Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 118

Văn bản gốc(Tây Tạng)

Trang 8 / 18 (50.000 ký tự/trang)
ན་ནས་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ། །འདུས་མ་བྱས་ཀྱང་འདུས་མ་
བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ནོ་ཞེས་སྨྲས། འདི་ལ་དོན་ཅི་ཡོད་ཅེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས། བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ལ་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་རྒྱ་ཆེར་རྣམ་པར་བཤད་པ་
ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བཤད་པ་འབྱུང་བའི་གླེང་གཞི་དང་། དྲིས་པ་བཞིན་དུ་ལན་ཡང་དག་པར་བསྟན་པ་སྟེ། འདི་ནི་དང་པོའོ། །རིགས་ཀྱི་བུ་འདུས་བྱས་ཞེས་བྱ་བ་དེ་ནི་སྟོན་པས་བཏགས་པའི་ཚིག་ཡིན་ཏེ་ཞེས་བྱ་བ་མན་ཆད་ནི་གཉིས་པ་དྲིས་པ་

བཞིན་དུ་ལན་ཡང་དག་པར་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། འདུས་བྱས་གཉིས་སུ་མེད་པའི་མཚན་ཉིད་བསྟན་པ་དང་། རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་སྟོན་པས་ཞེས་བྱ་བ་མན་ཆད་ཀྱིས་འདུས་མ་བྱས་གཉིས་སུ་མེད་པའི་
མཚན་ཉིད་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། མཚན་ཉིད་རྣམ་པ་གསུམ་དགག་པ་དང་། འོན་ཀྱང་དངོས་པོ་མེད་པ་ལས་ཞེས་བྱ་བ་མན་ཆད་ཀྱིས་ཕ་རོལ་གྱིས་བརྒལ་བའི་ལན་རྣམ་པར་བཤད་ཅིང་ཡང་དག་པའི་རིགས་པ་བསྟན་པའོ། །མཚན་ཉིད་རྣམ་པ་གསུམ་
དགག་པ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། འདུས་བྱས་དགག་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་འདུས་མ་བྱས་དགག་པ་དང་། འདུས་བྱས་དང་འདུས་མ་བྱས་མ་གཏོགས་པ་ཞེས་བྱ་བ་མན་ཆད་ཀྱིས་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་པ་དགག་པ་སྟེ།
འདི་ནི་དང་པོ་འདུས་བྱས་ཀྱི་མཚན་ཉིད་དགག་པའོ། །མདོའི་ཚིག་འདི་ཡང་རྒྱ་གར་ཡུལ་པའི་སློབ་དཔོན་རྣམས་སོ་སོ་ནས་མི་མཐུན་པར་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་མུ་སྟེགས་ཅན་ཁོ་ནའི་དབང་དུ་མཛད་ནས་སྟོན་པ་ཞེས་གསུངས་པ་ཡིན་ཏེ། འདི་ལྟར་
བསྐལ་པ་དང་པོ་ཆགས་པའི་ཚེ་མུ་སྟེགས་ཅན་གྱི་སྟོན་པ་དག་གིས་བཏགས་པ་ཙམ་དུ་འདུས་བྱས་ཀྱི་ཆོས་རྣམས་ཞེས་རྣམ་པར་གཞག་པའོ། །མུ་སྟེགས་ཅན་གྱིས་བཏགས་པ་ཙམ་དུ་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་དག་ཡིན་ནོ། །
ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་པར་གྱུར་ན། དེ་ནི་ཀུན་ཏུ་རྟོག་པ་ལས་བྱུང་བ་གཏན་དུ་ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར། འདུས་བྱས་ཀྱང་མ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་མདོའི་ཚིག་འདི་སངས་རྒྱས་ཀྱིས་གསུངས་པའི་དབང་དུ་མཛད་ནས་གསུངས་པ་
ཡིན་ཏེ་འདི་ལྟར་ཆོས་ཐམས་ཅད་ནི་བརྗོད་པ་དང་བྲལ་བ་ཡིན་ན། སྟོན་པ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་བཏགས་པ་ཙམ་དུ་འདུས་བྱས་ཞེས་གསུངས་ཏེ། འདི་ནི་དེ་བཞིན་གཤེགས་པའི་རྗེས་ལ་བརྙེས་པའི་མཁྱེན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་

སྙད་དུ་བརྗོད་པ་ཡིན་པས་ཕྱིས་ཐོས་པའི་ཀུན་ཏུ་རྟོག་པའི་ཐ་སྙད་དུ་འགྱུར་ཏེ། བཏགས་པ་ཙམ་དུ་བརྗོད་པ་ཡིན་པའི་ཕྱིར། རྫས་སུ་ཡོད་པའི་འདུས་བྱས་ཉིད་མ་ཡིན་པས། དེའི་ཕྱིར་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན་ཞེས་བྱ་བ་གསུངས་སོ་ཞེས་ཟེར་ཏེ། སློབ་དཔོན་
ཡང་དག་བདེན་པས་ཕལ་ཆེར་འདི་དང་མཐུན་པར་བཤད་དོ། །ཁ་ཅིག་ནི་མདོའི་ཚིག་འདི་ལ་གསུམ་ཡོད་དེ། དང་པོ་འདུས་བྱས་ཞེས་བྱ་བ་དེས་ནི་དེ་བཞིན་གཤེགས་པས་བཏགས་པ་ཙམ་དུ་གསུངས་པ་ཡིན་པར་སྟོན་ཏོ། །གཉིས་པ་སྟོན་པས་ཞེས་བྱ་བ་ལ་སོགས་པ་
ནི་སོ་སོའི་སྐྱེ་བོ་ལ་སོགས་པས་བཏགས་པ་ཙམ་དུ་རྫས་སུ་མངོན་པར་ཞེན་པར་གྱུར་པ་སྟོན་ཏོ། །གསུམ་པ་ཀུན་ཏུ་རྟོག་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པས་ནི་རྫས་སུ་ཡོད་པ་མ་ཡིན་པ་བཟླས་ཏེ་བཤད་པ་དང་། འདུས་མ་བྱས་ཡིན་པར་བཤད་པའི་མཇུག་བསྡུ་བ་
སྟོན་ཏོ་ཞེའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་མོད་ཀྱི། བཤད་པ་ནི་ཐ་མ་བཟང་ངོ་། །དེ་བཞིན་གཤེགས་པ་ལ་སྟོན་པ་ཞེས་བྱ་སྟེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་པའི་མདོ་ལས་ནི། འདུས་བྱས་ཞེས་བྱ་བ་དེ་ལས་ནི་དེ་བཞིན་གཤེགས་པས་མིང་དང་། ཡི་གེ་
བརྗོད་པའི་ཆོས་ཁོ་ན་ཡིན་ཏེ་ཞེས་འབྱུང་ངོ་། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི། འདི་སྟོན་པ་ཆེན་པོའི་ཡང་དག་པའི་བསྟན་པས་བརྗོད་པའི་ཚིག་གོ་ཞེས་འབྱུང་ངོ་། །གཞན་ཡང་ཆོས་མངོན་པ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་མདོར་བསྡུ་ན་
རྣམ་པ་གཉིས་ཡོད་ཅེས་གསུངས་ཏེ། འདི་ལྟ་སྟེ། འདུས་བྱས་པས་བཏགས་པའི་ཚིག་ཡིན་ཏེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་འདུས་མ་བྱས་གཉིས་སུ་མེད་པའི་མཚན་ཉིད་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། མཚན་ཉིད་རྣམ་པ་
གསུམ་དགག་པ་དང་། འོན་ཀྱང་དངོས་པོ་མེད་པ་ལ་ཞེས་བྱ་བ་མན་ཆད་ཀྱིས་རྒོལ་བའི་ལན་བཤད་ནས། ཡང་དག་པའི་རིགས་པའི་རིགས་པ་བསྟན་པའོ། །མཚན་ཉིད་རྣམ་པ་གསུམ་དགག་པ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། འདུས་མ་བྱས་ཀྱི་མཚན་ཉིད་

དགག་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་འདུས་བྱས་ཀྱི་མཚན་ཉིད་དགག་པ་དང་། འདུས་བྱས་དང་འདུས་མ་བྱས་མ་གཏོགས་པ་ཞེས་བྱ་བ་མན་ཆད་ཀྱིས་འདུས་མ་བྱས་དང་། འདུས་མ་བྱས་ཀྱང་མ་ཡིན་པའི་མཚན་ཉིད་བཤད་པ་དང་། འདི་ནི་
དང་པོ་འདུས་མ་བྱས་ཀྱི་མཚན་ཉིད་དགག་པའོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། འདུས་མ་བྱས་ཏེ་དེ་བཞིན་གཤེགས་པས་བཏགས་པ་ཙམ་དུ་གསུམ་པ་ཡིན་པར་བསྟན་པ་དང་། དེ་བཞིན་གཤེགས་པས་བཏགས་པ་ཙམ་དུ་གསུམ་པ་ལ་བརྟེན་ནས། རྫས་སུ་ཡོད་པ་ཁོ་
ནར་འཛིན་པར་གྱུར་པར་བསྟན་པ་དང་། རྫས་སུ་ཡོད་པ་མ་ཡིན་པ་དང་། འདུས་མ་བྱས་མ་ཡིན་པར་བཤད་པའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོའོ། །འདི་ལ་བཤད་པ་རྣམ་པ་གསུམ་ཡོད་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་
ནི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ཏེ་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱིས་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་བྱས་མ་ཡིན་ནོ་ཞེས་བྱ་བ་ནི་གསུམ་པ་རྫས་སུ་ཡོད་པ་མ་ཡིན་པ་དང་། འདུས་
མ་བྱས་མ་ཡིན་པར་བཤད་པའི་མཇུག་བསྡུ་བའོ། །རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ་ཞེས་བྱ་བ་ནི་གཉིས་པ་འདུས་བྱས་ཀྱི་མཚན་ཉིད་དགག་པ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ། །འདུས་བྱས་དང་འདུས་མ་བྱས་
མ་གཏོགས་པ་གང་ཅི་བརྗོད་ཀྱང་རུང་མཚན་ཉིད་དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་ཏེ་ཞེས་བྱ་བ་ནི་གསུམ་པ་འདུས་མ་བྱས་དང་འདུས་བྱས་ཀྱང་མ་ཡིན་པའི་མཚན་ཉིད་དགག་པའོ། །འོན་ཀྱང་དངོས་པོ་མེད་པ་ལས། བརྗོད་པ་ཡོད་པར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་
ནི་གཉིས་པ་རྒོས་པའི་ལན་བཤད་པ་ནས་ཡང་དག་པའི་རིགས་པ་སྟོན་པ་ཞེས་བྱ་བ་བསྟན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རང་གི་གཞུང་བསྟན་པ་ནས་ལན་ཕྱིར་བཏབ་པ་དང་། སླར་བརྟག་པ་དང་། ཡང་དག་པར་བཤད་པ་སྟེ། འདི་ནི་དང་པོའོ། །དངོས་པོ་དེ་

ཡང་གང་ཞེ་ན་ཞེས་བྱ་བ་ནི་གཉིས་པ་སླར་བརྟག་པའོ། །འདི་ལྟ་སྟེ། འཕགས་པ་རྣམས་ཀྱི་འཕགས་པའི་ཤེས་པ་དང་། འཕགས་པའི་མཐོང་བའི་མིང་དང་བརྗོད་པ་དང་བྲལ་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་
གཞན་དག་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར། བཏགས་པའི་མིང་འདུ་ཤེས་ཀྱི་འདུས་མ་བྱས་ཞེས་བརྗོད་དོ་ཞེས་བྱ་བ་ནི་གསུམ་པ་བྱང་ཆུབ་སེམས་དཔའ་ཡང་དག་པར་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ནི་འཕགས་པ་
རྣམས་མིང་དང་། བརྗོད་པ་དང་བྲལ་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པའོ། །གཉིས་པ་ནི་གཞན་གྱི་ཆེད་དུ་བཏགས་པ་ཙམ་དུ་མིང་དང་འདུ་ཤེས་ཀྱིས་བསྟན་པ་སྟེ། ཞིབ་ཏུ་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཚུལ་བཞིན་ཀུན་འདྲིས། བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་དྲི་བ་དྲིས་པ་ཞེས་བྱ་བ་འདི་མན་ཆད་ནི་སྔར་བཟླས་ཏེ་དྲིས་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དྲི་བ་དྲིས་པའི་གླེང་བསླང་བ་དང་། དྲི་བ་ཡང་
དག་པར་དྲིས་པའོ། །འདི་ནི་དང་པོ་དྲི་བ་འདྲི་བའི་གླེང་བསླང་བ་ཉིད་དོ། །རྒྱལ་བའི་སྲས་ཇི་ལྟར་ན་དངོས་པོ་དེ་འཕགས་པ་རྣམས་ཀྱི་འཕགས་པའི་ཤེས་པ་དང་། འཕགས་པའི་མཐོང་བ་མིང་དང་། བརྗོད་པ་དང་བྲལ་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་
ཤིང་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་གཞན་དག་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར། བཏགས་པའི་མིང་དང་འདུ་ཤེས་ཀྱི་འདུས་བྱས་ཞེས་བྱ་བ་དང་། འདུས་མ་བྱས་ཞེས་བྱ་བར་བརྗོད་པར་གྱུར་པ་ཡིན་ཞེས་བྱ་བ་ནི་གཉིས་པ་དྲི་བ་ཡང་དག་པར་དྲིས་པ་ཞེས་བྱ་བ་སྟོན་ཏོ། །
རྒྱ་ཆེར་བཤད་མོད་ཀྱི་ད་དུང་ཁོང་དུ་མ་ཆུད་ན། དེའི་དཔེ་ནི་ཇི་ལྟ་བུ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས། མདོའི་ཚིག་འདི་ཆད་དེ་མི་འབྱུང་བ་ནི། མདོར་བསྡུ་བར་བསམ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་

