Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 118

Văn bản gốc(Tây Tạng)

Trang 9 / 18 (50.000 ký tự/trang)
ེ་དག་གི་རྒྱུ་མཐུན་པ་དང་། དེ་དག་གི་གང་ཟག་ཡོངས་སུ་གྲུབ་པ་གང་ཡིན་པའོ། །མ་ངེས་པའི་ཕུང་པོ་ནི་འདི་ལྟ་སྟེ། དེ་ལས་གཞན་པའི་ཆོས་རྣམས་དང་། དེ་དག་གི་རྒྱུ་དང་། དེ་དག་གི་འབྲས་བུ་དང་། དེ་དག་གི་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། གང་ཟག་ཡོངས་
སུ་གྲུབ་པ་གང་ཡིན་པ་སྟེ། འདི་ནི་ཕུང་པོ་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཅེས་བྱའོ། །ཁམས་ལས་ནི་སྔ་མ་བཞིན་ནོ། །འགྲོ་བ་ལས་ཀྱང་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་འགྲོ་བ་གཉིས་ཀྱི་ཕྱོགས་གཅིག་སྟེ། སེམས་ཅན་དམྱལ་བ་དང་མིའོ། །ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་དེ་ཡང་དེ་
བཞིན་དུ་འགྲོ་བ་གཉིས་ཀྱི་ཕྱོགས་གཅིག་སྟེ། འདི་ལྟ་སྟེ་ལྷ་དང་མིའིའོ། །མ་ངེས་པའི་ཕུང་པོ་ནི་འགྲོ་བ་གཉིས་པོ་དུད་འགྲོ་དང་། ཡི་དགས་དང་། འགྲོ་བ་གསུམ་གྱི་ཕྱོགས་གཅིག་སྟེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། ལྷ་དང་མི་རྣམས་ཀྱིའོ་ཞེས་བཤད་དོ། །དེ་ལ་མདོ་སྡེ་པའི་གཞུང་ནི་བྱེ་
བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ་དཔེ་ཅན་དག་མནར་མེད་པའི་སེམས་ཅན་དམྱལ་བ་ནས་སྲིད་པའི་རྩེ་མོའི་བར་དེར་ཕུང་པོ་རྣམ་པ་གསུམ་ཡོད་དོ་ཞེས་བཤད་དོ། དེ་དག་ལས་གང་མྱ་ངན་ལས་འདས་པའི་ཆོས་ཅན་གང་ཡིན་པ་དེ་ནི་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ཞེས་བྱའོ། །མྱ་ངན་ལས་མི་འདའ་བའི་
ཆོས་ཅན་གང་ཡིན་པ་དེ་ནི་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ཞེས་བྱའོ། །མ་ངེས་པ་གང་ཡིན་པ་དེ་ནི་མ་ངེས་པའི་ཕུང་པོ་ཞེས་བྱའོ་ཞེས་ཟེར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བྱེ་བྲག་ཏུ་བཤད་པ་ཆེན་པོ་བམ་པོ་བརྒྱ་བརྒྱད་ཅུ་རྩ་དྲུག་པ་ལ་སོགས་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །འདིར་ཐེག་
པ་ཆེན་པོའི་བསྟན་པ་དང་སྦྱར་ན། མདོར་བསྡུ་ན་སྒོ་རྣམ་པ་བཅུ་ཡོད་དེ། རེ་ཞིག་ས་བཅུ་ལ་བརྟེན་ནས་ས་བཅུའི་མདོ་ལས། སྒོ་རྣམ་པ་ལྔས་ཚོགས་རྣམ་པ་གསུམ་བསྟན་པ་དང་སྦྱར་ནས་བཤད་པར་བྱ་སྟེ། དེའི་ཕྱིར་མདོ་སྡེ་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་གྱི་ཕུང་པོ་རྣམ་པ་གསུམ་པོ་ཡང་དག་པ་ཉིད་
དུ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པ་དང་། གཉི་ག་ལ་མ་ངེས་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཡང་དག་པའི་ལྟ་བ་ནི་ཡང་དག་པར་ངེས་པའི་མཚན་ཉིད་དོ། །ལོག་པའི་ལྟ་བ་ནི་ལོག་པར་ངེས་པའི་མཚན་ཉིད་དོ། །གཉི་ག་དང་བྲལ་བ་ནི་མ་ངེས་པའི་མཚན་ཉིད་དོ། །མཚམས་མེད་པ་

ལྔ་ལས་གང་ཡང་རུང་བ་ནི་ལོག་པ་ལ་ངེས་པའི་མཚན་ཉིད་དོ། །དབང་པོ་ལྔ་ནི་ཡང་དག་པ་ལ་ངེས་པའི་མཚན་ཉིད་དོ། །གཉི་ག་དང་བྲལ་བ་ནི་མ་ངེས་པའི་མཚན་ཉིད་དོ། །ལོག་པ་བརྒྱད་ནི་ལོག་པ་ལ་ངེས་པའི་མཚན་ཉིད་དོ། །ཡང་དག་པའི་གནས་སྐབས་ནི་ཡང་དག་པ་ལ་ངེས་པའི་
མཚན་ཉིད་དོ། །ཡང་བྱར་མེད་པའི་ཕྱིར་དང་། གཉི་ག་དང་བྲལ་བས་མ་ངེས་པའི་མཚན་ཉིད་དོ། །ཕྲག་དོག་དང་། སེར་སྣ་དང་། ཉེས་པར་སྤྱོད་པ་ལས་མི་ཟློག་པ་ནི་ལོག་པ་ལས་ངེས་པའི་མཚན་ཉིད་དོ། །བླ་ན་མེད་པའི་འཕགས་པའི་ལམ་བསྒོམ་པ་ངེས་པར་བསྒྲུབ་པ་ནི་ཡང་
དག་པ་ལ་ངེས་པའི་མཚན་ཉིད་དོ། །གཉི་ག་དང་བྲལ་བ་ནི་མ་ངེས་པའི་མཚན་ཉིད་དེ། དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུའི་རྗེས་སུ་འབྲང་བ་ནི་བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་
གྲོས་ལ་གནས་པ་ཞེས་བྱའོ་ཞེས་གསུངས་ཏེ། འདི་ཉིད་ཀྱི་འགྲེལ་པ་ལས། སེམས་ཅན་གྱི་ཕུང་པོ་རྣམ་པ་གསུམ་གྱིས་སྤྱོད་པའི་ཐིབས་པོའི་རབ་ཏུ་དབྱེ་བ་ནི་རྣམ་པ་ལྔ་ཡོད་དོ། །དང་པོ་མྱ་ངན་ལས་འདས་པའི་ཆོས་ཅན་དང་། མྱ་ངན་ལས་འདས་པ་མ་ཡིན་པ་དང་།
ཐེག་པ་གསུམ་ལ་གཅིག་ཏུ་མ་ངེས་པའི་ཐ་དད་པའི་མདོ་ལས་ཇི་སྐད་དུ་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་གྱི་ཕུང་པོ་རྣམ་པ་གསུམ་པོ་ཡང་དག་པ་ཉིད་དུ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པ་དང་། གཅིག་ལ་མ་ངེས་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་
ཏེ་ཞེས་གསུངས་པའོ། །གཉིས་པ་ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱད་པའི་རྒྱུ་ཐ་དད་པ་ནི་མདོ་ལས་ཇི་སྐད་དུ། ཡང་དག་པའི་ལྟ་བ་ནི་ཡང་དག་པ་ལ་ངེས་པའི་མཚན་ཉིད་དོ། །ལོག་པའི་ལྟ་བ་ནི་ལོག་པ་ལ་ངེས་པའི་མཚན་ཉིད་དོ། །གཉི་ག་དང་བྲལ་བ་ནི་མ་ངེས་
པའི་མཚན་ཉིད་དོ་ཞེས་གསུངས་སོ། །གསུམ་པ་ངན་འགྲོ་དང་། བདེ་འགྲོའི་རྒྱུ་ཐ་དད་པ་ནི་མདོ་ལས་ཇི་སྐད་དུ། མཚམས་མེད་པ་ལྔ་ལས་གང་ཡང་རུང་བ་ནི་ལོག་པ་ལ་ངེས་པའི་མཚན་ཉིད་དོ། །དབང་པོ་ལྔ་ནི་ཡང་དག་པ་ལ་ངེས་པའི་མཚན་ཉིད་དོ། །གཉི་ག་དང་

བྲལ་བ་ནི་མ་ངེས་པའི་མཚན་ཉིད་དོ་ཞེས་གསུངས་སོ། །བཞི་པ་མུ་སྟེགས་ཅན་དང་། འཕགས་པ་ཉན་ཐོས་ཀྱི་རྒྱུ་ཐ་དད་པ་ནི་མདོ་ལས་ཇི་སྐད་དུ། ལོག་པ་བརྒྱད་ནི་ལོག་པ་ལ་ངེས་པའི་མཚན་ཉིད་དོ། །ཡང་དག་པའི་གནས་སྐབས་ནི་ཡང་དག་པ་ལ་ངེས་
པའི་མཚན་ཉིད་དོ། །ཡང་བྱར་མེད་པའི་ཕྱིར་གཉི་ག་དང་བྲལ་བས་མ་ངེས་པའི་མཚན་ཉིད་དོ་ཞེས་གསུངས་སོ། །ལྔ་པ་ནི་བྱང་ཆུབ་སེམས་དཔའ་ཐ་དད་པས་ཀྱང་སྟོན་ཏེ། མདོ་ལས་ཇི་སྐད་དུ། ཕྲག་དོག་དང་། སེར་སྣ་དང་། ཉེས་པར་སྤྱོད་པ་ལས་མི་ཟློག་པ་ནི་ལོག་པར་
ངེས་པའི་མཚན་ཉིད་དོ། །བླ་ན་མེད་པའི་འཕགས་པའི་ལམ་ཉེ་བར་བསྒྲུབ་པ་ནི་ཡང་དག་པ་ལ་ངེས་པའི་མཚན་ཉིད་དོ། །གཉི་ག་དང་བྲལ་བའི་མཚན་ཉིད་ནི་མ་ངེས་པའི་མཚན་ཉིད་དེ། དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་
སོ། །སེམས་ཅན་གདུལ་བར་འོས་པ་ཡལ་བར་བོར་བ་ནི་ཕྲག་དོག་གོ། །གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་དགའ་བ་ནི་སེར་སྣའི་ཉེས་པའོ། །གཞན་ལ་སྡུག་བསྔལ་བསྐྱེད་ཅིང་ཉེས་པར་སྤྱོད་པ་ལས་མི་བཟློག་པས་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་ཕྱིར་བྱང་ཆུབ་སེམས་
དཔའ་ལོག་པར་ངེས་པར་འགྱུར་བ་ཡིན་ཏེ། དེ་ནི་ཆོས་སྨྲ་བ་ཆེན་པོ་ཐབས་ཀྱི་ཤེས་པ་ཡོངས་སུ་རྫོགས་པའོ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་སྒོ་རྣམ་པ་ལྔ་ཡོད་དེ། དང་པོ་ནི་ལས་དང་། ཉོན་མོངས་པ་དང་། ཞི་བ་གཞོལ་བའི་སྒོ་སྟེ། རྣལ་འབྱོར་སྤྱོད་པའི་
ས་ལས་ཇི་སྐད་དུ། ལོག་པ་ཉིད་དུ་ངེས་པའི་ཆོས་ཀྱི་ཕུང་པོ་ནི་འདི་ལྟ་སྟེ། མཚམས་མེད་པ་ལྔའི་ལས་བྱས་པ་དང་། དགེ་བའི་རྩ་བ་བཅད་པ་གང་ཡིན་པའོ། །ཡང་དག་པ་ཉིད་དུ་ངེས་པའི་ཆོས་ཅན་གྱི་ཕུང་པོ་ནི་འདི་ལྟ་སྟེ། སློབ་པ་དང་མི་སློབ་པ་ལ་ཡོད་པའི་ཆོས་
རྣམས་སོ། །མ་ངེས་པའི་ཆོས་ཀྱི་ཕུང་པོ་ནི་འདི་ལྟ་སྟེ། དེ་ལས་གཞན་པ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་རྣམས་སོ་ཞེས་བསྟན་པ་ལྟ་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གཉིས་པ་ནི་སྤངས་

པ་དང་། མ་སྤངས་པ་བསྟན་པའི་སྒོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཇི་སྐད་དུ། ཕྱིན་ཅི་ལོག་བཅོམ་པ་ལས་རྣམ་པ་གསུམ་དུ་དབྱེ་སྟེ་ཕྱིན་ཅི་ལོག་བཅོམ་པ་ལས་གྱུར་པ་གང་ཡིན་པ་དེ་ནི་ཡང་དག་པ་ཉིད་དུ་ངེས་པའོ། །བཅོམ་པར་མི་ནུས་པ་གང་ཡིན་
པ་དེ་ནི་ལོག་པ་ཉིད་དུ་ངེས་པའོ། །རྐྱེན་དང་ལྡན་ན་ནི་འཇིག་པར་ནུས་ལ། རྐྱེན་དང་མི་ལྡན་ན་ནི་འཇིག་པར་མི་ནུས་པ་གང་ཡིན་པ་དེ་ནི་མ་ངེས་པའོ་ཞེས་བཤད་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་འབྱུང་བ་བཞིན་ནོ། །གསུམ་པ་ནི་འོས་སུ་རུང་བ་དང་། འོས་སུ་མི་རུང་བ་བསྟན་
པའི་སྒོ་སྟེ། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་ཇི་སྐད་དུ། ཡང་དག་པ་ཉིད་དུ་ངེས་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། རྒྱུའི་སྟོབས་ཚེ་རབས་སྔ་མའི་སྦྱོར་བ་དང་། བློ་རྣམ་པར་ཕྱེ་བ་དབང་པོ་རྣོན་པོ་ལས་བྱུང་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་
ཆོས་ཀྱི་སྣོད་དུ་རུང་བར་གསུངས་པའམ། གལ་ཏེ་ཆོས་བསྟན་པར་གྱུར་ན་རྣམ་པར་གྲོལ་བ་འཐོབ་པར་འགྱུར་བ་དག་ཡིན་ནོ། །མ་ངེས་པའི་རིགས་ཅན་ཇི་ལྟ་བུ་ཞེ་ན། ཕྱི་རོལ་གྱི་རྐྱེན་གྱི་སྟོབས་ཀྱིས་ཆོས་བཞིན་དུ་གདམས་ངག་སྦྱིན་ན་ནི་རྣམ་པར་གྲོལ་བ་འཐོབ་པར་
འགྱུར་ལ། ཆོས་བཞིན་དུ་གདམས་ངག་དང་རྗེས་སུ་བསྟན་པ་མེད་ན་ནི་རྣམ་པར་གྲོལ་བ་འཐོབ་པར་མི་འགྱུར་ཏེ། འདི་ལྟ་བུ་ལ་སོགས་པ་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་དུ་འབྱུང་བ་ཡིན་ནོ། །ལོག་པ་ཉིད་དུ་ངེས་པའི་
ཕུང་པོ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སེམས་ཅན་གང་དག་ངོ་བོ་ཉིད་ཀྱི་ཉོན་མོངས་པས་བསྒྲིབས་པ་ལས་ཡོངས་སུ་དག་པ་མི་འགྲུབ་པ། སེམས་རྩལ་ཞན་པ། གཏི་མུག་ཤིན་ཏུ་སྟུག་པ། ལོག་པར་ལྟ་བའི་དྲ་བས་གླགས་པ། ཡང་དག་པའི་ཆོས་ཀྱི་སྣོད་མ་ཡིན་ནོ། །
དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་སྟེ་ནམས་ཀྱང་རྣམ་པར་གྲོལ་བ་མངོན་སུམ་དུ་དབྱེ་བའི་འོས་སུ་མི་འགྱུར་བ་དག་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་འབྱུང་བ་བཞིན་ནོ། །བཞི་པ་ནི་ཡོད་པ་དང་། མེད་པ་ལ་མངོན་པར་

