Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 118

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
ོད་པའི་ཕྱིར་འདས་པའི་མིང་ལ་སོགས་པ་ལ་དམིགས་པར་ཡང་བྱེད་དོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་
ན་ནི་སེམས་རྣམ་པ་བརྒྱད་ལ་ཡང་བསགས་པ་ཡོངས་སུ་རྫོགས་པར་ཡོད་དོ། །གལ་ཏེ་གོང་དུ་བཤད་པ་ལྟར་ལྔ་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ངེས་པར་མངོན་སུམ་གྱི་ཚད་མ་ཡིན་ན་ཅིའི་ཕྱིར་མིང་ལ་སོགས་པ་ལ་ཡང་དམིགས་པར་བྱེད་ཅེས་བསྟན་ཞེ་ན། མངོན་སུམ་གྱི་
ཚད་མས་ཀྱང་མིང་ལ་སོགས་པའི་རང་གི་མཚན་ཉིད་ལ་དམིགས་པར་བྱེད་དོ། །རིགས་པའི་སྒོའི་བསྟན་བཅོས་ལ་དམིགས་པར་མི་བྱེད་དོ། །ཞེས་བཤད་པ་ཡང་མིང་ལ་སོགས་པ་ལ་ཡང་དམིགས་པར་མི་བྱེད་དེ། ཕན་ཚུན་འཆིང་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་ན་
རྒྱུ་མཐུན་པའི་རྣ་བའི་རྣམ་པར་ཤེས་པའི་དབང་གིས་རབ་ཏུ་བསྐྱེད་པའི་ཕྱིར། རབ་ཏུ་ཕྱེ་བ་ཞེས་བྱ་བ་ཡང་ཉེ་བར་གནས་པ་ལས་བྱུང་བའི་རྣ་བའི་རྣམ་པར་ཤེས་པ་དྲངས་ཏེ་བསྐྱེད་པ་ལ་ལྟོས་ནས། གདོད་བསགས་པ་ཉིད་དུ་གྱུར་པར་ངེས་པ་ཡང་མེད་དོ། །དེ་ཡན་ཆད་དུ་ནི་
རེ་ཞིག་གནས་མ་གྱུར་པའི་གནས་སྐབས་ལ་བརྟེན་ནས་ཉེ་བར་གནས་པ་ལས་བྱུང་བའི་སེམས་ལ་སོགས་པའི་བསགས་པ་རབ་ཏུ་ཕྱེ་བ་བསྟན་ཏོ། །གནས་གྱུར་པའི་སྐབས་ན་ནི་སེམས་ཀྱི་སྐད་ཅིག་མ་གཅིག་ལ་རབ་ཏུ་ཕྱེ་བ་རྫོགས་པར་ཡོད་དེ། དེ་ཡང་ཅི་རིགས་སུ་རིག་པར་

བྱའོ། །སེམས་རྣམ་པ་ལྔ་རྒྱ་ཆེར་བཤད་པ་ནི་མཚན་ཉིད་བསྟན་པ་ལས་བྱུང་བ་བཞིན་ནོ། །དེ་ལ་བཞི་པ་གསུང་གཅིག་པ་དང་ཐ་དད་པ་རྣམ་པར་དབྱེ་བ་ཞེས་བྱ་བ་ལས་བརྩམས་ནས་དྲིས་པ། དེ་བཞིན་གཤེགས་པས་ཆོས་འཆད་པའི་ཚེ། གསུང་གཅིག་
ཏུ་གསུང་བར་མཛད་དམ་ཞེ་ན། སྨྲས་པ་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཐེག་པ་ཆུང་ངུའི་སྡེ་པ་ཐ་དད་པའི་གཞུང་ལུགས་ཀྱི་བསྟན་བཅོས་ལས། སྡེ་པ་ཐ་དད་པ་ཉི་ཤུ་འབྱུང་བ་རྣམ་པ་གཉིས་སུ་ཕྱེ་ནས་བསྟན་ཏེ། དང་པོ་ནི་ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་འཆད་
པར་བྱེད་པ་ལ་སོགས་པའི་སྡེ་པ་རྣམས་སོ། །དེ་དག་འདི་སྐད་དུ་ཟེར་ཏེ། དེ་བཞིན་གཤེགས་པའི་གསུང་མ་ཡིན་པ་དེ་དག་གིས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་བཞིན་གཤེགས་པའི་གསུང་གཅིག་གིས་ཆོས་ཐམས་ཅད་གསུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། རྒྱ་ཆེར་བཤད་
པའི་བར་དུའོ། །གཉིས་པ་ནི་ཕལ་ཆེན་པའི་སྡེ་པ་དང་། ལན་ཅིག་བརྗོད་པའི་སྡེ་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་དང་། བྱ་མངལ་བའི་སྡེ་པ་ལ་སོགས་པ་རྣམས་ཏེ། དེ་དག་མཐུན་པར་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ཐམས་ཅད་ནི་ཆོས་
ཀྱི་འཁོར་ལོ་བསྐོར་རོ། །དེ་བཞིན་གཤེགས་པ་ནི་གསུང་གཅིག་གིས་ཆོས་ཐམས་ཅད་གསུང་བར་བྱེད་དོ། །ཞེས་པ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །སློབ་དཔོན་ཡང་དག་བདེན་པས་འཕགས་པ་གསེར་འོད་དམ་པའི་བརྗེད་བྱང་བྱས་པ་ལས་ཀྱང་། དེ་བཞིན་གཤེགས་པའི་
གསུང་ནི་རྣམ་པ་གཉིས་ཏེ། དང་པོ་ནི་གསུང་ངག་ལས་བྱུང་སྟེ། ཐམས་ཅད་ཀྱང་ཆོས་ཀྱི་འཁོར་ལོ་ཡིན་ནོ། །གཉིས་པ་ནི་མཐུའི་ཡོན་ཏན་གྱིས་རབ་ཏུ་ཕྱེ་བ་གསུང་ངག་ལས་མ་བྱུང་བ་འཁོར་ལོར་མ་གཏོགས་པ་སྟེ། ཇི་ལྟར་ཀུན་དགའ་བོ་ལ་གང་ནས་འོངས་སོ་ཞེས་དྲིས་པ་ལ་སོགས་
པ་དང་། བཅོམ་ལྡན་འདས་ཆོས་འཆད་པའི་ཚེ་མདུན་དང་རྒྱབ་ན་འདུག་པ་དག་གིས་དེ་བཞིན་གཤེགས་པ་ཞལ་བསྟན་ནས་ཆོས་འཆད་པར་མཐོང་བ་ལྟ་བུ་སྟེ། འདི་ཡང་དེ་བཞིན་དུ་མཐུའི་ཡོན་ཏན་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པས་སྡེ་

པ་རྣམས་ཀྱི་བརྗེད་བྱང་བྱས་པ་ལས། དེ་བཞིན་གཤེགས་པའི་གསུང་རྣམས་ནི་སེམས་ཅན་ལ་ཕན་འདོགས་པས་གང་ནས་འོངས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ནི། གཞན་དག་མགུ་བ་དང་། མོས་པའི་སེམས་བསྐྱེད་པའི་ཕྱིར་ཏེ། དེ་ཡང་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་
འབྱུང་ངོ་། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལས་ཀྱང་། གཞུང་ལུགས་ཀྱི་འཁོར་ལོའི་བསྟན་བཅོས་དང་མཐུན་པ་རྣམ་པ་གཉིས་སུ་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་བཅོམ་ལྡན་འདས་འཕགས་པའི་སྐད་ཀྱིས་འཕགས་པའི་བདེན་པ་བཞི་བསྟན་པས་འདུལ་
བར་མཛད་པ་གང་ཡིན་པ་དེ་དག་གོ་བར་འགྱུར་རམ་ཞེ་ན། དེ་ལྟ་ན་ཉེས་པ་ཅི་ཡོད་ཅེ་ན། གཉི་ག་ལ་ཡང་ཉེས་པ་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྤྱོད་དོ་ཞེ་ན་འདུལ་བ་ལས་བཤད་པ་དེ་དག་ཇི་ལྟར་བཤད་ཅིང་གོ་བར་རུང་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དུས་
གཅིག་གི་ཚེ་ལྷའི་རྒྱལ་པོ་བཞི་ལ། སྔར་འཕགས་པའི་སྐད་ཀྱིས་འཕགས་པའི་བདེན་པ་བཞི་བསྟན་པ་ན། རྒྱལ་པོ་བཞི་ལས་གཉིས་ཀྱིས་ནི་གོ་བར་གྱུར་ལ། གཉིས་ཀྱིས་ནི་གོ་བར་མ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཐུགས་བརྩེ་ཞིང་ཕན་གདགས་
པའི་ཕྱིར། ལྷོ་ཕྱོགས་ཀྱི་ཡུལ་མཐའ་འཁོབ་ཀྱི་སྐད་ཀྱིས་འཕགས་པའི་བདེན་པ་བཞི་གསུངས་པ་ན། རྒྱལ་པོ་གཉིས་ལས་གཅིག་གིས་ནི་གོ་བར་གྱུར་ལ། གཅིག་གིས་ནི་གོ་བར་མ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་ཞིང་ཕན་གདགས་པའི་ཕྱིར་ཡང་།
ཀླ་ཀློ་ཅན་གྱི་སྐད་རྣམ་པ་གཅིག་གིས་འཕགས་པའི་བདེན་པ་བཞི་བཤད་པ་ན་ལྷའི་རྒྱལ་པོ་བཞི་པོ་དེ་དག་ཐམས་ཅད་ཀྱིས་གོ་བར་གྱུར་ཏོ། །ཞེས་གསུངས་སོ། །གལ་ཏེ་མི་སྤྱོད་དོ་ཞེ་ན། ཚིགས་སུ་བཅད་པ་ལས་གསུངས་པ་དེ་དག་ཇི་ལྟར་རུང་སྟེ། ཚིགས་སུ་བཅད་པ་ལས་
ཇི་སྐད་དུ། སངས་རྒྱས་གསུང་གཅིག་ཏུ་ནི་ཆོས་སྟོན་ཏོ། །སེམས་ཅན་མོས་པ་ཇི་བཞིན་སོ་སོར་གོའོ། །བཅོམ་ལྡན་གསུང་གཅིག་ཏུ་ནི་བདག་ཅག་དོན་རྣམ་པ་སྣ་ཚོགས་བཤད་པར་རབ་ཏུ་སེམས་ཞེས་གསུངས་ཏེ། དེ་ལ་གསུང་གཅིག་ཅེས་བྱ་བ་ནི་ཚངས་པའི་སྐད་དོ་

