ་འོངས་པའི་ཆོས་ལ་བདེ་བར་གནས་པ་ཞེས་མ་གསུངས་པ་ནི་འདི་ལྟར་མ་འོངས་པའི་ཆོས་ཀྱི་བདེ་བ་ངེས་པར་གནས་པ་མ་ཡིན་པའི་ཕྱིར་དང་། ཡང་ན་ལོག་པ་འམ། ཡང་ན་གོང་མར་སྐྱེ་བ་འམ། ཡང་ན་མྱ་ངན་ལས་འདས་ནས་མི་གནས་པའི་ཕྱིར་རོ་ཞེས་འབྱུང་སྟེ། བསྟན་
བཅོས་ཡང་དག་པར་རིག་པ་དང་། གཞུང་རབ་ཏུ་བསྟན་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས། ཏིང་ངེ་འཛིན་བསྒོམ་པ་རྣམ་པ་བཞི་བསྟན་པའི་ལེའུ་ལས་རྣམ་གྲངས་རྣམ་པ་དྲུག་གིས་མ་འོངས་
པའི་ཆོས་ལ་མི་གནས་པ་སྟོན་ཏེ། མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །བསོད་ནམས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ཆེན་པོ་ཞེས་བྱ་བ་ནི་བཅུ་གཅིག་པ་བསོད་ནམས་ཀྱི་ཞིང་ཡོངས་སུ་དག་པ་ཆེན་པོའི་ཡོན་ཏན་བསྟན་ཏེ། འདི་ལྟར་ཉན་ཐོས་དེ་དག་ཐམས་ཅད་ཀྱང་མི་སློབ་པ་དག་
ཡིན་པའི་ཕྱིར། བསོད་ནམས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ཆེན་པོ་ཞེས་བྱའོ། །བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས། བསོད་ནམས་ཀྱི་ཞིང་གི་ལེའུ་ལས་འཕགས་པ་རྣམས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་སྤངས་ནས་ཟད་པའི་ཕྱིར་བསོད་

ནམས་ཀྱི་ཞིང་ཞེས་བྱ་སྟེ། ཇི་ལྟར་ཡུག་པོ་རྣམས་མ་བསལ་ན། ལོ་ཐོག་བཟང་པོ་ལ་གནོད་པར་འགྱུར་བ་བཞིན་ནོ། །དེ་ལྟ་བས་ན་འདོད་ཆགས་སྤངས་པའི་གང་ཟག་ལ་ཡོན་ཕུལ་བ་རྣམ་པར་སྨིན་པའི་ཕན་པ་ཆེ་བའི་ཕྱིར། བསོད་ནམས་ཀྱི་ཞིང་ཞེས་བྱའོ་ཞེས་འབྱུང་སྟེ།
ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །གཞན་ཡང་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བསོད་ནམས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ཆེན་པོ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་གཏན་དུ་སྤངས་ནས། ཇི་ལྟར་འཇིག་རྟེན་པའི་ཞིང་གཤིན་པ་བཞིན་དུ་ཡུན་རིང་པོར་འབྲས་བུ་རྒྱ་ཆེ་བ་
སྐྱེ་ཞིང་འཕེལ་བར་འགྱུར་བའི་ཕྱིར་རོ་ཞེས་འབྱུང་ངོ་། །སྤྱོད་ལམ་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བཅུ་གཉིས་པ་སྤྱོད་ལམ་རབ་ཏུ་ཞི་བའི་ཡོན་ཏན་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། སྤྱོད་ལམ་ཐམས་ཅད་དུ་ཤེས་བཞིན་དུ་གནས་
པའི་ཕྱིར་རོ་ཞེས་འབྱུང་ངོ་། །རྣལ་འབྱོར་སྤྱོད་པའི་ས་ལས་དབང་པོ་རྣམས་རབ་ཏུ་ཞི་བ་དང་། རྒོད་པ་མེད་པ་དང་། མི་མཐོང་བ་དང་། ཡན་ལག་དང་ཉིང་ལག་མི་གཡོ་བས་གཏམ་ཟེར་བ་ནི་སྤྱོད་ལམ་རབ་ཏུ་ཞི་བ་དང་། སྤྱོད་ལམ་ཉམས་པ་མེད་པའི་ཕྱིར་