ཞེན་པའི་སྒོ་སྟེ། བླ་ན་མེད་པའི་གནས་བསྟན་པའི་མདོ་ལས་ཇི་སྐད་དུ། འཇིག་རྟེན་ན་སེམས་ཅན་གྱི་ཕྱོགས་ནི་རྣམ་པ་གསུམ་ཡོད་དེ། ཡོད་པ་ལ་མངོན་པར་ཞེན་པ་དང་། མེད་པ་ལ་མངོན་པར་ཞེན་པ་དང་། ཡོད་པ་དང་མེད་པ་ལ་མངོན་པར་ཞེན་པ་
མེད་པའོ། །ཡོད་པ་ལ་མངོན་པར་ཞེན་པ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་མྱ་ངན་ལས་འདས་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས་པ། མྱ་ངན་ལས་འདས་པའི་རིགས་མེད་པ། མྱ་ངན་ལས་འདས་པ་མི་ཚོལ་བ། འཁོར་བ་ལ་སྨོན་ཅིང་མོས་པའོ། །གཉིས་པ་ནི་ངའི་ཆོས་
ལ་གུས་པ་མི་བསྐྱེད་པ་དང་། ཐེག་པ་ཆེན་པོ་ལ་སྐུར་པ་འདེབས་པ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །མེད་པ་ལ་མངོན་པར་ཞེན་པ་ཡང་རྣམ་པ་གཉིས་ཏེ། ཐབས་མེད་པའི་སྤྱོད་པ་དང་། ཐབས་དང་བཅས་པའི་སྤྱོད་པའོ། །ཐབས་མེད་པའི་སྤྱོད་པ་ཡང་
གང་ཟག་རྣམ་པ་གཉིས་ཡོད་དེ། །དང་པོ་ནི། སངས་རྒྱས་ཀྱི་ཆོས་ལས་ཕྱི་རོལ་དུ་གྱུར་པ་མུ་སྟེགས་ཅན་བསླབ་པ་ཐ་དད་པར་གྱུར་པ་དགུ་བཅུ་རྩ་དྲུག་པོ་རྣམས་སོ། །གཉིས་པ་ནི་སངས་རྒྱས་ཀྱི་ཆོས་ལ་གནས་ཤིང་མངོན་པར་ཡིད་ཆེས་པ་སྐྱེས་ཀྱང་འཇིག་ཚོགས་ལ་ལྟ་བ་
ལ་སེམས་ཤིན་ཏུ་མངོན་པར་ཞེན་ནས། ཡང་དག་པའི་དོན་གྱི་ཚུལ་མི་ལེན་པ་སྟེ། ངས་གང་ཟག་འདི་ནི་མུ་སྟེགས་ཅན་དག་དང་མཚུངས་པར་སྟོན་ཏོ། །གཞན་ཡང་གང་ཟག་མངོན་པའི་ང་རྒྱལ་ཅན་ཁ་ཅིག་ཡང་དག་པའི་ཆོས་ལ་གནས་ཤིང་སྟོང་པ་ཉིད་དུ་བསྒོམ་པ་
དང་། ཡོད་པ་དང་། མེད་པའི་ལྟ་བ་གཉིས་བསྐྱེད་ནས། འདི་ནི་དེ་ཁོ་ན་ཉིད་ཀྱི་སྟོང་པ་བླ་ན་མེད་པའི་བྱང་ཆུབ་ལ་ཕྱོགས་གཅིག་པའི་ལམ་རྣམ་པར་ཐར་པའི་སྒོ་ཡང་དག་པ་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་ནས་ཡང་དག་པར་བསྟན་པ་ཡིན་ནོ་ཞེས་དེ་ལ་རྟོག་པ་ཉིད་དུ་ལྟ་
བ་བསྐྱེད་པ་དེ་ནི་ངས་གསོར་མི་རུང་བ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་ཀུན་དགའ་བོ་གལ་ཏེ་གང་ལ་ལ་ཞིག་བདག་ཏུ་མངོན་པར་ཞེན་པ་རི་རབ་ཙམ་དུ་གྱུར་ཀྱང་ངས་དེ་ལ་མཚར་དུ་འཛིན་པ་ཡང་མེད་དེ། སྨོན་པར་ཡང་མི་བྱེད་ཀྱི་མངོན་པའི་ང་རྒྱལ་ཅན་གང་། སྟོང་པ་

ཉིད་དུ་ལྟ་བ་ལ་མངོན་པར་ཞེན་ནས་ཇི་ལྟར་སྐྲ་ཉག་མ་གཅིག་ལ། ཆ་དྲུག་ཅུར་གསེས་པ་ཙམ་དུ་ལྟ་ན་ཡང་ངས་མི་སྣང་ངོ་། །ཐབས་དང་བཅས་པར་སྤྱོད་པའི་གང་ཟག་ཀྱང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པའོ། །ཡོད་པ་དང་། མེད་པ་ལ་
མངོན་པར་ཞེན་པ་མེད་པ་ནི་དབང་པོ་ཤིན་ཏུ་རྣོན་པོས་གང་ཐེག་པ་ཆེན་པོ་བསྒོམ་པ་སྟེ། གང་ཟག་དེ་འདོད་ཆེན་པ་དག་ལྟར་འཁོར་བ་ལ་མངོན་པར་ཆགས་པ་མེད་ཀྱི། མུ་སྟེགས་ཅན་ལྟར་ཐབས་མེད་པ་སྤྱོད་པ་ཡང་མ་ཡིན། ཐེག་པ་གཉིས་ལྟར་ཐབས་དང་བཅས་པར་སྤྱོད་པ་ཡང་མ་ཡིན་
ནོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་འབྱུང་བ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། གང་ལ་ལ་སྲིད་པ་གསུམ་ལ་མངོན་པར་ཞེན་ཅིང་ཐེག་པ་ཆེན་པོ་ལ་སྐུར་པ་འདེབས་པ་གང་ཡིན་པ་དེ་ནི་འདོད་ཆེན་པ་ཞེས་བྱ་སྟེ།
ལོག་པ་ཉིད་དུ་ངེས་པའི་ཕུང་པོར་གཏོགས་པ་ཡིན་ནོ། །གང་ལ་ལ་མེད་པ་ལ་མངོན་པར་ཞེན་ཅིང་ཐབས་མེད་པ་ལ་སྤྱོད་པ་གང་ཡིན་པ་དེ་ནི་མ་ངེས་པའི་ཕུང་པོར་གཏོགས་པ་ཡིན་ནོ། །གཞན་ཡང་མེད་པ་ལ་མངོན་པར་ཞེན་པ་ལ་ཐབས་དང་བཅས་པ། སྤྱོད་པ་དང་། ཡོད་པ་དང་
མེད་པ་ལ་མངོན་པར་ཞེན་པ་མེད་པ་མཉམ་པ་ཉིད་ཀྱི་ལམ་སྒོམ་པ་གང་ཡིན་པ་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །ལྔ་པ་ནི་གཉེན་པོས་བཅོས་སུ་མི་རུང་བའི་སྒོ་སྟེ། འཕགས་པ་སོར་མོ་ཕྲེང་གི་མདོ་ལས་ཇི་སྐད་དུ། དེ་ནས་ཚེ་དང་ལྡན་
པ་མཽད་གལ་གྱི་བུ་ཆེན་པོས་ཚིགས་སུ་བཅད་དེ་དྲི་བ་དྲིས་པ། ཅི་ཡི་ཕྱིར་ན་འཇིག་རྟེན་ནད། །རྣམ་པར་ཕྱེ་ནས་གསུམ་དུ་བཤད། །ཁ་ཅིག་སྨན་པས་གསོས་ན་འཚོ། །ཁ་ཅིག་སྨན་པས་གསོས་མི་འགྱུར། །གཞན་ཡང་ནད་པ་ཁ་ཅིག་ནི། །སྨན་པ་ཡོད་ཀྱང་གསོར་མི་
རུང་། །དེ་ལྟ་བས་ན་ནད་པ་རྣམས་རྣམ་པར་ཕྱེ་ན་གསུམ་ཡོད་དོ། །དེ་ནས་སོར་མོ་ཕྲེང་བས་ཚིགས་སུ་བཅད་དེ་སྨྲས་པ། དོན་དེ་དེ་ལྟར་མ་ཡིན་པས། །རྣམ་པ་གསུམ་དུ་བཤད་མི་རིགས། །གསོར་རུང་བ་དང་གསོར་མི་རུང་། །གསུམ་དུ་བཤད་ཀྱང་གསུམ་དུ་མེད། །

གལ་ཏེ་གསུམ་དུ་རྣམ་རྟོག་ན། །དེ་ནི་ཉན་ཐོས་ཐེག་པ་ཡིན། །ཉན་ཐོས་ཐེག་པ་གང་ཡིན་པ། །སངས་རྒྱས་སྦྲང་བུའི་ཐེག་པར་གསུངས། །དེ་དག་ཤེས་པ་མེད་པའི་ཕྱིར། །རྣམ་པར་རྟོག་པ་གསུམ་དུ་གྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ལོག་པར་
ངེས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདོད་ཆེན་པ་དག་གོ། །ཡང་དག་པ་ཉིད་དུ་ངེས་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། ཐེག་པ་གཉིས་པོ་དག་གོ། །དོན་གྱི་བྱེ་བྲག་བཤད་པ་དག་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་
དུ་རིག་པར་བྱའོ། །ཡང་དག་ཤེས་དང་སྨྲ་དང་འགལ་བས་ན། །བ་ལང་ལུག་ལ་སོགས་པའི་རིགས་སུ་སྐྱེ། །ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་ངན་འགྲོར་སྐྱེ་བར་འགྱུར་བའི་ཉེས་དམིགས་བསྟན་ཏེ། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དེ་དག་བླ་ན་མེད་པ་དེ་ཁོ་ནའི་དོན་འབའ་ཞིག་
དང་འགལ་བ་མ་ཡིན་གྱི། ཡང་དག་པའི་ཡེ་ཤེས་དང་སྨྲ་བ་དག་དང་ཡང་འགལ་བར་འགྱུར་བའོ། །དེ་ལ་ཡང་དག་པའི་ཡེ་ཤེས་ནི་གཉིས་སུ་མེད་པ་མངོན་པར་རྟོགས་པའི་ཡེ་ཤེས་སོ། །སྨྲ་བ་ནི་བརྗོད་པ་སྟེ། གཉིས་སུ་མེད་པ་སྟོན་པ། འཕགས་པའི་གསུང་རབ་ཀྱི་
གཏམ་མོ། །ཡང་དག་པའི་ཡེ་ཤེས་དང་། སྨྲ་བ་ལ་སོགས་པ་དང་འགལ་བར་འགྱུར་བའི་དབང་གིས་བ་ལང་ལ་སོགས་པ་འགྲོ་བ་ངན་པ་རྣམས་སུ་སྐྱེ་བར་འགྱུར་བའོ།། །།བམ་པོ་བཅུ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཆོས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་ཅེས་བྱ་བ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་དང་། ཚིགས་
སུ་བཅད་པས་མདོར་བསྟན་པའོ། །ཚིག་རྐྱང་པས་རྒྱ་ཆེར་བཤད་པ་ལ་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་དང་། ལན་མདོར་གསུངས་པ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སླར་བརྟག་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱ་

ཆེར་རྣམ་པར་བཤད་པ་དང་། དཔེས་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བ་དང་། ཡང་ན་མཇུག་བསྡུ་ཞིང་ལན་གདབ་པའོ། །གཞན་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་། བརྟག་པ་དང་། རྣམ་པར་བཤད་པ་དང་། དཔེས་
བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བའོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་ནི་བྱང་ཆུབ་སེམས་དཔའ་ཞུ་བ་གསོལ་བ་དང་། དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་དང་། དཔེས་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་ཞིང་མཇུག་བསྡུ་བ་དང་།
ཚིགས་སུ་བཅད་པས་བསྟན་པའོ་ཞེས་འབྱུང་ངོ་། །དང་པོ་ཞུ་བ་གསོལ་བ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཞུ་བ་ཡོད་པ་ཉིད་སྨོས་པ་དང་། གང་ཞུ་བའི་དངོས་པོ་བསྟན་པ་དང་། རང་གི་སེམས་ཀྱི་བསམ་པ་ཡང་དག་པར་བསྟན་པ་སྟེ། འདི་ནི་དང་པོའོ། །དེ་ན་ཞེས་བྱ་བ་
ནི་ཞུ་བ་གསོལ་བའི་ཚེ་ནའོ། །བྱང་ཆུབ་སེམས་དཔའ་ཆོས་འཕགས་ཞེས་བྱ་བ་ལ་སོགས་པས་ནི་ཞུ་བ་གསོལ་བའི་གང་ཟག་དང་། ལན་འདེབས་པ་བསྟན་ཏོ། །ཆོས་འཕགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བྱང་ཆུབ་སེམས་དཔའ་འདི་གྲོང་
ཁྱེར་སྔོས་སྣ་ཚོགས་ཞེས་བྱ་བ་ན་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་སེམས་ཅན་རྣམས་དགེ་བའི་རྩ་བ་རྒྱ་ཆེར་འཕེལ་བར་བྱ་བའི་ཕྱིར་ཆོས་འཕགས་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་ཀྱང་། བྱང་ཆུབ་སེམས་དཔའ་འདི་ས་བརྒྱད་
པ་ལ་གནས་ཤིང་ཆོས་ཀྱི་སྐུ་ལས་བྱུང་བའི་ཕྱིར་ཆོས་འཕགས་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ཧྱན་ཙང་གིས་ཆོས་འཕགས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འདིའི་ཆོས་ཀྱི་སྤོབས་པ་ཆུ་བོ་བཞིན་དུ་གཏུགས་པ་མེད་དོ། །ཆོས་དང་དཔེ་གཉིས་ཀ་ཅིག་ཅར་སྨོས་པའི་
ཕྱིར་ཆོས་འཕགས་ཞེས་བྱའོ་ཞེའོ། །བཅོམ་ལྡན་འདས་འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་གྲགས་པ་ཅན་ཞེས་བགྱི་བ་མཆིས་ཏེ། དེ་ན་དེ་བཞིན་གཤེགས་པའི་མཚན་ནི་རྒྱ་ཆེར་གྲགས་