ཞེས་བྱ་བ་ནས། རྒྱ་ཆེར་བཤད་པའི་བར་དུའོ། །འདིའི་ལན་ཡང་རྣམ་པ་གཉིས་སུ་བཤད་དེ། དེ་ལ་དང་པོ་ནི་འདི་སྐད་དུ་བཅོམ་ལྡན་འདས་གསུང་གཅིག་གིས་འཕགས་པའི་བདེན་པ་བཞི་བསྟན་པས་ཐམས་ཅད་མཛད་པར་ཡང་མི་སྤྱོད་དོ། །བཅོམ་ལྡན་
འདས་རང་དབང་དང་རྫུ་འཕྲུལ་མངའ་ཡང་ཡུལ་ལ་དབང་བསྒྱུར་བར་མི་སྤྱོད་དོ། །ཇི་ལྟར་རྣ་བས་གཟུགས་མཐོང་བར་མི་ནུས་པ་དང་། མིག་གིས་སྒྲ་ལ་སོགས་པ་ཐོས་པ་ལ་སོགས་པར་མི་ནུས་པ་བཞིན་ནོ། །གལ་ཏེ་དེ་ལྟ་ན་སྔ་མ་བཞིན་ཚིགས་སུ་བཅད་པ་དེ་ལྟར་རུང་བར་
འགྱུར་རུང་བར་བྱ་དགོས་པར་ངེས་པ་ཡང་མེད་དེ། སྡེ་སྣོད་གསུམ་པ་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་ལ་བསྟོད་པའི་ཚིགས་སུ་བཅད་པ་རྣམས་ནི་ཚིག་ལ་སྐྱོན་ཡོད་པ་ཕལ་ཆེ་སྟེ། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་དག་བཅོམ་ལྡན་འདས་ནི་ཐུགས་རྟག་ཏུ་མཉམ་པར་གཞག་པའོ། །
རྟག་པར་མནལ་བ་མི་མངའ་ཞེས་བསྟོད་པ་ལྟར། སྔ་མའི་ཚིགས་སུ་བཅད་པ་ཡང་དེ་བཞིན་ཏེ། དེའི་ཕྱིར་རྣམ་པར་བཤད་མི་དགོས་སོ། །གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི་སྒྲ་རྣམས་ཀྱི་ཡུལ་ལ་ཁྱབ་པས་ཇི་ལྟར་གསུངས་པར་བཞེད་པ་བཞིན་དུ་མཛད་པར་སྤྱད་དེ།
འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་ཡུལ་དབུས་ཀྱི་སྐད་དུ་གསུང་བར་མཛད་པ་ན། ཡུལ་དབུས་སུ་སྐྱེས་པ་བས་མཆོག་ཏུ་གྱུར་པ་ཡིན་ལ། ཡུལ་གཞན་དག་གིས་ཡང་དེ་བཞིན་ནོ་ཞེས་བྱ་བའི་བར་དུ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱི་གསུང་སྒྲའི་ཡུལ་རྣམས་ལ་
ཁྱབ་པའི་ཕྱིར་ཚིགས་སུ་བཅད་པ་དེ་ལས་དེ་སྐད་དུ་བསྟན་ཏོ། །གཞན་ཡང་བཅོམ་ལྡན་འདས་ཀྱི་གསུང་ཡང་ཞིང་རྣོ་ལ་མྱུར་དུ་བསྒྱུར་བའི་ཕྱིར། རྣམ་པ་སྣ་ཚོགས་སུ་གསུང་བར་མཛད་ཀྱང་ཐམས་ཅད་ཀྱིས་སོ་སོ་ནས་བཅོམ་ལྡན་འདས་ཀྱིས་ནི་ཡུལ་དབུས་ཀྱི་སྐད་གསུངས་པའི་
རྗེས་ལ་བར་མ་ཆད་པར་ཡང་ཤཱཀྱའི་ཡུལ་གྱི་སྐད་གསུངས་སོ། །སྙམ་པ་ནས། དེ་བཞིན་དུ་ཀ་ཀའི་རའི་སྐད་དུ་གསུངས་པའི་བར་དུ་སྟེ། འདི་ལྟར་མྱུར་བར་བསྒྱུར་བའི་ས་ནས་དུས་གཅིག་གོ་སྙམ་དུ་སེམས་སོ། །ཇི་ལྟར་མགལ་མེའི་འཁོར་ལོ་མ་ཡིན་ཡང་འཁོར་ལོའི་

མཚན་ཉིད་དུ་སྣང་བ་ལྟར། སྔ་མའི་ཚིགས་སུ་བཅད་པ་ཡང་འདི་ལ་བརྟེན་པའི་ཕྱིར་འགལ་བ་མེད་དོ། །གཞན་ཡང་དེ་བཞིན་གཤེགས་པ་ནི་སྐད་མང་པོ་སྣ་ཚོགས་ཡོད་ཀྱང་། མི་མཐུན་པར་སོ་སོར་ལན་འདེབས་པའི་ཕྱིར་གསུང་གཅིག་ཅེས་བཤད་དོ་ཞེའོ། །
གཉིས་པ་ནི་འདི་སྐད་དུ་བཅོམ་ལྡན་འདས་ནི་འཕགས་པའི་སྐད་ཀྱིས་བདེན་པ་བཞི་བསྟན་པས་ཐམས་ཅད་གོ་བར་མཛད་པར་སྤྱོད་དོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ལྷའི་རྒྱལ་པོ་ཕྱི་མ་གཉིས་གོ་བར་མ་གྱུར། ལྷའི་རྒྱལ་པོ་བཞི་པོ་དེ་དག་མོས་པ་ཐ་དད་པས་དེ་དག་གི་རེ་བ་ཡོངས་
སུ་སྐོང་བའི་ཕྱིར། བཅོམ་ལྡན་འདས་ཐ་དད་པར་གསུངས་སོ། །ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །གཞན་ཡང་བཅོམ་ལྡན་འདས་སྐད་རྣམ་པ་སྣ་ཚོགས་རབ་ཏུ་མཁྱེན་པར་བསྟན་པའི་ཕྱིར། དེ་སྐད་གསུངས་ཏེ། འདི་ལྟར་ཁ་ཅིག་བཅོམ་ལྡན་འདས་ནི་
འཕགས་པའི་སྐད་འབའ་ཞིག་གིས་སྟོན་པར་མཛད་ཀྱི། སྒྲ་སྐད་ཐམས་ཅད་ལ་མངའ་བརྙེས་པ་ནི་མ་ཡིན་ནོ་སྙམ་དུ་ཐེ་ཚོམ་ཟ་བ་དག་གི་ཐེ་ཚོམ་བཅད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཐ་དད་པར་གསུངས་སོ། །གཞན་ཡང་གདུལ་བའི་སེམས་ཅན་ཁ་ཅིག་ནི་བཅོམ་ལྡན་
འདས་ཀྱི་སྐུ་དང་གསུང་མ་བསྒྱུར་བས་འདུལ་བར་འགྱུར་ལ། གདུལ་བ་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་བསྒྱུར་བས་འདུལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་སྐད་རྣམ་པ་གསུམ་གྱིས་ལྷའི་རྒྱལ་པོ་བཞི་པོ་དག་ལ་འཕགས་པའི་བདེན་པ་བཞི་བསྟན་ཏོ་ཞེས་
བཤད་དོ། །བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་གོ་བར་གྱུར་ཏེ་ཞེས་བཤད་པ་དེ་ནི་གཞུང་ལུགས་ཀྱི་བསྟན་བཅོས་ལས་འབྱུང་བའི་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་ལས་གོ་བར་གྱུར་ཏོ། །ཞེས་བཤད་པ་ནི་ངེས་པར་བཤད་མི་དགོས་ཏེ། སྡེ་སྣོད་
གསུམ་པ་མ་ཡིན་པའི་ཕྱིར་དང་། ཚིག་གི་སྐྱོན་ཡོད་པར་བདེན་པའི་ཕྱིར་རོ། །གཞན་ཡང་གསུང་གཅིག་ཅེས་བྱ་བ་ནི་རྣམ་པ་གསུམ་ཡོད་དེ། དང་པོ་ནི་སྒྲའི་ཡུལ་རྣམས་ལ་ཁྱབ་ཅིང་གནས་ཀྱི་རྗེས་སུ་མཆོག་ཏུ་གྱུར་པའི་ཕྱིར་གཅིག་ཅེས་བྱའོ། །གཉིས་པ་ནི་མྱུར་བ་