འགྲེལ་གྱིས། བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ལ་སྨྲས་པ་ཞེས་བྱ་བ་འདི་མན་ཆད་ནི་དྲུག་པ་དཔེ་སྨོས་ནས་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། འདུས་བྱས་དང་འདུས་མ་བྱས་ཞེས་འབྱུང་བས་དེའི་ཕྱིར་སྟོན་པ་ཞེས་བྱ་བ་ནི་དེ་
བཞིན་གཤེགས་པ་ལ་བྱ་བར་མངོན་ནོ། །ཡང་དག་པའི་དོན་དུ་རྫས་སུ་གྱུར་པ་ཞེས་བྱ་བའི་ཆོས་མེད་དེ། སྒྱུ་མ་ལ་སོགས་པ་བཞིན་དུ་ཡོད་པ་མ་ཡིན་པ་ཡོད་པ་ལྟ་བུར་སྣང་བས། དེའི་ཕྱིར་སྟོན་པས་བརྗོད་དུ་མེད་པ་ལ་བཏགས་པ་ཙམ་དུ་འདུས་བྱས་ཞེས་གསུངས་སོ། །སྟོན་
པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ་ཞེས་བྱ་བས་ནི་གཉིས་པ་བཏགས་པ་ཙམ་ལ་རྗེས་སུ་མངོན་པར་ཞེན་པ་སྟོན་ཏེ། གལ་ཏེ་དེ་བཞིན་གཤེགས་པས་བཏགས་པའི་ཚིག་ཡིན་པར་གྱུར་ན་དེ་ནི་སེམས་ཅན་རྣམས་ཀྱི་
ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་མིང་གི་རྗེས་སུ་སྤྱོད་པ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཕྱིར་འདུས་བྱས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་
ཡོངས་སུ་མ་གྲུབ་པའི་ཕྱིར། འདུས་བྱས་ཀྱང་མ་ཡིན་ནོ་ཞེས་བྱ་བས་ནི་གསུམ་པ་རྫས་སུ་ཡོད་པ་མ་ཡིན་པ་བཟླས་ཏེ་བཤད་པ་དང་། འདུས་མ་བྱས་མ་ཡིན་པར་བཤད་པའི་མཇུག་བསྡུ་བ་སྟོན་ཏེ། འདིས་ནི་སེམས་ཅན་གྱི་ཀུན་ཏུ་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཀྱི་ཐ་
སྙད་དུ་བརྗོད་པ་ཡང་དག་པར་ཡོད་པར་འཛིན་པ་རྣམས་སུ་ཡོངས་སུ་མ་གྲུབ་པའི་ཕྱིར། འདུས་བྱས་ཀྱང་མ་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པ་གསུམ་ལས་དང་པོ་སྟེ། འདུས་བྱས་བཤད་ཟིན་ཏོ། །རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་
ཡིན་ལ་ཞེས་བྱ་བ་ནི། གཉིས་པ་འདུས་མ་བྱས་དགག་པ་ཞེས་བྱ་བ་སྟོན་ཏོ། །འདི་ལྟར་འདུས་མ་བྱས་ཀྱི་ཆོས་ཀྱང་སྟོན་པས་བཏགས་པའི་ཚིག་གི་གྲངས་སུ་སོང་ཞིང་དེ་བཞིན་དུ་རྫས་སུ་མ་གྲུབ་པའི་ཕྱིར། འདུས་མ་བྱས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་འདུས་བྱས་

དང་འདུས་མ་བྱས་ཞེས་བྱ་བ་གཏོགས་པ་གང་ཅི་བརྗོད་ཀྱང་རུང་མཚན་ཉིད་དེ་ཡང་དེ་འདྲ་བ་ཉིད་དུ་འགྱུར་ཏེ་ཞེས་བྱ་བ་ནི་གསུམ་པ་འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་པའི་མཚན་ཉིད་དགག་པ་སྟོན་ཏོ། །འདི་ལྟར་འདུས་མ་བྱས་ཀྱི་ད་ལྟར་འདུས་མ་བྱས་འདི་ནི་བེའུའི་སྡེ་
པ་རྣམས་ཀྱིས་བཏགས་པ་བཀག་པ་ཡིན་ཏེ། དེ་དག་གིས་ཆོས་ཀྱི་སྡེ་སྣོད་རྣམ་པ་ལྔ་རྣམ་པར་གཞག་པའི་དོན་འདི་ལྟ་སྟེ། དུས་གསུམ་གྱི་འདུས་མ་བྱས་དང་། བརྗོད་དུ་མེད་པའི་ཆོས་ཀྱི་སྡེ་སྣོད་དང་། དེ་དག་གིས་རྣམ་པར་གཞག་པའི་བདག་དང་། བརྗོད་དུ་མེད་
པའི་འདུས་བྱས་ཀྱི་དུས་གསུམ་དང་། འདུས་མ་བྱས་དུས་གསུམ་དུ་གཏོགས་པ་མ་ཡིན་པའོ། །དེའི་ཕྱིར་འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་པ་ཞེས་བྱ་བ་སྟེ། འདི་ནི་གང་ཅི་བརྗོད་ཀྱང་རུང་བ་ཞེས་བྱའོ། །འདིར་དེ་དག་གིས་བཏགས་པ་རྣམ་པར་གཞིག་
པའི་ཕྱིར། འདུས་བྱས་དང་འདུས་མ་བྱས་མ་གཏོགས་པ་གང་ཅི་བརྗོད་ཀྱང་རུང་བའི་བདག་རྟག་པར་གནས་པར་འདོད་པ་དེའི་མཚན་ཉིད་ཀྱང་མིང་དང་། ཡི་གེའི་གྲངས་སུ་ལྷུང་བའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་མདོའི་
ཚིག་འདི་དེ་དག་གི་བརྒྱུད་པའི་བཏགས་པ་དགག་པ་ཡིན་གྱི། མངོན་པར་ཞེན་པ་ཡོད་པར་ངེས་པ་ནི་མེད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། དེ་ལ་ཆོས་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་གསུམ་ཡོད་དེ། འདུས་བྱས་ཀྱི་
ཆོས་དང་། འདུས་མ་བྱས་ཀྱི་ཆོས་དང་། བརྗོད་དུ་མེད་པའི་ཆོས་སོ་ཞེས་བཤད་དོ། །འོན་ཀྱང་དངོས་པོ་མེད་པའི་ལས་བརྗོད་པ་ཡོད་པར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཕ་རོལ་གྱིས་བརྒལ་བའི་ལན་རྣམ་པར་བཤད་ཅིང་ཡང་དག་པའི་རིགས་པ་བསྟན་
པ་ཞེས་བྱ་བ་སྟོན་ཏོ། །ཕ་རོལ་པ་རྣམས་འདི་སྐད་དུ་གལ་ཏེ་འདུས་བྱས་ཀྱི་ཆོས་རྣམས་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན། དེ་བཞིན་གཤེགས་པས་འདུས་བྱས་དང་། འདུས་མ་བྱས་ཞེས་གསུངས་པ་འདི་ལ་ཡང་དངོས་པོ་མེད་པར་འགྱུར་རོ་ཞེས་ཐེ་

ཚོམ་ཟ་ནས་རྒོལ་བའོ། །དེ་ལ་དངོས་པོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་དངོས་པོའོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས། སྟོན་པས་བསྟན་པ་གསུངས་པ་ལ་ཅི་དོན་མེད་དམ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་འགྲེལ་བའི་མདོ་ལས། མིང་
སྟོང་པས་དངོས་པོ་བཤད་དོ་ཞེས་འབྱུང་ངོ་། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རང་གི་གཞུང་སྨོས་ནས་ལན་སྤྱིར་བཏབ་པ་དང་། བྱང་ཆུབ་སེམས་དཔས་སླར་བརྟག་པ་དང་། བྱང་ཆུབ་སེམས་དཔས་ལན་ཡང་དག་པར་བསྟན་པའོ། །འདི་དང་པོ་རང་གི་གཞུང་སྨོས་ནས་
ལན་སྤྱིར་བཏབ་པ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འདུས་བྱས་དང་། འདུས་མ་བྱས་ཞེས་གསུངས་པ་ལ་ཡང་དག་པར་རྫས་སུ་གྱུར་པ་འདུས་བྱས་ཀྱི་ཆོས་མེད་མོད་ཀྱི། འོན་ཀྱང་དངོས་པོ་མེད་པ་ལས། བརྗོད་པ་ཡོད་པར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་
པོ་དེ་ཡང་གང་ཞེ་ན་ཞེས་བྱ་བ་འདི་ནི་གཉིས་པ་བྱང་ཆུབ་སེམས་དཔས་སླར་བརྟག་པའོ། །འདི་ལྟ་སྟེ། འཕགས་པ་རྣམས་ཀྱི་འཕགས་པའི་ཤེས་རབ་དང་། འཕགས་པའི་མཐོང་བ་མིང་དང་། བརྗོད་པ་དང་བྲལ་བའི་ཕྱིར། མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་
དེ། བརྗོད་དུ་མེད་པའི་ཆོས་ཉིད་དེ་དེ་ཉིད་གཞན་དག་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར། བཏགས་པའི་མིང་དང་། འདུ་ཤེས་ཀྱིས་འདུ་བྱེད་ཞེས་བརྗོད་དོ་ཞེས་བྱ་བ་འདི་ནི་གསུམ་པ་བྱང་ཆུབ་སེམས་དཔས་ལན་ཡང་དག་པར་བསྟན་པ་ཞེས་བྱ་བ་སྟོན་ཏེ། དངོས་པོ་
མེད་པ་ལས་བརྗོད་པ་ཡོད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ལ་འཕགས་པ་ཞེས་བྱ་བ་ནི་བརྗོད་ཀྱི། བསྟན་བཅོས་ལས་འདི་ལྟ་སྟེ། ཟག་པ་མེད་པ་འཕགས་པའི་ལམ་དང་ཡང་དག་པར་ལྡན་པས། སྡིག་པའི་ཆོས་རྣམས་ལས་རིང་དུ་གྱུར་པས་འཕགས་པ་ཞེས་བྱའོ་ཞེས་
བཤད་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་ལས་ཀྱང་། འཕགས་པ་ནི་འདི་ལྟ་སྟེ། འཆིང་བ་དང་བྲལ་ཏེ། སྡིག་པ་རྣམས་ལས་རིང་དུ་གྱུར་པ་དང་། ཡང་ན་དགེ་བ་ལས་གཞོལ་བའི་ཕྱིར། འཕགས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་དེ་ཁོ་ན་

ཉིད་གྲུབ་པ་ལས་ཀྱང་། མྱ་ངན་ལས་འདས་པར་ཕྱིན་པའི་ཕྱིར། འཕགས་པ་ཞེས་བྱའོ་ཞེས་བཤད་དོ། །རྣལ་འབྱོར་སྤྱོད་པའི་ས་ལས། དགེ་བ་ཟད་པ་མེད་པ་ཡིན་པའི་ཕྱིར། འཕགས་པ་ཞེས་བཤད་དོ། །དེ་ལ་ཤེས་པ་དང་མཐོང་བ་ཞེས་བྱ་བ་ལ་ཤེས་པ་ནི་རབ་ཏུ་
འབྱེད་པའི་དོན་ཏོ། །མཐོང་བ་ནི་ཡོངས་སུ་ཚོལ་བའི་དོན་ཏེ། འདི་ལྟར་ཟག་པ་མེད་པ་འཕགས་པའི་ཤེས་རབ་ཀྱིས་རབ་ཏུ་འབྱེད་ཅིང་ཡོངས་སུ་ཚོལ་བའི་ཕྱིར། འཕགས་པའི་ཤེས་པ་དང་། མཐོང་བ་ཞེས་བྱ་བའོ། །ཤེས་པ་དང་མཐོང་བ་རྣམ་པ་གཉིས་གཅིག་ཏུ་བསྡུས་
ཏེ་གསུངས་པའི་དགོངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་རྣམ་པར་གྲོལ་བའི་ཤེས་པ་དང་། མཐོང་བ་ཞེས་བྱ་བ་ལ་ཤེས་པ་ཞེས་བྱ་བ་སྨོས་པས་ཆོག་གམ་ཞེ་ན། ཅིའི་ཕྱིར་མཐོང་བ་ཞེས་བྱ་བ་ནི་ཕྱི་མ་ཡང་སྨོས། སྨྲས་པ་ཤེས་པ་དང་མཐོང་བ་གཅིག་ཏུ་
བཤད་ནས་དངོས་པོ་བརྟན་པར་འགྱུར་ཏེ། ཇི་ལྟར་ཐག་པ་གཉིས་གཅིག་ཏུ་བྱས་ནས། ཐག་པ་དེ་སྲ་ཞིང་བརྟན་པར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་
གཅོད་པའི་འགྲེལ་པ་ལས་བཤད་པའི་དགོངས་པ་དང་སྦྱར་ནས། མངོན་སུམ་གྱི་ཚད་མའི་འཕགས་པའི་ཤེས་པ་ནི་ཤེས་པ་དང་མཐོང་བ་ཞེས་བྱའོ། །ཤེས་པ་འབའ་ཞིག་བསྟན་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། ཤེས་པ་འདིས་ཤེས་པར་འགྱུར་རོ། །མཐོང་བ་ཁོ་ན་བསྟན་པ་གང་
ཡིན་པ་དེ་ནི་འདི་ལྟ་སྟེ། ཤའི་མིག་ལ་སོགས་པས་མཐོང་བར་འགྱུར་རོ། །དེ་ལ་ཤེས་པ་ཞེས་བྱ་བས་ནི་མིག་གིས་ལྟ་བ་ལས་རྣམ་པར་འབྱེད་དོ། །མཐོང་བ་ཞེས་བྱ་བས་ནི་རྗེས་སུ་དཔག་པའི་ཤེས་པ་ལས་རྣམ་པར་འབྱེད་པས། དེའི་ཕྱིར་ཤེས་པ་དང་། མཐོང་བ་གཅིག་
ཏུ་ཤེས་པས་ཞེས་བྱ་བ་བཤད་པ་ཡིན་ནོ་ཞེས་བཤད་དོ། །འདིར་ཤེས་པ་དང་མཐོང་བ་བཤད་པ་ཡང་སློབ་དཔོན་དབྱིག་གཉེན་གྱིས་བཤད་པ་དང་མཐུན་ནོ། །འདིར་འོན་ཀྱང་དངོས་པོ་མེད་པ་ལས་བརྗོད་པ་ཡོད་པར་གྱུར་པ་ནི་མ་ཡིན་ནོ་ཞེས་གསུངས་པ་དེ་རྣམ་པར་བཤད་པ་ཡང་སོ་

སོ་ནས་མི་མཐུན་ཏེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་ནི། གལ་ཏེ་ཐམས་ཅད་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་བཤད་ན། སྟོན་པས་གསུངས་པ་ཐམས་ཅད་ཀྱང་དོན་མེད་པ་ཞིག་ཏུ་མི་འགྱུར་རམ་ཞེ་ན། སྨྲས་པ་ངོ་བོ་ཉིད་ཡང་
དག་པར་ཡོད་དོ་ཞེས་བརྗོད་དུ་མེད་པ་དང་། ངོ་བོ་ཉིད་བརྗོད་དོ་ཞེས་བརྗོད་དུ་མེད་པའི་དབང་གིས་དེ་ཉིད་དེ་ཁོ་ནའི་དོན་ཏོ། །དོན་རྣམ་པ་བཞི་དང་ལྡན་པའི་ཕྱིར་བརྗོད་དུ་མེད་པ་ཡིན་ཏེ། དང་པོ་ནི་དེ་ཁོ་ནའི་རྣལ་འབྱོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་ན། དེ་ཁོ་ནའི་
དོན་རྗེས་སུ་སེམས་པས། དེའི་ཚེ་རྣམ་པར་རྟོག་པ་མེད་པའི་ཕྱིར་བརྗོད་དུ་མེད་པའོ། །གཉིས་པ་ནི་ཡང་དག་པའི་རྣལ་འབྱོར་ལས་ལངས་པའི་སེམས་ཀྱི་ཐ་སྙད་ཤེས་ཀྱང་དེ་ཁོ་ནའི་ཡུལ་ལ་མི་གནས་པའི་ཕྱིར་བརྗོད་དུ་མེད་པའོ། །གསུམ་པ་ནི་གལ་ཏེ་ཐ་སྙད་ངེས་པར་
གྱུར་ན། གང་ཟག་དང་ཆོས་དང་། གཟུང་བ་དང་འཛིན་པ་དང་། འདུས་བྱས་དང་འདུས་མ་བྱས་དང་བྲལ་བར་མི་འགྱུར་ལ། དེ་ཁོ་ནའི་དོན་འདི་དག་ལས་འདས་པའི་ཕྱིར་བརྗོད་དུ་མེད་པའོ། །བཞི་པ་ནི་དེ་ཁོ་ནའི་དོན་ཁོང་དུ་ཆུད་པ་དང་། མཐར་ཕྱིན་པའི་ཚད་མ་
གཉིས་ཀྱི་སྤྱོད་ཡུལ་ཡིན་གྱིས། རྗེས་སུ་དཔག་པ་དང་། ཚིག་གི་ཚད་མ་གཉིས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་བརྗོད་དུ་མེད་པའོ། །འདི་དག་གིས་ནི་དོན་དུ་ན་ཡང་དག་པའི་དོན་དངོས་པོ་མེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་ཡང་དག་པའི་དངོས་པོ་ནི་ཚིག་དང་བྲལ་
བའི་ཆོས་ཉིད་དང་། དེ་བཞིན་ཉིད་ལ་ཡང་དག་པའི་དངོས་པོ་ཞེས་བྱ་སྟེ། བདག་དང་གཞན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དེ་བཞིན་ཉིད་ཀྱི་ཡུལ་རྟོགས་པར་བྱ་བའི་ཆེད་དུ་དེའི་ཕྱིར་བཏགས་པ་ཙམ་དུ་འདུས་བྱས་ཞེས་བཤད་ནས། ཡང་དག་པར་དངོས་པོ་བསྟན་པ་ཡིན་ནོ་ཞེས་
བཤད་དོ། །ཁ་ཅིག་ནི་ཕྱི་རོལ་པ་དག་འདི་སྐད་དུ། གལ་ཏེ་སྔ་ན་འདུས་བྱས་དང་འདུས་མ་བྱས་མ་ཡིན་ན། འོ་ན་ནི་དངོས་པོ་མེད་པ་ཉིད་དུ་གྱུར་པས། ཅིའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་བརྗོད་ཅེས་ཐེ་ཚོམ་ཟ་བ་དང་། གཞན་ཡང་ཆོས་རྣམས་ཐམས་ཅད་མིང་