པ་ཞེས་བགྱིའོ། །བདག་སྔོན་གྱི་གདུགས་སྔ་མོ་ཞིག་ནས་སངས་རྒྱས་ཀྱི་ཞིང་དེ་ནས་འདིར་མཆིས་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ནི་གང་ཞུ་བའི་དངོས་པོ་བསྟན་པ་ཞེས་བྱ་བ་སྟོན་ཏེ། དེ་ནི་འདི་སྐད་དུ་མུ་སྟེགས་ཅན་རྣམས་གཅིག་ཏུ་འདུས་
ཏེ། དོན་དམ་པའི་བདེན་པ་གླེངས་པ་ལས་གང་གིས་ཀྱང་ཐེ་ཚོམ་བཅད་མི་ནུས་པའི་ཕྱིར་དོན་དམ་པའི་བདེན་པ་ནི་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པར་ཤེས་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། བགྲོད་པ་དང་འོང་བའི་གནས་
སྐབས་བསྟན་པ་དང་། དེ་དག་གཅིག་ཏུ་འདུས་པར་མཐོང་བར་བསྟན་པ་དང་། རྩོད་པ་སྨྲ་བའི་རྒྱུ་བསྟན་པ་དང་། མ་རྟོགས་པའི་མཚན་ཉིད་བསྟན་པ་སྟེ། འདི་ནི་དང་པོ་བགྲོད་པ་དང་འོངས་པའི་གནས་བསྟན་པའོ། །མདོའི་ཚིག་འདི་ཡང་གཉིས་སུ་དབྱེ་སྟེ།
དེ་ལ་འདི་ནས་ཞེས་བྱ་བ་ལ་སོགས་པས་ནི་བགྲོད་པའི་གནས་བསྟན་པའོ། །བདག་སྔོན་ཞེས་བྱ་བ་ལ་སོགས་པས་ནི་འོངས་པའི་གནས་བསྟན་པ་སྟེ། འདིས་ནི་འཕགས་པ་ཆོས་འཕགས་འཇིག་རྟེན་གྱི་ཁམས་འདི་ནས་འཇིག་རྟེན་གྱི་ཁམས་གྲགས་པ་ཅན་དུ་ཕྱིན་ནས་སེམས་
ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གྲོགས་སུ་གྱུར་པ་བསྟན་ཏོ། །འདི་ནས་ཞེས་བྱ་བ་ནས་འདིར་མཆིས་ལགས་ཏེ་ཞེས་བྱ་བའི་བར་དུ་གསུངས་པ་དེ་ལ་གནས་ཇི་ལྟ་བུ་ཞིག་ལ་འདི་ནས་ཞེས་བརྗོད་ཅེ་ན། འདི་ལ་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་འདི་ཞེས་བྱ་བ་ནི་མི་
མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའོ་ཞེས་བཤད་དེ། དེའི་ཕྱིར་ཚིག་ངེས་པར་འགྲེལ་པའི་མདོ་ལས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནས་ཤར་ཕྱོགས་ཤིན་ཏུ་ཐག་རིང་པོ་ནས་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། མི་མཇེད་ཀྱི་འཇིག་རྟེན་
གྱི་ཁམས་ཞེས་བྱ་བ་ལ། མི་མཇེད་ཅེས་བྱ་བ་ནི་ཚངས་པའི་རྒྱལ་པོའི་མིང་སྟེ། འདིས་གཞན་ཀྱང་ཁྱད་པར་དུ་འཕགས་པའི་དངོས་པོ་མཐོང་ན་རྟག་པར་རྗེས་སུ་དགའ་ཞིང་ཕྲག་དོག་དང་སེར་སྣ་མི་སྐྱེད་དེ། གཞན་གྱི་ཡོན་ཏན་ཁྱད་པར་ཅན་གྱི་དངོས་པོ་ལ་ཇི་སྙམ་པ་

བཟོད་པའི་ཕྱིར་མི་མཇེད་ཅེས་བྱ་བའི་བཟོད་པ་ལ་མི་མཇེད་ཅེས་བཤད་པ་ནི་མ་ཡིན་ཏེ། མི་མཇེད་དེ་འཇིག་རྟེན་གྱི་ཁམས་སྟོང་ལ་དབང་བྱེད་པས་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོར་གྱུར་པ་ཡིན་ཏེ། བདག་པོའི་མིང་ལས་མིང་དུ་བཏགས་པའི་ཕྱིར་མིང་མི་མཇེད་
ཅེས་བྱའོ། །ཁ་ཅིག་ན་རེ་འདི་ནས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་བཅོ་བརྒྱད་དང་ལྡན་པ་འདི་ནས་ཏེ། དེའི་ཕྱིར་དཔེ་རྣམ་པ་གཉིས་ལས་མི་མཇེད་ཀྱི་འཇིག་རྟེན་ཞེས་བྱ་བའི་མིང་སྨོས་སོ། །གལ་ཏེ་དེ་ལྟར་ན་ཞིང་ཡོངས་སུ་དག་པ་ན་
ནི་ཉི་མ་དང་ཟླ་བ་ཡང་མེད་ན། ཅིའི་ཕྱིར་བདག་སྔོན་གྱི་གདུགས་སྔ་མ་ཞིག་ནས་སངས་རྒྱས་ཀྱི་ཞིང་དེ་ནས་འདིར་མཆིས་ལགས་ཞེས་གསུངས། འཇིག་རྟེན་གྱི་ཁམས་གཞན་ན་ཉི་མ་དང་ཟླ་བ་ཡོད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་
སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཇི་སྐད་དུ། ཡང་དག་པའི་དོན་དུ་གནས་འདི་ནས་ཞེས་བྱ་བ་ནི་རྣམ་པ་གཉིས་ཡོད་དོ། །ཞིང་ཡོངས་སུ་དག་པ་དང་ཞིང་ཡོངས་སུ་མ་དག་པ་སྟེ། དོན་དེའི་ཕྱིར་གནས་གཉིས་སྤྱིར་བསྟན་པ་འདི་ནས་ཞེས་བྱའོ་ཞེས་བཤད་པ་ལྟ་བུའོ་ཞེའོ། །དཔེ་
རྣམས་དེ་ལྟར་ཐ་དད་པར་གྱུར་པ་ཡང་ལོ་ཙཱ་བ་རྣམས་ཀྱི་བསམ་པ་ཐ་དད་པའི་ཕྱིར་དང་། ཡང་ན་རྒྱ་གར་གྱི་དཔེ་ཉིད་ལས་བྱེ་བྲག་འདི་ལྟ་བུ་ཡོད་པའི་ཕྱིར་རོ། །དེ་ལ་གང་གཱའི་ཀླུང་ཞེས་བྱ་བ་ལ། གང་གཱ་ནི་ལྷའི་མིང་ངོ་། །ཅིའི་ཕྱིར་མདོ་སྡེ་རྣམས་ལས་གང་གཱའི་ཀླུང་ཞེས་སྨོས་
ལ། ཀླུང་གཞན་དག་མ་སྨོས་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཇི་སྐད་དུ་འཛམ་བུའི་གླིང་ན་ཀླུང་ཆེན་པོ་སྣ་ཚོགས་ཡོད་དེ། གང་གཱའི་ཀླུང་བས་ལྷག་པ་ཡང་ཡོད་ན་ཅིའི་ཕྱིར་ཐམས་ཅད་དུ་གང་གཱའི་ཀླུང་ཉི་ཚེ་སྨོས། །སྨྲས་པ་གང་གཱའི་ཀླུང་ནི་བྱེ་མ་མང་ལ་
གཞན་ནི་དེ་ལྟ་མ་ཡིན་པས་སོ། །གཞན་ཡང་གང་གཱའི་ཀླུང་ནི་སངས་རྒྱས་འཁྲུངས་པའི་གནས་དང་། རྣམ་པར་རྒྱུ་བའི་གནས་ཡིན་པས། སློབ་མ་རྣམས་ཀྱིས་དམིགས་ཀྱིས་མངོན་སུམ་དུ་མཐོང་བའི་ཕྱིར་དཔེར་སྨོས་པ་ཡིན་ནོ། །གཞན་ཡང་འཛམ་བུའི་གླིང་གི་གངས་རིའི་བར་

ན་རྒྱ་མཚོ་མ་དྲོས་པ་ཞེས་བྱ་བ་ཀླུང་ཆེན་པོ་བཞི་འབྱུང་བ་ཡོད་དེ། དེའི་ཤར་ཕྱོགས་ཀྱི་ངོས་གླང་པོ་ཆེའི་ཁ་ནས་ཆུ་བོ་གང་གཱ་བྱུང་ནས་ཤར་ཕྱོགས་ཀྱི་རྒྱ་མཚོའི་ནང་དུ་འབབ་བོ། །ལྷོའི་ངོས་བ་ལང་གི་ཁ་ནས་ཆུ་བོ་སིན་དྷུ་བྱུང་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །
ནུབ་ཕྱོགས་ཀྱི་ངོས་རྟའི་ཁ་ནས་ཆུ་བོ་པག་ཤུ་བྱུང་ནས་ནུབ་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །བྱང་གི་ངོས་སེང་གེའི་ཁ་ནས་ཆུ་བོ་སི་ཏ་བྱུང་ནས་བྱང་ཕྱོགས་ཀྱི་རྒྱ་མཚོར་འབབ་སྟེ། ཆུ་བོ་རྣམ་པ་བཞི་ལས་ཆུ་བོ་གང་གཱ་མཆོག་ཏུ་ཆེ་བས་ཕྱོགས་བཞི་ཐག་རིང་པོའི་མི་རྣམས་དང་། གཙུག་ལག་
ཐམས་ཅད་ལས། ཆུ་བོ་གང་གཱ་ནི་བསོད་ནམས་དང་བཀྲ་ཤིས་ཀྱི་ཀླུང་སྟེ། གང་གིས་དེར་ཞུགས་ཏེ་ཁྲུས་བྱས་ན་སྡིག་པ་དང་། དྲི་མ་རྣམས་བྱང་བར་འགྱུར་རོ་ཞེས་མང་པོ་ཀུན་གྱིས་བསྔགས་ཤིང་ཀུན་གྱིས་ཤེས་པའི་ཕྱིར་རོ། །ཆུ་བོ་གང་གཱའི་དཔེར་བསྟན་པ་ཡིན་ནོ། །གཞན་
ཡང་ཀླུང་གཞན་གྱི་མིང་ནི་ཀུན་གྱིས་རྟག་ཏུ་བརྗོད་ལ། གང་གཱའི་ཀླུང་ནི་ཐམས་ཅད་དུ་བརྗོད་པ་མ་ཡིན་པས། དེའི་ཕྱིར་གང་གཱའི་ཀླུང་དཔེར་སྨོས་ཀྱི་ཀླུང་གཞན་ནི་མ་བླངས་སོ། །གང་གཱའི་ཀླུང་གི་ནང་ནས་བྱེ་མ་ཇི་སྙེད་ཅིག་ཡོད་ཅེ་ན། རྩིས་མཁན་དང་བགྲང་བ་ཐམས་ཅད་
ཀྱིས་ཤེས་པར་མི་ནུས་ཀྱི་སངས་རྒྱས་དང་ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེའི་གྲངས་ཐུགས་སུ་ཆུད་ཅིང་ཤེས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་འཛམ་བུའི་གླིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མང་ཉུང་ཇི་སྙེད་
ཡོད་པ་ཡང་ཐུགས་སུ་ཆུད་ཅིང་ཤེས་ན་གང་གཱའི་ཀླུང་ལྟ་ཅི་སྨོས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་གྱི་ཕྱི་རོལ་ཤིང་དྲུང་ཞིག་ན་བཞུགས་པ་ལས། བྲམ་ཟེ་ཞིག་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་ནས་བཅོམ་ལྡན་འདས་ལ་ཞུས་པ་ཚལ་འདི་ལ་ལོ་མ་ཇི་སྙེད་
ཅིག་མཆིས་ལགས། བཅོམ་ལྡན་འདས་ཀྱིས་ལན་དུ་གྲངས་འདི་སྙེད་ཅིག་ཡོད་དོ་ཞེས་བཀའ་སྩལ་པ་དང་། བྲམ་ཟེ་ཐེ་ཚོམ་སྐྱེས་ནས་སུ་ཞིག་ཡིད་ཆེས་པར་འགྱུར་རོ་ཞེས་བྲམ་ཟེ་དེ་ཤིང་དྲུང་ཞིག་ཏུ་སོང་ནས་ཤིང་གི་ལོ་མ་ཉུང་ཤས་ཅིག་བླངས་ཏེ་སླར་འོངས་ནས། བཅོམ་ལྡན་

འདས་ལ་ངེས་པར་ལོ་མ་ཇི་སྙེད་ཅིག་མཆིས་ཞེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་དེ་ཇི་ཙམ་བླངས་པ་བཞིན་དུ་འདི་ཙམ་ཅིག་ཆོག་གོ་ཞེས་བཀའ་སྩལ་པས། བྲམ་ཟེས་དེ་བཞིན་དུ་ཤེས་པར་གྱུར་ནས་རབ་ཏུ་དད་པ་སྐྱེས་ཏེ། བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་གསོལ་བས་ཕྱིས་
དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་གསུངས་པས་དེའི་ཕྱིར་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མའི་གྲངས་མཁྱེན་པར་མངོན་ནོ། །གཞན་ཡང་དྲང་སྲོང་རྡོ་རྗེ་འཕགས་པས་རྡོ་རྗེ་གཅོད་པའི་འགྲེལ་པ་བྱས་པ་ལས། གང་གཱའི་ཀླུང་གི་བྱེ་མ་ཞེས་བྱ་བ་ནི་མཚོ་རབ་ཏུ་བསིལ་བ་ནས་
འབྱུང་སྟེ། ཤར་ཕྱོགས་ཀྱི་རྒྱ་མཚོར་འབབ་བོ། །སྲིད་དུ་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ངོ་། །ཞེང་དུ་ནི་དཔག་ཚད་གཉིས་སོ། །ཞེང་ཁ་ཅིག་ཏུ་ནི་རྒྱང་གྲགས་གཉིས་ཡོད་པ་ཡང་ཡོད་དོ། །དེ་བྱེ་མའི་རིའི་སྟེང་ནས་འབབ་པའི་ཕྱིར་བྱེ་མའི་ཁ་དོག་དཀར་པོ་འབབ་པས་ཆུ་ཡང་འོ་མའི་ཁ་དོག་ལྟ་
བུར་དཀར་པོར་འབབ་སྟེ། ཆུ་ཀླུང་དེ་ལས་ཕྱིར་བྱུང་བའི་ཚེ་ནི་སླར་སྔོན་པོར་འགྱུར་རོ། །བྱེ་མ་དེ་ཤིན་ཏུ་ཟབ་པས་གླང་པོ་ཆེ་དང་རྟ་ལ་སོགས་པ་དེར་ཞུགས་ན་ནུབ་པར་འགྱུར་རོ་ཞེས་བཤད་དོ། །གཞན་ཡང་རྒྱ་གར་ཡུལ་པ་རྣམས་ཀུན་གྱིས་ཀླུང་དེ་མཐོང་བས་འདི་དཔེ་བསྟན་པ་ཡིན་ནོ། །དེ་ལྟར་
འཇིག་རྟེན་ཐག་རིང་པོར་ཕྱིན་པ་ཡང་། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་རྣམ་པ་གསུམ་ཡོད་དེ། དང་པོ་ནི་ལུས་འཕར་བ་སྟེ། བྱ་འདབ་ཆགས་ལྟར་ནམ་མཁའ་ལ་འཕུར་བའོ། །དེ་ཡང་ཏིང་ངེ་འཛིན་གྱི་མཐུས་ལུས་བསྐྱོད་ནས་ཐག་རིང་པོར་
འགྲོ་བར་ནུས་པར་རྟག་པར་རྒྱུན་དུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། གཟུགས་དམ་པ་དང་ལྡན་པར་བྱ་དགོས་སོ། །གལ་ཏེ་བརྗེད་པར་གྱུར་ཏམ། དམ་པར་མ་གྱུར་ན་ལུས་སླར་ཡང་ལྷུང་བའི་ཕྱིར། ལུས་འཕར་བ་ཞེས་བྱ་སྟེ། རྣམ་པ་གསུམ་ལས་འདི་ནི་ཕྱོགས་ཐ་མའོ། །གཉིས་
པ་ནི་ཡིད་བཞིན་གྱི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་སྟེ། འཕགས་པ་རྣམས་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་ཐག་རིང་པོ་ལས་ཉེ་བར་བསྒྱུར་བ་དང་ཉེ་བ་ལས་རིང་པོར་བསྒྱུར་བ་དང་ནང་ངམ་ཕྱི་རོལ་ཡང་རུང་སྟེ། ནང་གི་སྒྱུར་བ་གང་ཡིན་པ་དེ་ནི་འབྲས་བུ་ཡུན་མི་ཐུང་བས།