གཅིག་པ་ལྟ་བུར་གྱུར་པའི་ཕྱིར་གཅིག་ཅེས་བྱའོ། །གསུམ་པ་ནི་ཕན་གདགས་པར་མཚུངས་པའི་ཕྱིར་གཅིག་ཅེས་བྱའོ། །བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་གོ་བར་གྱུར་ཏོ་ཞེས་བཤད་པ་འདི་ནི་གཞུང་ལུགས་ཀྱི་བསྟན་བཅོས་ལས་འབྱུང་བའི་ཕལ་
ཆེན་པའི་སྡེ་པ་ལ་སོགས་པའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡང་དགོངས་པ་རྣམ་པ་གསུམ་ཡོད་དེ། དང་པོ་ནི་དེ་དག་གི་རེ་བ་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར་རོ། །གཉིས་པ་ནི་དེ་དག་གི་ཐེ་ཚོམ་ཡོངས་སུ་བསལ་བའི་ཕྱིར་རོ། །གསུམ་པ་ནི་འདུལ་བ་དེ་
དག་བཅོམ་ལྡན་འདས་ཀྱང་སྐུ་དང་གསུང་མ་བསྒྱུར་བ་དང་། སྐུ་དང་གསུང་བསྒྱུར་བ་ལ་བརྟེན་པ་གཉིས་ཀྱི་ཕྱིར་རོ་ཞེའོ། །འདིར་ཐེག་པ་ཆེན་པོ་དང་སྦྱར་ན་གསུང་གཅིག་གིས་སྟོན་པར་བྱེད་དོ་ཞེས་ཕལ་ཆེན་པའི་སྡེ་པ་ལ་སོགས་པ་དག་དང་མཐུན་ཏེ། དེའི་ཕྱིར་ཚད་མེད་པའི་
དོན་གྱི་མདོ་ལས། གསུང་སྒྲ་གཅིག་གིས་སྒྲ་སྐད་མང་པོ་དང་མཐུན་པར་མཛད་དོ། །ཞེས་གསུངས་སོ། །གཞན་ཡང་འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། དེ་བཞིན་གཤེགས་པས་གསུང་གཅིག་གིས་ཆོས་སྟོན་པ་ལས། དཔག་མེད་མདོ་སྡེ་རྒྱ་མཚོ་རབ་ཏུ་
གསུངས། །ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས། སངས་རྒྱས་གསུང་གཅིག་ཏུ་ནི་ཆོས་སྟོན་ཀྱང་། །སེམས་ཅན་མོས་པ་ཇི་བཞིན་སོ་སོར་གོ། །ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་སའི་མདོའི་འགྲེལ་པ་ལས་ཀྱང་། བྱ་བ་
སྒྲུབ་པའི་ཡེ་ཤེས་ཀྱི་མོས་པ་ཅན་རྣམས་ཀྱི་མོས་པའི་ཁྱད་པར་ཇི་ལྟ་བ་བཞིན་དུ་གསུང་སྤྲུལ་པའི་ཕྲིན་ལས་དེས་དོན་རྣམ་པ་སྣ་ཚོགས་བསྟན་པས་ཐེ་ཚོམ་རྣམས་གཅོད་པར་མཛད་དོ་ཞེས་འབྱུང་ངོ་། །ཡང་ན་གཅིག་བསྐྱེད་པས་དོན་ཐམས་ཅད་བསྟན་ནས་སེམས་ཅན་རྣམས་
ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཕན་པ་ཐོབ་པར་མཛད་དེ། མདོ་དེ་དག་ལས་ཇི་སྐད་དུ། སངས་རྒྱས་གསུང་གཅིག་ཏུ་ནི་བཀའ་སྩལ་ན། །སེམས་ཅན་གསུང་གཅིག་དེ་དག་སོ་སོར་གོ། །ལ་ལ་འཇིགས་སྐྲག་ལ་ལ་རབ་ཏུ་དགའ། །ལ་ལ་སྐྱོ་ཞིང་ལ་ལ་ཐེ་ཚོམ་རབ་ཏུ་འཆད། །

ཅེས་གསུངས་པ་ལྟ་བུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་གྱིས་རབ་ཏུ་བསྐྱེད་པ། བསམ་གྱིས་མི་ཁྱབ་པའི་མཐུ་ལས་བྱུང་བའི་གསུང་སྤྲུལ་པ་ཡིན་པས་གསུང་གཅིག་གིས་སེམས་ཅན་རྣམས་ཀྱི་ཐེ་ཚོམ་གཅོད་པར་མཛད་ལ། སྐུ་སྤྲུལ་པ་དེས་ཀྱང་
སེམས་ཅན་རྣམས་སྐུ་གཅིག་ལ་ཐ་དད་པ་ཉིད་དུ་མཐོང་བར་མཛད་པས་ཀྱང་ཕན་འདོགས་པའི་དངོས་པོ་རྣམས་ཡོངས་སུ་རྫོགས་པར་མཛད་དེ། འདི་ལ་སོགས་པ་བརྗོད་ཀྱིས་མི་ལང་ངོ་། །དེ་ལ་གསུང་གཅིག་ཅེས་བྱ་བ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། དང་པོ་ནི་ཆོས་
ཀྱི་རྗེས་སུ་གཅིག་པའི་ཕྱིར་གཅིག་ཅེས་བྱ་སྟེ། ཇི་སྐད་དུ་གཟུགས་ཞེས་བརྗོད་པའི་ཚེ་སེམས་ཅན་དག་སོ་སོ་ནས་ཐོས་པ་ཐ་དད་པ་ལྟ་བུའོ། །གཉིས་པ་ནི་ཡུལ་གྱི་རྗེས་སུ་གཅིག་པའི་ཕྱིར་གཅིག་ཅེས་བྱ་སྟེ། ཇི་ལྟར་དབུས་ཀྱི་ཡུལ་གཅིག་གི་སྐད་བརྗོད་པའི་ཚེ། སེམས་
ཅན་དག་སོ་སོ་ནས་རང་གི་ཡུལ་གྱི་སྐད་ཐོས་པ་ལྟ་བུའོ། །གསུམ་པ་ནི་ཚངས་པའི་སྐད་དུ་གཅིག་པའི་ཕྱིར་གཅིག་ཅེས་བྱ་སྟེ། དེའི་ཕྱིར་ཚད་མེད་པའི་དོན་གྱི་མདོ་ལས། ཚངས་པའི་སྐད་ལ་སྤྱི་བཏུད་སྐྱབས་སུ་མཆི། །ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་། །འདི་ལྟར་ཚངས་པའི་སྒྲ་སྐད་ཀྱིས། །སེམས་ཅན་དག་ལ་ཆོས་སྟོན་ཏོ། །ཞེས་འབྱུང་ངོ་། །བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་གསུང་གཅིག་ཅེས་བྱ་བ་ནི་འདི་ལྟ་སྟེ། ཚངས་པའི་སྐད་དེ་འདི་ལྟར་ཡུལ་དབུས་ཀྱི་མི་འཁོར་འདུས་པར་འོངས་
པ་དག་ནི། བཅོམ་ལྡན་འདས་བདག་ཅག་ལ་ཡུལ་དབུས་ཀྱི་སྐད་དུ་ཆོས་སྟོན་ཏོ་སྙམ་དུ་སེམས་ལ། དེ་བཞིན་དུ་ཡུལ་གཞན་ནས་འོངས་པ་དག་ནི་བཅོམ་ལྡན་འདས་བདག་གཅིག་པུ་ནི་ཕྱིར་རང་གི་ཡུལ་གྱི་སྐད་དུ་སྟོན་ཏོ་སྙམ་དུ་སེམས་ཤིང་ཐོས་ནས་ཀྱང་ཇི་ལྟ་བ་བཞིན་དུ་སོ་སོ་
ནས་གོ་བར་གྱུར་ཏོ། །གཞན་ཡང་འདོད་ཆགས་སྤྱོད་པ་དག་ནི་མི་གཙང་བ་བཤད་པ་ཐོས་སོ། །ཞེ་སྡང་སྤྱོད་པ་གཞན་དག་ནི་བྱམས་པ་བཤད་པ་ཉིད་དུ་ཐོས་སོ། །གཏི་མུག་སྤྱོད་པ་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་བཤད་པ་ཉིད་དུ་ཐོས་སོ། །ང་རྒྱལ་སྤྱོད་པ་དག་ལ་སོགས་