དང་བརྗོད་པ་དང་བྲལ་བ་ཡིན་ན་གོ་བཏགས་པ་ཙམ་དུ་ཡང་བཤད་ཅི་དགོས་སྙམ་དུ་ཐེ་ཚོམ་ཟ་བས་དེའི་ཕྱིར་འོན་ཀྱང་དངོས་པོ་མེད་པ་ལས་བརྗོད་པ་ཡོད་པར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བས་འདི་གསུངས་ཏེ། བརྗོད་པ་དང་བྲལ་བས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འདི་
རང་གི་རིག་པ་འདི་ལ་བརྟེན་པའི་ཕྱིར། དངོས་པོ་མེད་པ་ཡང་མ་ཡིན་ལ། གཞན་དག་རྟོགས་པར་བྱ་བའི་ཕྱིར་བཏགས་པ་ཙམ་དུ་བཤད་པ་ཡང་དགོས་སོ་ཞེས་བཤད་དོ། །ཁ་ཅིག་ནི་ཕྱི་རོལ་པ་དག །གལ་ཏེ་འདུས་བྱས་དང་འདུས་མ་བྱས་ཡོད་པ་མ་ཡིན་ནམ།
འོ་ན་ནི་ཆོས་མེད་པར་གྱུར་པས་ཕན་ཡོན་གྱི་དངོས་པོ་ཅི་ཞིག་མཐོང་ནས་འདུས་བྱས་བཤད་སྙམ་དུ་དགོངས་པས་དེའི་ཕྱིར་ལན་དུ་འདི་གསུངས་པ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། རང་གིས་
རྟོགས་པའི་དངོས་པོ་དང་གཞན་རྟོགས་པར་བྱ་བའི་དངོས་པོ་དང་། གཞན་དག་རྟོགས་པར་བྱ་བའི་ཆེད་དུ་ཐ་སྙད་བླང་བའི་དངོས་པོའོ། །དངོས་པོ་རེ་རེ་ཡང་དོན་མང་པོ་དང་ལྡན་པས་བཤད་ཀྱིས་མི་རྫོགས་ཞེས་སོ།། །།བམ་པོ་བཅུ་གཅིག་པ། རིགས་ཀྱི་བུ་
འདུས་མ་བྱས་ཞེས་བྱ་བ་དེ་ཡང་སྟོན་པས་བཤད་པ་གླེང་བ་དང་། དྲིས་པ་བཞིན་དུ་རྒྱ་ཆེར་བཤད་པ་སྟེ། འདི་ནི་དང་པོའོ། །རིགས་ཀྱི་བུ་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། རྩྭ་དང་ལོ་མ་དང་ཤིང་
དང་གསེག་མ་དང་གྱོ་དུམ་ལ་སོགས་པ་གཅིག་ཏུ་བསྡུས་ནས་སྒྱུ་མའི་ལས་སྣ་ཚོགས་ཞེས་བྱ་བ་འདི་མན་ཆད་ནི་དྲིས་པ་བཞིན་དུ་རྒྱ་ཆེར་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དཔེ་སྨོས་ནས་བཟླས་ཏེ་བཤད་པ་དང་། དེ་བཞིན་དུ་སེམས་ཅན་གང་
དག་ཅེས་བྱ་བ་མན་ཆད་ཀྱིས་ཆོས་དཔེ་དང་མཚུངས་པ་ཉིད་དུ་བསྟན་པ་དང་། རིགས་ཀྱི་བུ་དེ་ལྟར་ཞེས་བྱ་བ་མན་ཆད་མཇུག་བསྡུ་ཞིང་ཕ་རོལ་གྱིས་བརྒལ་བའི་ལན་བཏབ་པའོ། །དང་པོ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། སྒྱུ་མའི་དངོས་པོའི་དཔེ་དང་དེ་ལ་སེམས་

ཅན་གང་དག་ཅེས་བྱ་བ་མན་ཆད་ཀྱིས་རྨོངས་པ་དག་པ་ཉིད་དུ་འཛིན་པའི་དཔེ་བསྟན་པ་དང་། སེམས་ཅན་གང་དག་ཅེས་བྱ་བ་མན་ཆད་ཀྱིས་ཁོང་དུ་ཆུད་པ་དག་གིས་ཡང་དག་པ་མ་ཡིན་པ་རྟོགས་པའི་དཔེ་བསྟན་པའོ། །དང་པོ་སྒྱུ་མའི་དངོས་པོའི་དཔེ་བསྟན་
པ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། སྒྱུ་མའི་དངོས་པོ་མདོར་བསྟན་པ་དང་། འདི་ལྟ་སྟེ་ཞེས་བྱ་བ་མན་ཆད་ཀྱིས་སྒྱུ་མའི་དངོས་པོ་རྣམ་པར་ཕྱེ་སྟེ་བསྟན་པའོ། །སྒྱུ་མའི་དངོས་པོ་མདོར་བསྟན་པ་ཡང་རྣམ་པ་བཞིས་བསྟན་ཏེ། སྒྱུ་མ་མཁན་བསྟན་པ་དང་། སྒྱུ་མའི་
གནས་བསྟན་པ་དང་། སྒྱུ་མའི་དངོས་པོའི་དཔེས་བསྟན་པ་དང་། སྒྱུ་མའི་དངོས་པོ་སྤྱིར་བསྟན་པའོ། །མདོའི་ཚིག་དཔེར་བསྟན་པ་འདི་དག་གི་དགོངས་པ་ཁོང་དུ་ཆུད་པར་དཀའ་བའི་ཕྱིར་སྔར་སློབ་དཔོན་ཡང་དག་བདེན་པས་བཤད་པ་བསྟན་ནས། དེའི་འོག་ཏུ་བསྟན་པ་རྣམས་དང་
སྦྱར་ཏེ། མདོའི་ཚིག་འདི་དག་བཤད་པར་བྱའོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། འདིར་དཔེས་བསྟན་པའི་དགོངས་པ་ནི་སེམས་ཅན་རྣམས་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་གིས་རྣམ་པ་སྣ་ཚོགས་སུ་རྣམ་པར་རྟོག་པའི་དབང་གིས་ཡུན་རིང་པོར་
འཁོར་བ་ན་གནས་ཤིང་། སྡུག་བསྔལ་གྱིས་རྣམ་པར་སྨིན་པ་མྱོང་བར་གྱུར་པས། སྒྱུ་མའི་གཞི་དང་། བརྗོད་དུ་མེད་པ་དང་། གཉིས་སུ་མེད་པའི་དེ་བཞིན་ཉིད་ཁོང་དུ་མ་ཆུད་ནས་ཡང་དག་པར་ཡོད་པ་ཉིད་དུ་འཛིན་གྱིས། འཕགས་པ་རྣམས་ནི་འདི་ཡང་དག་པར་ཡོད་པ་མ་
ཡིན་པར་གསལ་བར་ཁོང་དུ་ཆུད་པ་དཔེ་བསྟན་པ་ཡིན་ཏེ། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་སྒྱུ་མའི་གཞི་ཁོང་དུ་མ་ཆུད་པ་དང་། མི་ཤེས་པ་དང་བཅས་པས་འཕགས་པའི་ཤེས་རབ་ད་དུང་མ་ཐོབ་པའི་ཕྱིར་དང་། འཕགས་པ་རྣམས་ནི་སྒྱུ་མའི་གཞི་དང་། གཉིས་སུ་
མེད་པ་དང་། བརྗོད་དུ་མེད་པའི་ངོ་བོ་ཉིད་ཁོང་དུ་ཆུད་པ་དང་། མི་ཤེས་པ་སྤངས་ནས་འཕགས་པའི་ལམ་ཐོབ་པའི་ཕྱིར་རོ། །དེ་ལ་སྒྱུ་མ་མཁན་ནི་སོ་སོའི་སྐྱེ་བོ་དབང་པོ་རྣོན་པོའི་དཔེ་སྟེ། མུ་སྟེགས་ཅན་རྣམས་སོ། །སྒྱུ་མ་མཁན་གྱི་སློབ་མ་ནི་སོ་སོའི་སྐྱེ་བོ་བླུན་པོའི་དཔེ་སྟེ།

འདོད་ཆེན་པ་རྣམས་སོ། །གཞན་ཡང་སྒྱུ་མ་མཁན་ནི་ཉོན་མོངས་པའི་དཔེའོ། །སློབ་མ་ནི་ལས་ཀྱི་དཔེ་སྟེ། ཉོན་མོངས་པའི་དབང་གིས་ལས་བྱུང་བའི་ཕྱིར་རོ། །གཞན་ཡང་སྒྱུ་མ་མཁན་ནི་རྒྱུའི་དཔེའོ། །སློབ་མ་ནི་འབྲས་བུའི་དཔེའོ། །ལམ་པོ་ཆེའི་བཞི་མདོ་ཞེས་བྱ་བ་ནི་ཁམས་
གསུམ་དང་། ཟག་པ་མེད་པའི་དབྱིངས་དང་། སྐྱེ་ཤི་རྣམ་པ་བཞིའི་དཔེའོ། །ཡང་ན་སྤྱོད་ཡུལ་རྣམ་པ་བཞིའོ། །དང་པོ་ཡུལ་དང་བདག་དང་རྣམ་པར་ཤེས་པ་རྣམས་ཀྱི་དཔེའོ་ཞེས་བཤད་དོ། །གཞན་ཡང་སློབ་དཔོན་ཡང་དག་བདེན་པས་འཕགས་པ་གསེར་འོད་དམ་པའི་བརྗེད་བྱང་
བྱས་པ་ལས། དེ་ལ་སྒྱུ་མ་མཁན་ནི་ཀུན་གཞི་རྣམ་པར་ཤེས་པའི་དཔེ་སྟེ། ཐོག་མ་མེད་པའི་དུས་ན་ཡང་དག་པ་མ་ཡིན་པ་བྱེད་པའོ། །སྒྱུ་མ་མཁན་གྱི་སློབ་མ་ནི་རྣམ་པར་ཤེས་པ་བདུན་པོ་རྣམས་ཀྱི་དཔེའོ། །ཡང་དག་པ་མ་ཡིན་པའི་ཆོས་ཕྲ་མོ་ནི་ཀུན་གཞི་རྣམ་པར་ཤེས་
པས་མངོན་པར་འདུ་བྱེད་དོ། །འབྲིང་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་སོ། །རགས་པ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་མངོན་པར་འདུ་བྱེད་དོ། །གཞན་ཡང་ལྟ་བའི་ཉོན་མོངས་པ་དག་ནི་མཁན་པོའོ། །སྲེད་པའི་ཉོན་མོངས་པ་ནི་སློབ་མའོ། །གཞན་ཡང་སེམས་
ཀྱི་ཉོན་མོངས་པ་ནི་མཁན་པོའོ། །པགས་པ་དང་ཤའི་ཉོན་མོངས་པ་ནི་སློབ་མའོ། །ལམ་གྱི་བཞི་མདོ་ཞེས་བྱ་བ་ནི་སྐུར་པ་རྣམ་པ་བཞི་དང་བྲལ་བའི་དོན་གྱི་དཔེ་ཞེས་བཤད་དོ། །དེ་ལ་བསྟན་པ་རྣམས་དང་སྦྱར་ནས་བཤད་པ་ཡང་སྒྱུ་མ་མཁན་ཞེས་བྱ་བ་ནི། བཤད་པ་རྣམ་
པ་བཞི་ཡོད་དེ་དང་པོ་ནི་བསྟན་བཅོས་གནས་པ་བཅུའི་བཤད་པ་ལས་འདི་ལྟར་ལས་ནི་སྒྱུ་མ་མཁན་ཞེས་བྱའོ་ཞེས་བཤད་དོ། །གཉིས་པ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་ཉོན་མོངས་པ་དང་། ལས་ནི་སྒྱུ་མ་མཁན་ཞེས་བཤད་དོ། །གསུམ་པ་ནི་བསྟན་བཅོས་ཐེག་པ་ཆེན་པོ་
བསྡུས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་ནི་སྒྱུ་མ་མཁན་ལྟ་བུའོ་ཞེས་བཤད་དོ། །བཞི་པ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་ཤེས་པ་བརྒྱད་ནི་སྒྱུ་མ་མཁན་ལྟ་བུའོ་ཞེས་བཤད་དོ། །ལམ་གྱི་བཞི་