ཕུན་སུམ་ཚོགས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །བཟོད་པ་དང་ངེས་པ་ཆེན་པོ་ཕུན་སུམ་ཚོགས་པས་ཉམས་པ་མེད་པ་ཞེས་བྱ་བས་ནི་བཅུ་གསུམ་པ་བཟོད་པ་དང་ངེས་པའི་ཡོན་ཏན་བསྟན་ཏེ། སངས་རྒྱས་ཀྱི་སའི་འགྲེལ་པ་ལས། སྡུག་བསྔལ་བཟོད་པ་ཉིད་ཀྱིས་
འགྲོགས་ན་བདེ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །རྣལ་འབྱོར་སྤྱོད་པའི་ས་ལས། བཟོད་པ་ནི་འདི་ལྟ་སྟེ། དགྲ་བོ་རྣམས་ལ་ལན་ལྡོན་པའི་བསམ་པ་མེད་པའོ། །ངེས་པ་ནི་འདི་ལྟ་སྟེ། སེམས་ལ་ཁོང་ཁྲོ་བ་མེད་པས་གཞན་ལ་རྣམ་པར་མི་འཚེ་བའི་ཕྱིར་རོ་ཞེས་བཤད་དོ། །
གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་བཟོད་པ་གང་ཞེ་ན། དེའི་མཚན་ཉིད་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། མི་འཁྲུགས་པ་དང་། ཕྱིར་གནོད་པ་མི་བྱེད་པ་དང་། ཁོན་གྱི་བསམ་པ་མི་འཛིན་པའོ། །ངེས་པ་གང་ཞེ་ན། འདི་ལྟ་སྟེ། གཞན་གྱིས་གནོད་པ་བྱས་པ་ལ་ལུས་དང་། ངག་དང་

ཡིད་ཀྱི་རྗེས་སུ་བསྲུང་བའི་ངང་ཚུལ་ཅན་ཉིད་ཡིན་ཏེ། དེ་ལ་བཟོད་པ་ནི་གཞན་གྱིས་གནོད་པ་བྱས་པ་བཟོད་པར་བྱེད་དོ། །ངེས་པས་ནི་གཞན་དག་ལ་གནོད་པ་མི་བྱེད་དོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །དེ་བཞིན་གཤེགས་པའི་
བཀའ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་བས་ནི་གསུམ་པ་བཀའ་བཞིན་དུ་བྱེད་པ་ཞེས་བྱ་བ་བསྟན་ཏོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། གདུལ་བར་བྱ་བ་རྣམས་ཡོངས་སུ་རྫོགས་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་གསུང་རབ་ནི་སེམས་ཅན་རྣམས་ལ་འཁོར་བའི་
སྡུག་བསྔལ་ལས་བཟླ་བའི་ཕྱིར་གསུངས་པ་ཡིན་ལ། ཉན་ཐོས་དེ་དག་ནི་མི་སློབ་པའི་གནས་སུ་ཕྱིན་ནས་འཁོར་བ་ལས་འདས་པའི་ཕྱིར། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཡིན་ནོ་ཞེས་འབྱུང་ངོ་། །དྲིས་ལན་དག་གི་རྒྱ་ཆེར་རྣམ་པར་འབྱེད་པ་ནི་དེ་ཉིད་ལས་
བཤད་པ་བཞིན་ནོ།། །།བམ་པོ་དགུ་པ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དཔག་ཏུ་མེད་པ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བྱང་ཆུབ་སེམས་དཔའི་འཁོར་བསྟན་ཏོ། །འདི་ཡང་
རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་སྨོས་ཤིང་རྣམ་པར་འབྱེད་པ་དང་། ཐམས་ཅད་ཀྱང་ཞེས་བྱ་བ་མན་ཆད་ཀྱིས་བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པ་དང་། འདི་ལྟ་སྟེ་འདི་ལྟར་ཞེས་བྱ་བ་མན་ཆད་གཙོ་བོའི་དབང་དུ་མཛད་ནས་མིང་སྨོས་པ་སྟེ་འདི་ནི་དང་པོའོ། །འདི་ལྟར་འཁོར་