ལུས་ཐག་རིང་པོར་ཕྱིན་པར་བྱེད་དོ། །ཕྱི་རོལ་གྱི་སྒྱུར་བ་གང་ཡིན་པ་དེ་ནི་ལུས་ཐག་རིང་པོར་ཕྱིན་པར་མི་འགྱུར་བས་ཐག་རིང་པོ་དང་། ཐུང་ངུར་བྱེད་པ་དེ་འབྲས་བུ་ལ་ཡོད་དེ་འདི་ནི་ཕྱོགས་བར་མའོ། །གསུམ་པ་ནི་སེམས་མྱུར་བའི་མངོན་པར་ཤེས་པ་སྟེ། མངོན་པར་
ཤེས་པ་འདི་ནི་མཆོག་ཡིན་པས་ས་བརྒྱད་པ་ཡན་ཆད་ཀྱིས་གདོད་ཐོབ་པར་ནུས་ཏེ། ལུས་ཡང་ཞིང་མྱུར་བས་དེར་ཕྱིན་ནས་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་རྩེ་གཅིག་པ་དེ་ཉིད་ཀྱིས་དེར་ཕྱིན་པར་གྱུར་པའི་ཕྱིར། འདིར་བྱང་ཆུབ་སེམས་དཔའ་ཡང་སེམས་མྱུར་བའི་མངོན་པར་
ཤེས་པས་འཇིག་རྟེན་གྱི་ཁམས་དེར་ཕྱིན་པ་ཡིན་ནོ་ཞེས་འབྱུང་ངོ་། །མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་ལས་འདས་པ་ལས་ཡིད་ཀྱི་ཤུགས་ཀྱི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་སངས་རྒྱས་ཉག་གཅིག་ལ་མངའོ་ཞེས་བཤད་དེ། དེའི་ཕྱིར་ཡང་དག་པའི་རིགས་པ་ལས་
འགྲོ་བ་ནི་རྣམ་པ་གསུམ་སྟེ། དང་པོ་ལུས་བསྐྱོད་པ་ནི་འདི་ལྟ་སྟེ། བྱ་འདབ་ཆགས་བཞིན་དུ་ནམ་མཁའ་ལ་འགྲོ་བའོ། །གཉིས་པ་མོས་པས་ནི་འདི་ལྟ་སྟེ། ཤིན་ཏུ་ཐག་རིང་པོ་དག་ཀྱང་ཉེ་བ་ཉིད་དུ་བསམས་པ་ཙམ་གྱིས་ཕྱིན་པར་འགྱུར་བའོ། །དང་པོ་ནས་འགྲོ་བ་དང་འོང་བ་མེད་
ན་ཅི་ལ་ཐག་རིང་པོར་འགྲོ་བ་ཞེས་བྱ། འདི་ཡང་དག་པར་འགྲོ་བ་ཡིན་མོད་ཀྱི་ཉེ་བ་ཉིད་དུ་མོས་པའི་དབང་གིས་ཤིན་ཏུ་ཐག་རིང་པོར་འགྲོ་བའི་ཕྱིར་མོས་པ་ཞེས་བྱ་བའི་མིང་འཐོབ་པ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་ཀྱིས་བསམ་གཏན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་པའི་
ཕྱིར་དེ་བཞིན་གཤེགས་པ་ཁོ་ནས་ཐུགས་སུ་ཆུད་པ་ཉིད་དོ། །གསུམ་པ་ཡིད་ཀྱི་ཤུགས་ཀྱིས་ནི་འདི་ལྟ་སྟེ། ཤིན་ཏུ་ཐག་རིང་པོའི་ཕྱོགས་དག་ཀྱང་སེམས་བསྐྱེད་ནས་དམིགས་པ་ཙམ་གྱིས་ཀྱང་ཕྱིན་པར་འགྱུར་བའོ། །འདིའི་ཤུགས་ཡིད་དང་འདྲ་བས་ཡིད་ཀྱི་ཤུགས་ཀྱི་མིང་
འཐོབ་པ་ཡིན་ཏེ། ཇི་ལྟར་སེམས་ཅན་གྱི་ཡུལ་དམིགས་པ་བཞིན་དུ་འོག་མིན་གྱི་བར་དུ་འགྲོ་བའི་ཕྱིར་རོ། །རྣམ་པ་གསུམ་ལས་ཡིད་ཀྱི་ཤུགས་ནི་སངས་རྒྱས་ཉག་གཅིག་ལའོ། །ལུས་བསྐྱོད་པ་དང་མོས་པའི་ཐེག་པ་གཞན་དག་ཀྱང་གཏོགས་ཏེ། འདི་ལྟར་བཅོམ་ལྡན་འདས་

ཀྱི་རྫུ་འཕྲུལ་གྱི་མངོན་པར་མཁྱེན་པ་མྱུར་བས། ཕྱོགས་ཉེ་རིང་ཇི་ལྟ་བ་བཞིན་ཐུགས་བསྐྱེད་པ་ཙམ་གྱིས་བྱོན་པར་འགྱུར་བ་དེས་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་ཏེ། ཇི་ལྟར་ཉི་མའི་འོད་ཟེར་གཏོང་བ་ལྟར་ཕུང་པོ་སྐྱེད་པ་
ཡང་དེ་བཞིན་ཏེ། ཇི་ལྟར་བཞེད་པ་བཞིན་དུ་ཐག་རིང་པོར་བྱོན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བཤད་དོ། །གལ་ཏེ་དེ་ལྟར་མ་ཡིན་ནོ་ཞེ་ན། འདི་ནས་མི་སྣང་བར་དེར་འབྱུང་བ་ཞེས་བྱ་བ་ཡང་བར་དུ་ཆད་པ་མེད་པས་འགྲོ་བ་ཞེས་བྱ་བའི་དོན་མེད་པར་འགྱུར་བའི་རིགས་སོ། །ཡང་ན་དེ་
བཞིན་གཤེགས་པའི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཐུགས་བསྐྱོད་པ་ཙམ་གྱིས་བྱོན་པར་གྱུར་པ་དང་། དཔག་པར་དཀའ་བའི་ཕྱིར། ཡིད་ཀྱི་ཤུགས་ཀྱིས་འགྲོ་བ་ནི་བཅོམ་ལྡན་འདས་ཉག་གཅིག་ལ་མངའོ། །མོས་པ་ནི་འཕགས་པ་གཞན་དག་ཀྱང་གཏོགས་སོ། །ལུས་བསྐྱོད་པ་
ནི་སོ་སོའི་སྐྱེ་བོ་དག་ཀྱང་གཏོགས་སོ། །འདིར་ཐེག་པ་ཆེན་པོའི་བསྟན་བཅོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་སྦྱར་ན། ལས་རྣམས་ཅུང་ཟད་ཐ་དད་དེ། དེའི་ཕྱིར་དེ་ཉིད་ལས་ཡིད་བཞིན་དུ་འགྱུར་བ་ནི་རྣམ་པ་གསུམ་སྟེ། ཕྱིན་པར་གྱུར་པ་དང་། ཡོངས་སུ་བསྒྱུར་བ་ལ་དབང་ཐོབ་
པ་དང་། འཕགས་པ་ཡིད་བཞིན་དུ་གྱུར་པའོ། །ཕྱིན་པར་འགྱུར་བ་ཡང་རྣམ་པ་བཞི་སྟེ། བྱ་འདབ་ཆགས་བཞིན་དུ་ཐོགས་པ་མེད་པར་ནམ་མཁའ་ལ་ལུས་འཕུར་བ་དང་། ཐག་རིང་པོ་ཐག་ཉེ་བར་བསྒྱུར་ཞིང་མ་སོང་བར་ཕྱིན་པར་འགྱུར་བ་དང་། འདི་ནས་མི་སྣང་བར་གྱུར་ནས་དེར་
འབྱུང་བ་དང་། སྐད་ཅིག་མ་གཅིག་གིས་ཕྱིན་པར་འགྱུར་བའོ། །ཡོངས་སུ་བསྒྱུར་བ་ལ་དབང་ཐོབ་པ་ནི་ཆེན་པོ་ལ་ཆུང་ངུ་ཆུང་ངུ་ལ་ཆེན་པོར་བྱེད་པ་དང་། གཅིག་ལ་མང་པོར་བྱེད་པ་དང་། མང་པོ་ལ་གཅིག་ཏུ་བྱ་བ་དང་། དངོས་པོ་རྣམ་པ་སྣ་ཚོགས་ཡོངས་སུ་སྒྱུར་བར་བྱེད་པའོ། །མུ་
སྟེགས་ཅན་རྣམས་ཀྱིས་ཡོངས་སུ་བསྒྱུར་བ་ནི་དེ་ལྟར་ཐོགས་ནས་ཞག་བདུན་ལས་མི་འདའོ། །སངས་རྒྱས་དེའི་སློབ་མ་རྣམས་ནི་དབང་བསྒྱུར་བ་ལ་མངའ་བརྙེས་པས་ཡུན་རིང་ཐུང་ཞེས་བྱ་བ་མེད་དོ། །འཕགས་པ་ཡིད་བཞིན་དུ་འགྱུར་བ་ནི་ཕྱི་རོལ་གྱི་ཡུལ་དྲུག་པོ་ལས་དངོས་པོ་གང་

ཡིད་དུ་མི་འོང་བ་དང་། མི་གཙང་བ་དེ་དག་ལ་ཡོངས་སུ་གཙང་བ་ཉིད་དུ་ལྟ་བ་དང་། ཡིད་དུ་འོང་བ་དང་། ཡོངས་སུ་གཙང་བ་དེ་དག་ལ་མི་གཙང་བ་ཉིད་དུ་ལྟ་བ་སྟེ། དབང་ཐོབ་པའི་ཆོས་འདི་ནི་སངས་རྒྱས་ཉག་གཅིག་ལ་མངའོ་ཞེས་འབྱུང་ངོ་། །གཞན་ཡང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མདོ་དག་ལས་ནི་སེ་གོལ་གཏོགས་པ་གཅིག་ལ་སྐད་ཅིག་མ་བཅུ་དྲུག་ཡོད་དོ་ཞེས་གསུངས་པས་གལ་ཏེ་སྐད་ཅིག་མ་གཅིག་ལ་ཕྱོགས་གཅིག་གི་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སུ་ཕྱིན་པར་འགྱུར་རོ་ཞེས་བཤད་
ན་ཡང་ཤིན་ཏུ་ཡིད་ཆེས་པར་དཀའ་ན། ཕྱོགས་བཅུའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སུ་དུས་ཡུན་ཐུང་ངུས་གནས་མང་པོར་ཕྱིན་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། སྨྲས་པ་མདོ་དག་ལས་དངོས་པོ་ལྔ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་ཏེ་འདི་ལྟ་སྟེ།
སེམས་ཅན་རྣམས་ཀྱི་གྲངས་མང་ཉུང་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། རྣལ་འབྱོར་པ་རྣམས་ཀྱི་མཐུ་དང་ཀླུ་རྣམས་ཀྱི་མཐུ་དང་། སངས་རྒྱས་རྣམས་ཀྱི་མཐུའོ། །བསམ་གྱིས་མི་ཁྱབ་པ་རྣམ་པ་ལྔ་ལས་སངས་རྒྱས་ཀྱི་མཐུ་ནི་མཆོག་ཏུ་བསམ་གྱིས་མི་ཁྱབ་བོ། །བྱང་ཆུབ་
སེམས་དཔའ་རྣམས་ཏིང་ངེ་འཛིན་ཟབ་མོ་ལ་ཞུགས་པ་ན་བསམ་གྱིས་མི་ཁྱབ་པ་སྐྱེ་བའི་ཕྱིར། སྐད་ཅིག་མ་གཅིག་ལ་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་རྣམས་སུ་ཕྱིན་པར་ནུས་ཏེ། ཇི་ལྟར་མངོན་པར་ཤེས་པ་རྣམ་པ་བཞི་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁོ་ན་ལ་ཡིད་
བཞིན་དུ་མྱུར་ཞིང་ཀུན་དུ་ཁྱབ་པའི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་འདི་མངའོ་ཞེས་བསྟན་པ་ལྟ་བུའོ་ཞེས་འབྱུང་ངོ་། །བདག་གི་ཞིང་དེའི་ས་ཕྱོགས་ཞིག་ན་མུ་སྟེགས་ཅན་རང་རང་གི་སྟོན་པ་ལ་སོགས་པ་བདུན་ཁྲི་བདུན་སྟོང་གཅིག་ཏུ་འདུས་ནས་ཞེས་བྱ་བ་ནི་གཉིས་པ་གཅིག་ཏུ་འདུས་པར་
མཐོང་བ་བསྟན་པ་སྟེ། དེ་དག་ཆོས་སྤྱོད་པའི་ཕྱིར་གཅིག་ཏུ་འདུས་པར་བསྟན་པའོ། །ཆོས་རྣམས་ཀྱི་དོན་དམ་པའི་བདེན་པའི་མཚན་ཉིད་བསམ་པ་ལས་བརྩམས་ཏེ། དེ་དག་ཆོས་རྣམས་ཀྱི་དོན་དམ་པའི་བདེན་པའི་མཚན་ཉིད་སེམས་པར་བགྱིད། འཇལ་བར་བགྱིད། ཉེ་བར་

སྟོན་པར་བགྱིད། ཡོངས་སུ་ཚོལ་བར་བགྱིད་ཀྱང་མ་རྟོགས་ཞེས་བྱ་བ་ནི་གསུམ་པ་རྩོད་པ་སྨྲ་བའི་རྒྱུ་བསྟན་པའོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། དེ་ལ་སྨྲ་བའི་དོན་རྣམ་པར་བཞག་པ་ཡང་རྣམ་པ་གསུམ་ཡོད་དེ། དེ་ལ་མངོན་སུམ་གྱི་ཚད་མ་དང་། རྗེས་
སུ་དཔག་པའི་ཚད་མ་ལ་བརྟེན་པ་དང་། འཕགས་པའི་ལུང་གི་ཚད་མ་སྟེ། དེ་ལ་དོན་དམ་པའི་བདེན་པའི་ཚད་མ་ཉིད་བསམ་པ་ལས་བརྩམས་ཏེ། སེམས་པར་བགྱིད་ཅེས་བྱ་བ་ནི་མུ་སྟེགས་ཅན་དག་གིས་བཤད་པའི་མངོན་སུམ་གྱི་ཚད་མའོ། །འཇལ་བར་བགྱིད་ཅེས་བྱ་བ་ནི་
རྗེས་སུ་དཔག་པའི་ཚད་མའོ། །ཉེ་བར་སྟོན་པར་བགྱིད་ཅེས་བྱ་བ་ནི་ལུང་གི་ཚད་མ་སྟེ། སྨྲང་གཞི་ལ་སོགས་པའི་གཙུག་ལག་རྣམས་སོ། །ཚད་མ་འདི་གསུམ་ལ་བརྟེན་ནས་ཡོངས་སུ་ཚོལ་བའི་ཚེ་དོན་དམ་པའི་བདེན་པའི་མཚན་ཉིད་རྟོགས་པར་མ་གྱུར་པའོ། །གཞན་ཡང་དོན་
རྣམ་པར་བཞག་པ་ནི་རྣམ་པ་གསུམ་ཡོད་དེ། དང་པོ་ནི་དོན་རྣམ་པར་བཞག་པ་སྟེ། འདི་ནི་དམ་བཅས་པའོ། །གཉིས་པ་ནི་དོན་བསྒྲུབས་པ་སྟེ། འདི་ནི་གཏན་ཚིགས་བསྟན་པའོ། །གསུམ་པ་ནི་དཔེ་རྣམ་པར་གཞག་པའོ། །འདི་ཆོས་མཚུངས་པའི་དཔེ་བསྟན་
པའོ། །དེ་ལ་སེམས་པར་བགྱིད་ཅེས་བྱ་བ་ནི་དམ་བཅས་པའོ། །འཇལ་བར་བགྱིད་ཅེས་བྱ་བ་ནི་གཏན་ཚིགས་རྣམ་པར་གཞག་པའོ། །ཉེ་བར་སྟོན་པར་བགྱིད་ཅེས་བྱ་བ་ནི་དཔེ་བསྟན་པ་སྟེ། རྣམ་པ་འདི་གསུམ་ལ་བརྟེན་ནས་ཡོངས་སུ་ཚོལ་བ་ན་དོན་དམ་པ་མ་རྟོགས་པའོ་
ཞེས་འབྱུང་སྟེ། རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་དུ་ན་རྣམ་པ་སྣ་ཚོགས་ཀྱི་མོས་པ་ཅན་དང་། ཐ་དད་པའི་མོས་པ་ཅན་དང་། རྣམ་པར་འགྱུར་བའི་མོས་པ་ཅན་དུ་གྱུར་པས། གཅིག་ལ་གཅིག་རྒྱབ་ཀྱིས་ཕྱོགས་ཤིང་རྩོད་པའི་སྨྲ་བ་བསྐྱེད་ནས་ཁའི་
མདུང་ཐུང་གིས་ཕན་ཚུན་འདེབས་པར་བགྱིད། གནོད་པར་བགྱིད་དེ་སོ་སོར་མཆིས་པ་དག་མཐོང་ནས་ཞེས་བྱ་བ་ནི་བཞི་པ་མ་རྟོགས་པའི་མཚན་ཉིད་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཡིད་ཀྱི་ལས་མི་མཐུན་པར་གྱུར་པར་བསྟན་པ་དང་།