མདོ་ཞེས་བྱ་བ་ལ་ཡང་རྣམ་པ་གསུམ་ཡོད་དོ། །དང་པོ་ནི་ལུང་གཅིག་ལས་འཕྲོས་པ་དང་། ལུང་སྣ་ཚོགས་ལས་འཕགས་པའི་བདེན་པ་བཞི་པ་ནི་ལམ་གྱི་བཞི་མདོ་ལྟ་བུ་ཞེས་བཤད་དོ། །གཉིས་པ་ནི་ལུང་སྣ་ཚོགས་ལ་སོགས་པ་ལས་དྲན་པ་ཉེ་བར་
གཞག་པ་བཞི་ནི་ལམ་གྱི་བཞི་མདོ་ཞེས་བྱའོ་ཞེས་བཤད་དོ། །གསུམ་པ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་ཤེས་པའི་གནས་བཞི་ནི་ལམ་གྱི་བཞི་མདོ་ཞེས་བྱའོ་ཞེས་བཤད་དོ། །རྩྭ་དང་ལོ་མ་དང་ཤིང་དང་གསེག་མ་དང་གྱོ་དུམ་ལ་སོགས་པ་གཅིག་ཏུ་བསྡུས་ནས་ཞེས་བྱ་བས་
ནི། རྟེན་བསྟན་ཏེ་འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལ་ས་བོན་རྣམས་བསགས་པ་གནས་པའི་དཔེ་བསྟན་པའོ། །ཡང་ན་ཡོངས་སུ་བསྒོས་པ་རྣམ་པ་གསུམ་ཀུན་གཞི་ལ་ཡོད་པ་སྟེ། དེ་ལ་རྩྭ་དང་ལོ་མ་རགས་པ་མ་ཡིན་པ་རྣམས་ནི་དགེ་བ་བསགས་པའི་དཔེ་བསྟན་པའོ། །
ཤིང་དང་གསེག་མ་ལ་སོགས་པར་བསགས་པའི་རྣམ་པ་ནི་མི་དགེ་བའི་ས་བོན་གྱི་དཔེ་བསྟན་པའོ། །སྒྱུ་མའི་ལས་སྣ་ཚོགས་ཞེས་བྱ་བ་ནི་སྒྱུ་མའི་དངོས་པོ་སྤྱིར་བསྟན་པ་སྟེ། ཇི་ལྟར་རྩྭ་དང་ལོ་མ་ལ་སོགས་པའི་དབང་གིས་སྒྱུ་མ་རྣམས་འབྱུང་བ་དེ་བཞིན་དུ། དགེ་བ་དང་
མི་དགེ་བའི་ས་བོན་གྱི་དབང་གིས་ཀྱང་འབྲས་བུ་རྣམས་སྐྱེ་བའོ། །འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། རྐང་ཐང་གི་ཚོགས་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་།
ནོར་དང་། འབྲུ་སྣ་ཚོགས་དང་། བང་བ་དང་། མཛོད་ལ་སོགས་པ་བསྟན་ན་ཞེས་བྱ་བ་ནི་གཉིས་པ་སྒྱུ་མའི་དངོས་པོ་རྣམས་ཕྱེ་སྟེ་བསྟན་པ་ཞེས་བྱ་བ་སྟོན་ཏེ། གོང་དུ་སྒྱུ་མའི་ལས་སྣ་ཚོགས་ཞེས་མདོར་བསྟན་པ་ཁོ་ནར་ཟད་ཀྱི། རྣམ་པར་ཕྱེ་སྟེ་མ་བསྟན་པའི་ཕྱིར་འདིར་རྣམ་
པར་ཕྱེ་སྟེ་བཤད་པ་ནི་ཡོད་པ་མ་ཡིན་ནོ། །སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས། དམག་རྣམ་པ་བཞི་ནི་རྒྱུ་དང་། རྐྱེན་གྱི་དཔེར་སྟོན་པའོ། །ནོར་བུ་ལ་སོགས་པ་ནི་འབྲས་བུའི་དཔེར་བསྟན་པ་སྟེ། དམག་རྣམ་པ་བཞིའི་དབང་གིས་ནོར་བུ་ལ་སོགས་

པ་མངོན་པར་གྲུབ་པའི་ཕྱིར་རོ། །ཡང་ན་དམག་རྣམ་པ་བཞི་ནི་སེམས་ཅན་གྱི་རྣམ་པའི་དཔེའོ། །ནོར་བུ་ལ་སོགས་པ་ནི་སེམས་ཅན་མ་ཡིན་པའི་དཔེའོ། །དེ་ནི་འདི་སྐད་དུ་ཀུན་གཞི་རྣམ་པར་ཤེས་པའི་མཁན་པོ་དང་། རྣམ་པར་ཤེས་པ་བདུན་གྱི་སློབ་མ་རྣམས་རྣམ་པར་ཤེས་
པའི་གནས་བཞི་ལ་གནས་ཏེ། མིང་དང་ཐ་སྙད་ལ་སོགས་པའི་ས་བོན་བསགས་པས། ཁམས་གསུམ་དང་། འགྲོ་བ་ལྔ་དང་། སྐྱེ་བ་རྣམ་པ་བཞིའི་སེམས་ཅན་དང་། སེམས་ཅན་མ་ཡིན་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་ཚོགས་པ་སྐྱེ་བར་འགྱུར་ཏེ། སའི་མདུན་རོལ་
གྱི་རྨོངས་པ་དག་ནི་ཡང་དག་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་སྣ་ཚོགས་ཡོད་པ་ཉིད་དུ་མངོན་པར་ཞེན་ཏོ། །ས་ལ་གནས་པ་ཁོང་དུ་ཆུད་པ་དག་ནི་དེ་དག་སྒྱུ་མ་ལྟ་བུར་རྟོགས་པས་ཆོས་རྣམས་ཡང་དག་པར་ཡོད་པ་མ་ཡིན་པར་ཤེས་སོ་ཞེས་བསྟན་པར་འགྱུར་རོ། །བསྟན་
པ་ལས་ནི་སྒྱུ་མས་བསྡུས་སོ། །འཕགས་པའི་བདེན་པ་བཞི་ལ་སོགས་པ་ནི་ལམ་གྱི་བཞི་མདོར་ཞེས་གསུངས་པ་ནི་སྒྱུ་མ་མཁན་པོ་ཞེས་བྱ་བ་ཡང་རྣམ་པ་གསུམ་ཡོད་དེ། དང་པོ་ནི་སྒྱུ་མ་མངོན་པར་འདུ་བྱེད་པའི་ཕྱིར་སྒྱུ་མ་མཁན་ཞེས་བྱ་སྟེ། དེ་ཉིད་ཉོན་མོངས་པ་དང་ལས་ལ་
སོགས་པའོ། །གཉིས་པ་ནི་སྒྱུ་མ་ལྟ་བུར་ཤེས་པའི་ཕྱིར་སྒྱུ་མ་མཁན་ཞེས་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །གསུམ་པ་ནི་སྒྱུ་མ་བྱེད་པའི་བདག་པོར་གྱུར་པའི་ཕྱིར། སྒྱུ་མ་མཁན་ཞེས་བྱ་སྟེ། དེ་ནི་རྣམ་པར་ཤེས་པ་བརྒྱད་པོ་དག་གོ། །འདིར་ནི་གསུམ་པ་དང་སྦྱར་རོ། །
ཡང་ན་ཉོན་མོངས་པ་དང་ལས་ཉི་ཚེ་དང་སྦྱར་རོ། །ཡང་ན་གསུམ་ཆར་དང་སྦྱར་ན་ཡང་དོན་འགལ་བ་མེད་དོ། །དེ་ལ་ལམ་གྱི་བཞི་མདོར་ཞེས་བྱ་བ་ཡང་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། དང་པོ་ནི་ཉོན་མོངས་པ་སྤོང་བའི་ལམ་གྱི་བཞི་མདོ་སྟེ། འཕགས་པའི་བདེན་པ་
བཞིའོ། །གཉིས་པ་ནི་ལས་དང་པོ་པས་རྣམ་པར་བརྟག་པར་བྱ་བའི་ལམ་སྟེ། དེ་ཉིད་དྲན་པ་ཉེ་བར་གཞག་པའི་གནས་བཞིའོ། །གསུམ་པ་ནི་སྒྱུ་མའི་བདག་པོའི་གནས་པའི་ལམ་སྟེ། དེ་ནི་རྣམ་པར་ཤེས་པའི་གནས་བཞིའོ། །འདིར་ནི་གསུམ་པ་དང་སྦྱར་རོ། །

ཡང་ན་གསུམ་ཆར་དང་སྦྱར་ན་ཡང་འགལ་བ་མེད་དོ། །དེ་ལ་སེམས་ཅན་གང་དག་བྱིས་པ་དང་རྨོངས་པ་དང་། ཤེས་རབ་འཆལ་པའི་རང་བཞིན་ཅན་ཤེས་པ་མེད་པ་དེ་དག་ཅེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྨོངས་པ་དག་ཡང་དག་པ་ཉིད་དུ་འཛིན་པའི་
དཔེ་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་ལྔས་དབྱེ་སྟེ། མངོན་པར་ཞེན་པའི་གང་ཟག་བསྟན་པ་དང་། མངོན་པར་ཞེན་པའི་ཡུལ་བསྟན་པ་དང་། མངོན་པར་ཞེན་པ་འབྱུང་བར་ཡང་དག་པར་བསྟན་པ་དང་། མངོན་པར་ཞེན་པའི་རྒྱུས་ཐ་སྙད་དུ་བརྗོད་པ་བསྟན་པ་དང་།
དེ་དག་ལ་ཡང་དག་པར་བསྐུལ་བའོ། །འདིར་ནི་མངོན་པར་ཞེན་པའི་གང་ཟག་བསྟན་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་ཕུང་པོ་ལྔ་ལ་མིང་དུ་བཏགས་པའོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་བྱིས་པ་ཆུང་ངུ་ལྟ་བུའི་སོ་སོའི་སྐྱེ་བོ་
སྟེ། འདོད་ཆེན་པ་རྣམས་སོ། །ཤེས་རབ་འཆལ་པའི་རང་བཞིན་ཅན་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཤེས་རབ་རྣོན་པོ་སྟེ། མུ་སྟེགས་ཅན་ལྟ་བ་བསྐྱེད་པར་ནུས་པ་རྣམས་སོ་ཞེས་འབྱུང་ངོ་། །འདིར་བྱིས་པ་ཞེས་བྱ་བ་ནི་མ་རིག་པའི་ངོ་བོ་ཉིད་བསྟན་པའོ། །རྨོངས་པ་ཞེས་བྱ་བ་ནི་གཏི་མུག་
གི་ནུས་པ་བསྟན་པ་སྟེ། འདི་ནི་མངོན་པར་ཞེན་པ་བསྐྱེད་པའི་གཞིའོ། །ཤེས་རབ་འཆལ་པ་ཞེས་བྱ་བ་ནི་མངོན་པར་ཞེན་པའི་ངོ་བོ་ཉིད་ཀྱི་རང་བཞིན་བསྟན་པ་སྟེ་ལྟ་བ་མང་པོ་རྣམས་སོ། །ཤེས་པ་མེད་པ་དེ་དག་ཅེས་བྱ་བ་ནི་ཤེས་རབ་འཆལ་པའི་ནུས་པ་སྟེ། འདིས་ནི་གཏི་མུག་གི་
དབང་གིས་ཡང་དག་པའི་འདུས་བྱས་དང་འདུས་མ་བྱས་ཡོད་པ་ཉིད་དུ་མངོན་པར་ཞེན་པ་བསྟན་ཏོ། །རྩྭ་དང་ལོ་མ་དང་ཤིང་དང་གསེག་མ་དང་། གྱོ་དུམ་ལ་སོགས་པ་ལ་སྒྱུ་མ་དང་སྤྲུལ་པའི་དངོས་པོ་དག་ཅེས་བྱ་བ་ནི་གཉིས་པ་མངོན་པར་ཞེན་པའི་ཡུལ་བསྟན་པ་སྟེ། རྩྭ་དང་ལོ་
མ་ལ་སོགས་པས་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་དཔེར་བསྟན་པའོ། །སྤྲུལ་པ་དང་སྒྱུ་མའི་དངོས་པོ་དག་ནི་ལས་ཀྱི་རྣམ་པར་སྨིན་པའི་དཔེ་བསྟན་པའོ། །ཡང་ན་རྣམ་པར་ཤེས་པ་ལས་གྱུར་པའི་དངོས་པོ་རྣམ་པ་སྣ་ཚོགས་གྱིའོ། །མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ།

གླང་པོ་ཆེའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་ཡང་དག་པར་ཡོད་དོ། །རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། རྐང་ཐང་གི་ཚོགས་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ནོར་དང་། འབྲུ་སྣ་ཚོགས་དང་། བང་བ་
དང་། མཛོད་ལ་སོགས་པ་སྣང་བ་གང་ཡིན་པ་འདི་ནི་ཡང་དག་པར་ཡོད་དོ་སྙམ་དུ་སེམས་ཤིང་ཞེས་བྱ་བ་ནི་གསུམ་པ་མངོན་པར་ཞེན་པ་འབྱུང་བ་ཡང་དག་པར་བསྟན་པ་སྟོན་ཏེ། འདི་ལྟར་མ་རིག་པས་རྣམ་པར་རྟོག་པའི་ལྟ་བ་བསྐྱེད་པའི་དབང་གིས་གླང་པོ་ཆེ་ལ་སོགས་པ་ཡང་དག་པར་
ཡོད་པ་ཉིད་དུ་འཛིན་པའོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། མཐོང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། བདག་ཉིད་ཀྱིས་མཐོང་བ་འདི་ནི་སྒྱུ་མ་མཁན་གྱི་དཔེར་བསྟན་པ་སྟེ། སོ་སོའི་སྐྱེ་བོ་ཤེས་རབ་རྣོན་པོ་རྣམས་སོ། །ཐོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། གཞན་ལས་
ཐོས་པའོ། །འདི་ནི་སློབ་མའི་དཔེར་བསྟན་པ་སྟེ། སོ་སོའི་སྐྱེ་བོ་རྨོངས་པ་རྣམས་སོ། །དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ་དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་གཏི་མུག་ཅིང་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་
འདོགས་པར་བྱེད་དེ་ཞེས་བྱ་བ་ནི་བཞི་པ་མངོན་པར་ཞེན་པའི་རྒྱུས་ཐ་སྙད་དུ་བརྗོད་པ་འབྱུང་བ་ཞེས་བྱ་བ་སྟོན་ཏོ། །འདི་ལྟར་སྒྱུ་མ་མ་ཤེས་པའི་ཕྱིར་ཡང་དག་པར་ཡོད་པ་ཉིད་དུ་འཛིན་ཅིང་མངོན་པར་ཞེན་པའོ། །གལ་ཏེ་གཞན་འགའ་ཞིག་གིས་འདི་སྐད་དུ་འདི་ནི་ཡང་དག་པར་ཡོད་
པ་མ་ཡིན་ནོ་ཞེས་བསྟན་ན། དེ་དག་ལ་འདི་དག་ནི་བླུན་པ་བརྫུན་དུ་སྨྲ་བའོ་ཞེས་ཟེར་བའོ། །དེ་ནི་དེ་དག་གིས་ཕྱིར་བརྟག་པར་བྱ་དགོས་པ་ཡིན་ནོ་ཞེས་བྱ་བས་ནི་ལྔ་པ་དེ་དག་ལ་ཡང་དག་པར་བསྐུལ་བ་སྟེ། དེ་དག་རྨོངས་པའི་དབང་གིས་སྒྱུ་མར་མ་ཤེས་པས་ཡང་དག་པར་ཡོད་པར་འཛིན་
ཏེ། ཕྱིས་སྒྱུ་མ་དེ་དག་མེད་པར་གྱུར་ན་ཡང་ལེགས་པར་བརྟགས་ནས་གདོད་ཡང་དག་པ་མ་ཡིན་པར་ཤེས་པར་འགྱུར་བའོ། །དེ་ལ་སེམས་ཅན་བྱིས་པ་མ་ཡིན་པ་རྨོངས་པ་མ་ཡིན་པ། ཤེས་རབ་དགེ་བའི་རང་བཞིན་ཅན་ནི་ཤེས་པ་དེ་དང་ལྡན་པ་དེ་དག་ཅེས་བྱ་བ་ལ་སོགས་པས་ནི་གསུམ་