རྣམ་པ་གཉིས་ལས་ཉན་ཐོས་ཀྱི་འཁོར་བཤད་ཟིན་པའི་ཕྱིར། འདིར་བྱང་ཆུབ་སེམས་དཔའི་འཁོར་བསྟན་པ་ཡིན་ནོ། །དང་པོ་འདི་ཡང་རྣམ་པ་གསུམ་སྟེ། དཔག་ཏུ་མེད་པ་རྣམ་པར་བཤད་པ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམ་པར་བཤད་པ་དང་། འོངས་པའི་
གནས་བསྟན་པའོ། །དེ་ལ་དཔག་ཏུ་མེད་པ་ཞེས་བྱ་བ་ནི་གྲངས་ཤིན་ཏུ་མང་སྟེ། ཚད་དཔག་པར་དཀའ་བའི་ཕྱིར་རོ། །བསྟན་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་པ་ལས། དེའི་གྲངས་མཐའ་མེད་དེ། གང་གཱའི་ཀླུང་གི་བྱེ་མའི་གྲངས་ལས་འདས་པའི་ཕྱིར་ཚད་མེད་པ་ཞེས་

བྱའོ་ཞེས་འབྱུང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཡང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་དམིགས་པའི་ཡུལ་དུ་གྱུར་པའི་ཕྱིར། བྱང་ཆུབ་སེམས་
དཔའ་ཞེས་བྱ་སྟེ། འདིའི་ཡུལ་ལས་མིང་དུ་བཏགས་པས། མི་གཙང་བ་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡང་ན་དེའི་སེམས་བྱང་ཆུབ་ཡོངས་སུ་ཚོལ་བས་སྲན་དང་བཅས་ཤིང་ནུས་པ་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་འབྱུང་
ངོ་། །སློབ་དཔོན་ཉེ་བའི་འོད་ཀྱིས་ནི་རྣམ་པ་གསུམ་དུ་བཤད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བས་ནི་འདི་ལྟར་སེམས་ཅན་རྣམས་བྱང་ཆུབ་ཡོངས་སུ་ཚོལ་བའི་ཕྱིར་ཏེ། འདི་ནི་ཐེག་པ་ཆེན་པོ་
གསུམ་ཆར་བསྡུ་བ་ཡིན་པས་ཆེན་པོ་ཉི་ཚེ་བསྟན་པའི་ཕྱིར། ཕྱི་མ་སེམས་དཔའ་ཆེན་པོ་ཞེས་སྨོས་སོ། །གཞན་ཡང་བྱང་ཆུབ་ལ་དམིགས་པའི་སེམས་ཡུལ་དུ་གྱུར་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བདག་དང་གཞན་ལ་ཕན་འདོགས་པའི་སྨོན་ལམ་ཆེན་པོས་བྱང་ཆུབ་
ཆེན་པོ་ཡོངས་སུ་ཚོལ་བས་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་རོ། །གཞན་ཡང་སཏྭ་ཞེས་བྱ་བ་ནི་དཔའ་བོའི་དོན་ཡིན་ཏེ། བརྩོན་འགྲུས་ཀྱི་རྟུལ་བས་བྱང་ཆུབ་ཆེན་པོ་ཡོངས་སུ་གཉེར་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། འདི་ནི་གནས་སྐབས་ཀུན་དང་སྦྱར་
རོ། །འདི་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་བྱ་བར་བསྟན་པའི་ཕྱིར། ཕྱི་མ་སེམས་དཔའ་ཆེན་པོ་ཞེས་བྱ་བ་བསྟན་ཏོ། །བྱང་ཆུབ་སེམས་དཔའི་བསྔགས་པ་བརྗོད་པའི་གནས་སྐབས་འདིར་བྱང་ཆུབ་སེམས་དཔའ་རྣམས་ཆེ་བའི་དངོས་པོ་གསུམ་
དང་ལྡན་པས་སེམས་དཔའ་ཆེན་པོ་ཞེས་བྱའོ། །དང་པོ་ནི་གྲངས་ཆེ་བ་སྟེ་ཚད་མེད་པའི་ཕྱིར་རོ། །གཉིས་པ་ནི་ཡོན་ཏན་ཆེ་བ་སྟེ། འདི་ལྟར་ཐེག་པ་ཆེན་པོ་ལ་གནས་ཤིང་ཐེག་པ་ཆེན་པོ་ལ་སོགས་པ་ལ་རྣམ་པར་རྒྱུ་བའི་ཕྱིར་རོ། །གསུམ་པ་ནི་ལས་ཆེ་བ་སྟེ། འདི་ལྟར་སེམས་

ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་ཏེ། སེམས་ཅན་ལ་ཕན་འདོགས་པ་ནི་བྱང་ཆུབ་སེམས་དཔའི་ལས་ཡིན་པས་སོ་ཞེས་འབྱུང་ངོ་། །གཞན་ཡང་ས་བཅུ་པའི་འགྲེལ་པ་ལས། ཆེན་པོ་རྣམ་པ་གསུམ་དང་ལྡན་
པའི་ཕྱིར། སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། སྨོན་ལམ་ཆེན་པོ་དང་། སྤྱོད་པ་ཆེན་པོ་དང་། སེམས་ཅན་ལ་ཕན་འདོགས་པ་ཆེན་པོ་ཞེས་འབྱུང་ངོ་། །དེ་ལ་འོངས་པའི་གནས་སྐབས་བསྟན་པ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། སངས་རྒྱས་ཀྱི་ཞིང་ཐ་དད་པ་
ནས་འདུས་པ་ཞེས་བྱ་བ་ནི་འདི་ལྟར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམ་པ་སྣ་ཚོགས་ནས་ཆོས་ཉན་པའི་ཕྱིར་གཅིག་ཏུ་འདུས་པ་ཡིན་ནོ། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་ཡང་ཡོད་མོད་ཀྱི། ཡང་དག་པར་སྡུད་པ་པོ་དག་གིས་ཕྱོགས་
གཞན་ནས་འོངས་པའི་བྱང་ཆུབ་སེམས་དཔའ་འདུས་པར་བསྟན་པ་ནི་ལེ་ལོ་དང་ང་རྒྱལ་གྱི་དབང་གིས་ཆོས་ཉན་དུ་མི་འགྲོ་བ་དེའི་གཉེན་པོར་བྱ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཕྱོགས་དེ་དང་དེ་དག་ནས་བདག་ཉིད་ཆོས་དོན་དུ་གཉེར་བའི་ཕྱིར་འོངས་པ་ཡིན་མོད་
ཀྱི། གཞན་གྱི་ངོ་མི་ཆོད་པ་མ་ཡིན་ཏེ། དེ་དག་ནི་ཐམས་ཅད་མཐུ་ཆེན་པོ་དང་ལྡན་ལ། མཐུ་ཆེན་པོ་དང་ལྡན་པ་དག་ཀྱང་ཞིང་ཁམས་གཞན་ཤིན་ཏུ་ཐག་རིང་པོ་ནས་འོངས་ནས། གཞན་དག་ཇི་ལྟར་ཉེ་བར་འགྲོ་བར་མི་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་པའོ། །སྔར་གོང་དུ་
ཉན་པའི་འཁོར་གཞན་ནས་འདུས་པར་མ་བསྟན་པ་ནི་གནས་འདི་ཉིད་དུ་འདུས་པའི་ཕྱིར་རོ། །འདིར་ཕྱོགས་གཞན་ནས་གཅིག་ཏུ་འདུས་པར་གསུངས་པས། དེའི་ཕྱིར་གནས་འདི་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཡང་ཡོད་མོད་ཀྱི། མདོར་བསྡུས་པས་མ་བཤད་པར་རིག་པར་
བྱའོ་ཞེས་འབྱུང་ངོ་། །ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པ་ཞེས་བྱ་བ་སྟོན་ཏེ། སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བརྗོད་ཅེ་ན།

སེམས་ཅན་དག་གི་མ་གུས་པ་དང་། ང་རྒྱལ་གྱི་སེམས་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །ཁ་ཅིག་ན་རེ་ཉན་ཐོས་ཀྱི་འཁོར་རྣམས་ནི་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཙུན་པར་བྱ་ཞིང་ཕྱག་འཚལ་བར་རིགས་སོ་ཞེའོ། །
གཞན་ཡང་སེམས་ཅན་རྣམས་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཡང་ཡོན་ཏན་འདི་ལྟ་བུ་དང་ལྡན་ན། དེ་བཞིན་གཤེགས་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་པའོ་ཞེས་འབྱུང་ངོ་། །ཡོན་ཏན་གྱི་ཚིག་བཅུ་མདོ་ལས་གསུངས་པ་དེ་ཡང་སློབ་དཔོན་ཉེ་བའི་