པ་ཡང་ཅི་རིགས་སུ་ཤེས་པར་བྱའོ་ཞེས་འབྱུང་ངོ་། །དེ་བཞིན་གཤེགས་པས་གསུང་གཅིག་ཏུ་གསུང་བ་འདི་རང་གི་ངོ་བོ་ཡིན་ནམ་འོན་ཏེ་གཟུགས་བརྙན་ཉིད་ཡིན། གལ་ཏེ་རང་གི་ངོ་བོ་ཡིན་ན་ནི་ངོ་བོ་ཉིད་མེད་ཀྱིས་བྱས་པའི་ཐེག་པ་ཆེན་པོ་བསྡུས་
པའི་འགྲེལ་པ་དེ་ཇི་ལྟར་གོ་ཞིང་བཤད་པར་བྱ། གལ་ཏེ་གཟུགས་བརྙན་ཡིན་ན་ནི་ཉན་པ་པོའི་རྗེས་སུ་རྣམ་པ་མང་པོ་ཉིད་དུ་འགྲུབ་པར་འགྱུར་ན། ཇི་ལྟར་གཅིག་ཅེས་བརྗོད། སློབ་དཔོན་ཆོས་སྐྱོང་ལ་སོགས་པའི་གཞུང་གིས་ཡང་དག་པ་ཉིད་ཀྱི་ལུང་ལ་བརྟེན་ནས་རང་
གི་ངོ་བོ་ཁོ་ནར་ཟད་ཀྱི། གཟུགས་བརྙན་ནི་མ་ཡིན་ནོ། །ཞེས་བཤད་དེ། ཡང་དག་པ་དང་གཉིས་ཀ་ལ་བརྟེན་ནས་བཤད་ན་ནི་རང་གི་ངོ་བོ་དང་གཟུགས་བརྙན་ཉིད་དུ་འདོད་དོ། །དེ་གསུང་གཅིག་ཅེས་བྱ་བ་ཡང་ཚངས་པའི་སྐད་དུ་གཅིག་པའི་གལ་ཡིན་ཏེ། འདི་ལྟར་སྒྲ་ལ་
བརྟེན་ནས་རྗེས་སུ་མཐུན་པ་དང་། འགལ་བ་མེད་པར་འབྱེད་པ་ན་རྗེས་སུ་མཐུན་པ་དང་འགལ་བ་ནི་སྒྲ་གཅིག་པ་ཉིད་དུ་རུང་ན། གལ་ཏེ་གཟུགས་ལ་བརྟེན་ནས། སྔོན་པོ་དང་སེར་པོ་རྣམ་པར་འབྱེད་པ་ན་སྔོན་པོ་དང་སེར་པོ་ཡང་གཅིག་པ་ཉིད་དུ་འགྱུར་རམ་ཞེ་ན། དེ་ལྟར་
འདོད་ན་ཡང་ཉེས་པ་མེད་དེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མཐུའི་དབང་གིས་གཟུགས་ལ་སོགས་པའི་དངོས་པོ་གཅིག་ལ་སོ་སོ་ནས་ཐ་དད་པར་མཐོང་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བྱ་བ་སྒྲུབ་པའི་ཡེ་ཤེས་སྐུ་སྤྲུལ་པ་དེས་སེམས་ཅན་རྣམས་
གཟུགས་ཀྱི་དངོས་པོ་གཅིག་ལ་ཐ་དད་པར་མཐོང་བར་མཛད་པས་ཀྱང་། ཕན་འདོགས་པའི་དངོས་པོ་ཡོངས་སུ་གྲུབ་པར་འགྱུར་རོ་ཞེས་བཤད་དོ། །རྫུ་འཕྲུལ་གྱི་མཐུ་ལ་མངའ་བརྙེས་པ་གཟུགས་ཀྱི་དངོས་པོ་གཅིག་ལ་ཐ་དད་པར་མཐོང་དུ་རུང་ན། རྫུ་འཕྲུལ་གྱི་མཐུ་ལ་
མངའ་བརྙེས་པས་གཟུགས་ཀྱི་ཕུང་པོ་ཐ་དད་པ་ཡང་གཅིག་པ་ཉིད་དུ་མཐོང་བར་འགྱུར་རམ་ཞེའམ། ཐེག་པ་ཆེན་པོའི་གཞུང་གིས་མུ་བཞི་ཡོད་དེ། ཐམས་ཅད་ཀྱང་འགྲུབ་པ་ཉིད་དུ་བསྟན་ཏོ། །དེ་ལ་དང་པོ་ནི་གཟུགས་ལ་ཐ་དད་པར་མཐོང་བ་སྟེ། ཇི་ལྟར་སྤྲུལ་པའི་སྐུ་

གཅིག་ལ་སེམས་ཅན་རྣམས་སོ་སོ་ནས་མི་མཐུན་པར་མཐོང་བ་ལྟ་བུའོ། །གཉིས་པ་ནི་གཟུགས་ཐ་དད་པ་ལ་མཐོང་བ་གཅིག་པ་སྟེ། ཇི་ལྟར་སྤྲུལ་པའི་སྐུ་གཅིག་སངས་རྒྱས་རྣམས་ཐུན་མོང་སྤྲུལ་པས་སྤྲུལ་པར་མཛད་པ་ལ་ལྟོས་ནས་མང་པོ་ཞེས་བརྗོད་ཀྱང་། མཐོང་བ་ནི་
གཅིག་པར་གྱུར་པ་ལྟ་བུའོ། །གཟུགས་ལ་བརྟེན་ནས་སྔོན་པོ་དང་སེར་པོ་འབྱེད་ན་སྔོན་པོ་དང་། སེར་པོ་གཅིག་པུ་འགྲུབ་པ་ནི་རུང་ན་གལ་ཏེ་སེམས་ལ་བརྟེན་ནས་རྣམ་པར་ཤེས་པ་བརྒྱད་རྣམ་པར་འབྱེད་པ་ན། རྣམ་པར་ཤེས་པ་བརྒྱད་ཀྱང་གཅིག་ཏུ་འགྱུར་རམ་ཞེ་ན།
གཟུགས་དང་སྒྲ་ནི་ཆོས་རགས་པ་ཡིན་ཏེ། གཟུགས་སུ་མཚུངས་པ་ཐ་དད་པར་མཐོང་གི །སེམས་ཀྱི་ཆོས་ནི་ཕྲ་ཞིང་ཤེས་པར་དཀའ་བས་གཅིག་པ་ཉིད་དོ་ཞེས་བརྗོད་པར་མི་བྱའོ། །དེ་ཡན་ཆད་དུ་གསུང་གཅིག་གིས་ཆོས་བཤད་པ་ཞེས་བྱ་བ་ལ་གཟུགས་མཚུངས་ཤིང་
ལྟ་བ་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་བསྟན་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་གསང་བ་རྣམ་པ་གསུམ་ལས་སྐུ་དང་གསུང་གི་གསང་བ་དག་ཡིན་ཏེ། གསང་བ་རྣམ་པ་གསུམ་རྒྱ་ཆེར་བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། གསང་བའི་གནས་
བསྟན་པའི་མདོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་གཞུང་བརྗོད་པ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཕྱི་རོལ་པ་དང་ཆོས་འདི་པའོ། །དེ་ལ་ཕྱི་རོལ་པ་ནི་མུ་སྟེགས་ཅན་རྣམས་ཏེ། དེ་དག་ཀྱང་མང་མོད་ཀྱི། གཙོ་བོ་རྣམས་ཀྱི་དབང་དུ་བྱས་ཏེ་བརྗོད་ན་རྣམ་པ་བཞི་
ལས་མེད་དེ་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་ཇི་སྐད་དུ། དང་པོ་ནི་འདི་ཡོད་པ་ལ་སོགས་པའི་རང་བཞིན་དང་། ངེས་པར་ངོ་བོ་ཉིད་གཅིག་པའི་ཆོས་ཡོད་དོ་ཞེས་འཛིན་པ་སྟེ། གྲངས་ཅན་ལ་སོགས་པ་ལྟ་བུའོ། །དེ་དག་གི་འཛིན་པ་དེ་ཡང་རིགས་པ་མ་
ཡིན་ཏེ། ཆོས་ཐམས་ཅད་ཡོད་པའི་རང་བཞིན་ཡིན་པའི་ཕྱིར། ཐམས་ཅད་ཡོད་པའི་རང་བཞིན་ལྟར་ངོ་བོ་ཉིད་བྱེ་བྲག་མེད་པ་ནི་གང་ཡང་མེད་དོ། །གཉིས་པ་ནི་ཡོད་པ་ལ་སོགས་པའི་རང་བཞིན་དང་། ངོ་བོ་ངེས་པར་ཐ་དད་པའི་ཆོས་ཡོད་དོ། །ཞེས་འཛིན་པ་སྟེ། མཆོག་ཏུ་སྨྲ་