རྩོད་པའི་སྨྲ་བ་མན་ཆད་ཀྱིས་ངག་གི་ལས་མི་མཐུན་པར་གྱུར་པར་བསྟན་པ་དང་། གནོད་པར་བགྱིད་ཅེས་བྱ་བ་ལ་སོགས་པས་ལུས་ཀྱི་ལས་མི་མཐུན་པར་གྱུར་པ་བསྟན་པའོ། །དེ་ལ་གཞན་དུ་རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་ཡིད་ཀྱི་ལས་ཀྱི་
མཚན་ཉིད་ཡིན་ཏེ། ཡིད་འདི་ལྟར་མུ་སྟེགས་ཅན་རྣམས་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བཙལ་ཀྱང་དེ་ཁོ་ན་ཉིད་ཀྱི་དོན་དམ་པ་ཁོང་དུ་མ་ཆུད་པས་གཞན་དུ་ན་ནོར་བས་མོས་པ་ནི་གསུམ་དུ་འཛིན་པར་གྱུར་ཏེ། །རྣམ་པ་སྣ་ཚོགས་ཀྱི་མོས་པ་ཅན་དང་། ཐ་དད་པའི་མོས་པ་ཅན་རྣམ་པར་
འགྱུར་བའི་མོས་པ་ཅན་དུ་གྱུར་པའོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་འཛིན་པ་སྣ་ཚོགས་བསྐྱེད་ཅེས་འབྱུང་ངོ་། །རྣམ་པ་གསུམ་དུ་དབྱེ་བ་ནི་མེད་དོ། །དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་ལས་ནི་ཐ་དད་པའི་ལྟ་བ་དང་། ཐ་དད་པའི་མངོན་པར་ཞེན་པ་
བསྐྱེད་ནས་ཐ་དད་པའི་སྡེར་གྱུར་ཅེས་འབྱུང་ངོ་། །མོས་པ་རྣམ་པ་གསུམ་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་རྣམ་པ་སྣ་ཚོགས་ཀྱིས་མོས་པ་ཅན་དུ་གྱུར་ཅེས་བྱ་བ་ནི་ཆོས་རྣམ་པ་སྣ་ཚོགས་ལ་དོན་དམ་པའི་མཚན་ཉིད་མེད་པའི་དེ་བཞིན་འདོད་པའི་ཕྱིར་རྣམ་པ་སྣ་ཚོགས་
ཀྱི་མོས་པ་ཞེས་བྱའོ། །ཐ་དད་པའི་མོས་པ་ཅན་དུ་གྱུར་ཅེས་བྱ་བ་ནི་ཆོས་རྣམས་ལས་ལོགས་ཤིག་ན་དོན་དམ་པ་ཡོད་དེ། ངེས་པར་ཆོས་ཐམས་ཅད་དང་ཐ་དད་ཅེས་འདོད་པའི་ཕྱིར་ཐ་དད་པའི་མོས་པ་ཅན་ཞེས་བྱའོ། །རྣམ་པར་འགྱུར་བའི་མོས་པ་ཅན་དུ་གྱུར་ཅེས་བྱ་བ་ནི་
ཡང་དག་པའི་ཚུལ་དུ་ན་དོན་དམ་པ་ནི་རྣམ་པར་གྱུར་པ་མེད་པ་ཡིན་ན། རྣམ་པར་འགྱུར་ཞིང་རྟག་པར་གནས་པ་མ་ཡིན་ནོ་ཞེས་ཟེར་བའི་ཕྱིར་རྣམ་པར་འགྱུར་བའི་མོས་པ་ཅན་དུ་གྱུར་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཚིག་དང་པོ་ནི་སྤྱིའོ། །ཚིག་ཕྱི་མ་གཉིས་ནི་བྱེ་བྲག་གོ་ཞེས་
ཟེར་ཏེ། ཚིག་གི་དོན་བཤད་པ་ནི་སྔ་མ་བཞིན་ནོ། །ཁ་ཅིག་ན་རེ་རྣམ་པ་གསུམ་ཆར་ཡང་དོན་ལ་བྱེ་བྲག་ཏུ་གྱུར་པ་མེད་དེ། མང་པོ་རྣམས་ཀྱིས་བརྟགས་ཁ་ཅིག་ཁོ་ན་མ་ཡིན་པའི་ཕྱིར་སྣ་ཚོགས་ཞེས་བྱ་བ་གསུངས་སོ། །བསམ་པ་ཐ་དད་པའི་ཕྱིར་ཐ་དད་པ་ཞེས་བྱ་བ་གསུངས་སོ། །

གཅིག་ནས་གཅིག་ཏུ་བརྟགས་པ་ཐ་དད་པར་གྱུར་ཅིང་ངེས་པ་མེད་པའི་ཕྱིར་རྣམ་པར་འགྱུར་བ་ཞེས་བྱ་བ་གསུངས་སོ། །ཡིད་ཀྱི་ལས་དང་ངག་གི་ལས་ལ་མི་མཐུན་པར་གྱུར་པ་ནི་གོང་དུ་བཤད་པ་བཞིན་ནོ། །བར་མས་ནི་ངག་གི་ཆོས་གསུམ་གྱི་ལས་ཁའི་མདུང་ཐུང་དུ་བསྟན་པའོ། །ཐ་མས་ནི་
ལུས་ཀྱི་ལས་གཅིག་ལ་གཅིག་གནོད་པ་བྱས་པ་བསྟན་ཏེ། དེའི་ཕྱིར་ཚིག་ངེས་པར་འགྲེལ་པའི་མདོ་ལས། ཁའི་རལ་གྲི་དང་དབྱུག་པས་གཅིག་ལ་གཅིག་སྨས་པར་བྱས་པ་ལས་སོ་སོར་གྱེས་པར་གྱུར་ཏོ་ཞེས་གསུངས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། འདི་
ལས་ཕྱི་རོལ་པ་དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་འབྱུང་བའི་ལྟ་བར་གྱུར་པ་རྣམ་པ་སྣ་ཚོགས་བློ་ཐ་དད་པར་གྱུར་པའི་ཕྱིར་གཞན་དག་ནི་གཞན་དག་དང་མི་མཐུན་ལ། དེ་དག་ཀྱང་དེ་དག་དང་ཕྱིར་མི་མཐུན་པས་དེ་དག་ལ་ནི་འཕགས་པའི་བདེན་པ་བཞི་བསྟན་པ་ཡང་ཐམས་ཅད་
ཀྱི་ཐམས་ཅད་དུ་མེད་ན་རྟོགས་པ་ལྟ་ག་ལ་ཡོད་ཅེས་བསྟན་ཏོ་ཞེའོ། །བཅོམ་ལྡན་འདས་དག་དེའི་ཚེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཞིང་། འཇིག་རྟེན་དུ་བྱུང་བའི་དབང་གིས་དོན་དམ་པའི་བདེན་པའི་མཚན་ཉིད་རྟོག་དཔྱོད་ཀྱི་སྤྱོད་ཡུལ་ཐམས་
ཅད་ལས་ཡང་དག་པར་འདས་པ་འདི་ལྟ་བུ་རྟོགས་པ་དང་། མངོན་སུམ་དུ་བགྱི་བ་མཆིས་པ་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ་སྙམ་བགྱིད་པ་ལགས་སོ་ཞེས་བྱ་བ་ནི་གསུམ་པ་རང་གི་སེམས་ཀྱི་བསམ་པ་ཡང་དག་པར་བསྟན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་མུ་སྟེགས་མང་
པོ་རྣམས་དཔྱད་ཅིང་ཡོངས་སུ་བཙལ་ཀྱང་མ་རྟོགས་པར་མཐོང་ནས་དོན་དམ་པ་ནི་རྟོག་དཔྱོད་ཀྱི་ཡུལ་ལས་ཤིན་ཏུ་འདས་པ་ཡིན་ནོ་སྙམ་དུ་ཡང་སེམས་ལ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་ཐབས་ཤིན་ཏུ་ལེགས་པར་གསུངས་པའི་དབང་གིས། གཞན་དག་མངོན་པར་རྟོགས་
པ་ཡང་ཡོད་པར་གྱུར་ཏོ་ཞེས་བསྔགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་འདི་སྐད་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་ནོ། །ངས་ནི་རྟོག་པ་དང་དཔྱོད་

པ་ཐམས་ཅད་ལས་ཡང་དག་པར་འདས་པ་དོན་དམ་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་གཞན་དག་ལ་བསྙད་ཅིང་རབ་ཏུ་བསྟན། རྣམ་པར་བཤད། གདགས་པར་བྱས། གསལ་
བར་བྱས་སོ་ཞེས་བྱ་བ་ནི་གཉིས་པ་ལན་མདོར་གསུངས་པ་ཞེས་བྱ་བ་བསྟན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དང་པོ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བཤད་པའི་གླེང་གཞི་བསྟན་ཏོ། །གཉིས་པ་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་བཤད་
པར་གསོལ་བ་བཏབ་པ་རིགས་པ་དང་མཐུན་པར་གྱུར་ཅིང་། ཚིག་འབྲུ་དང་། དོན་གཉིས་ཀ་ཡང་རྗེས་སུ་མཐུན་པར་གྱུར་པར་བསྔགས་པའོ། །ཡང་ན་གཉི་ག་ཡང་བདག་དང་གཞན་ལ་ཕན་འདོགས་པ་དང་། རྗེས་སུ་མཐུན་པར་གྱུར་པ་དེའི་ཕྱིར་ཚིག་ཟློས་བུར་
དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་གསུངས་སོ། །ལེའུ་ཆེན་པོའི་མདོ་དང་སྦྱར་ན། དེ་ལས་བརྒྱ་བྱིན་ལྷའི་དབང་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱས་པའི་བསོད་ནམས་ནི་ཚད་མེད་དོ་ཞེས་བསྔགས་པ་བརྗོད་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་
ནོ། །དེ་དེ་བཞིན་ཏེ་ཞེས་གསུངས་ཏེ། མདོའི་ཚིག་འདི་ཉིད་ཀྱི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལས། བརྒྱ་བྱིན་ལྷའི་དབང་པོས་འདི་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་ཐེ་ཚོམ་ཟ་བ་དང་། ནོར་པར་འཛིན་དུ་དོགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚིག་
ཟློས་བུར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་གསུངས་སོ། །མདོ་སྡེ་འདི་ཡང་དེ་བཞིན་ཏེ། འོག་ནས་འབྱུང་བའི་ཚིག་རྣམས་ལ་ཡང་དེ་དེ་བཞིན་དུ་རིག་པར་བྱའོ། །གསུམ་པ་ངས་ནི་ཞེས་བྱ་བ་ལ་སོགས་པས་ནི་དྲིས་པ་བཞིན་དུ་ལན་མདོར་གསུངས་པ་བསྟན་ཏེ།
དོན་དམ་པའི་བདེན་པ་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་གཞན་དག་ལ་ཡང་དེ་བཞིན་དུ་བསྟན་པར་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གསུམ་པ་བྱང་ཆུབ་སེམས་དཔས་སླར་བརྟགས་པ་ཞེས་བྱ་བ་སྟེ། དོན་གང་གི་ཕྱིར་རྟོག་དཔྱོད་ཀྱི་

སྤྱོད་ཡུལ་ལས་ཤིན་ཏུ་འདས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །ངས་དོན་དམ་པ་ནི་འཕགས་པ་རྣམས་ཀྱི་ནང་གི་སོ་སོ་རང་གིས་རིག་པ་ཡིན་པར་བཤད་ལ་རྟོག་པ་དང་དཔྱོད་པའི་སྤྱོད་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཕན་ཚུན་རིག་པར་བྱ་བ་ཡིན་པས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཞུས་
པ་བཞིན་དུ་བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་རྣམ་པར་བཤད་པ་ཞེས་བྱ་བ་སྟོན་ཏོ། །འདི་ལྟར་མཚན་ཉིད་རྣམ་པ་ལྔས་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་སྟོན་པས་དེ་ཉིད་ལས་རྣམ་པ་ལྔར་དབྱེའོ། །འདི་ལྟ་སྟེ། ནང་གི་སོ་སོ་རང་གིས་རིག་པར་བྱ་བ་དང་།
མཚན་མ་མེད་པའི་སྤྱོད་ཡུལ་དང་། བརྗོད་དུ་མེད་པ་དང་། ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་དང་། རྩོད་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་དོ། །ཐམས་ཅད་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་བཤད་པ་དང་མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་
འཕགས་པ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དེ་བཞིན་ཉིད་ཀྱི་ཡུལ་ལ་དམིགས་པས། ནང་གི་རང་གི་ངོ་བོ་ཉིད་མངོན་པར་རྟོགས་པའོ། །ནང་གི་སོ་སོ་རང་གིས་རིག་པ་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་རྩ་བ་དང་། རྗེས་ལས་ཐོབ་པ་ཐམས་
ཅད་ཀྱིས་ནང་གི་རིག་པའི་དེ་བཞིན་ཉིད་ཐོབ་པས། གཟུགས་བརྙན་སྣང་བར་མི་བྱེད་དོ། །འདི་ལྟར་ཟག་པ་མེད་པའི་ཡེ་ཤེས་ཀྱིས་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་རྩ་བ་དང་རྗེས་ལ་ཐོབ་པ་གཉི་གས་གཟུགས་བརྙན་སྟོན་པར་བྱེད་པས། མངོན་སུམ་དུ་
རིག་པ་མ་ཡིན་ཏེ། གལ་ཏེ་དེ་ལྟ་མ་ཡིན་ཏེ། རྣམ་པར་རིག་པ་ཙམ་གྱིས་དོན་མི་འགྲུབ་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཡང་དག་པའི་ཡེ་ཤེས་ནི་རང་གི་ངོ་བོ་ཉིད་མངོན་སུམ་དུ་རྟོགས་པས་མ་བསྒྱུར་བར་ཡང་དམིགས་པར་བྱེད་དེ། ཇི་ལྟར་རང་གི་རྟོགས་པའི་རྣམ་པ་ལས་
རྒྱུ་མཚན་གྱི་རྣམ་པ་གཞན་མེད་པ་བཞིན་ནོ། །རྗེས་ལས་ཐོབ་པའི་ཡེ་ཤེས་ནི་གཟུགས་བརྙན་དུ་གྱུར་པ་ལས་དམིགས་པར་བྱེད་དེ། འདི་ལྟར་རྣམ་པར་རྟོག་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་མ་ཡིན་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དེ་བཞིན་ཉིད་ཀྱི་ཡུལ་ལ་དམིགས་