འོད་ཀྱིས་རྣམ་པ་བཞིར་བཤད་དེ། ཆེན་པོ་རྣམ་པ་བཅུ་དང་། ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སྨོན་ལམ་བཅུ་དང་སྦྱར་ནས་རྣམ་པར་བཤད་པའོ། །འདི་ནི་ཆེན་པོ་བཅུ་དང་སྦྱར་ནས་བསྟན་པ་སྟེ། མདོའི་ཚིག་བཅུ་པོ་ཉིད་ཀྱིས་དོན་རྣམ་པ་བཅུར་དབྱེའོ། །དེ་ལ་ཐམས་
ཅད་ཀྱང་ཐེག་པ་ཆེན་པོ་ལ་གནས་པ་ཞེས་པས་ནི་བརྩོན་འགྲུས་ཆེན་པོའི་བསྔགས་པ་བརྗོད་པ་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཐེག་པ་ཆེན་པོ་ལ་གནས་ཤིང་། སེམས་ཅན་འཁོར་བ་ལས་འདྲེན་པ་དང་། བདག་ཉིད་བླ་
ན་མེད་པའི་བྱང་ཆུབ་ལ་གཞོལ་བའོ་ཞེས་འབྱུང་སྟེ། དེ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བྱང་ཆུབ་ཡོངས་སུ་ཚོལ་བ་ལ་ཐེག་པ་ཆེན་པོ་ཞེས་བྱ་བས་སོ། །ཁ་ཅིག་ན་རེ་ཆོས་ཀྱི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་ལ་ཐེག་པ་ཆེན་པོ་ཞེས་བྱའོ་ཞེའོ། །
འདིར་ནི་འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། རྒྱ་ཆེ་བ་ལ་སོགས་པའི་སེམས་ཞེས་བཤད་པ་དེ་ལ་ཐེག་པ་ཆེན་པོ་ལ་གནས་པ་ཞེས་བསྟན་ཏོ། །ཐེག་པ་ཆེན་པོའི་ཆོས་བགྲོད་པ་ཞེས་བྱ་བ་ནི་གཉིས་པ་རྒྱུ་ཆེན་པོའི་བསྔགས་པ་བརྗོད་པ་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་
ཀྱིས་འགྲེལ་པ་ལས། ས་བཅུ་ལ་སོགས་པ་ཉན་པ་དང་། བསམ་པ་དང་། བསྒོམ་པ་ལ་སོགས་པའི་རིམ་གྱིས་བགྲོད་པ་ཞེས་འབྱུང་ངོ་། །དེ་ལ་ས་བཅུ་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བས་ནི་མཉམ་པ་ཉིད་དུ་བྱང་ཆུབ་པ་དང་། གྱ་ནོམ་པར་མངོན་པར་

སངས་རྒྱས་པ་བསྡུ་སྟེ། འདི་ཉིད་ཐེག་པ་ཆེན་པོ་ཡང་ཡིན། བགྲོད་པར་བྱ་བའི་གནས་ཀྱང་ཡིན་ནོ། །ཐོས་པ་དང་། བསམ་པ་དང་། བསྒོམ་པ་ལ་སོགས་པ་ཞེས་བྱ་བ་ནི། འཇིག་རྟེན་པའི་ཤེས་རབ་རྣམ་པ་གསུམ་མོ། །སོགས་པ་ཞེས་བྱ་བ་ནི་ཟག་པ་
མེད་པའི་བསྒོམ་པའི་ཤེས་རབ་བསྡུ་སྟེ། འདིས་ནི་ཤེས་རབ་རྣམ་པ་གསུམ་ས་བཅུའི་ཡུལ་རིམ་གྱིས་འབྱུང་ཞིང་སངས་རྒྱས་ཀྱི་ས་བསྐྱེད་པའི་ཕྱིར། རྒྱུ་ཆེན་པོ་ཞེས་བྱའོ་ཞེས་བསྟན་ཏོ། །ཡང་ན་ཐེག་པ་ཆེན་པོའི་ཆོས་ཉིད་ཀྱི་དེ་བཞིན་ཉིད་དེ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་
ཤེས་རབ་རྣམ་པ་གསུམ་དང་། དེ་དང་མཚུངས་པར་ལྡན་པའི་ཆོས་ཀྱིས་རིམ་གྱིས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ཁོང་དུ་ཆུད་ནས་སངས་རྒྱས་ཀྱི་ས་བསྐྱེད་པའི་ཕྱིར། རྒྱུ་ཆེན་པོ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཞེས་བྱ་བས་ནི་གསུམ་པ་དམིགས་པ་