བ་ལ་སོགས་པ་ལྟ་བུའོ། །དེ་དག་གི་འཛིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཡོད་པའི་རང་བཞིན་མ་ཡིན་པའི་ཕྱིར། འགགས་ཟིན་པ་ལྟར་ངོ་བོ་ཉིད་མེད་པ་ནི་གང་ཡང་མེད་དེ། དམིགས་སུ་མེད་པའི་ཕྱིར་རོ། །གསུམ་པ་ནི་
ཡོད་པ་ལ་སོགས་པའི་རང་བཞིན་དང་། ངོ་བོ་ཉིད་གཅིག་པ་ཡང་ཡིན། ཐ་དད་པ་ཡང་ཡིན་པའི་ཆོས་ཡོད་དོ་ཞེས་འཛིན་པ་སྟེ། ངོ་ཚ་མེད་པ་ལ་སོགས་པ་ལྟ་བུའོ། །དེ་དག་གི་འཛིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། གཅིག་པ་དང་ཐ་དད་པའི་ནི་སྔ་མ་དང་འདྲ་སྟེ། གཅིག་
པ་དང་ཐ་དད་པའི་སྐྱོན་ཡོད་པའི་ཕྱིར་རོ། །བཞི་པ་ནི་ཡོད་པ་ལ་སོགས་པའི་རང་བཞིན་དང་། གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པའི་ཆོས་ཡོད་དོ་ཞེས་འཛིན་པ་སྟེ། ལོག་པར་འཚོ་བ་ལ་སོགས་པ་ལྟ་བུའོ། །དེ་དག་གི་འཛིན་པ་དེ་ཡང་རིགས་པ་མ་ཡིན་ཏེ།
གཅིག་པ་དང་ཐ་དད་པ་མ་ཡིན་པའི་སྐྱོན་གཅིག་པ་དང་ཐ་དད་པ་དག་དང་མཚུངས་པའི་ཕྱིར་ཏེ། ཞིབ་ཏུ་ནི་དེ་ཉིད་ལས་འབྱུང་བ་བཞིན་ནོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་དང་། སློབ་དཔོན་འཕགས་པའི་ལྷས་གཞུང་རྣམ་པ་བཞི་
འཇིགས་པའི་བསྟན་བཅོས་མཛད་པ་ལས་བསྟན་པ་བཞིན་ནོ། །དེ་ལ་ཆོས་འདི་པའི་གཞུང་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ནད་ཐ་དད་པས་རྗེས་སུ་འབྲང་བའི་གཞུང་དང་། སྡེ་ཐ་དད་པས་རབ་ཏུ་ཕྱེ་བའི་གཞུང་དང་། དུས་ཀྱི་དབང་དུ་མཛད་ནས་རྣམ་པར་བཤད་
པའི་གཞུང་ངོ་། །དེ་ལ་ནད་ཐ་དད་པས་རྗེས་སུ་འབྲང་བའི་གཞུང་ནི་འདི་ལྟ་སྟེ། སེམས་ཅན་རྣམས་མ་རིག་པའི་དབང་གིས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འབྱུང་བ་ན། དེ་བཞིན་གཤེགས་པ་རྣམས་ནད་པ་རྣམས་ཀྱི་རྗེས་སུ་སྨན་རྣམས་རྗེས་སུ་རྣམ་པར་བཞག་པས་དེས་ན་
རེ་རེ་ནས་གཞུང་རྣམས་བརྗོད་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དྲི་མ་མེད་པ་བསྡུས་པ་ལས་གཞན་ཡང་འཇིག་རྟེན་ན་བདུད་བཞི་དང་ཉོན་མོངས་པའི་སྒོ་བརྒྱད་ཁྲི་བཞི་སྟོང་ཡོད་པས། སེམས་ཅན་རྣམས་དེ་དག་གིས་རབ་ཏུ་ཉོན་མོངས་པའི་ཕྱིར། དེ་བཞིན་གཤེགས་

པ་རྣམས་ཆོས་འདི་དག་གིས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་དོ་ཞེས་འབྱུང་བས་དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྣམས་ཉོན་མོངས་པའི་ནད་ཀྱི་རྗེས་སུ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གཉེན་པོར་གྱུར་པ་རྒྱ་ཆེར་གསུངས་པར་རིག་པར་བྱའོ། །ཆོས་
ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ཀྱང་སོ་སོའི་བསྟན་པ་དག་ལས་མི་མཐུན་པར་སྟོན་པས། ཐམས་ཅད་ཡོད་པར་སྨྲ་བའི་མཛོད་ཀྱི་བསྟན་བཅོས་ལས་རྣམ་པ་གསུམ་དུ་བཤད་དེ། དེའི་ཕྱིར་ཚིག་ལེའུར་བྱས་པ་ལས། ཐུབ་པས་གསུངས་པའི་ཆོས་ཀྱི་ཕུང་པོ་
གྲངས་ནི་སྟོང་ཕྲག་བརྒྱད་ཅུ་ཡོད། དེ་དག་རང་བཞིན་ཚིག་གམ་ཡང་ན་མིན། །དེ་ནི་གཟུགས་དང་འདུ་བྱེད་ཕུང་པོས་བསྡུས། །ཁ་ཅིག་དག་ནི་ཆོས་ཀྱི་ཕུང་པོའི་ཚད། །བསྟན་བཅོས་དག་ནས་དེ་བཞིན་རབ་ཏུ་བཤད། །ཁ་ཅིག་ཕུང་པོ་ལ་སོགས་ཚིག་
རྗེས་སུ་ཡང་དག་དོན་དུ་སྤྱོད་པ་རྣམས་གཉེན་པོའི་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། སློབ་དཔོན་ཁ་ཅིག་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་རེ་རེའི་ཚད་ཀྱང་ཆོས་ཀྱི་ཕུང་པོ་ཞེས་བྱ་བའི་བསྟན་བཅོས་ཀྱི་ཚད་ཙམ་སྟེ། འདི་ལྟར་དེ་དག་རེ་རེ་ལ་ཚིགས་སུ་བཅད་
པ་སྟོང་ཕྲག་དྲུག་ཡོད་པས་སོ་ཞེས་ཟེར་རོ། །ཁ་ཅིག་ཆོས་ཀྱི་ཕུང་པོ་ནི་ཕུང་པོ་ལ་སོགས་པའི་ཚིག་གི་རྗེས་སུ་རེ་རེ་ཐ་དད་པས་གྲངས་སྟོང་ཕྲག་བརྒྱད་ཅུ་ཡོད་དེ། འདི་ལྟ་སྟེ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ལ་སོགས་པའོ་ཞེས་ཟེར་ཏེ། ཡང་དག་པའི་དོན་
དུ་གདུལ་བར་བྱ་བའི་སེམས་ཅན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་ལྡན་ཞིང་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་ཡོད་པས་བརྒྱད་ཁྲི་དེ་དག་གི་གཉེན་པོའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་སོ་ཞེས་འབྱུང་ངོ་། །བསྟན་བཅོས་
གཞུང་རབ་ཏུ་བསྟན་པ་ལས་ཀྱང་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དག་དང་མཐུན་པར་བཤད་དེ། དེ་ལ་སློབ་དཔོན་སྔ་མ་གཉིས་ཀྱིས་དོན་ནི་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བའི་ཡང་དག་པའི་དོན་གསུམ་ལ་འཇིགས་པར་བྱེད་དེ། དེའི་ཕྱིར་བསྟན་བཅོས་དེ་

ཉིད་ལས་འདིས་ནི་ཕུང་པོ་ལ་སོགས་ཚིག་རྗེས་སུ་ཞེས་བྱ་བ་དང་། ཕུང་པོ་ལ་སོགས་པ་མེད་ཅེས་བྱ་བ་དང་། སེམས་ཅན་གྱི་ནད་གྱི་སྤྱོད་པའི་གཉེན་པོའི་ཕྱིར་མ་ཡིན་ན། བཤད་པ་རྣམས་དོན་མེད་པར་འགྱུར་རོ། །ཞེས་བྱ་བའི་རྗེས་སུ་མཐུན་
པར་འགྲུབ་པ་ཡིན་ནོ་ཞེས་འབྱུང་ངོ་། །མཛོད་ཀྱི་བསྟན་བཅོས་ལས་བཤད་པ་རྣམ་པ་གསུམ་ཐ་དད་པར་འབྱུང་བ་ཡང་། སློབ་དཔོན་དང་པོ་ནི་དེ་བཞིན་གཤེགས་པས་ལོགས་ཤིག་ཏུ་ཆོས་ཀྱི་སྡེ་བརྒྱད་ཁྲི་གསུངས་ཏེ། སྡེ་རེ་རེ་ཡང་ཆོས་ཀྱི་ཕུང་པོའི་གནས་ཞེས་བྱ་བའི་
བསྟན་བཅོས་དང་མཉམ་སྟེ། ཚིགས་སུ་བཅད་པ་སྟོང་ཕྲག་དྲུག་ཡོད་དོ་སྙམ་དུ་སེམས་སོ། །གཉིས་པ་ནི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་ཉིད་ལ་བརྒྱད་ཁྲི་ཞེས་བྱའོ་སྙམ་དུ་སེམས་སོ། །གསུམ་པ་ནི་ནད་ཀྱི་སྤྱོད་པའི་ཚད་ཀྱི་རྗེས་སུ་སྟོང་ཕྲག་བརྒྱད་ཅུ་ཡོད་དོ་སྙམ་དུ་
སེམས་སོ། །བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་རྣམ་པ་དྲུག་ཡོད་དེ། དང་པོ་གཉིས་དང་དྲུག་པ་ནི་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་ནོ། །དེའི་འོག་ཏུ་བཤད་པ་རྣམ་པ་གསུམ་འབྱུང་བ་ནི། འདི་ལྟ་སྟེ། བཙུན་པ་རབ་དབྱངས་ན་རེ་ཆོས་ཀྱི་ཕུང་པོ་རེ་རེ་ལ་
ཡང་ཚིགས་སུ་བཅད་པ་ཁྲི་ཕྲག་ལྔ་བཅུ་དང་། ལྔ་སྟོང་ལྔ་བརྒྱ་ལྔ་བཅུ་ཡོད་དོ་ཞེའོ། །ཡང་སློབ་དཔོན་གཞན་དག་ན་རེ་ཆོས་ཀྱི་ཕུང་པོ་རེ་རེ་ལ་ཡང་ཚིགས་སུ་བཅད་པ་ཁྲི་ཕྲག་བཅོ་ལྔ་དང་། ལྔ་སྟོང་ལྔ་བརྒྱ་ལྔ་བཅུ་ཡོད་དོ་ཞེ་ན། གཞན་ཁ་ཅིག་ནི་ཆོས་ཀྱི་ཕུང་པོ་རེ་རེ་ལ་ཡང་
ཚིགས་སུ་བཅད་པ་ཁྲི་ལྔ་སྟོང་ལྔ་བརྒྱ་ལྔ་བཅུ་ཡོད་དོ་ཞེ་ན། འདིར་ཐེག་པ་ཆེན་པོ་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་དང་སྦྱར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱི་ལེའུའི་འགྲེལ་པ་ལས། གཞན་ཡང་འདོད་ཆགས་སྤྱོད་པའི་གང་ཟག་གི་དབང་པོ་ཉི་ཁྲི་ཆིག་སྟོང་ཡོད་པས་
དབང་པོ་དེ་དག་གི་ཕྱིར། དེ་བཞིན་གཤེགས་པ་རྣམས་གཉེན་པོའི་ཆོས་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དང་པོ་ནི་དེ་དག་གི་རྗེས་སུ་བྱང་ཆུབ་སེམས་དཔའ་རྣམས་གཉེན་པོའི་ཆོས་ཀྱི་གོ་རིམས་བསྟན་པར་རབ་ཏུ་མོས་སོ། །ཞེ་སྡང་སྤྱོད་པའི་གང་ཟག་གི་དབང་པོ་ཉི་ཁྲི་ཆིག་