པ་ཁོང་དུ་ཆུད་པ་དག་གིས་ཡང་དག་པ་མ་ཡིན་པར་རྟོགས་པའི་དཔེ་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་ལྔར་དབྱེ་བས་གོང་མ་ལས་བཟློག་པ་ལས་རིག་པར་བྱ་སྟེ། ཁོང་དུ་ཆུད་པའི་གང་ཟག་བསྟན་པ་དང་། ཁོང་དུ་ཆུད་པར་བྱ་བའི་ཡུལ་བསྟན་པ་དང་།
ཁོང་དུ་ཆུད་པ་ཉིད་ཡང་དག་པར་བསྟན་པ་དང་། ཁོང་དུ་ཆུད་པའི་རྒྱུས་ཐ་སྙད་འབྱུང་བ་བསྟན་པ་དང་། ཡང་བརྟག་མི་དགོས་པར་བསྐུལ་བའོ། །འདི་ནི་ཁོང་དུ་ཆུད་པའི་གང་ཟག་བསྟན་པ་སྟེ། འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏོ། །དང་པོ་ལ་སེམས་ཅན་གང་ཞེ་ན་བྱ་བས་ནི་ཁོང་དུ་
ཆུད་པའི་གང་ཟག་བསྟན་ཏེ། དེ་ནི་སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་འམ། ཡང་ན་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྟེ། ཕུང་པོ་ལྔ་ལ་བཏགས་པ་ཙམ་མོ། །གཉིས་པ་བྱིས་པ་མ་ཡིན་པ། རྨོངས་པ་མ་ཡིན་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པ་བསྐྱེད་པའི་ཉེ་བའི་རྐྱེན་ཏེ། གཏི་
མུག་མེད་པའི་དགེ་བའི་རྩ་བའོ། །གསུམ་པ་ཤེས་རབ་དགེ་བའི་རང་བཞིན་ཅན་དང་ལྡན་པ་དེ་དག་ཅེས་བྱ་བ་ནི་ཁོང་དུ་ཆུད་པའི་ངོ་བོ་ཉིད་ཡང་དག་པར་བསྟན་པ་སྟེ། ཤེས་རབ་ཀྱི་ངོ་བོ་ཉིད་དོ། །འདི་ནི་སའི་མདུན་རོལ་སྦྱོར་བའི་ལམ་གྱི་གནས་སྐབས་ན་གཟུང་བ་དང་། འཛིན་པ་སྟོང་
པ་ཉིད་རིམ་གྱིས་ཁོང་དུ་ཆུད་པའི་དཔེར་བསྟན་པའོ། །ཡང་ན་ས་ལ་གནས་པ་དག་དོན་དམ་པ་གཉིས་སུ་མེད་པའི་ཚུལ་ཁོང་དུ་ཆུད་པ་ལས་ཤེས་པ་དང་ལྡན་པ་ཞེས་བྱའོ། །རྩྭ་དང་ལོ་མ་དང་། ཤིང་དང་གསེག་མ་དང་། གྱོ་དུམ་ལ་སོགས་པ་ལ། སྒྱུ་མ་དང་། སྤྲུལ་པའི་དངོས་པོ་
དག་ཅེས་བྱ་བས་ནི་གཉིས་པ་ཁོང་དུ་ཆུད་པར་བྱ་བའི་ཡུལ་བསྟན་ཏེ། མདོའི་ཚིག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །མཐོང་བ་དང་ཐོས་པ་ན་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་སྣ་ཚོགས་གང་ཡིན་པ་འདི་ནི་ཡང་དག་པར་མེད་དོ། །རྟའི་ཚོགས་དང་། ཤིང་རྟའི་ཚོགས་
དང་། རྐང་ཐང་གི་ཚོགས་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ནོར་དང་། འབྲུ་སྣ་ཚོགས་དང་། བང་བ་དང་། མཛོད་ལ་སོགས་པའི་ཚོགས་སྣ་ཚོགས་གང་ཡིན་པ་འདི་ནི་ཡང་དག་པར་མེད་ཀྱི་ཞེས་བྱ་བས་ནི་གསུམ་པ་ཁོང་དུ་ཆུད་

པ་ཉིད་ཡང་དག་པར་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཡང་དག་པའི་ཡུལ་ཡོད་པ་མ་ཡིན་པར་བསྟན་པ་དང་། འོན་ཀྱང་ཡུལ་བྱ་བ་མན་ཆད་ཀྱིས་བཏགས་པའི་ཡུལ་མེད་པ་མ་ཡིན་པར་བསྟན་པའོ། །འདི་ནི་ཡང་དག་པའི་ཡུལ་ཡོད་པ་མ་ཡིན་པར་བསྟན་པ་
སྟེ། མདོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །འོན་ཀྱང་སྒྱུ་མའི་གཟུགས་མིག་སླུ་བར་བྱེད་པའི་དངོས་པོ་གང་ལ་གླང་པོ་ཆེའི་ཚོགས་ཀྱི་འདུ་ཤེས་དང་། གླང་པོ་ཆེའི་ཚོགས་ཀྱི་བྱེ་བྲག་གི་འདུ་ཤེས་འབྱུང་བ་ནས། ནོར་དང་འབྲུ་སྣ་ཚོགས་དང་། བང་བ་དང་། མཛོད་ལ་
སོགས་པའི་བར་གྱི་འདུ་ཤེས་དང་། དེ་དག་གི་རྣམ་པའི་བྱེ་བྲག་གི་འདུ་ཤེས་འབྱུང་བ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་ཞེས་བྱ་བས་ནི་གཉིས་པ་བཏགས་པའི་ཡུལ་མེད་པ་མ་ཡིན་པར་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། དང་པོ་ནི་འོན་ཀྱང་སྒྱུ་མའི་
གཟུགས་མིག་སླུ་བར་བྱེད་པའི་དངོས་པོ་ཞེས་བྱ་བས་ནི། འདྲ་བ་ཙམ་གྱི་ཡུལ་མེད་པ་མ་ཡིན་པར་ཡང་དག་པར་སྟོན་ཏོ། །གཉིས་པ་གང་ཞེས་བྱ་བ་མན་ཆད་ཀྱིས་ནི་ནོར་པའི་མཚན་ཉིད་བསྟན་ཏེ། འདི་ནི་དང་པོའོ། །སྒྱུ་མའི་གཟུགས་ཞེས་བྱ་བ་འདི་ཡང་། སོ་སོའི་གཞུང་གི་བཤད་པ་མི་
མཐུན་ཏེ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གི་བསྟན་བཅོས་ཡང་དག་པར་རིག་པ་དང་རྗེས་སུ་མཐུན་པ་ལ་སྤྲུལ་པའི་གཟུགས་ལྟ་བུའོ་ཞེས་བཤད་དེ། ཏིང་ངེ་འཛིན་གྱི་མཐུའི་ཕྱིར་རོ། །སྤྲུལ་པའི་གཟུགས་འདྲ་བ་ཡང་དག་པའི་གཟུགས་ཡིན་པས་མིག་གི་རྣམ་པར་ཤེས་
པའི་ཡུལ་ཡིན་ཏེ། འདི་ལྟར་སྒྱུ་མ་སྔགས་ཀྱི་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་མཚན་མ་བྱུང་ནས་མིག་གི་རྣམ་པར་ཤེས་པ་བསྐྱེད་པས་སོ། །དེ་དག་གི་གཞུང་ཉིད་ཀྱིས་སེམས་ཐམས་ཅད་ནི་ཡུལ་དང་བཅས་པ་ལ་དམིགས་སོ་ཞེས་ཟེར་རོ། །མདོ་སྡེ་པ་དག་གིས་སྒྱུ་མའི་གླང་པོ་ཆེ་དང་།
རྟ་ལ་སོགས་པ་ལ་ངོ་བོ་ཉིད་མེད་པར་སྒྱུ་མ་དམིགས་པའི་སེམས་ནི་ཡུལ་མེད་པ་ལ་དམིགས་ནས་སྐྱེའོ་ཞེས་ཟེར་བས། དེའི་ཕྱིར་དེ་དག་གི་གཞུང་གིས་མེད་པ་ལ་དམིགས་པ་ལས་ཀྱང་སེམས་སྐྱེ་བར་འདོད་པར་རིག་པར་བྱའོ། །འདིར་ཐེག་པ་ཆེན་པོ་བསྟན་པ་དང་སྦྱར་ན་བཤད་པ་རྣམ་

པ་གཉིས་ཡོད་དེ། དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ཡང་དོན་མདོ་སྡེ་པ་དང་མཐུན་ཏེ། དོན་མེད་པ་ལ་དམིགས་པ་ལས་ཀྱང་སེམས་སྐྱེ་བར་བཤད་པས། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མིག་ལ་སོགས་པའི་རྣམ་
པར་ཤེས་པ་ལྔ་ནི་གང་ཡང་བསླུར་མི་རུང་ངོ་ཞེས་བྱུང་བས། དེའི་ཕྱིར་དེའི་གཞུང་གིས་མིག་ལ་སོགས་པ་རྣམ་པར་ཤེས་པ་ལྔ་ནི་ཡུལ་ཡང་དག་པ་ཁོ་ན་ལ་དམིགས་ལ། ཡིད་ཀྱི་རྣམ་པར་ཤེས་པ་ནི་མེད་པ་ཡང་དམིགས་པར་འདོད་པར་ཤེས་པར་བྱའོ། །འཕགས་པ་བྱམས་པའི་གཞུང་
དང་སྦྱར་ན། ཡང་དག་པའི་གླང་པོ་ཆེ་ལ་སོགས་པ་མེད་ཀྱང་། གླང་པོ་ཆེ་དང་འདྲ་བའི་མཚན་མའི་རྣམ་པ་སྣང་བ་ནི་ཡོད་དེ། གཟུགས་བརྙན་གྱི་གཟུགས་འདིས་དམིགས་པའི་ཡུལ་བྱེད་དོ་ཞེས་སྟོན་ཏོ། །སྒྱུ་མའི་གླང་པོ་ཆེའི་དཔེ་འདི་ལ་ཡང་དོན་རྣམ་པ་གཉིས་ཡོད་དེ། དང་
པོ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གསུངས་པ་ནི་སྟོང་པ་ཉིད་ཀྱི་དོན་གྱི་དཔེ་བསྟན་པ་ཡིན་ནོ། །གཉིས་པ་ནི་ཆོས་མངོན་པའི་མདོ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པ་ལས། དཔེ་བརྒྱད་བསྟན་
པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་འདྲ་བ་ཙམ་དུ་ཡོད་ཀྱི། ཡང་དག་པར་ཡོད་པ་མ་ཡིན་པར་སྟོན་ཏེ་མདོ་སྡེ་འདི་ཡང་དེ་བཞིན་དུ་འདྲ་བའི་དོན་གྱིས་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་དཔེ་གསུངས་པ་ཡིན་ནོ། །གང་ལ་གླང་པོ་ཆེའི་ཚོགས་ཀྱི་འདུ་ཤེས་ཞེས་བྱ་བ་ལ་སོགས་པས་ནི་མཚན་
ཉིད་ལ་རྨོངས་པ་མེད་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དེ་ལ་གླང་པོ་ཆེའི་ཚོགས་ཀྱི་འདུ་ཤེས་ཞེས་བྱ་བ་ནི། གླང་པོ་ཆེའི་རང་གི་ངོ་བོ་ཉིད་ལ་རྨོངས་པ་སྟེ། གླང་པོ་ཆེའི་ངོ་བོ་ཉིད་ཀྱི་སྤྱི་རྣམ་པར་འབྱེད་པ་ནི་རང་གི་མཚན་ཉིད་ཅེས་བྱའོ། །དེའི་ཆེ་ཆུང་ངམ་སྔོ་བའམ་དཀར་བ་ལ་སོགས་པ་བྱེ་བྲག་ཕྱེད་པ་ནི་བྱེ་
བྲག་གི་འདུ་ཤེས་ཞེས་བྱ་སྟེ། དེས་ན་རྨོངས་པ་དག་འདུ་ཤེས་རྣམ་པ་གཉིས་སྐྱེད་པར་བྱེད་དོ། །འབྱུང་བ་ན་ཞེས་བྱ་བ་ནི་ཟླས་རྟ་ལ་སོགས་པའི་སྤྱི་དང་བྱེ་བྲག་གི་མཚན་ཉིད་རྣམ་པ་གཉིས་ཀྱང་གོང་མ་བཞིན་དུ་རིག་པར་བྱའོ་ཞེས་བསྟན་པའོ། །དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་བཞིན་དུ། ནན་

གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་ཅིང་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་མི་འདོགས་ཀྱི། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་དེ་དག་ལ་རྗེས་སུ་ཐ་སྙད་འདོགས་པར་ཡང་བྱེད་དེ་ཞེས་བྱ་བས་ནི་བཞི་པ་ཁོང་དུ་ཆུད་པའི་རྒྱུས་ཐ་སྙད་འབྱུང་བའི་རྒྱུས་
སོ། །འདི་ཡང་དོན་རྣམ་པ་གཉིས་ཀྱིས་བསྟན་ཏེ། དང་པོ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཡུལ་རྣམས་ཡང་དག་པ་མ་ཡིན་པར་རྟོགས་པས་ཡང་དག་པ་ཉིད་དུ་ཐ་སྙད་མི་སྐྱེད་པའོ། །གཉིས་པ་འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་ཞེས་བྱ་བ་མན་ཆད་ནི། ཤེས་རབ་ཀྱི་མཐུའི་དབང་
གིས་ཡུལ་མེད་པ་ཉིད་དུ་རྟོགས་པས། བཏགས་པ་ཙམ་དུ་ཐ་སྙད་བསྐྱེད་པའོ། །དེ་ནི་དེ་དག་གིས་ཕྱིས་ཉེ་བར་གནས་བརྟག་པར་བྱ་མི་དགོས་པ་ཡིན་ནོ་ཞེས་བྱ་བ་ནི། ལྔ་པ་ཡང་བརྟག་མི་དགོས་པར་བསྐུལ་བ་སྟེ། འདི་ལྟར་ཤེས་རབ་ཀྱི་སྟོབས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་
དུ་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་གྱི་སོ་སོའི་སྐྱེ་བོར་གྱུར་པ། འཕགས་པ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཤེས་པ་མ་ཐོབ་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཆོས་དཔེ་དང་མཚུངས་པ་ཉིད་དུ་བསྟན་པ་ཞེས་བྱ་བ་སྟོན་
ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྨོངས་པ་དག་ཡང་དག་པ་ཉིད་དུ་འཛིན་པར་བསྟན་པ་དང་། དེ་ལ་སེམས་ཅན་གང་དག་ཅེས་བྱ་བ་དག་གིས་ཁོང་དུ་ཆུད་པ་དག་ཡུལ་ཡང་དག་པ་མ་ཡིན་པར་རྟོགས་པར་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་ལྔར་དབྱེ་སྟེ། མངོན་པར་
ཞེན་པའི་གང་ཟག་བསྟན་པ་དང་། ཡུལ་ཁོང་དུ་མ་ཆུད་པར་བསྟན་པ་དང་། མངོན་པར་ཞེན་པ་བསྐྱེད་པའི་ཡང་དག་པར་བསྟན་པ་དང་། མངོན་པར་ཞེན་པའི་རྗེས་སུ་ཐ་སྙད་འབྱུང་བར་བསྟན་པ་དང་། དེ་དག་ལ་ཡང་དག་པར་བསྐུལ་བའོ། །འདི་ནི་དང་པོ་མངོན་པར་ཞེན་པའི་གང་
ཟག་བསྟན་པ་དང་སྦྱར་བའོ། །དེ་ལ་དེ་བཞིན་དུ་ཞེས་བྱ་བ་ནི་ཆོས་དཔེ་དང་མཚུངས་པར་བསྒྲུབ་པའི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་གསུངས་སོ། །མངོན་པར་ཞེན་པའི་གང་ཟག་དེ་ཡང་མིང་རྣམ་པ་གསུམ་ཡོད་དེ། སེམས་ཅན་དང་། བྱིས་པ་དང་། སོ་སོའི་སྐྱེ་བོ་ཞེས་བྱའོ། །དེ་