ཆེན་པོ་བསྔགས་པ་བརྗོད་པ་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱི་འགྲེལ་པ་ལས། སེམས་ཅན་ཐམས་ཅད་ལ་བདག་དང་གཞན་མཉམ་པ་ཉིད་ཐོབ་པས་བྱམས་པ་ལ་སོགས་པས་མཉམ་པར་སྦྱོར་བའི་ཕྱིར་རོ་ཞེས་འབྱུང་ངོ་། །ཡོན་ཏན་འདི་ནི་བྱམས་པ་ལ་སོགས་པས་ངོ་བོ་ཉིད་བྱེད་དེ།
སེམས་ཅན་ཐམས་ཅད་ནི་དམིགས་པར་བྱ་བའི་ཡུལ་ཡིན་པས་དམིགས་པ་ཆེན་པོ་ཞེས་བྱའོ། །ཡོན་ཏན་སྔ་མ་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་བྱེད་པའི་ཕྱིར། དེ་བཞིན་ཉིད་ཀྱི་ཡུལ་བྱེད་ལ། འདི་ནི་བྱམས་པ་ལ་སོགས་པ་ངོ་བོ་ཉིད་བྱེད་པའི་ཕྱིར། སེམས་ཅན་ཡུལ་དུ་གྱུར་པ་ཡིན་ཏེ། འདི་ཉིད་
འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས་བསྟན་པའི་ངོ་བོ་ཉིད་གཅིག་པའི་སྙིང་རྗེ་ཆེན་པོ་ལ་བྱ་བའི་ཕྱིར་མཉམ་པར་སྦྱོར་བ་ཞེས་བྱའོ། །རྣམ་པར་རྟོག་པ་དང་། རྣམ་པར་མི་རྟོག་པའི་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་དང་བྲལ་བ་ཞེས་བྱ་བས་ནི་བཞི་པ་དུས་ཆེན་པོ་བསྟན་ཏེ། ཉེ་བའི་འོད་
ཀྱིས་འགྲེལ་པ་ལས། དུས་ཐམས་ཅད་ལ་སྐད་ཅིག་མ་གཅིག་བཞིན་དུ་མཉམ་པར་འཇུག་པ་སྟེ། དེ་ལ་བསྐལ་པ་ནི་རྣམ་པར་རྟོག་པ་ཞེས་བྱའོ། །བསྐལ་པ་དང་བསྐལ་པ་མ་ཡིན་པ་ཐམས་ཅད་ལ་རྣམ་པར་རྟོག་པ་སྤངས་པའི་ཕྱིར་དང་། དེ་ལྟར་བསྐལ་པ་དང་བསྐལ་པ་མ་ཡིན་པར་མི་རྟོག་པའི་

ཕྱིར། དུས་ཡུན་རིང་པོར་སྤྱོད་པ་སྤྱད་པ་ལ་སྐྱོ་བ་མེད་པར་གྱུར་པ་ཡིན་ནོ་ཞེས་འབྱུང་ངོ་། །རྒྱ་གར་སྐད་དུ་ཀལྤ་ཞེས་བྱ་བ་བསྒྱུར་ན་རྣམ་པར་རྟོག་པ་ཞེས་ཟེར་ཏེ། འདུས་བྱས་ཀྱི་ཆོས་ནི་དུས་དང་བསྐལ་པས་བསྡུས་ཏེ། ཆ་ཐ་དད་པས་རྣམ་པར་རྟོག་པ་ཞེས་བྱའོ། །འདུས་མ་བྱས་ཀྱི་ཆོས་ནི་དུས་དང་།
བསྐལ་པས་བསྡུས་པ་མ་ཡིན་ཏེ། དུས་དང་བསྐལ་པའི་ཆ་ཐ་དད་པ་མེད་པའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་བྱ་སྟེ། འདི་གཉིས་ནི་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ལོ། །རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སེམས་ཡིན་ཏེ། སྔ་མའི་རྣམ་པར་རྟོག་པ་དང་། རྣམ་པར་
མི་རྟོག་པའི་ཡུལ་ལ་དམིགས་པའི་ཕྱིར་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཞེས་བྱའོ། །དེ་ནི་འདི་སྐད་དུ་གལ་ཏེ་རྣམ་པར་རྟོག་པའི་སེམས་ཀྱིས་འདི་ནི་དུས་དང་བསྐལ་པ་འདི་ནི་དུས་དང་བསྐལ་པ་མ་ཡིན་པའོ་ཞེས་དུས་དང་བསྐལ་པ་རིང་བ་ལྟ་ན། རྣལ་འབྱོར་བསྒོམ་པ་ལ་ཡོངས་སུ་སྐྱོ་བར་འགྱུར་
ཏེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་ནི་འདི་ལྟར་བསྐལ་པ་དང་། བསྐལ་པ་མ་ཡིན་པ་ཐམས་ཅད་ལ་རྣམ་པར་རྟོག་པ་སྤངས་ཏེ། བསྐལ་པ་དང་བསྐལ་པ་མ་ཡིན་པར་མི་རྟོག་པའི་ཕྱིར། དུས་ཡུན་རིང་པོ་རྣམ་པར་བསྒོམ་པ་ལ་ཡོངས་སུ་སྐྱོ་བ་མེད་དེ། བསྐལ་པ་གྲངས་མེད་པ་
གསུམ་དང་། དུས་ཡུན་རིང་པོ་ཐམས་ཅད་ལ་ཡང་སྐད་ཅིག་མ་གཅིག་བཞིན་དུ་མཉམ་པར་འཇུག་གོ་ཞེས་བསྟན་ཏེ། ཇི་ལྟར་སྐྱེས་བུ་གཉིད་མ་ལོག་པ་དག་ཉིན་མཚན་ལ་ཡུན་རིང་པོར་རྣམ་པར་རྟོག་གི། གལ་ཏེ་གཉིད་ལོག་པར་གྱུར་ན། ཉིན་མཚན་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར།
ནམ་རིང་ཡང་ནམ་རིང་བར་མི་ཚོར་བ་བཞིན་དུ་བསྐལ་པ་གྲངས་མེད་པར་ལོན་པ་དག་ཀྱང་དེ་བཞིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། བསྐལ་པ་གྲངས་མེད་པ་ནས། གདོད་བླ་ན་མེད་པ་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་པས། དུས་
ཤིན་ཏུ་ཡུན་རིང་ན་ཅིའི་ཕྱིར་མྱུར་དུ་འགྲུབ་ཅེས་བཤད། དེ་ནི་དེ་ལྟ་མ་ཡིན་ཏེ། དུས་དང་བསྐལ་པ་ཡུན་རིང་པོ་དག་ནི་རྣམ་པར་རྟོག་པ་ཁོ་ནའི་ཕྱིར་ཏེ། ཚིགས་སུ་བཅད་པ་ལས་ཇི་སྐད་དུ། །གཉིད་ལོག་པ་ན་ལོ་འདས་སྙམ། །སད་ན་དེ་ནི་ཡུད་ཙམ་སྟེ། །དེ་ཕྱིར་དུས་ནི་དཔག་མེད་ཀྱང་། །སེ་

གོལ་གཏོགས་པ་གཅིག་གིས་བསྡུས། །ཞེས་བསྟན་པ་ལྟ་བུའོ། །གཞན་ཡང་དེ་བཞིན་གཤེགས་པ་རྣམས་བརྩོན་འགྲུས་ཤིན་ཏུ་སྦྱངས་པའི་ཕྱིར། དུས་ཤིན་ཏུ་ཡུན་རིང་ཡང་ཡུན་རིང་པོར་མ་ལོན་ནོ་སྙམ་དུ་དགོངས་ཏེ། ཇི་སྐད་དུ། བྱིས་པ་སྤྱོད་པ་དུས་ཐུང་ཡང་། །
ལེ་ལོ་སེམས་ལ་རིང་ལོན་སྙམ། །སངས་རྒྱས་བསྐལ་པ་དཔག་མེད་དུ། །བརྩོན་འགྲུས་མཛད་ཀྱང་སྐད་ཅིག་དགོངས། །ཞེས་བཤད་པ་ལྟ་བུའོ་ཞེས་འབྱུང་ངོ་། །འདི་ཡང་དེ་བཞིན་ཏེ་དེའི་ཕྱིར་དུས་ཐམས་ཅད་ལ་སྐད་ཅིག་མ་བཞིན་དུ་ཞེས་བྱ་བ་འདི་སྨོས་པ་ཡིན་ནོ། །བདུད་ཕྱིར་རྒོལ་བ་ཐམས་
ཅད་བཅོམ་པ་ཞེས་བྱ་བས་ནི་ལྔ་པ་འདོད་པ་མེད་པ་ཆེན་པོ་ཉིད་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། ཡོངས་སུ་གཟུང་བ་ཐམས་ཅད་གཏོང་བའི་ཕྱིར། བདུད་ཕྱིར་རྒོལ་བ་བཅོམ་པར་ནུས་པ་ཡིན་ནོ་ཞེས་འབྱུང་ངོ་། །འདི་ལྟར་ཡོངས་སུ་གཟུང་བ་འདོད་པའི་ཡོན་ཏན་ལྔ་གཏོང་
བའི་ཕྱིར། ཉོན་མོངས་པའི་བདུད་ཕྱིར་རྒོལ་བ་བཅོམ་པའོ། །ཡང་ན་འདིས་ནི་གཞི་བྱས་ནས་བདུད་བཞི་ཆར་དང་བྲལ་བའོ། །གཞན་ཡང་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། ཇི་སྐད་དུ་བྱང་ཆུབ་སེམས་དཔའ་ཡོངས་སུ་གཟུང་བ་ཐམས་ཅད་མི་བརྟན་པ་ཉིད་དུ་རིག་ནས་སེམས་
ཀྱིས་མངོན་པར་ཞེན་ཅིང་དོན་དུ་གཉེར་བར་བྱེད་ན། བདུད་ཕྱིར་རྒོལ་བ་བཅོམ་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ་ཞེས་འབྱུང་སྟེ། འདི་ནི་སློབ་དཔོན་ཉེ་བའི་འོད་ཀྱིས་མདོ་སྡེ་ཁུངས་སུ་བསྟན་ནས་སྒྲུབ་པའོ། །མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ཇི་སྐད་དུ། ཆོས་རྣམས་ཀུན་ནི་མི་