སྟོང་ཡོད་པས་དང་པོ་དེ་དག་གི་ཕྱིར། དེ་བཞིན་གཤེགས་པ་རྣམས་གཉེན་པོའི་ཆོས་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དབང་པོ་དེ་དག་གི་རྗེས་སུ་བྱང་ཆུབ་སེམས་དཔའ་རྣམས་གཉེན་པོའི་ཆོས་ཀྱི་གོ་རིམས་བསྟན་པར་རབ་ཏུ་མོས་སོ། །གཏི་མུག་སྤྱོད་པའི་གང་ཟག་
གི་དབང་པོ་ཉི་ཁྲི་ཆིག་སྟོང་ཡོད་པས་དབང་པོ་དེ་དག་གི་ཕྱིར། དེ་བཞིན་གཤེགས་པ་རྣམས་གཉེན་པོའི་ཆོས་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དབང་པོ་དེ་དག་གི་རྗེས་སུ་བྱང་ཆུབ་སེམས་དཔའ་རྣམས་གཉེན་པོའི་ཆོས་ཀྱི་གོ་རིམས་བསྟན་པར་རབ་ཏུ་མོས་སོ། །ཆ་མཉམ་
པའི་གང་ཟག་གི་དབང་པོ་ཉི་ཁྲི་ཆིག་སྟོང་ཡོད་པས་དབང་པོ་དེ་དག་གི་ཕྱིར། དེ་བཞིན་གཤེགས་པ་རྣམས་གཉེན་པོའི་ཆོས་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དབང་པོ་དེ་དག་གི་རྗེས་སུ་བྱང་ཆུབ་སེམས་དཔའ་རྣམས་གཉེན་པོའི་ཆོས་ཀྱི་གོ་རིམས་བསྟན་པར་རབ་ཏུ་མོས་ཏེ།
འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་བསྟན་བཅོས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་གང་ཟག་རྣམ་པ་བཞིའི་ཕྱིར་མདོར་བསྡུས་ནས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དེ་ལས་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཟག་རེ་རེའི་ཕྱིར། ཉི་ཁྲི་ཆིག་སྟོང་རབ་ཏུ་བཤད་པས་དེའི་ཕྱིར་གཅིག་ཏུ་བསྡུས་ནས་བརྒྱད་ཁྲི་བཞི་སྟོང་ཡོད་པར་འགྱུར་ཏེ། འདི་ཇི་ལྟར་བསྐལ་པ་བཟང་པོའི་མདོ་ལས། སྒོ་སུམ་བརྒྱ་ལྔ་བཅུ་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་
ཡོད་པ་དེས་ན། ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ཉིད་དུ་འགྱུར་ཏེ། གཉེན་པོ་དེ་དག་འབྱུང་བ་ཆེན་པོ་བཞི་དང་ཞེ་སྡང་དྲུག་གི་ནད་རབ་ཏུ་སྦྱོར་བས་ཉི་ཁྲི་ཆིག་སྟོང་ཉིད་དུ་འགྱུར་ལ། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་ནད་རྣམ་པ་བཞིའི་གཉེན་པོའི་ཕྱིར། བརྒྱད་
ཁྲི་བཞི་སྟོང་ཉིད་དུ་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་སློབ་དཔོན་ཡང་དག་བདེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་རྣམ་པར་བཤད་པ་དང་སྦྱར་ན་ཡང་། དོན་ལ་འགལ་བ་མེད་དོ། །འཕགས་པ་བྱམས་པའི་གཞུང་དང་སྦྱར་ན་ཡང་སངས་རྒྱས་

ཀྱི་སའི་འགྲེལ་པ་ལས་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་སྤྱོད་པའི་དྲི་མའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་དེ་དག་ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་དང་། གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་
ལ་སོགས་པའི་བགེགས་བྱེད་དོ་ཞེས་འབྱུང་ངོ་། །བསྐལ་པ་བཟང་པོའི་མདོ་ལས་དེ་དག་གི་མཚན་ཉིད་རྒྱ་ཆེར་བཤད་པ་འདིར་བརྗོད་པར་བྱ་སྟེ། དེ་ལས་ཇི་སྐད་དུ་འདི་ལྟ་སྟེ། ཐོག་མ་ཁོ་ནར་སྤྱོད་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམ་པར་བྱའོ། །དེ་བཞིན་དུ་
ཐ་མར་ནི་སངས་རྒྱས་ཀྱི་སྐུ་རྣམ་པར་དགོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སུམ་བརྒྱ་ལྔ་བཅུ་པོ་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཏེ། དེ་ལྟར་ཐམས་ཅད་བསྡུས་ན་ཉིས་སྟོང་ཆིག་བརྒྱ་ཡོད་པར་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཆ་མཉམ་པའི་
སེམས་ཅན་རྣམས་ཀྱི་སྤྱོད་པའི་གཉེན་པོར་བརྒྱད་སྟོང་བཞི་བརྒྱའོ། །འབྱུང་བ་ཆེན་པོ་བཞི་དང་དོན་མེད་པ་དྲུག་གིས་བསྐྱེད་པའི་དོན་རྣམས་བཏོན་ཏེ། ལན་བཅུར་བསྒྱུར་བ་གཅིག་ཏུ་བགྲངས་ན་བརྒྱད་ཁྲི་བཞི་སྟོང་ཉིད་དུ་འགྱུར་ཏེ། འདི་ཡོངས་སུ་བསྒོམ་པའི་ཕྱིར།
གཞན་ཡང་གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་ལ་སོགས་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་རྫོགས་པར་འགྱུར་རོ། །འདི་ནི་མདོར་བསྟན་པ་ཡིན་ཏེ། རྒྱས་པར་བྱེད་ན་དཔག་ཏུ་མེད་དོ་ཞེས་གསུངས་སོ། །དེ་ལྟ་བས་ན་མདོར་བསྡུས་ཏེ་བསྟན་ན་ནི་བརྒྱད་ཁྲི་བཞི་སྟོང་ངོ་། རྒྱ་ཆེར་
བསྟན་ན་ནི་དཔག་ཏུ་མེད་དེ། བརྒྱད་ཁྲི་བཞི་སྟོང་ཞིབ་ཏུ་བཤད་པ་ནི། བསྐལ་པ་བཟང་པོའི་མདོ་ལ་སོགས་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་སྡེ་ཐ་དད་པས་རབ་ཏུ་ཕྱེ་བའི་གཞུང་ཞེས་བྱ་བ་ནི་དེ་ལྟར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་ཡོད་མོད་ཀྱི། སྡེ་རྣམ་པ་ཐ་དད་
པའི་དབང་གིས་སོ་སོ་ནས་བརྗོད་པའི་གཞུང་ཡང་ཐ་དད་དེ། ཇི་ལྟར་འཕགས་པ་དམ་པའི་ཆོས་པུཎྜ་རཱི་ཀའི་མདོ་ནི་ཐེག་པ་གཅིག་གཞུང་དུ་གསུངས་པ་དང་། འཕགས་པ་དྲི་མ་མེད་པས་བསྟན་པ་ནི་བསམ་གྱིས་མི་ཁྱབ་པའི་རྣམ་པར་གྲོལ་བ་གཞུང་དུ་གསུངས་པ་དང་།