པས་ཡང་དག་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་དང་། རྗེས་ལ་ཐོབ་པར་བྱེ་བྲག་མེད་པར་འགྱུར་རོ་ཞེའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་མོད་ཀྱི། སློབ་དཔོན་ཧྱན་ཙང་དང་ཆོས་སྐྱོང་གི་གཞུང་གིས་འོག་ནས་སྟོན་པ་ནི་ཡང་དག་པ་ཡིན་ནོ། །རྒྱ་ཆེར་བཤད་པ་ནི་
རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ཀྱི་འགྲེལ་པ་དང་། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བསྟན་པ་བཞིན་ནོ། །རྟོག་དཔྱོད་ཀྱི་སྤྱོད་པ་ནི་སོ་སོའི་སྐྱེ་བོའི་གཞན་གྱི་དབང་གི་ཐ་སྙད་དེ། ནང་གི་སོ་སོ་རང་གིས་རིག་པར་བྱ་བ་མ་ཡིན་པར་གསུངས་པའི་ཕྱིར་ཕན་ཚུན་
ཞེས་བྱ་བ་གསུངས་སོ། །ཚིག་ངེས་པར་འགྲེལ་པའི་མདོ་དང་། དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས་ནི་རྟོག་གེའི་སྤྱོད་ཡུལ་ཞེས་འབྱུང་ལ་མདོ་འདི་ལས་ནི་རྟོག་དཔྱོད་ཀྱི་སྤྱོད་ཡུལ་ལས་འདས་པ་ཞེས་འབྱུང་བ་དེ་ཇི་ལྟར་བརྡ་སྤྲད་པར་བྱ་ཞེ་ན། འདི་ལ་བཤད་པ་རྣམ་པ་གཉིས་
ཡོད་དེ། དང་པོ་ནི་ཁ་ཅིག་ན་རེ་མདོ་སྡེ་དང་། བསྟན་བཅོས་རྙིང་འགྱུར་རྣམས་ལས་ནི་རྟོག་གེ་ཞེས་འབྱུང་ངོ་། །སློབ་དཔོན་ཧྱན་ཙང་གིས་ནི་རྟོག་དཔྱོད་ཅེས་པར་བསྒྱུར་ཏེ། དེ་ལ་རྟོག་པ་ནི་འདི་ལྟ་སྟེ། ཀུན་ཏུ་ཚོལ་བའོ། །དཔྱོད་པ་ནི་སོ་སོར་རྟོག་པ་སྟེ། རྣལ་འབྱོར་སྤྱོད་
པའི་ས་ལ་སོགས་པ་ལས་ཇི་སྐད་དུ་ཐམས་ཅད་ཀྱང་སེམས་པ་དང་། ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །མདོ་སྡེ་འདི་ལས་རྟོག་དཔྱོད་ཅེས་གསུངས་པ་ནི་རྟོག་པ་དང་དཔྱོད་པ་ལ་སྤྱིར་རྟོག་དཔྱོད་ཅེས་བཤད་དེ། ཐམས་ཅད་ལ་ཡང་ཡོངས་སུ་ཚོལ་བ་དང་།
དོན་སེམས་པ་ཡོད་པའི་ཕྱིར་རོ། །རྟོག་དཔྱོད་ཅེས་བྱ་བ་འདི་ཡང་། སོ་སོ་ནས་བཤད་པ་མི་མཐུན་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དག་ནི་སེམས་ལས་ལོགས་ཤིག་ན་སེམས་ལས་བྱུང་བ་ཡང་དག་པའི་ངོ་བོ་ཉིད་དུ་ཡོད་དེ། འདོད་པའི་ཁམས་ནས་བསམ་གཏན་དང་པོའི་བར་གྱི་
སེམས་ཅན་ཐམས་ཅད་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའོ། །བསམ་གཏན་ཁྱད་པར་ཅན་རྣམས་ནི་རྟོག་པ་མེད་ལ་དཔྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ཡན་ཆད་ཀྱི་ས་རྣམས་ནི་ཐམས་ཅད་ཀྱང་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ཞེས་བྱའོ། །

དེ་ཡང་རྣམ་པར་ཤེས་པ་དྲུག་པོ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་བསྡུའོ་ཞེས་ཟེར་ཏེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཛོད་ཀྱི་བསྟན་བཅོས་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །མདོ་སྡེ་པ་དག་ནི་སེམས་ལས་ལོགས་ཤིག་ན་རང་གི་ངོ་བོར་གྱུར་པ་ཡང་མེད་ལ།
སེམས་དང་གཅིག་པ་མ་ཡིན་པར་ཡང་རྟོག་པ་དང་། དཔྱོད་པ་འབྱུང་ངོ་ཞེས་ཟེར་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས། རྟོག་པ་དང་དཔྱོད་པའི་ལེའུའི་ནང་ནས་ཁ་ཅིག་རྟོག་པ་དང་དཔྱོད་པ་སེམས་གཅིག་ལ་ཡོད་དོ་ཞེས་ཟེར་བ་དེ་ནི་མི་རུང་ངོ་ཞེས་འབྱུང་ངོ་། །མདོ་སྡེ་
པ་ཡང་ཕལ་ཆེར་ཐེག་པ་ཆེན་པོ་དང་མཐུན་ཏེ། དེ་ལ་བྱེ་བྲག་ཡོད་པ་ཡང་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་གཞུང་གིས་ནི་སེམས་ཀྱི་ངོ་བོ་ཉིད་བྱེད་དོ་ཞེས་སྟོན་ལ་ཐེག་པ་ཆེན་པོའི་གཞུང་གིས་ནི་སེམས་པ་དང་། ཤེས་རབ་ཀྱི་ངོ་བོ་ཉིད་བྱེད་དོ་ཞེས་སྟོན་པས་སོ། །གཞན་ཡང་མདོ་
སྡེ་པའི་གཞུང་གིས་ས་གསུམ་ཐ་དད་པ་འདོད་པ་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་སའི་བར་དུ་ཀུན་ཀྱང་རྟོག་པ་དང་དཔྱོད་པ་དང་བཅས་པ་སྟེ། ས་གསུམ་པོ་དག་བྱེ་བྲག་ཡོད་པར་བཤད་པ་ཡང་འདོད་པའི་ཁམས་དང་།
བསམ་གཏན་དང་པོའི་དགེ་བ་ཉོན་མོངས་པ་དང་བཅས་པ་དང་། མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་སེམས་ལ་སོགས་པ་ཐམས་ཅད་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་ཞེས་བྱའོ། །བསམ་གཏན་ཁྱད་པར་ཅན་གྱི་དགེ་བ་དང་ལུང་དུ་མི་སྟོན་པའི་སེམས་ལ་སོགས་པ་ནི་རྟོག་
པ་མེད་ལ་དཔྱོད་པ་ཙམ་གྱི་ས་ཞེས་བྱའོ། །བསམ་གཏན་གཉིས་པ་ནས་སྲིད་པའི་རྩེ་མོའི་བར་གྱི་དགེ་བ་དང་། མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་སེམས་ལ་སོགས་པ་ནི་རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ས་ཞེས་བྱའོ་ཞེས་བཤད་པ་ལྟ་བུའོ། །འདིར་ཐེག་པ་ཆེན་པོའི་
གཞུང་དང་སྦྱར་ན། རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་ཇི་སྐད་དུ། རྟོག་པ་ནི་ཀུན་དུ་ཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ། རྩིང་བར་འཇུག་པའི་ངོ་བོ་ཉིད་དོ། །དཔྱོད་པ་ནི་སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་ཉིད་དེ། ཞིབ་པར་འཇུག་པའི་ངོ་བོ་ཉིད་དོ། །

འདི་གཉིས་ཀ་ཡང་ལུས་དང་སེམས་རེག་པར་གནས་པ་དང་། རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ཏེ། སེམས་པ་དང་ཤེས་རབ་ཀྱི་ཕྱོགས་གཅིག་གི་ངོ་བོ་ཉིད་དོ། །སྐད་ཅིག་མ་གཅིག་ལ་ཆོས་གཉིས་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། རྩིང་
པ་དང་ཞིབ་པའི་རྣམ་པས་སྔ་ཕྱི་ཐ་དད་པའི་ཕྱིར་རོ་ཞེས་བཤད་པ་ལྟ་བུ་སྟེ། རྒྱ་ཆེར་ནི་རྣམ་པར་འབྱེད་པ་ནི་རྣལ་འབྱོར་སྤྱོད་པའི་ས་དང་། རྣམ་པར་བཤད་པའི་རིགས་པ་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ས་
གསུམ་ཐ་དད་པར་གྱུར་པ་ཡང་སློབ་དཔོན་ཧྱན་ཙང་གིས་འདི་སྐད་དུ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ནི་རང་གི་ངོ་བོ་ཉིད་ཀྱི་འདོད་ཆགས་དང་བྲལ་བ་ལ་དགོངས་ནས་ས་གསུམ་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་འདོད་པའི་ཁམས་ནས་བསམ་གཏན་དང་པོའི་བར་གྱི་འདུས་བྱས་ཀྱི་
ཆོས་རྣམས་ནི་རང་གི་ངོ་བོ་ཉིད་ཀྱི་འདོད་ཆགས་ཡོངས་སུ་མ་སྤངས་པའི་ཕྱིར་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཞེས་བྱའོ། །བསམ་གཏན་ཁྱད་པར་ཅན་གྱི་འདུས་བྱས་ཀྱི་ཆོས་རྣམས་ནི་ས་འོག་མའི་འདོད་ཆགས་དང་བྲལ་བའི་ཕྱིར་རྟོག་པ་མེད་ལ་དཔྱོད་པ་ཙམ་ཞེས་བྱའོ། །
བསམ་གཏན་གཉིས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་གྱི་འདུས་བྱས་ཀྱི་ཆོས་རྣམས་ནི་རང་གི་ངོ་བོ་ཉིད་ཀྱི་འདོད་ཆགས་རྟོག་པ་དང་དཔྱོད་པ་དང་བྲལ་བའི་ཕྱིར་རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ས་ཞེས་བྱ་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་རྣལ་འབྱོར་སྤྱོད་པའི་སའི་
འགྲེལ་པ་ལས་བསྟན་པ་བཞིན་ནོ་ཞེས་བཤད་དེ་འདིར་རྟོག་དཔྱོད་ལས་འདས་པ་ཞེས་གསུངས་པ་ཡང་རྟོག་དཔྱོད་འདི་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེའོ། །གཉིས་པ་ནི་ཁ་ཅིག་ན་རེ་འདིར་རྟོག་དཔྱོད་ཅེས་གསུངས་པ་ནི་ཁམས་གསུམ་པའི་ཟག་པ་དང་བཅས་པའི་སེམས་དང་སེམས་
ལས་བྱུང་བའི་ཆོས་ལ་རྟོག་དཔྱོད་ཅེས་བྱ་སྟེ། འདི་ནི་ཆོས་ལྔ་ལས་རྣམ་པར་རྟོག་པས་བསྡུས་སོ། །རྟོག་དཔྱོད་ཅེས་བྱ་བ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་འདོད་པའི་ཁམས་ཀྱི་རྟོག་དཔྱོད་རྣམ་པ་བཞི་སྟེ། ཤེས་པ་དག་གི་ངོ་བོ་ཉིད་བྱེད་དོ་ཞེས་བཤད་དེ། མིང་ལ་སོགས་པ་ཀུན་

དུ་ཚོལ་ཞིང་ད་དུང་མ་ངེས་པའི་ཕྱིར་རོ། །གཉིས་པ་ནི་འདིར་གསུངས་པའི་རྟོག་དཔྱོད་ཉིད་དེ། ཁམས་གསུམ་པའི་ཟག་པ་དང་བཅས་པའི་སེམས་ལ་སོགས་པ་ལ་བྱ་བས་དེའི་ཕྱིར་རྟོག་དཔྱོད་ཅེས་གསུངས་པ་ཡིན་ནོ་ཞེའོ། །དེའི་ཕྱིར་ཆོས་འཕགས་རིགས་པ་དེས་ན་དོན་དམ་པ་ནི་རྟོག་
པ་དང་། དཔྱོད་པ་ཐམས་ཅད་ཀྱི་སྤྱོད་ཡུལ་གྱི་མཚན་ཉིད་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ་བརྡ་ཕྲད་པར་ཟད་དོ། །གཞན་ཡང་ཆོས་འཕགས་ངས་དོན་དམ་པ་ནི་མཚན་མ་མེད་པའི་སྤྱོད་ཡུལ་ཡིན་པར་བཤད་ལ་རྟོག་པ་
དང་དཔྱོད་པ་ནི་མཚན་མ་དང་བཅས་པའི་སྤྱོད་ཡུལ་ལ་སྤྱོད་པར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་མཚན་མ་མེད་པའི་སྤྱོད་ཡུལ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པར་བཤད་པ་དང་མཇུག་བསྡུ་བ་སྟེ། འདི་ནི་རྣམ་པར་བཤད་པའོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ངས་དེ་ཁོ་ན་ནི་མཚན་
མའི་སྤྱོད་པ་མ་ཡིན་པར་བཤད་ལ་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་མཚན་མའི་སྤྱོད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཁམས་བཅོ་བརྒྱད་པའི་མཚན་ཉིད་ཡུལ་དྲུག་གི་སྤྱོད་པ་དང་། རྣམ་པར་ཤེས་པ་དྲུག་གི་སྐྱེ་མཆེད་དང་། དབང་པོ་དྲུག་གོ། །དབང་པོ་དང་ཡུལ་དང་
རྣམ་པར་ཤེས་པ་འདི་དག་ནི་རྟོག་པ་དང་། དཔྱོད་པའི་སྤྱོད་ཡུལ་ཡིན་ལ། དེ་བཞིན་ཉིད་ནི་རྟོག་པ་དང་དཔྱོད་པའི་སྤྱོད་ཡུལ་མ་ཡིན་ནོ། །དེའི་ཕྱིར་ཁམས་བཅོ་བརྒྱད་ཀྱིས་བསྡུས་པ་མ་ཡིན་ནོ་ཞེས་བཤད་དོ། །འདིར་དཔེ་གསར་འགྱུར་ལས་ནི་མཚན་མ་མེད་པའི་སྤྱོད་ཡུལ་ཡིན་ཞེས་འབྱུང་སྟེ།
མཚན་མ་མེད་པའི་སྤྱོད་ཡུལ་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་རྣམ་པར་མི་རྟོག་པའི་ཡུལ་ལ་དམིགས་པས་མཚན་མ་མེད་པ་ཞེས་བྱ་སྟེ་གཟུང་བ་དང་འཛིན་པའི་མཚན་མ་ཡོངས་སུ་སྤང་བའི་ཕྱིར་རོ་ཞེའོ། །བཤད་པ་འདི་དང་སྦྱར་ན་མཚན་མ་མེད་པས་དམིགས་པའི་ཡུལ་གྱི་སྤྱོད་
པ་ཡིན་པའི་ཕྱིར་མཚན་མ་མེད་པའི་སྤྱོད་ཡུལ་ཞེས་འབྱུང་སྟེ། འདི་ནི་བདག་པོའི་དབང་དུ་བྱས་ཏེ་བཤད་པའོ། །ཁ་ཅིག་ན་རེ་མཚན་མ་མེད་པ་ནི་དེ་བཞིན་ཉིད་ཀྱི་མྱ་ངན་ལས་འདས་པ་སྟེ། འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྤྱོད་པའོ་ཞེའོ། །མཛོད་ཀྱི་བསྟན་བཅོས་དང་སངས་རྒྱས་ཀྱི་སའི་