ལ་སེམས་ཅན་ཞེས་བྱ་བ་ཡང་མདོར་བསྡུ་ན་དོན་རྣམ་པ་གཉིས་ཡོད་དེ། དང་པོ་ནི་ཆོས་རྣམ་པ་སྣ་ཚོགས་མང་པོ་བསྐྱེད་པའི་ཕྱིར་སེམས་ཅན་ཞེས་བྱ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སེམས་ཅན་ཞེས་བྱ་བ་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་
བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སོགས་པ་ཆོས་མང་པོ་བསྐྱེད་པའི་ཕྱིར་སེམས་ཅན་ཞེས་བྱའོ་ཞེས་འབྱུང་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་རང་བཞིན་མཚུངས་པ་ཉིད་དུ་བསྟན་པ་དང་། བསྟན་
བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ཀྱང་དོན་ཕལ་ཆེར་འདི་དང་མཐུན་པར་བཤད་དོ། །གཉིས་པ་ནི་སྐྱེ་བ་མང་པོ་ལེན་པའི་ཕྱིར་སེམས་ཅན་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཤེས་རབ་སྒྲོན་མའི་རབ་ཏུ་བྱེད་པ་ལས་འདི་ལྟ་སྟེ། སེམས་
ཅན་ཞེས་བྱ་བ་ནི་ཡང་ནས་ཡང་དུ་སྐྱེ་བ་ལེན་པའི་ཕྱིར་སེམས་ཅན་ཞེས་བྱའོ་ཞེས་བཤད་དོ། །གཞན་ཡང་སློབ་དཔོན་ཡང་དག་བདེན་པས་འཕགས་པ་རྡོ་རྗེ་གཅོད་པའི་འགྲེལ་པ་བྱས་པ་ལས་སྐྱེ་བ་སྔ་མ་དང་། སྐྱེ་བ་ཕྱི་མ་སྐྱེ་བ་རྒྱུན་མི་འཆད་པའི་ཕྱིར་སེམས་ཅན་ཞེས་བྱའོ། །
གལ་ཏེ་དེ་ལྟར་ན་སྔ་ཕྱི་འགག་པའི་དོན་དང་བཅས་པས་སྣ་ཚོགས་འགག་པ་ཞེས་བྱ་བར་འགྱུར་རོ་ཞེ་ན། ཕྱོགས་གཉིས་སུ་སྐྱེ་བ་ཁོ་ནས་སེམས་ཅན་མངོན་པར་འགྲུབ་པ་ཡང་མ་ཡིན་ལ། འགག་པ་མི་འགྲུབ་པ་ཡང་མ་ཡིན་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་
བཤད་པ་བཞིན་ནོ། །བྱིས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། གཏི་མུག་པའོ། །སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྨོངས་པ་དང་བཅས་པའི་ཕྱིར་སོ་སོའི་སྐྱེ་བོ་ཞེས་བྱ་བའོ། །བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་དང་སྦྱར་ན་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་ཐ་དད་པར་སྐྱེས་པའོ་ཞེས་
བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སོ་སོའི་སྐྱེ་བོ་རྣམས་ལ་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་ཇི་ཙམ་དུ་ལྟ་བ་དང་བཅས་པ་དེ་དག་ཐམས་ཅད་ཡང་དག་པ་ཉིད་དུ་མེད་ཅིང་ཤེས་པ་ཤིན་ཏུ་མི་གསལ་བའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་ཞེས་

འབྱུང་ངོ་། །དེ་ལ་སོ་སོའི་སྐྱེ་བོར་གྱུར་པ་ཞེས་བྱ་བ་ནི་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཅིའི་ཕྱིར་སོ་སོའི་སྐྱེ་བོ་ཞེས་བྱ་ཞེ་ན། འཕགས་པ་ཐམས་ཅད་ནི་སྐྱེ་བ་མཚུངས་པ་ཡིན་ལ། འདི་ནི་དེ་དང་ཐ་དད་པའི་ཕྱིར་སོ་སོའི་སྐྱེ་བོ་ཞེས་བྱའོ། །གལ་ཏེ་དེ་ལྟར་ན་འཕགས་པ་དག་ཀྱང་
སོ་སོ་ཐ་དད་པར་སྐྱེ་བའི་ཕྱིར་སོ་སོའི་སྐྱེ་བོ་ཞེས་བྱ་བར་འགྱུར་རོ་ཞེ་ན། འཕགས་པ་ཐམས་ཅད་ནི་དེ་ཁོ་ན་ཉིད་ཀྱི་དོན་མཚུངས་པར་གོ་ཞིང་ལྟ་བ་དང་འདུན་པ་མཐུན་པའི་ཕྱིར་མཚུངས་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་ནི་དེ་ལྟ་མ་ཡིན་ཏེ། ཤིན་ཏུ་སྐྱོ་ཞིང་སྨད་པར་བྱ་བར་འོས་པའི་ཕྱིར།
སོ་སོའི་སྐྱེ་བོ་ཞེས་བྱ་བས་ཀླན་ཀ་བཙལ་བ་ནི་མི་རིགས་སོ། །བཙུན་པ་ན་རེ་ཡང་དག་པའི་ཆོས་དང་འདུལ་བ་དང་ཐ་དད་པར་གྱུར་ནས་སྐྱེ་བ་ལེན་པའི་ཕྱིར། སོ་སོའི་སྐྱེ་བོ་ཞེས་བྱ་སྟེ་ཞེས་བཤད་དོ། །རྒྱ་ཆེར་དེ་ཉིད་ལས་འབྱུང་བ་བཞིན་ནོ། །དེ་ནི་འདི་སྐད་དུ་སོ་སོའི་སྐྱེ་བོའི་རང་བཞིན་
ཅན་ཐེག་པ་གསུམ་གྱི་ཟག་པ་མེད་པའི་འཕགས་པའི་ལམ་ཐོབ་པའམ། ཡང་ན་ས་དང་པོ་ལ་སོགས་པའི་འཕགས་པའི་ལམ་མ་ཐོབ་པའི་ཕྱིར་ཡང་དག་པ་ཉིད་དུ་ཡོད་པར་མངོན་པར་ཞེན་པར་བསྟན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་
མི་ཤེས་པ་ཞེས་བྱ་བ་ནི་གཉིས་པ་ཡུལ་ཁོང་དུ་མ་ཆུད་པར་བསྟན་པ་ཞེས་བྱ་བ་སྟོན་ཏོ། །ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཐམས་ཅད་ཀྱི་རང་གི་མཚན་ཉིད་མིང་དང་བརྗོད་པ་དང་བྲལ་བའི་ཕྱིར་རོ། །ཡང་ན་
འདུས་བྱས་དང་འདུས་མ་བྱས་ཀྱི་གཉིས་སུ་མེད་པའི་དེ་བཞིན་ཉིད་ལ་བརྗོད་དུ་མེད་པ་ཞེས་བྱ་སྟེ། ཆོས་ཉིད་མངོན་པར་མ་ཤེས་པའོ། །དེ་དག་ནི་འདུས་བྱས་དང་འདུས་མ་བྱས་ཏེ་མཐོང་ངམ་ཐོས་ནས་འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་། འདུས་མ་བྱས་སྣང་བ་
གང་ཡིན་པ་འདི་ནི་གདོན་མི་ཟ་བར་ཡང་དག་པར་ཡོད་དོ་སྙམ་དུ་སེམས་ཤིང་ཞེས་བྱ་བ་ནི་གསུམ་པ་མངོན་པར་ཞེན་པ་བསྐྱེད་པ་ཡང་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཆོས་ཉིད་ཀྱི་ཚུལ་ཁོང་དུ་མ་ཆུད་པའི་ཕྱིར་འདུས་བྱས་ལ་སོགས་

པ་དག་ལ་ཡང་དག་པར་ཡོད་པ་ཉིད་དུ་མངོན་པར་ཞེན་པ་སྟེ། ཇི་ལྟར་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་ལ་ཡང་དག་པའི་གླང་པོ་ཆེ་ལ་སོགས་པར་འཛིན་པ་ལྟ་བུར་གྱུར་པའོ། །དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་བཞིན་དུ་ནན་གྱིས་མཆོག་ཏུ་བཟུང་
ཞིང་མངོན་པར་ཞེན་ནས། འདི་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་ཅིང་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ་ཞེས་བྱ་བ་ནི་བཞི་པ་མངོན་པར་ཞེན་པའི་རྗེས་སུ་ཐ་སྙད་འབྱུང་བ་ཞེས་བྱ་བ་སྟོན་ཏེ། གོང་མ་བཞིན་དུ་རིག་པར་བྱའོ། །དེ་ནི་དེ་དག་གི་ཕྱིར་ས་ཉེ་བར་བརྟག་
པར་བྱ་དགོས་པ་ཡིན་ནོ་ཞེས་བྱ་བ་ནི་ལྔ་པ་དེ་དག་ལ་ཡང་དག་པར་བསྐུལ་བ་ཞེས་བྱ་བ་སྟོན་ཏེ། འདི་ལྟར་ཡང་དག་པའི་དོན་མ་ཡིན་པ་ཉིད་ཁོང་དུ་མ་ཆུད་པའི་ཕྱིར་རོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། འཕགས་པའི་བདེན་པ་མཐོང་བ། འཕགས་
པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཁོང་དུ་ཆུད་པ་དག་ཡུལ་ཡང་དག་པ་མ་ཡིན་པར་རྟོགས་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པར་ལྔར་དབྱེ་སྟེ། ཁོང་དུ་ཆུད་པའི་གང་ཟག་བསྟན་པ་དང་། ཡང་དག་པ་ཇི་ལྟ་བ་
བཞིན་དུ་ཡུལ་རྟོགས་པ་བསྟན་པ་དང་། རྟོགས་པའི་མཚན་ཉིད་བསྟན་པ་དང་། ཡུལ་ལ་བརྟེན་ནས་ཐ་སྙད་འབྱུང་བ་བསྟན་པ་དང་། ཡང་བརྟག་མི་དགོས་པར་བསྐུལ་བ་སྟེ། འདི་ནི་དང་པོ་ཁོང་དུ་ཆུད་པའི་གང་ཟག་བསྟན་པའོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་
རང་བཞིན་ཅན་མ་ཡིན་པ་ཞེས་བྱ་བ་ནི་སའི་མདུན་རོལ་གྱི་བྱིས་པ་སོ་སོའི་སྐྱེ་བོ་ལས་རྣམ་པར་དབྱེ་བའོ། །འཕགས་པའི་བདེན་པ་མཐོང་བ་འཕགས་པ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པ་ཞེས་བྱ་བས་ནི་རྟོགས་པའི་ངོ་བོ་ཉིད་ཡང་དག་པར་བསྟན་ཏོ། །དོན་
དམ་པ་དེ་བཞིན་ཉིད་ཀྱི་འཕགས་པའི་བདེན་པ་མཐོང་བའོ། །ཡང་ན་བདེན་པ་བཞིའི་དེ་བཞིན་ཉིད་མཐོང་བའོ། །འཕགས་པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པ་ཞེས་བྱ་བ་ནི་ཡང་དག་པའི་ངོ་བོ་ཉིད་དང་། རྗེས་ལ་ཐོབ་པ་ཟག་པ་མེད་པའི་འཕགས་པའི་

ཡེ་ཤེས་སོ། །རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་དང་སྦྱར་ན། དེ་ལས་རྣམ་གྲངས་རྣམ་པ་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡང་དག་པའི་ངོ་བོ་ཉིད་ཁོ་ན་ཡིན་པར་སྟོན་ཏོ། དང་པོ་ནི་གཅིག་གི་དབང་དུ་བྱས་ནས་སྟོན་ཏོ། །གཉིས་པ་ནི་དོན་
རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས། འཇིག་རྟེན་པ་སྤངས་པའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་སྟེ། འཛིན་པ་གཉིས་ཀྱིས་བག་ལ་ཉལ་བ་ནི་འཇིག་རྟེན་པའི་རྩ་བ་ཡིན་ལ་འདི་ཁོ་ནས་སྤོང་བར་ནུས་པས་འདི་གཅིག་པུ་འཇིག་རྟེན་ལས་
འདས་པའི་མིང་ཐོབ་པ་ཡིན་ནོ། །ཡང་ན་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་དོན་རྣམ་པ་གཉིས་ལ་བརྟེན་ནས་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟ་སྟེ། ངོ་བོ་ཉིད་ཟག་པ་མེད་པ་དང་། དེ་བཞིན་ཉིད་མངོན་པར་རྟོགས་པས་སོ། །ཡེ་ཤེས་འདི་དོན་རྣམ་པ་གཉིས་དང་
ལྡན་པའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་བའི་ཡེ་ཤེས་གཞན་ནི་དེ་ལྟ་མ་ཡིན་ནོ་ཞེས་འབྱུང་བ་སྟེ། འདི་ནི་ས་བཅུ་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དོ། །ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ཅིང་ཤེས་པ་ཞེས་བྱ་
བས་ནི་གཉིས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡུལ་རྟོགས་པ་ཞེས་བྱ་བ་བསྟན་ཏེ། འཇིག་རྟེན་ལས་འདས་ནས་ཟག་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །དེ་དག་ནི་འདུས་བྱས་དང་འདུས་མ་བྱས་ཏེ། མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་
འདུས་མ་བྱས་ཐོབ་པ་གང་ཡིན་པ་འདི་ནི་གདོན་མི་ཟ་བར་ཡང་དག་པར་མེད་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་རྟོགས་པའི་མཚན་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྫས་སུ་ཡོད་པའི་ཡུལ་ཡོད་པ་མ་ཡིན་པར་རྟོགས་པ་བསྟན་པ་དང་། འོན་ཀྱང་
ཞེས་བྱ་བ་མན་ཆད་ཀྱིས་བཏགས་པ་ཙམ་གྱི་ཡུལ་མེད་པ་མ་ཡིན་པར་ཁོང་དུ་ཆུད་པར་བསྟན་པ་སྟེ། འདི་ནི་དང་པོའོ། །སློབ་དཔོན་ཡང་དག་བདེན་པས་བཤད་པ་དང་སྦྱར་ན། སྔར་གོང་དུ་བཤད་པ་ལྟར་དོན་རྣམ་པ་གསུམ་གྱི་ཕྱིར་འདུས་བྱས་དང་། འདུས་མ་བྱས་