སངས་རྒྱས་ཕལ་པོ་ཆེའི་མདོ་ནི་འཕགས་པ་བཞི་བཅུ་རྩ་གཉིས་ཀྱི་རྣལ་འབྱོར་སྤྱོད་པ་གཞུང་དུ་གསུངས་པ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་སངས་རྒྱས་ཀྱི་རང་བཞིན་བསྣན་པ་གཞུང་དུ་གསུངས་པ་སྟེ། འདི་ལ་སོགས་པའི་མདོ་ལ་བརྗོད་ཀྱིས་མི་ལང་ངོ་། །དེ་ལ་
དུས་ཀྱི་དབང་དུ་མཛད་ནས་རྣམ་པར་བཤད་པའི་གཞུང་ཞེས་བྱ་བ་ནི་སྡེ་རྣམས་ཀྱི་རྗེས་སུ་སོ་སོའི་གཞུང་ཐ་དད་མོད་ཀྱི་དུས་ལ་བརྟེན་ཏེ་བརྗོད་ན་རྣམ་པ་གསུམ་ལས་མེད་དེ། དང་པོ་ནི་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་སྟེ། ཇི་ལྟར་ལུང་རྣམ་པ་བཞི་ལ་སོགས་པ་སྡེ་མང་པོ་ཡོད་
ཀྱང་བདེན་པ་བཞི་གཞུང་དུ་གྱུར་པ་ལྟ་བུའོ། །གཉིས་པ་ནི་མཚན་མ་མེད་པའི་གཞུང་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྟ་བུའོ། །གསུམ་པ་ནི་ངེས་པའི་དོན་གྱི་གཞུང་སྟེ། མདོ་འདི་ཉིད་ལ་སོགས་པའོ། །དེའི་ཕྱིར་འོག་ནས་མདོ་ལས་སོ། །
དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བའི་གནས། རི་དྭགས་འབྱིན་པའི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ།
འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ངོ་མཚར་རྨད་དུ་བྱུང་བ་ལགས་མོད་ཀྱི་དེའི་ཚེ་ཡོངས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེ་ནི་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་
པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་སྔོན་དུས་གཉིས་པའི་ཚེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་
མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། འདི་ལྟར་མི་མངོན་པའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཆོས་ངོ་མཚར་རྨད་དུ་བྱུང་བ་ལགས་མོད་ཀྱི། དེའི་ཚེ་ཡོངས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་

པའི་གཞིའི་གནས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེང་དུས་གསུམ་པ་འདིར་ཐེག་པ་ཆེན་པོ་དེ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་
པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་འདི་ལྟར་རབ་ཏུ་ཕྱེ་བའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་ལགས་ཏེ། དེང་འདིར་བཅོམ་ལྡན་འདས་ཀྱིས་ཡོངས་
སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པ་རྣམས་ཀྱི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །བསྟན་པ་འདི་གསུམ་གྱི་དགོངས་པ་རྟོགས་པར་དཀའ་བའི་ཕྱིར། སངས་རྒྱས་
མྱ་ངན་ལས་འདས་པའི་འོག་ཏུ་ལོ་བརྒྱ་ལྷག་ལོན་ནས་གནས་བརྟན་པའི་སྡེ་ལ་སོགས་པ་ཉི་ཤུ་པའི་སློབ་དཔོན་རྣམས་སོ་སོ་ནས་རང་གི་གཞུང་གིས་འཕགས་པའི་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་རྣམ་པར་བཤད་དེ། ཡུལ་འདིར་འཕགས་པའི་གསུང་རབ་བཞུགས་པ་
ཡང་། སྡེ་པ་གཉིས་ལས་མེད་དེ། །ཐམས་ཅད་ཡོད་པར་སྨྲ་བ་དང་། མདོ་སྡེ་ཚད་མར་བྱེད་པའི་སྡེའོ། །དེའི་ཕྱིར་འདིར་སྡེ་པ་གཉིས་ཀྱི་བརྗོད་པ་མདོ་ཙམ་དུ་བཤད་དེ། དེ་ལ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དག་ནི་ཆོས་ཐམས་ཅད་ལ་རང་བཞིན་ཡོད་པས། དུས་
གསུམ་གྱི་ཆོས་རྣམས་ཡང་དག་པར་ངོ་བོ་ཉིད་ཡོད་དོ་ཞེས་ཟེར་ཏེ། གཞུང་འདི་ཡང་བཤད་པ་མི་མཐུན་པ་རྣམ་པ་བཞི་ཡོད་དོ། །དང་པོ་ནི་དངོས་པོ་འགྱུར་བའོ། །གཉིས་པ་ནི་མཚན་ཉིད་དུ་འགྱུར་བའོ། །གསུམ་པ་ནི་གནས་སྐབས་འགྱུར་བའོ། །བཞི་པ་ནི་དུས་
འགྱུར་བ་སྟེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་བཙུན་པ་ཆོས་སྐྱོང་གིས་འདི་ལྟར་དངོས་པོ་མི་མཚུངས་པའི་ཕྱིར། དུས་གསུམ་ཐ་དད་དོ་ཞེས་བཤད་དེ། འདི་ལྟ་སྟེ། ཆོས་རྣམས་འཇིག་རྟེན་ན་འཇུག་པའི་ཚེ། དངོས་པོ་ལ་བྱེ་བྲག་ཡོད་ཀྱང་ངོ་བོ་ཉིད་ཐ་དད་

པ་ནི་མ་ཡིན་ཏེ། ཇི་ལྟར་གསེར་གྱི་སྣོད་བཅག་སྟེ་དངོས་པོ་གཞན་དུ་བྱས་ན། དབྱིབས་ལ་བྱེ་བྲག་ཡོད་ཀྱང་ངོ་བོ་ཉིད་ལ་ནི་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་རྣམས་འཇིག་རྟེན་ན་འཇུག་པ་ན། མ་འོངས་པ་ནས་ནི་ད་ལྟར་གྱི་དུས་སུ་འཇུག་ལ་ད་ལྟར་གྱི་དུས་འདི་ནས་ནི་
འདས་པའི་དུས་སུ་འཇུག་སྟེ། ཐོབ་པའི་དངོས་པོ་དང་བྲལ་བར་ཟད་ཀྱི། ཐོབ་པའི་ངོ་བོ་ཉིད་དང་ནི་བྲལ་བ་ནི་མ་ཡིན་ནོ་ཞེའོ། །གཉིས་པ་ནི་བཙུན་པ་རབ་དབྱངས་ཀྱིས་འདི་ལྟར་མཚན་ཉིད་མི་མཚུངས་པས་དུས་གསུམ་ཐ་དད་དོ་ཞེས་བཤད་དེ། དེ་འདི་ལྟ་སྟེ། ཆོས་
རྣམས་འཇིག་རྟེན་ན་འཇུག་པའི་ཚེ། འདས་པ་ནི་འདས་པའི་མཚན་ཉིད་དང་བྲལ་བ་ཞེས་མི་བརྗོད་དེ། ད་ལྟར་དང་མ་འོངས་པའི་མཚན་ཉིད་དུས་གཉིས་པར་སྦྱར་བ་ཡང་དེ་བཞིན་ཏེ། ཇི་ལྟར་སྐྱེས་བུ་བུད་མེད་ཅིག་ལ་འདོད་ཆགས་སྤྱོད་པའི་ཚེ། གཞན་ཁྱད་པར་ཅན་དག་ལ་
འདོད་ཆགས་དང་བྲལ་བ་ཞེས་མི་བརྗོད་པ་བཞིན་ནོ་ཞེའོ། །གསུམ་པ་ནི་བཙུན་པ་དབྱིག་གི་བཤེས་གཉེན་གྱིས་འདི་ལྟར་གནས་སྐབས་མི་མཚུངས་པས་དུས་གསུམ་ཐ་དད་དོ་ཞེས་བཤད་དེ། འདི་ལྟ་སྟེ། ཆོས་རྣམས་འཇིག་རྟེན་ན་འཇུག་པའི་ཚེ། གནས་སྐབས་
ནས་གནས་སྐབས་སུ་གྱུར་པ་ལ། གཞན་དང་གཞན་དུ་ཞེས་སྟོན་ཏེ། གནས་སྐབས་ལ་བྱེ་བྲག་ཡོད་པའི་ཕྱིར། ངོ་བོ་ཉིད་ཐ་དད་པ་ནི་མ་ཡིན་ཏེ། ཇི་ལྟར་ཤོད་ཅིག་བསྐྱོད་ནས་གྲངས་གཅིག་གི་གནས་སུ་བཞག་པའི་ཚེ་ནི་གཅིག་ཅེས་བྱ་བ་དང་། བརྒྱའི་སྟེང་དུ་བཞག་པའི་
ཚེ་ནི་བརྒྱ་ཞེས་བྱ་བ་དང་། སྟོང་གི་ཚེའི་སྟེང་དུ་བཞག་པའི་ཚེ་ནི་སྟོང་ཞེས་བརྗོད་པ་བཞིན་ནོ་ཞེའོ། །བཞི་པ་ནི་བཙུན་པ་རྟོགས་པའི་ལྷས་འདི་ལྟར་དུས་མི་མཚུངས་པའི་ཕྱིར། དུས་གསུམ་ཐ་དད་དོ་ཞེས་བཤད་དེ། འདི་ལྟ་སྟེ། ཆོས་རྣམས་འཇིག་རྟེན་ན་འཇུག་
པའི་ཚེ། སྔ་ཕྱི་ཕན་ཚུན་སྡོད་པས། མིང་ཐ་དད་པར་རྣམ་པར་གཞག་སྟེ། ཇི་ལྟར་བུད་མེད་གཅིག་ལ་མ་ཞེས་ཀྱང་བྱ། བུ་མོ་ཞེས་ཀྱང་བྱ་ཞེས་བརྗོད་དོ་ཞེའོ། །དེ་ལྟར་རྣམ་པ་བཞིས་བཤད་པ་ཡོད་ཀྱང་གསུམ་པ་བཟང་སྟེ་དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ཚིག་ལེའུར་བྱས་