འགྲེལ་པ་ལས་ཀྱང་མཚན་མ་བཅུ་མེད་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ་ཞེས་བཤད་དེ་འདི་ལྟ་སྟེ། ཡུལ་ལྔ་དང་སྐྱེས་པ་དང་བུད་མེད་དང་། སྐྱེ་བ་དང་རྒས་པ་དང་མི་རྟག་པ་མེད་པས་སོ། །བཤད་པ་འདི་དང་སྦྱར་ན་མཚན་མ་མེད་པ་ནི་ཡེ་ཤེས་ཀྱི་སྤྱོད་པ་ཡིན་པའི་
ཕྱིར་མཚན་མ་མེད་པའི་སྤྱོད་ཡུལ་ཞེས་བྱ་སྟེ། འདི་ནི་རྣམ་པར་བཤད་པ་དྲུག་ལས་ཡོངས་སུ་འཛིན་པའི་དབང་དུ་བྱས་ཏེ་བཤད་པའོ། །ཁ་ཅིག་ན་རེ་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་ཆོས་ཉིད་ནི་མཚན་མ་དང་བྲལ་བའི་ཕྱིར་མཚན་མ་མེད་པ་ཞེས་བྱ་སྟེ། དོན་ཚད་མེད་པའི་མདོ་ལས་ཇི་སྐད་དུ་དོན་ཚད་མེད་པ་
ཞེས་བྱ་བ་ནི་ཆོས་གཅིག་ལས་ཆོས་གཅིག་འབྱུང་བ་ནི་མཚན་མ་མེད་པའོ། །མཚན་མ་མེད་པ་དེ་ནི་མཚན་མ་མེད་པས་མཚན་མ་མེད་པའོ། །མཚན་མ་མེད་པའི་མཚན་མ་མེད་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། །གང་དེ་བཞིན་ཉིད་ཀྱི་མཚན་ཉིད་མེད་པ་གསུངས་པ་གང་
ཡིན་པ་དེ་དག་ཀྱང་འདི་བཞིན་དུ་བཤད་པའོ་ཞེས་གསུངས་སོ། །གཞན་ཡང་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས་གཞན་ཡང་དེ་ཁོ་ན་ཉིད་ཀྱི་སྟོང་པའི་དོན་ནི་ཡོད་པ་དང་མེད་པ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་མཚན་མ་དང་བྲལ་བའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ་ཞེས་བཤད་དོ། །གཞན་
ཡང་རྣལ་འབྱོར་སྤྱོད་པའི་ས་ལས་དངོས་པོ་ལྔ་པོ་དེ་དག་ལས་རྣམ་པ་དུ་ཞིག་ནི་འཛིན་པའི་སྤྱོད་ཡུལ་གྱི་དོན་ཡིན་པར་བལྟ་བར་བྱ་ཞེ་ན། སྨྲས་པ་མདོར་བསྡུ་ན་རྣམ་པ་གསུམ་ཏེ། བརྗོད་པ་དང་བཅས་ཤིང་མཚན་མ་དང་བཅས་པ་འཛིན་པའི་སྤྱོད་ཡུལ་དང་བརྗོད་དུ་མེད་པ་ལ་མཚན་མ་དང་བཅས་པ་
འཛིན་པའི་སྤྱོད་ཡུལ་དང་། བརྗོད་དུ་མེད་པ་ལ་མཚན་མ་མེད་པ་འཛིན་པའི་སྤྱོད་ཡུལ་ལོ། །དེ་ལ་དང་པོ་ནི་ཐ་སྙད་རྗེས་སུ་སད་པའི་འཛིན་པའི་སྤྱོད་ཡུལ་ལོ། །གཉིས་པ་ནི་ཐ་སྙད་བག་ལ་ཉལ་བ་འཛིན་པའི་སྤྱོད་ཡུལ་ལོ། །གསུམ་པ་ནི་ཐ་སྙད་བག་ལ་ཉལ་བྲལ་བའི་འཛིན་པའི་སྤྱོད་
ཡུལ་ལོ། །གཞན་ཡང་དང་པོ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་འཛིན་པ་ཡིན་ནོ། །ཐ་མ་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པའི་འགྲེལ་པ་ལས། དེ་ལ་དང་པོ་ནི་ཐ་སྙད་སད་པར་བྱེད་པ་དང་བཅས་པའོ། །བར་མ་ནི་ཐ་སྙད་

ཀྱི་བག་ལ་ཉལ་དང་བཅས་ཤིང་སད་པ་མེད་པའོ། །ཐ་མ་ནི་ཐ་སྙད་ཀྱི་བག་ལ་ཉལ་སད་པས་ཐམས་ཅད་དུ་གཏན་དུ་མེད་པའོ། །གཞན་ཡང་དང་པོ་གཉིས་ནི་ཀུན་རྫོབ་ལ་དམིགས་པའོ། །ཐ་མ་གཅིག་ནི་དོན་དམ་པ་ལ་དམིགས་པའོ། །གཞན་ཡང་ཕྱི་མ་ནི་ཐ་སྙད་དང་གཏན་དུ་བྲལ་བ་དང་
བཅས་པ་དང་། དམིགས་པ་དང་བཅས་པའི་སེམས་ཀྱིས་བདེན་པ་གཉིས་སྤྱིར་བཤད་པ་ཡིན་ནོ་ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ལས། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་ཐམས་ཅད་ཀྱང་དམིགས་
སུ་མེད་པ་གང་ཡིན་པ་དེ་ནི་མཚན་མ་མེད་པའོ་ཞེས་གསུངས་པ་དེས་དོན་ཅི་ཞིག་སྟོན་ཅེ་ན། མདོ་སྡེའི་དགོངས་པ་རྣམས་ནི་སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་བྷ་བྱའི་གཞུང་དང་སྦྱར་ན་ངོ་བོ་ཉིད་རྣམ་པ་གསུམ་སྤྱིའི་དབང་དུ་བྱས་ནས་དམིགས་སུ་མེད་པ་ཞེས་སྟོན་ཏོ། །སློབ་དཔོན་ཆོས་
སྐྱོང་ལ་སོགས་པའི་གཞུང་གིས་ནི་ཀུན་བརྟགས་པ་ཁོ་ན་སྤང་བའོ་ཞེས་སྟོན་ཏོ། །འོག་ནས་ངོ་བོ་ཉིད་མེད་པ་བསྟན་པའི་ལེའུ་ལས་རྒྱ་ཆེར་རྣམ་པར་འབྱེད་དོ། །རྟོག་པ་དང་དཔྱོད་པའི་མཚན་མ་དང་བཅས་པའི་སྤྱོད་ཡུལ་ལ་སྤྱོད་པ་ཞེས་བྱ་བ་ལ། རྟོག་པ་དང་དཔྱོད་པ་ནི་རྣམ་པར་རྟོག་པའི་ངོ་
བོ་ཉིད་ཡིན་པས་དེའི་མཚན་མ་མེད་པའི་དེ་བཞིན་ཉིད་ཁོང་དུ་མི་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཆོས་འཕགས་རིགས་པ་དེས་ན། དོན་དམ་པ་ནི་རྟོག་པ་དང་དཔྱོད་པའི་སྤྱོད་ཡུལ་གྱི་མཚན་ཉིད་ལས་ཡང་དག་པར་འདས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་
སྟེ་བརྡ་ཕྲད་པར་ཟད་དོ། །གཞན་ཡང་ཆོས་འཕགས་ངས་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པར་བཤད་ལ། རྟོག་པ་དང་དཔྱོད་པ་ནི་བརྗོད་པའི་སྤྱོད་ཡུལ་ལ་སྤྱོད་པས་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་བརྗོད་དུ་མེད་པའི་མཚན་ཉིད་ཅེས་བྱ་བ་བསྟན་ཏེ། འདི་ལྟར་དེ་བཞིན་ཉིད་ཀྱི་དོན་
དམ་པ་ནི་འདུས་བྱས་དང་། འདུས་མ་བྱས་ལ་སོགས་པ་ཡོངས་སུ་སྤང་བའི་ཕྱིར་རོ། །བརྗོད་དུ་མེད་པ་དེ་ཡང་འཕགས་པ་རྣམས་ཀྱི་གསུང་རབ་དང་སྦྱར་ན། རྣམ་པ་མང་བས་དང་པོ་ནི་སྡེ་སྣོད་བཞི་པ་མ་ཡིན་པའི་ཕྱིར་བརྗོད་དུ་མེད་པ་ཞེས་བྱ་སྟེ། ཇི་ལྟར་བེའུའི་སྡེ་པ་རྣམས་ཆོས་ཀྱི་སྡེ་སྣོད་རྣམ་པ་ལྔ་

རྣམ་པར་གཞག་པ་འདི་ལྟ་སྟེ། དུས་གསུམ་དང་འདུས་མ་བྱས་དང་བརྗོད་དུ་མེད་པ་དང་། བརྗོད་དུ་མེད་པའི་ཆོས་དང་། བརྗོད་དུ་མེད་པའི་ཆོས་ཀྱི་སྡེ་སྣོད་དོ། །སྡེ་སྣོད་ཅེས་བྱ་བ་ནི་ཡང་དག་པའི་བདག་གོ་ཞེས་ཟེར་བ་ལྟར་དུས་གསུམ་དང་འདུས་མ་བྱས་ལ་བརྗོད་དུ་
མེད་པ་ཞེས་བཤད་དུ་ཡང་མི་རུང་ངོ་། །གཉིས་པ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ལ་སོགས་པ་དང་བྲལ་བས། བརྗོད་དུ་མེད་པ་ཞེས་བྱ་སྟེ། ཇི་ལྟར་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་གལ་ཏེ་བརྗོད་པ་ཡོད་པ་ཡིན་ནོ། །མེ་ཞེས་
བརྗོད་པ་ན་ལྕེ་ཚིག་པར་འགྱུར་བ་དང་། ཟས་ཞེས་བརྗོད་པ་ཙམ་གྱིས་འགྲངས་པའི་བྱ་བ་བྱེད་པར་འགྱུར་བའི་རིགས་སོ་ཞེས་བཤད་པ་ལྟ་བུ་སྟེ། རྒྱ་ཆེར་ནི་དེ་ཉིད་ལས་བཤད་པ་བཞིན་ནོ། །གསུམ་པ་ནི་ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན། མདོར་བསྡུ་ན་དོན་རྣམ་པ་བཞིས་བསྟན་
ཏོ། །དང་པོ་ནི་སྒྲོ་འདོགས་པ་དང་སྐུར་པ་ལ་སོགས་པ་དང་བྲལ་བས་བརྗོད་དུ་མེད་པ་ཞེས་བྱ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་མེ་ཞེས་བརྗོད་པས་ལྕེ་ཚིག་པར་འགྱུར་བའི་རིགས་སོ་ཞེས་བཤད་པ་ཡང་། ཐམས་ཅད་ཡོད་པར་སྨྲ་བ་དག་འདོད་པ་དང་མཐུན་
ནོ། །གཉིས་པ་ནི་མངོན་སུམ་གྱི་ཚད་མས་སྤྱོད་ཡུལ་གྱི་ཕྱིར་བརྗོད་དུ་མེད་པ་ཞེས་བྱ་སྟེ། ཇི་ལྟར་རིགས་པའི་སྒོའི་བསྟན་བཅོས་ལས། ཆོས་རྣམས་ཐམས་ཅད་ལ་ནི་མཚན་ཉིད་རྣམ་པ་གཉིས་ཡོད་དེ། རང་གི་མཚན་ཉིད་མངོན་སུམ་གྱི་ཚད་མས་དམིགས་སུ་ཡོད་པས་བརྗོད་དུ་མེད་པ་
དང་། སྤྱིའི་མཚན་ཉིད་རྗེས་སུ་དཔག་པའི་ཚད་མས་དམིགས་སུ་ཡོད་པས་བརྗོད་དུ་ཡོད་པ་སྟེ། རིགས་པ་དེས་ན་འཕགས་པ་རྣམས་ཀྱི་གསུང་གི་ཚད་མ་ནི་རྗེས་སུ་དཔག་པའི་ཚད་མས་བསྡུས་པས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་བརྗོད་དུ་མེད་པ་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །ཆོས་
རྣམས་ཞེས་གསུངས་པ་དེས་བརྗོད་པ་སྟོན་པ་ཞིག་ཡིན་ནམ། འོན་ཏེ་བརྗོད་པ་དཔག་པ་ཡིན། སློབ་དཔོན་ཧྱན་ཙང་གིས་མཚན་ཉིད་སྤྱིར་བསྡུས་ཏེ་བཤད་པ་ལས། སྡེ་པ་རྣམས་ཐམས་ཅད་ཀྱང་། ཆོས་རྣམས་ཞེས་བསྟན་པ་དེ་ནི་ཡང་ཕལ་ཆེར་བརྗོད་པ་བསྟན་པ་ཡིན་ནོ་ཞེས་སྟོན་ཀྱང་རྗེས་

སུ་དཔག་པའི་ཚད་མས་ཆོས་ཐ་དད་པའི་དཔེ་ཅན་དག་གིས་བརྗོད་པ་དགག་པ་ཡིན་ནོ་ཞེས་ཟེར་བར་ཟད་དོ། །ཐེག་པ་ཆེན་པོ་ཡང་དེ་བཞིན་ཏེ། དེའི་ཕྱིར་བསྟན་བཅོས་ཡང་དག་པའི་རིགས་པ་ལ་འཇུག་པ་ལས་ཆོས་མཚུངས་པའི་དཔེ་ཅན་དག་ནི་འདི་ལྟ་སྟེ། གང་བྱས་པ་དེ་དག་ནི་མི་རྟག་པར་
སྣང་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་ཟེར་རོ། །ཆོས་ཐ་དད་པའི་དཔེ་ཅན་དག་ནི་འདི་ལྟ་སྟེ། རྟག་པ་གང་ཡིན་པ་དེ་དག་ནི་བྱས་པ་མ་ཡིན་པར་སྣང་སྟེ། ནམ་མཁའ་ལ་སོགས་པ་ལྟ་བུའོ་ཞེས་ཟེར་ཏེ། དེ་ལ་འདི་ལྟར་རྟག་པ་ཞེས་བྱ་བ་དེས་ནི་མི་རྟག་པ་མ་ཡིན་པར་སྟོན་ཏོ། །
བྱས་པ་མ་ཡིན་ཞེས་བྱ་བ་དེས་ནི་བྱེད་པ་མེད་པར་བསྟན་ཏེ། དེའི་ཕྱིར་མི་མཚུངས་པའི་དཔེ་རྣམས་ནི་བརྗོད་པ་དགག་པར་བྱ་བ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་ལག་ན་རིན་པོ་ཆེ་ལས། ཐ་དད་པའི་ཕྱོགས་དགག་པའི་ཆེད་དུ་ནི་ཆོས་མི་མཚུངས་པའི་དཔེ་
རྣམ་པར་བཞག་པ་ཡིན་ཏེ། ཐ་དད་པའི་ཕྱོགས་མེད་པའི་ཕྱིར་དགག་པའི་དོན་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་གཞན་ཡང་བརྗོད་པ་དགག་པའི་ཚིག་ནི་དགག་པར་བྱ་བ་བཀག་པས་མཆོག་ཏུ་གྱུར་པ་ཡིན་ཏེ། གང་དགག་པར་བྱ་བ་བཀག་ནས་
ནུས་པ་ཡང་དེར་ཟད་པས་ཡང་བརྗོད་པར་བྱ་བའི་བྱེ་བྲག་སྟོན་པར་མི་ནུས་སོ་ཞེས་བཤད་དོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བརྗོད་པ་ཐམས་ཅད་ནི་བརྗོད་པ་དགག་པ་ཡིན་ཏེ། དེའི་ཕྱིར་རིགས་པའི་སྒོའི་བསྟན་བཅོས་ལས་དཔེ་ནི་རྣམ་པ་གཉིས་ཡོད་དེ། ཆོས་མཚུངས་པ་དང་ཆོས་མི་
མཚུངས་པའོ། །དེ་ལ་སྔ་མ་ནི་བརྗོད་པ་དགག་པའོ། །ཕྱི་མ་ནི་བཀག་པ་སྡུད་པ་ཁོ་ནའོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་འབྱུང་བ་བཞིན་ནོ། །འདི་ནི་དཔེ་རྣམ་པ་གཉིས་ཀྱི་བྱེ་བྲག་ཏུ་དབྱེ་བ་ཡིན་ཏེ། སྔ་མ་ནི་མཚུངས་པའི་དཔེའོ། །ཕྱི་མ་ནི་མི་མཚུངས་པའི་དཔེ་སྟེ། ཆོས་
རྣམས་ཀྱི་རང་གི་མཚན་ཉིད་ནི་བརྗོད་དུ་མེད་པའོ། །གལ་ཏེ་སྤྱིའི་མཚན་ཉིད་བརྗོད་ན་ནི་ཆོས་གཞན་ཡང་དགག་པ་སྟེ། ཇི་ལྟར་སྔོན་པོ་ཞེས་བརྗོད་པ་ན་སྔོན་པོ་མ་ཡིན་པ་ལ་སོགས་པ་བཀག་པ་ལྟ་བུའོ། །གཞན་ཡང་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས་ངས་བཤད་པ་རྣམས་