རྟག་པས། །རྟག་ཏུ་སེམས་དཔའ་དྲན་གཞག་ན། །ཞེས་གསུངས་ཏེ། འདིས་ནི་སྟོང་པ་ཉིད་དུ་མཐོང་བ་ལ་མངོན་རྟགས་སུ་འཛིན་པ་མེད་པས། བདུད་བཅོམ་པའི་དོན་མཐར་ཕྱིན་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་ལ་བརྟེན་ནས་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བདུད་རྣམ་
པ་བརྒྱད་རྣམ་པར་གཞག་སྟེ། འདི་ལྟ་སྟེ། འདུས་བྱས་ཀྱི་ཕྱིན་ཅི་ལོག་བཞིའི་སྟེང་དུ། འདུས་མ་བྱས་ཀྱི་ཕྱིན་ཅི་ལོག་བཞི་བསྣན་ནས་ཐམས་ཅད་ལ་བདུད་ཅེས་གསུངས་ཏེ། ཐེག་པ་ཆུང་ངུའི་གཞུང་གིས་འདི་ལ་སྐྱོན་དུ་མི་སྒྲུབ་བོ། །ཡང་ན་ཐེག་པ་ཆེན་པོ་ལྟར་ཉོན་མོངས་པའི་བདུད་ཀྱིས་བསྡུས་པའི་

ཕྱིར། འཕགས་པའི་གསུང་རབ་ལས། མདོར་བསྡུས་ནས་མ་བསྟན་ཏོ། །བདུད་བཞི་རྒྱ་ཆེར་བཤད་པ་ནི་ཕུན་སུམ་ཚོགས་པ་བཅོ་བརྒྱད་བསྟན་པའི་སྐབས་ནས་བསྟན་པ་བཞིན་ནོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ་ཞེས་བྱ་བས་ནི་དྲུག་པ་ཡིད་ལ་
བྱེད་པ་ཆེན་པོ་ཉིད་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། འདི་ནི་ཐེག་པ་གཉིས་ཀྱི་ཡིད་ལ་བྱེད་པ་རྒྱངས་བཅད་དེ་སྤངས་པའོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་བཞིན་དུ་བཤད་དོ། །ཐེག་པ་ཆེན་པོ་
བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཐེག་པ་གཉིས་ཀྱི་ཡིད་ལ་བྱེད་པ་ནི་འདི་ལྟ་སྟེ། སྡུག་བསྔལ་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པའི་ཉེས་དམིགས་སུ་གོམས་པར་ལྟ་བ་དང་།
མྱ་ངན་ལས་འདས་པ་ལ་ཞི་བའི་ཡོན་ཏན་དུ་གོམས་པར་ལྟ་བ་སྟེ། བསྒོམ་པ་འདི་ནི་རང་གི་ལུས་ལ་སྲེད་ཅིང་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་སྤོང་བའི་ཕྱིར་ཡང་དགོས་པའོ་ཞེས་འབྱུང་ངོ་། །ཆོས་རྒྱ་ཆེན་པོའི་རོའི་དགའ་བ་དང་། བདེ་བ་བརྟེན་པ་ཞེས་བྱ་བས་ནི་སྡུད་པ་ཉེ་བར་སྟོན་པ་ཆེན་པོ་
ཉིད་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བ་དང་། བདེ་བ་ཉིད་ཟས་སུ་གྱུར་པའོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་རྣམ་པ་གཅིག་ལས་ནི་ཐེག་པ་ཆེན་པོ་གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོས་རྒྱ་ཆེན་པོ་ཞེས་བྱ་
སྟེ། དེ་བཞིན་ཉིད་དང་རྣམ་པར་གྲོལ་བ་ལ་སོགས་པ་ནི་རོའི་ངོ་བོ་ཉིད་དེ། དེ་ལ་དམིགས་ཏེ། དགའ་བ་དང་། བདེ་བ་རྣམས་སྐྱེས་ནས་བྱང་ཆུབ་སེམས་དཔའི་ཡན་ལག་ལྔའི་ཆོས་ཀྱི་སྐུ་གསོ་ཞིང་འཕེལ་བར་བྱེད་པའོ་ཞ