ཀྱི་ཆོས་ཐམས་ཅད་ཡང་དག་པར་ཡོད་པ་མ་ཡིན་པའོ། །སློབ་དཔོན་ཧྱན་ཙང་གིས་བཤད་པ་དང་སྦྱར་ན། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་ཡང་དག་པར་ཡོད་པ་མ་ཡིན་པར་སྟོན་ཏོ། །འོན་ཀྱང་རྣམ་པར་རྟོག་པ་ལས་བྱུང་བ་འདུ་བྱེད་ཀྱི་མཚན་
ཉིད་སྒྱུ་མ་ལྟ་བུའི་དངོས་པོ། །བློ་རྨོངས་པར་བྱེད་པ་དེ་ལས་འདུས་བྱས་དང་། འདུས་མ་བྱས་ཀྱི་འདུ་ཤེས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་བྱེ་བྲག་གི་འདུ་ཤེས་འབྱུང་བ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་ཞེས་བྱ་བས་ནི་གཉིས་པ་བཏགས་པ་ཙམ་གྱི་ཡུལ་མེད་པ་མ་
ཡིན་པར་ཁོང་དུ་ཆུད་པར་ཞེས་བྱ་བ་སྟོན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ནི་བཏགས་པའི་ཡུལ་མེད་པ་མ་ཡིན་པར་བསྟན་པའོ། །གཉིས་པ་དེ་ལས་ཞེས་བྱ་བ་མན་ཆད་ཀྱིས་ནི་བཏགས་པའི་ཡུལ་དེ་དག་གི་རང་གི་ངོ་བོ་ཉིད་དང་བྱེ་བྲག་བསྟན་པའོ། །
འདུ་བྱེད་ཀྱི་མཚན་ཉིད་བྱ་བ་ལ། འདུ་བྱེད་ནི་འདི་ལྟ་སྟེ། ལྟ་བའི་རྣམ་པ་དམིགས་པར་བྱེད་པའི་ཤེས་པའོ། །མཚན་ཉིད་ནི་རྒྱུ་མཚན་གྱི་རྣམ་པའོ། །འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་བསྟན་པ་སྟེ། རྒྱུ་མཚན་གྱི་རྣམ་པས་བསྡུས་པའོ། །འདུས་
བྱས་དང་འདུས་མ་བྱས་ནི་བཏགས་པ་ཙམ་དུ་མེད་པ་ཡིན་པས་སྒྱུ་མའི་དངོས་པོ་ལྟ་བུའོ། །དེ་ལས་ཞེས་བྱ་བ་ལ་སོགས་པས་ནི་བཏགས་པའི་ཡུལ་གྱི་རང་གི་ངོ་བོ་ཉིད་དང་བྱེ་བྲག་གི་མཚན་ཉིད་རྣམ་པ་གཉིས་བསྟན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་འདུ་ཤེས་ཞེས་བྱ་བ་ནི་རང་གི་
ངོ་བོ་ཉིད་ཀྱི་འདུ་ཤེས་བསྟན་པ་སྟེ། རང་གི་ངོ་བོ་ཉིད་ལ་དམིགས་པའི་ཕྱིར་རོ། །འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་གི་འདུ་ཤེས་ཞེས་བྱ་བ་ནི་བྱེ་བྲག་གི་འདུ་ཤེས་བསྟན་པ་སྟེ་བྱེ་བྲག་གི་མཚན་ཉིད་ལ་དམིགས་པའི་ཕྱིར་རོ། །དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ་ནན་
ཏན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་ཅིང་བརྫུན་པའོ་ཞེས་ཐ་སྙད་མི་འདོགས་ཀྱི་འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་དེ་དག་ལ་རྗེས་སུ་ཐ་སྙད་འདོགས་པར་ཡང་བྱེད་དེ་ཞེས་བྱ་བ་ནི་བཞི་པ་ཡུལ་ལ་བརྟེན་ནས་ཐ་སྙད་འབྱུང་

བ་ཞེས་བྱ་སྟེ། གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ནི་དེ་དག་གི་ཕྱིར་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ་ཞེས་བྱ་བ་ནི་ལྟ་བ་ལ་ཡང་བརྟག་མི་དགོས་པར་བསྐུལ་བ་ཞེས་བྱ་བ་བསྟན་ཏེ། འདི་ལྟར་ཁོང་དུ་ཆུད་ཟིན་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་ལྟར་ན་འཕགས་པ་རྣམས་
ཀྱི་དངོས་པོ་དེ་དག་ལ་འཕགས་པའི་ཤེས་པ་དང་། མཐོང་བས་མིང་དང་། བརྗོད་པ་དང་བྲལ་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་ཤིང་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་གཞན་དག་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར། བཏགས་པའི་མིང་དང་། འདུ་
ཤེས་ཀྱིས། འདུས་བྱས་དང་། འདུས་མ་བྱས་ཞེས་བརྗོད་པ་ཡིན་ནོ་ཞེས་བྱ་བས་ནི་གསུམ་པ་མཇུག་བསྡུ་ཞིང་། ཕ་རོལ་གྱིས་བརྒལ་བའི་ལན་གདབ་པ་བསྟན་ཏེ། བརྒལ་བའི་ལན་གདབ་པའི་དོན་ནི་གོང་དུ་བསྟན་པ་དག་བརྟགས་ན་ཤེས་པར་འགྱུར་རོ། །དེ་ནས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་གཉིས་སུ་མེད་པ་ལ་སོགས་པའི་མཚན་ཉིད་བསྟན་པ་ལ། ཚིག་རྐྱང་པས་རྒྱ་
ཆེར་རྣམ་པར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བསྟན་པའོ་ཞེས་གཉིས་སུ་ཕྱེ་བ་ལས། ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་བཤད་ཟིན་ཏེ། ད་ནི་ཚིགས་སུ་བཅད་པས་མདོར་བསྟན་པ་གསུངས་པ་ཡིན་ནོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིགས་སུ་བཅད་
པས་བསྟན་པའི་དགོངས་པ་སྨོས་པ་དང་། ཚིགས་སུ་བཅད་པས་ཡང་དག་པར་བཤད་པ་སྟེ། འདི་ནི་དང་པོའོ། །འདི་ཡང་བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་གཉིས་སུ་མེད་པ་ལ་སོགས་པའི་དོན་ཡང་བཟླས་ཏེ་བསྟན་པའི་ཕྱིར་ཚིགས་སུ་
བཅད་པ་འདི་དག་བསྟན་ཏོ། །དེ་ཉིད་ཡང་བསྟན་པའི་ཕྱིར་ཞེས་བྱ་བ་ནི་སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས་མུ་རྣམ་པ་བཞིར་འབྱུང་སྟེ། དང་པོ་ནི་ཚིག་འབྲུ་ཟློས་བུར་གྱུར་ལ་དོན་ཟློས་བུར་མ་གྱུར་པ་སྟེ། ཇི་ལྟར་གཽ་ཞེས་བྱ་བ་ལ་མིག་ལ་སོགས་པའི་དོན་རྣམ་པ་

དགུར་འདྲེན་པ་ལ་སོགས་པའོ། །གཉིས་པ་ནི་དོན་ཟློས་བུར་གྱུར་ལ་ཚིག་འབྲུ་ཟློས་བུར་མ་གྱུར་པ་སྟེ། ཇི་ལྟར་བརྒྱ་བྱིན་ལ་མིག་སྟོང་ཡོད་པར་བརྗོད་པ་ལ་སོགས་པའོ། །གསུམ་པ་ནི་ཚིག་འབྲུ་དང་དོན་གཉིས་ཀ་ཟློས་བུར་མ་གྱུར་པ་སྟེ། ཇི་ལྟར་ལྷ་དང་མི་
ཞེས་བརྗོད་པ་ལ་སོགས་པའོ། །བཞི་པ་ནི་ཚིག་འབྲུ་དང་དོན་གཉིས་ཀ་ཟློས་བུར་གྱུར་པ་སྟེ། ཇི་ལྟར་ཚིགས་སུ་བཅད་པས་དོན་སྔ་མ་སྡུད་པ་ལྟ་བུ་སྟེ། འདིར་ནི་བཞི་པ་དང་སྦྱར་བ་ཙམ་གྱི་ཕྱིར་ཚིག་ཟློས་བུར་བསྟན་པ་ཡིན་ནོ། །སྔོན་གྱི་བརྒྱུད་པ་ལས་ནི་མུ་གསུམ་ཁོ་ནའོ་ཟེར་
ཏེ། མདོར་བསྡུས་པས་མུ་གསུམ་པ་འདི་མི་འཆད་དོ། །གསུང་རབ་ཡན་ལག་བཅུ་གཉིས་ལས་འབྱུང་བའི་ཚིགས་སུ་བཅད་པ་ཡང་རྣམ་པ་གཉིས་ཏེ། དབྱངས་ཀྱིས་བསྙད་པའི་ཚིགས་སུ་བཅད་པ་དང་། ཚིགས་སུ་བཅད་པ་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་
སྣ་ཚོགས་ཀུན་ལས་བཏུས་པ་ལས། དབྱངས་ཀྱིས་བསྙད་པའི་ཚིགས་སུ་བཅད་པ་ནི། མདོ་སྡེ་དེ་ཉིད་དུ་དབུས་དང་ཐ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའོ། །ཡང་ན་དྲང་བའི་མདོ་སྡེ་རྟོགས་པར་བྱ་བའི་ཕྱིར་དབྱངས་ཀྱིས་བསྙད་པའོ། །ཚིགས་སུ་བཅད་པ་ནི་འདི་
ལྟ་སྟེ། མདོ་སྡེ་རྣམས་ལས་ཚིགས་སུ་སྦྱར་ནས། ཚིག་གཉིས་པ་དང་། ཚིག་གསུམ་པ་དང་། ཚིག་བཞི་པ་དང་། ཚིག་ལྔ་པ་དང་། ཚིག་དྲུག་པའོ་ཞེས་བཤད་དོ། །འདིར་ནི་དབྱངས་ཀྱིས་བསྙད་པའི་ཚིགས་སུ་བཅད་པ་དང་སྦྱར་བའི་ཕྱིར། དེ་ཉིད་ཡང་བསྟན་
པའི་ཕྱིར་ཞེས་བྱ་བ་གསུངས་སོ། །ཚིགས་སུ་བཅད་པ་དེ་བསྟན་པའི་དགོས་པ་ཡང་སློབ་དཔོན་ཡང་དག་བདེན་པས་བཤད་པ་དང་སྦྱར་ན་མདོར་བསྡུ་ན་རྣམ་པ་དྲུག་གི་ཕྱིར་ཏེ་བརྗེད་ངས་པའི་ཕྱིར་དང་། ཕྱིས་འོངས་པ་རྣམས་ཀྱི་ཕྱིར་དང་། ལེན་པ་དང་། གཟུང་སླ་བའི་ཕྱིར་
དང་། ཤེས་རབ་རྣོ་བ་དང་། རྟུལ་བ་མི་མཚུངས་པའི་ཕྱིར་དང་། སེམས་ཅན་མོས་པ་མི་མཐུན་པ་ཉིད་ཀྱི་ཕྱིར་དང་། གང་ཟག་འཆད་པ་པོའི་ཐབས་མཁས་པ་རབ་ཏུ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས་ཉན་པའི་འཁོར་རྣམ་པར་གཡེང་

བ་དང་། རྐྱེན་གཞན་གྱིས་དོན་སྔ་མ་བརྗེད་པ་རྣམས་ཡང་ཐོབ་པའི་ཕྱིར་ཚིགས་སུ་བཅད་པ་དེ་གསུངས་སོ། །གཞན་ཡང་ཕྱིས་འོངས་པ་རྣམས་སྔ་མ་མ་ཐོས་པ་ཐོས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་དེ་གསུངས་སོ། །གཞན་ཡང་ལེན་པ་དང་གཟུང་སླ་བར་བྱ་བའི་ཕྱིར་མདོའི་ཚིག་རྐྱང་པ་
དང་། ཚིགས་སུ་བཅད་པ་གསུངས་པ་ཡིན་ཏེ། གལ་ཏེ་ཚིགས་སུ་བཅད་པ་འབའ་ཞིག་གསུངས་ལ། མདོའི་ཚིག་རྐྱང་པ་མ་གསུངས་ན་དོན་ཕྲ་བས་ལེན་དཀའ་བར་འགྱུར་རོ། །གལ་ཏེ་མདོའི་ཚིག་རྐྱང་པ་འབའ་ཞིག་གསུངས་ལ། ཚིགས་སུ་བཅད་པ་མ་གསུངས་ན་ནི་
དོན་སིལ་བུར་འགྱུར་ཏེ། གཟུང་བར་དཀའ་བས་ལེན་པ་དང་། གཟུང་སླ་བར་བྱ་བའི་ཕྱིར་མདོ་དང་ཚིགས་སུ་བཅད་པ་རྫོགས་པར་གསུངས་པ་ཡིན་ནོ། །གཞན་ཡང་གང་ཟག་རྣམ་པ་གཉིས་ལ་ཕན་གདགས་པའི་ཆེད་དུ་མདོ་དང་ཚིགས་སུ་བཅད་པ་རྫོགས་པར་གསུངས་པ་
ཡིན་ཏེ། འདི་ལྟར་གང་ཟག་ཁ་ཅིག་ནི་དབང་པོ་རྟུལ་ལ་ཁ་ཅིག་ནི་དབང་པོ་རྣོ་སྟེ། གལ་ཏེ་དབང་པོ་རྟུལ་པོ་ལ་མདོར་བསྡུས་ཏེ་བསྟན་ལ་རྒྱ་ཆེར་རྣམ་པར་མ་ཕྱེ་ན་དོན་རྟོགས་པར་མི་འགྱུར་བས། གང་ཟག་འདི་ལྟ་བུ་ལ་ཕན་གདགས་པའི་ཕྱིར་ནི་མདོ་སྡེ་རྒྱ་ཆེར་གསུངས་
ལ་གང་ཟག་དབང་པོ་རྣོན་པོ་ལ་ཤེས་པ་བསྐྱེད་ཅིང་ཕན་གདགས་པའི་ཕྱིར་ནི་དོན་གྱི་མཚན་ཉིད་མདོར་བསྡུས་པས་དེ་དག་རང་ཉིད་ཀྱིས་རྣམ་པར་འབྱེད་ཅིང་ཤེས་པ་ཡོངས་སུ་རྫོགས་པར་གྱུར་ཏེ། ཇི་ལྟར་འཕགས་པ་ཤཱ་རིའི་བུ་དོན་གཅིག་ཡང་དག་པར་ཐོས་པ་རྣམ་པ་
བཅུར་རྣམ་པར་འབྱེད་ནུས་པར་གྱུར་པ་ལྟ་བུ་སྟེ། གལ་ཏེ་རྒྱས་པར་བཤད་པར་གྱུར་ན་གང་ཟག་འདི་ལྟ་བུ་ལ་ཕན་པར་མི་འགྱུར་བས། གང་ཟག་དབང་པོ་རྣོ་བ་དང་། རྟུལ་བ་རྣམ་པ་གཉིས་ལ་ཕན་གདགས་པའི་ཆེད་དུ་མདོ་དང་། ཚིགས་སུ་བཅད་པ་རྫོགས་པར་
གསུངས་པ་ཡིན་ནོ། །གཞན་ཡང་སེམས་ཅན་ནི་རྣམ་པ་གཉིས་ཡོད་པས། ཁ་ཅིག་ནི་འཆད་པ་ལ་མོས་ཏེ། བྱམས་པ་དང་སྙིང་རྗེའི་སྟོབས་ཤིན་ཏུ་ཆེ་བའི་ཕྱིར་རོ། །ཁ་ཅིག་ནི་སྤྱོད་པ་ལ་མོས་ཏེ་སེམས་རབ་ཏུ་དབེན་ཞིང་ཞི་བའི་ཕྱིར་རོ། །གང་ཟག་འདི་ལྟ་བུ་གཉིས་