ནི་ཐམས་ཅད་ཀྱང་དགག་པའི་ཚིག་གཞུང་སྨོས་པ་དག་ཡིན་ཏེ། དེ་ལ་དགག་པ་ནི་གཞན་དག་གི་སྐྱེ་བ་དང་འགག་པ་ལ་སོགས་པར་འཛིན་པར་དགག་པ་སྟེ། སྐྱེ་བ་མེད་པ་ནི་དགག་པར་འགྱུར་བ་མ་ཡིན་པས། སྐྱེ་བ་ཁོ་ན་དགག་པའོ། །འགག་པ་མེད་པ་ནི་
སྐྱེ་བར་འགྱུར་བ་མ་ཡིན་པས། འགག་པ་དེ་ཁོ་ན་དགག་པའོ། །ཆད་པ་དང་རྟག་པ་མ་ཡིན་པ་ལ་སོགས་པ་དེ་ཡང་དེ་བཞིན་དུ་རིག་པར་བྱའོ། །མྱ་ངན་ལས་འདས་པའི་ཚེ་སྐྱེ་ཤི་ཆད་ཅིང་འགག་པ་ཡིན་མོད་ཀྱི་དེ་ནི་ཐབས་ཀྱི་བཤད་པ་ཡིན་པས་བཏགས་པ་ཡིན་གྱི་ཡང་དག་པ་ནི་མ་ཡིན་
ཏེ། ཇི་ལྟར་ལྷའི་གནས་ན་རྟག་ཏུ་བདེ་བ་ལ་སོགས་པ་ཡོད་དོ་ཞེས་བསྟན་པ་ལྟ་བུ་ནི་ཀུན་རྫོབ་ཀྱི་དབང་དུ་བཤད་པ་ཡིན་གྱི་ཡང་དག་པ་ཉིད་དང་མཐུན་པའི་ཚིག་ནི་མ་ཡིན་ནོ། །སྔར་གོང་དུ་བསྟན་པའི་ཚིག་འབྲུ་དག་གིས་ཅི་རིགས་པར་ཀུན་དུ་བརྟགས་པའི་འཛིན་པ་རྣམས་གཞིག་པར་བྱ་སྟེ།
བདག་ལ་སོགས་པ་ཡང་དག་པ་མ་ཡིན་ན་སུ་ཞིག་ཡང་དག་པ་ཉིད་དུ་འགྱུར། འདི་ལྟར་མཐར་ཕྱིན་པའི་སྙིང་པོ་ཉིད་ནི་སེམས་དང་བརྗོད་པའི་ལམ་ཆད་པ་རྣམ་པར་དག་པའི་སྤྲོས་པ་ཐམས་ཅད་ཡོངས་སུ་མི་རྒྱུ་བས། འཕགས་པ་རྣམས་ཀྱི་ནང་གི་ཤེས་པ་སོ་སོར་རིག་པ་ཁོ་ནའོ་ཞེས་བཤད་
དོ། །གསུམ་པ་ནི་མིང་དང་དོན་གཅིག་ལ་གཅིག་ལྟོས་ནས་ཕན་ཚུན་གློ་བུར་ཡིན་པའི་ཕྱིར་བརྗོད་དུ་མེད་པ་ཞེས་བྱ་སྟེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཇི་སྐད་དུ་གཞན་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ཇི་ལྟར་སྣང་བ་དེའི་བདག་ཉིད་མ་ཡིན་པར་ཅི་
མངོན་ཞེ་ན། མིང་གི་སྔ་རོལ་ན་བློ་མེད་པས་བདག་ཉིད་དུ་འགལ་བའི་ཕྱིར་དང་། མིང་མང་པོས་བདག་ཉིད་མང་པོར་འགལ་བའི་ཕྱིར་དང་། མིང་ངེས་པ་མེད་པས་བདག་ཉིད་འདྲེས་པར་འགལ་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་སློབ་དཔོན་དབྱིག་གཉེན་དང་།
ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་དང་། ངོ་བོ་ཉིད་མེད་ཅིང་རྣམ་པ་གསུམ་བསྟན་པའི་བསྟན་བཅོས་དང་། རྣལ་འབྱོར་སྤྱོད་པའི་ས་དང་། བྱང་ཆུབ་སེམས་དཔའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བཞི་པ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་བརྗོད་དུ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་

འཕགས་པ་རྡོ་རྗེ་གཅོད་པ་ལ་སོགས་པ་ལས་དེ་བཞིན་གཤེགས་པས་ཆོས་གང་བསྟན་པ་དེ་ནི་གཟུང་དུ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱི་ཆོས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་གསུངས་སོ། །གཞན་ཡང་འཕགས་པ་དྲི་མ་མེད་པར་
གྲགས་པས་བརྟེན་པའི་མདོ་གཉིས་སུ་མེད་པར་འཇུག་པའི་ལེའུ་ལས། བྱང་ཆུབ་སེམས་དཔའ་མང་པོ་རྣམས་རང་གིས་རྟོགས་པ་དག་སོ་སོ་ནས་བཤད་ནས་དུས་གཅིག་ཏུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་
པ་ཁོང་དུ་ཆུད་པ་ཡིན། དེ་ནས་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་སྨྲས་པ་ནི། ཁྱེད་ལ་སོགས་པས་གང་སྨྲས་པ་དེ་དག་ཐམས་ཅད་གཉིས་སུ་མེད་པ་ཡིན་མོད་ཀྱི། ཇི་ལྟར་བདག་གིས་ཤེས་པ་ལྟར་ཁྱེད་ཀྱིས་གང་སྨྲས་པ་དེ་དག་ནི་ད་དུང་གཉིས་སུ་གྱུར་པ་ཡིན་
ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་ལ་ཚིག་མང་བ་བརྗོད་དུ་མེད་པའོ། །བསྟན་དུ་མེད་པ་ཐ་སྙད་མེད་པ། སྤྲོས་པ་རྣམས་དང་བྲལ་བ། རྣམ་པར་རྟོག་པ་ཡོངས་སུ་ཆད་པར་གྱུར་ན། དེ་ནི་གཉིས་སུ་མེད་པའི་སྒོར་འཇུག་པ་ཁོང་དུ་ཆུད་པ་ཞེས་བྱའོ། །
དེའི་ཚེ་འཇམ་དཔལ་གྱིས་དྲི་མ་མེད་པར་གྲགས་པ་ལ་བདག་ལ་སོགས་པས་ནི་ཇི་ལྟར་ཁོང་དུ་ཆུད་པ་བཞིན་དུ་སོ་སོ་ནས་བཤད་ཟིན་པས་ཁྱོད་ཀྱིས་སྨྲོས་ཤིག་ཅེས་སྨྲས་པ་དང་། དྲི་མ་མེད་པར་གྲགས་པ་ཅང་མི་སྨྲ་བར་གྱུར་ཏོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །
གོང་དུ་བསྟན་པའི་དོན་རྣམ་པ་བཞི་ལས་ཁ་ཅིག་ན་རེ་མདོ་སྡེ་འདི་ནི་དོན་བཞི་པ་དང་སྦྱར་ནས་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་བཞིན་དུ་མིང་དང་དོན་ཕན་ཚུན་གློ་བུར་ཡིན་པའི་ཕྱིར་བརྗོད་
དུ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་ཅི་དངོས་པོ་ལྔ་པོ་དེ་དག་གིས་ཐམས་ཅད་གསུངས་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། སྨྲས་པ་ཡིན་ནོ། །ཆོས་དེ་དག་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་བརྗོད་པར་བྱ་ཞེ་ན། སྨྲས་པ་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་

ནོ། །ཆོས་དེ་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་ཡིན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། སྒྱུ་མ་ལྟ་བུའི་མཚན་ཉིད་ཡིན་གྱི་གཏན་མེད་པ་ཉིད་ནི་མ་ཡིན་ཏེ། དཔེར་ན་སྒྱུ་མའི་ལས་ཉིད་ཀྱིས་ནི་ཡོད་ལ། གླང་པོ་ཆེ་ལ་སོགས་པའི་ངོ་བོའི་ཡོད་པ་མ་ཡིན་པ་དེ་བཞིན་དུ། ངོ་
བོ་ཉིད་ཀྱང་མིང་དང་། མཚན་མ་ཙམ་ཉིད་དུ་ནི་ཡོད་ལ། ངོ་བོ་ཉིད་དང་བྱེ་བྲག་ཏུ་གདགས་པ་གནང་བའི་དངོས་པོར་ཡོད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་བརྗོད་དུ་མེད་པ་བརྗོད་པ་ཡང་། བརྗོད་དུ་མེད་པ་ཞེས་བྱ་བར་བརྗོད་པར་སྨྲས་པས་ཆོས་རྣམས་བརྗོད་དུ་མེད་པ་ཞེས་བྱ་བར་མི་རུང་ངོ་
ཞེ་ན། སྨྲས་པ་བརྗོད་དུ་མེད་པ་དེ་བརྗོད་དུ་མེད་དོ་ཞེས་དམ་བཅས་པའི་ཚེ་ཁོ་ན་དགག་པ་བྱས་ཟིན་པས་དེའི་ཉེས་པ་མེད་དེ། དོན་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་སྦྱོར་བ་བྱེད་དེ་དཔེ་མཚུངས་པའི་ཕྱིར་རོ་ཞེས་བཤད་དོ། །ཆོས་ཐམས་ཅད་བརྗོད་དུ་མེད་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་གཞན་དག་
ལ་ཇི་ལྟར་སྟོན་པར་མཛད་ཅེ་ན། སྨྲས་པ། རྣལ་འབྱོར་སྤྱོད་པའི་ས་ལས་གལ་ཏེ་བརྗོད་པ་མ་བསྐྱེད་ན། གཞན་དག་ལ་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་སྟོན་པར་ཡང་མི་འགྱུར་ལ་གཞན་དག་ཀྱང་ཐོས་པར་མི་འགྱུར་རོ། །གལ་ཏེ་ཐོས་པ་མེད་ན་ཆོས་འདི་དག་ཐམས་
ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་ཡང་མི་ཤེས་པས་གཞན་དག་ཆོས་རྣམས་ཀྱི་བརྗོད་དུ་མེད་པ་ཉིད་ཐོས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཆེད་དུ། དེའི་ཕྱིར་བརྗོད་དུ་མེད་པའི་ངོ་བོ་ཉིད་འདི་ལ་བརྗོད་པ་བསྐྱེད་པ་ཡིན་ནོ་ཞེས་བཤད་དོ། །བརྗོད་པ་ཐམས་ཅད་རྟོག་པ་དང་
དཔྱོད་པ་ལ་བརྟེན་པ་ཡིན་ནམ་ཞེ་ན། སྨྲས་པ་སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་ཉེ་བའི་འོད་ནི་ས་བརྒྱད་པ་ཡན་ཆད་རྟོག་དཔྱོད་ལ་མི་བརྟེན་པར་བརྗོད་པ་འབྱུང་སྟེ། འདི་ལྟར་རྟོག་པ་དང་དཔྱོད་པ་དག་ནི་ཐོགས་པ་དང་བཅས་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་
ཆོས་སྐྱོང་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་ཡང་རྟོག་པ་དང་དཔྱོད་པ་ལ་ལྟོས་ནས་བརྗོད་པ་འབྱུང་ངོ་ཞེས་བཤད་དོ། །དེས་ན་རྟོག་པ་དང་དཔྱོད་པ་ཡོད་ཀྱང་ཐོགས་པ་མེད་པར་བཤད་དེ། རྗེས་ལས་ཐོབ་པའི་ཡེ་ཤེས་དང་ལྷན་ཅིག་པའི་ཕྱིར་རོ་ཞེའོ། །རྣམ་པར་མི་རྟོག་པའི་

ཡེ་ཤེས་མངོན་སུམ་དུ་གྱུར་པས་ན་ཆོས་འཆད་པར་ནུས་སམ་ཞེ་ན། སྨྲས་པ་འཆད་ན་ཡང་མི་རུང་བ་མེད་དེ། སྐད་ཅིག་མ་གཅིག་ལ་ཡེ་ཤེས་གཉི་ག་མངོན་སུམ་དུ་གྱུར་པས། དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྟོག་དཔྱོད་དང་ལྡན་པ་མ་ཡིན་ལ་རྗེས་ལས་ཐོབ་པའི་ཡེ་ཤེས་
ནི་རྟོག་དཔྱོད་དང་བཅས་པས་བརྗོད་པ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་པར་བསམ་གཏན་དང་། ཏིང་ངེ་འཛིན་ལ་འཇུག་ཅིང་སེམས་རྩེ་གཅིག་ཏུ་བསྡུས་ཏེ། མི་གཡོ་བས་རྟོག་པ་དང་དཔྱོད་
པ་མི་སྐྱེ་བར་ཡང་ཆོས་འཆད་དོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །དེའི་ཕྱིར་ཆོས་འཕགས་རིགས་པ་དེས་ན་དོན་དམ་པ་ནི་རྟོག་པ་དང་དཔྱོད་པའི་སྤྱོད་ཡུལ་གྱི་མཚན་ཉིད་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་
གཉིས་པ་མཇུག་བསྡུ་བ་སྟེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། །།བམ་པོ་བཅུ་གསུམ་པ། གཞན་ཡང་ཆོས་འཕགས་ངས་དོན་དམ་པ་ནི་ཐ་སྙད་རྣམས་ཡང་དག་པར་ཆད་པ་ཡིན་པར་བཤད་ལ། རྟོག་པ་དང་དཔྱོད་པ་ནི་ཐ་སྙད་ཀྱི་སྤྱོད་ཡུལ་ལ་སྤྱོད་པས་ཞེས་བྱ་བ་
ལ་སོགས་པས་ནི་བཞི་པ་དངོས་པོ་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བ་དང་གཉིས་ཀྱིས་བསྟན་ཏེ་འདི་ནི་དང་པོའོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་གཞན་ཡང་ཆོས་འཕགས་ངས་དེ་ཁོ་ན་ཉིད་
ནི་དངོས་པོ་རྣམ་པ་བཞི་པོ་འདི་ལྟ་སྟེ། མཐོང་བ་དང་། ཐོས་པ་དང་