ལ་ཕན་གདགས་པའི་ཕྱིར། མདོ་དང་ཚིགས་སུ་བཅད་པ་གསུངས་སོ། །གཞན་ཡང་གང་ཟག་འཆད་པ་པོའི་ཐབས་མཁས་པ་རབ་ཏུ་བསྟན་པའི་ཕྱིར་ཏེ་འདི་ལྟར་རྒྱས་པ་ལས་བསྡུས་པ་དང་བསྡུས་པ་ལས་རྒྱ་ཆེར་རྣམ་པར་འབྱེད་པའི་ཕྱིར། དེས་ཆོས་ཡང་
དག་པར་བསྟན་པ་རྣམས་ཤིན་ཏུ་ཐོག་ཏུ་ཕེབས་པར་གྱུར་པས། རྒྱས་པ་དང་བསྡུས་པ་གང་ཅི་རྗེས་སུ་བཤད་ཀྱང་རུང་སྟེ། གཞན་ལ་ཕན་འདོགས་ཤིང་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་མདོ་དང་ཚིགས་སུ་བཅད་པ་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ་། །བསྟན་བཅོས་དེ་ཁོ་ན་
ཉིད་དྲུག་པ་ལས་ཚིགས་སུ་བཅད་དེ་གསུངས་པ་ལ་དགོངས་པ་རྣམ་པ་དྲུག་ཡོད་དོ་ཞེས་འབྱུང་བ་དང་། གནས་པ་བཅུའི་བཤད་པ་ལས་ཚིགས་སུ་བཅད་དེ་གསུངས་པ་ནི་དོན་རྣམ་པ་གཅིག་གི་ཕྱིར་རོ་ཞེས་འབྱུང་བ་ནི་མངས་ཀྱིས་དོགས་ནས་འདིར་མ་བསྟན་ཏོ། །སངས་རྒྱས་བརྗོད་བྲལ་
གཉིས་མེད་དོན་གསུངས་པ། །ཤིན་ཏུ་ཟབ་པས་བྱིས་པའི་སྤྱོད་ཡུལ་མིན། །བྱིས་པ་འདི་ལ་གཏི་མུག་རྨོངས་པས་ན། །གནས་གཉིས་སྨྲ་བའི་སྤྲོས་ལ་ཤིན་ཏུ་དགའ། །དེ་དག་མ་ངེས་ཡང་ན་ལོག་པར་ངེས། །འཁོར་བར་ཡུན་རིང་ཤིན་ཏུ་འཁོར་བར་འགྱུར། །ཡང་དག་ཤེས་
དང་སྨྲ་དང་འགལ་བས་ན། །བ་ལང་ལུག་ལ་སོགས་པའི་རིགས་སུ་སྐྱེ། །ཞེས་བྱ་བ་ནི་གཉིས་པ་ཚིགས་སུ་བཅད་པས་ཡང་དག་པར་བཤད་པ་ཞེས་བྱ་བ་སྟོན་ཏོ། །ཚིགས་སུ་བཅད་པ་འདི་ཉིད་ཀྱང་རྣམ་པ་གཉིས་སུ་དབྱེ་སྟེ། དེ་ཡང་ཚིགས་སུ་བཅད་པ་ཕྱེད་དང་པོས་ནི་དོན་
གྱི་ཚུལ་ཤིན་ཏུ་ཟབ་པར་བསྔགས་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པས་བརྗོད་པ་དང་། གཉིས་སུ་མེད་པའི་དེ་བཞིན་ཉིད་རྣམ་པ་གཉིས་གསུངས་པ་ཤིན་ཏུ་ཟབ་པའི་ཕྱིར་བྱིས་པའི་སྤྱོད་ཡུལ་མ་ཡིན་པའོ། །ཚིགས་སུ་བཅད་པ་འོག་མ་ཕྱེད་དང་གཉིས་ཀྱིས་ནི་མངོན་པར་
ཞེན་པའི་ཉེས་དམིགས་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་གྱིས་སྟོན་ཏེ། དེ་ཡང་དང་པོའི་ཚིག་གཉིས་ཀྱིས་ནི་རྣམ་པར་སྤྲོས་པ་བསྐྱེད་པའི་ཉེས་དམིགས་སྟོན་ཏོ། །བར་མའི་ཚིག་གཉིས་ཀྱིས་ནི་འཁོར་བ་ན་འཁོར་བའི་ཉེས་དམིགས་བསྟན་ཏོ། །ཐ་མའི་ཚིག་གཉིས་ཀྱིས་

ནི་ངན་འགྲོར་སྐྱེ་བར་འགྱུར་བའི་ཉེས་དམིགས་བསྟན་ཏོ། །དེ་ལ། བྱིས་པ་འདི་ལ་གཏི་མུག་རྨོངས་པས་ན། །གནས་གཉིས་སྨྲ་བའི་སྤྲོས་ལ་ཤིན་ཏུ་དགའ། །ཞེས་བྱ་བ་ནི་སྤྲོས་པའི་ཉེས་དམིགས་བསྟན་པ་སྟེ། གནས་གཉིས་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཉིད་དེ། སྤྲོས་
པ་རྣམ་པ་བརྒྱད་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །སྨྲ་བའི་སྤྲོས་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་རྣམ་པ་བརྒྱད་དོ། །དེ་ནི་འདི་སྐད་དུ་བྱིས་པ་རྣམས་གཉིས་སུ་དབྱེ་བ་དང་། བརྗོད་དུ་མེད་པའི་སྤྱོད་ཡུལ་ལ་གཏི་མུག་གིས་རྨོངས་པར་གྱུར་པའི་ཕྱིར་འདུས་བྱས་དང་།
འདུས་མ་བྱས་ཀྱི་ཆོས་རྣམ་པ་གཉིས་དང་། སྤྲོས་པ་རྣམ་པ་བརྒྱད་ལ་ཤིན་ཏུ་དགའ་ཞིང་མངོན་པར་ཞེན་པར་གྱུར་ཏོ་ཞེས་བསྟན་པར་འགྱུར་རོ། །སྤྲོས་པ་རྣམ་པ་བརྒྱད་ནི་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། གཞན་ཡང་བྱིས་པ་རྣམས་དེ་བཞིན་ཉིད་དེ་ལྟར་ཡོངས་སུ་མ་ཤེས་པའི་ཕྱིར་གཞི་
དེ་ལས་རྣམ་པར་རྟོག་པ་བརྒྱད་འབྱུང་བས་དངོས་པོ་གསུམ་བསྐྱེད་པ་དང་། སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་ཐམས་ཅད་སྐྱེད་པར་བྱེད་དོ། །རྣམ་པར་རྟོག་པ་བརྒྱད་ཀྱང་དང་པོ་ནི་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་སྟེ། །ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་རྣམ་པར་འབྱེད་ཅིང་ཇི་ལྟར་
གཟུགས་ཞེས་བྱ་བ་ལ་སོགས་པར་རྣམ་པར་རྟོག་པ་གང་ཡིན་པའོ། །གཉིས་པ་ནི་བྱེ་བྲག་ཏུ་རྣམ་པར་རྟོག་པ་སྟེ། གཟུགས་ལ་སོགས་པར་མིང་བཏགས་པའི་དངོས་པོ་དེ་ཉིད་ལ་འདི་ནི་བསྟན་དུ་ཡོད་དོ། །འདི་ནི་བསྟན་དུ་མེད་པའོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པའོ། །གསུམ་
པ་ནི་རིལ་པོར་འཛིན་པའི་རྣམ་པར་རྟོག་པ་སྟེ། གཟུགས་ལ་སོགས་པར་མིང་དུ་བཏགས་པའི་དངོས་པོ་དེ་ཉིད་ལ་བདག་དང་། སེམས་ཅན་དང་། ཁྱིམ་དང་། དམག་དང་། ནགས་ལ་སོགས་པར་འཛིན་པའོ། །བཞི་པ་ནི་བདག་གོ་སྙམ་པའི་རྣམ་པར་རྟོག་པའོ། །ལྔ་པ་ནི་
བདག་གིའོ་སྙམ་པའི་རྣམ་པར་རྟོག་པ་སྟེ། དངོས་པོ་གང་ཟག་པ་དང་བཅས་པ་དང་། ཉེ་བར་ལེན་པ་དང་བཅས་པའི་ཆོས་ལ་བདག་དང་བདག་གིར་འཛིན་པའོ། །དྲུག་པ་ནི་སྡུག་པར་རྣམ་པར་རྟོག་པའོ། །བདུན་པ་ནི་སྡུག་པ་མ་ཡིན་པར་རྣམ་པར་རྟོག་པའོ། །བརྒྱད་པ་ནི་གཉི་

ག་ལས་བཟློག་པའི་རྣམ་པར་རྟོག་པ་སྟེ། གོ་རིམས་བཞིན་དུ་མཛེས་པ་དང་། མཛེས་པ་མ་ཡིན་པ་དང་། གཉི་ག་ལས་བཟློག་པའི་དངོས་པོ་ལས་བྱུང་བའི་རྣམ་པར་རྟོག་པ་གང་ཡིན་པའོ་ཞེས་བཤད་དོ། །སློབ་དཔོན་ཧྱན་ཙང་ན་རེ་རྣམ་པར་རྟོག་པ་བརྒྱད་
པོ་དེ་དག་ཐམས་ཅད་ཀྱང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་སྐྱེ་བའི་ཤེས་རབ་ཀྱི་རང་བཞིན་ནོ། །ཡང་ན་རྟོག་པ་དང་དཔྱོད་པའི་རང་བཞིན་ནོ་ཞེས་པའོ། །དངོས་པོ་གསུམ་བསྐྱེད་པ་ཞེས་བྱ་བ་ཡང་རྣམ་པར་རྟོག་པ་དང་པོ་གསུམ་གྱིས་ནི་རྣམ་པར་རྟོག་པ་སྤྲོས་
པའི་གནས་དང་། དམིགས་པའི་དངོས་པོ་དབང་པོ་དྲུག་དང་ཡུལ་དྲུག་པོ་དག་སྐྱེད་པའི་བྱེད་དོ། །རྣམ་པར་རྟོག་པ་བར་མ་གཉིས་ཀྱིས་ནི་འཇིག་ཚོགས་ལ་ལྟ་བ་དང་། བདག་གིའོ་སྙམ་པའི་ང་རྒྱལ་སྐྱེད་པར་བྱེད་དོ། །རྣམ་པར་རྟོག་པ་ཐ་མ་གསུམ་གྱིས་ནི་གོ་རིམས་བཞིན་དུ་
འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེད་པར་བྱེད་དོ། །དེ་ལ་གནས་དང་དམིགས་པའི་དབང་པོས་རྟེན་བྱས་པའི་ཕྱིར་ནི་འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་བསྐྱེད་ལ། འཇིག་ཚོགས་ལ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་གྱིས་རྟེན་བྱས་པས་ནི་འདོད་
ཆགས་དང་ཞེ་སྡང་དང་། གཏི་མུག་བསྐྱེད་དེ། དེས་ན་དངོས་པོ་གསུམ་པོ་འདི་དག་གིས་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་འཇུག་པའི་ཕྱོགས་མ་ལུས་པར་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་དག་མ་ངེས་ཡང་ན་ལོག་པར་ངེས། །འཁོར་བར་
ཤིན་ཏུ་ཡུན་རིང་འཁོར་བར་འགྱུར། །ཞེས་བྱ་བས་ནི་འཁོར་བར་འཁོར་བའི་ཉེས་དམིགས་བསྟན་པ་སྟེ། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཏི་མུག་གི་སྟོབས་ཀྱི་དབང་གིས་སེམས་ཅན་གྱི་ཚོགས་རྣམས་གསུམ་ལས་ཡང་ན་ནི་མ་ངེས་པའི་ཚོགས་ལ་གནས་པར་
འགྱུར་ལ། ཡང་ན་ནི་ལོག་པར་ངེས་པའི་ཚོགས་ལ་གནས་པས་འཁོར་བར་ཤིན་ཏུ་ཡུན་རིང་པོར་དངོས་པོའི་འཆི་འཕོ་ལེན་ཅིང་ཚོགས་རྣམ་པ་གཉིས་ལ་གནས་པར་འགྱུར་བའོ། །ཚོགས་རྣམ་པ་གསུམ་པོ་དེ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཐམས་ཅད་ཡོད་པར་

སྨྲ་བའི་གཞུང་གི་བཤད་པ་རྣམ་པ་གཉིས་ཡོད་དོ། །དང་པོ་ནི་བསྟན་བཅོས་རྣམ་གྲངས་བསྡུས་པ་ལ་བརྟེན་ནས་བཤད་པ་སྟེ། དེ་ལ་སེམས་ཅན་གྱི་ཕུང་པོ་ནི་རྣམ་པ་གསུམ་ཡོད་དོ། །ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་འདི་ལྟ་སྟེ། མཚམས་མེད་པ་ལྔའི་ལས་ཡོངས་སུ་གྲུབ་
པ་གང་ཡིན་པའོ། །ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་འདི་ལྟ་སྟེ། སློབ་པ་དང་མི་སློབ་པའི་ཆོས་ཡོངས་སུ་གྲུབ་པ་གང་ཡིན་པའོ། །མ་ངེས་པའི་ཕུང་པོ་ནི་འདི་ལྟ་སྟེ། དེ་ལས་གཞན་པའི་ཟག་པ་དང་བཅས་པའི་ཆོས་དང་འདུས་མ་བྱས་ཀྱི་ཆོས་ཡོངས་སུ་མ་སྒྲུབ་པ་གང་
ཡིན་པ་སྟེ། འདི་ནི་ཕུང་པོ་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཅེས་བྱའོ། །ཁམས་ལས་ཀྱང་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་ཁམས་གཅིག་གི་ཕྱོགས་གཅིག་སྟེ། འདི་ལྟ་སྟེ། འདོད་པའི་ཁམས་ཀྱིའོ། །ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་ཁམས་གསུམ་ཆར་གྱི་ཕྱོགས་
གཅིག་གོ། །མ་ངེས་པའི་ཕུང་པོ་ནི་ཁམས་གཅིག་གི་ཕྱོགས་གཅིག་སྟེ། འདི་ལྟ་སྟེ། འདོད་པའི་ཁམས་ཀྱིའོ། །ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ཡང་དེ་བཞིན་ནོ། །འགྲོ་བ་ལས་ཀྱང་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་འགྲོ་བ་གཅིག་གི་ཕྱོགས་གཅིག་སྟེ། འདི་
ལྟ་སྟེ་མིའིའོ། །ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་འགྲོ་བ་གཉིས་ཀྱི་ཕྱོགས་གཅིག་སྟེ་འདི་ལྟ་སྟེ་ལྷ་དང་མིའིའོ། །མ་ངེས་པའི་ཕུང་པོ་ནི་འགྲོ་བ་གསུམ་ཆར་ཚང་བ་སྟེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དྭགས་རྣམས་ཀྱིའོ། །འགྲོ་བ་གཉིས་
ཀྱི་ཕྱོགས་གཅིག་སྟེ། འདི་ལྟ་སྟེ། ལྷ་དང་མིའིའོ་ཞེས་བཤད་དོ། །གཉིས་པ་ནི་བསྟན་བཅོས་གནས་གདགས་པ་ལ་བརྟེན་ནས་བཤད་པ་སྟེ། དེ་ལས་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་འདི་ལྟ་སྟེ། མཚམས་མེད་པ་ལྔའི་ལས་དང་། དེའི་རྒྱུ་དང་། དེའི་འབྲས་བུ་
དང་། དེའི་རྒྱུ་མཐུན་པ་དང་། དེའི་འབྲས་བུ་རྣམ་པར་སྨིན་པ་དང་། དེའི་ཆོས་དང་གང་ཟག་ཡོངས་སུ་གྲུབ་པ་གང་ཡིན་པའོ། །ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་འདི་ལྟ་སྟེ། སློབ་པ་དང་། མི་སློབ་པའི་ཆོས་དང་། དེ་དག་གི་རྒྱུ་དང་། དེ་དག་གི་འབྲས་བུ་དང་།

ད