པ་ལས། དེ་དག་ལ་ནི་ཚིག་རྣམ་པ་བཞི་ཡོད་དེ། དངོས་པོ་མཚན་ཉིད་གནས་སྐབས་སྡོད་འགྱུར་ཏེ། །གསུམ་ལ་བྱེད་པ་ལ་ནི་བརྟེན་ནས་སུ། །དུས་སུ་རྣམ་པར་གཞག་པས་མཆོག་ཏུ་བཟང་། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་གཞན་
རྣམ་པ་གསུམ་པ་དག་སུན་འབྱིན་པ་ལས། ཐམས་ཅད་ཡོད་པར་སྨྲ་བ་རྣམ་པ་བཞི་པོ་དེ་དག་ལས། དང་པོ་ནི་ཆོས་རྣམས་རྣམ་པར་འཛིན་པར་འགྱུར་བའི་ཚེ། མུ་སྟེགས་གྲངས་ཅན་གྱི་རིགས་ཉིད་དུ་རྣམ་པར་གཞག་གོ །གཉིས་པ་ནི་དུས་ཀྱི་མཚན་ཉིད་འདྲེན་པ་ཉིད་དུ་རྣམ་པར་
གཞག་པས་དུས་གསུམ་པོ་ཀུན་ལ་ཡང་། དུས་གསུམ་གྱི་མཚན་ཉིད་ཡོད་པ་བཞིན་དུ་འཛིན་པའི་ཕྱིར་རོ། །བཞི་པ་ནི་སྔ་ཕྱི་ཕན་ཚུན་སྡོད་པ་ཉིད་དུ་རྣམ་པར་གཞག་པས་དུས་གཅིག་གི་ཆོས་ལ་དུས་གསུམ་ཡོད་པ་ཉིད་དུ་འགྱུར་ཏེ། འདི་ལྟ་སྟེ། འདས་པའི་དུས་ཀྱི་སྔ་ཕྱིའི་
སྐད་ཅིག་མ་དག་ནི་འདས་པ་དང་མ་འོངས་པ་ཞེས་བྱ་བར་འགྱུར་ལ། བར་མ་ནི་ད་ལྟར་ཞེས་བྱ་བ་ཉིད་དུ་འགྱུར་བའི་རིགས་ཏེ། མ་འོངས་པ་དང་ད་ལྟར་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་བའི་ཕྱིར། རྣམ་པ་བཞི་ལས་གསུངས་པ་མཆོག་ཏུ་བཟང་སྟེ། འདི་ལྟར་བྱེད་
པའི་དབང་གིས་གནས་སྐབས་ཐ་དད་ལ། གནས་སྐབས་མི་མཚུངས་པའི་ཕྱིར། དུས་རྣམ་པར་གཞག་པ་ཡང་ཐ་དད་དེ། འདི་ལྟ་སྟེ། ཆོས་རྣམས་གང་གི་ཚེ་བྱ་བ་མི་བྱེད་པ་དེའི་ཚེ་ནི་མ་འོངས་པ་ཞེས་བྱའོ། །གང་གི་ཚེ་བྱེད་པ་དེའི་ཚེ་ནི་ད་ལྟར་བྱུང་བ་ཞེས་བྱའོ། །གང་
གི་ཚེ་བྱས་ནས་འགགས་པ་དེའི་ཚེ་ནི་འདས་པ་ཞེས་བྱ་སྟེ། ངོ་བོ་ཉིད་ཐ་དད་པར་གྱུར་པ་ནི་མ་ཡིན་ནོ་ཞེས་འདོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ད་ལྟར་ཡོད་པའི་མིག་ལ་སོགས་པའི་དབང་པོ་ཡོད་པ་དེ་དག་ཀྱང་སྐལ་བ་མཚུངས་པས་བསྡུས་པ་ཡིན་ན། དེ་དག་ལ་
བྱེད་པ་ཇི་ལྟ་བུ་ཞིག་ཡོད་ཅེ་ན། ཅི་དེ་དག་འབྲས་བུ་ལེན་ཅིང་འབྲས་བུ་འབྱིན་ནུས་པ་མ་ཡིན་ཞེས་འབྱུང་སྟེ། བསྟན་བཅོས་གཞུང་རབ་ཏུ་བསྟན་པ་དང་། ཡང་དག་པའི་རིགས་པ་ལས་ཀྱང་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་པར་བཤད་དོ། །གཉིས་པ་མདོ་སྡེ་

ཚད་མར་བྱེད་པའི་སྡེ་པ་རྣམས་ནི་འདི་སྐད་དུ་ཆོས་ཐམས་ཅད་ལ་རང་བཞིན་མེད་དོ། །ད་ལྟར་གྱི་དུས་ནི་ཡོད་དོ། །དུས་གཉིས་ནི་མེད་དོ་ཞེས་རྣམ་པར་འཇོག་སྟེ། ཀུ་མ་ར་ཏ་དང་། ཤི་རི་ར་ཏ་ལ་སོགས་པ་ལྟ་བུའོ། །སློབ་དཔོན་མང་པོ་གཞན་མི་མཐུན་པར་སྨྲ་བ་
དག་ནི་བསྟན་བཅོས་ཡང་དག་པའི་རིགས་པ་དང་མཐུན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། །།བམ་པོ་གསུམ་པ། དེ་ལ་གཉིས་པ་མཚན་ཉིད་མེད་པ་དང་། གསུམ་པ་ངེས་པའི་དོན་ཅེས་བྱ་བ་འདི་གཉིས་ཀྱི་མཚན་ཉིད་ཐ་དད་པ་ཡང་རྣལ་འབྱོར་སྤྱོད་
པའི་སའི་འགྲེལ་པ་ལས་ཇི་སྐད་དུ་འབྱུང་བ་བཞིན་ཏེ། དེ་ལས་ཇི་སྐད་དུ་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་བདུད་ཀྱི་ལས་ཆེར་གཡོས། སྡེ་པ་རྣམས་ཀྱིས་འཛིན་པ་རྣམས་སོ་སོ་ནས་རབ་ཏུ་ལངས་ཏེ། ཕལ་ཆེར་གཡོས་པ་ཉིད་དུ་ལྟ་བ་ལ་མངོན་པར་ཞེན་པས་བྱང་ཆུབ་
སེམས་དཔའ་ཀླུ་སྒྲུབ་ས་རབ་ཏུ་དགའ་བ་བརྙེས་པས་ཐེག་པ་ཆེན་པོ་མཚན་མ་མེད་པ་སྟོང་པ་ཉིད་ཀྱི་གསུང་རབ་ལ་བརྟེན་ནས་བསྟན་བཅོས་དབུ་མ་ལ་སོགས་པ་མཛད་དེ། ཡང་དག་པ་ཉིད་ཀྱི་དོན་རྒྱ་ཆེར་བསྟན་ནས་ཡོད་པར་ལྟ་བ་དེ་དག་རབ་ཏུ་བསལ་ཏོ། །འཕགས་པའི་ལྷ་
ལ་སོགས་པ་བསྟན་བཅོས་ཀྱི་མཁན་པོ་ཆེན་པོར་གྲགས་པ་རྣམས་ཀྱིས་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལ་སོགས་པ་བྱས་ནས་དོན་ཆེན་པོ་རྒྱ་ཆེར་བསྟན་ཏེ། དེས་ན་སེམས་ཅན་རྣམས་སྟོང་པ་ཉིད་དུ་ལྟ་བ་ལ་མངོན་པར་ཞེན་པས། བྱང་ཆུབ་སེམས་དཔའ་ཐོགས་
མེད་ས་དང་པོ་བརྙེས་པས་ཆོས་ཀྱི་འོད་ཀྱི་ཏིང་ངེ་འཛིན་མངོན་པར་རྟོགས་པ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ། འཕགས་པ་བྱམས་པའི་ཞལ་མངོན་སུམ་དུ་མཐོང་བ། རྣལ་འབྱོར་སྤྱོད་པའི་ས་བཤད་པར་གསོལ་ཏེ། འདིར་རིག་པ་མཐར་མ་གཏུགས་པ་ཅི་ཡང་མེད་དོ། །
དངོས་པོ་མི་ཟད་པ་ཅི་ཡང་མེད་དོ། །ཚིག་འབྲུ་རྣམ་པར་མ་བཤད་པ་ཅི་ཡང་མེད་དོ། །དོན་མ་བརྗོད་པ་ཅི་ཡང་མེད་དོ། །ཐེ་ཚོམ་མ་བསལ་བ་ཅི་ཡང་མེད་དོ། །སོ་སོའི་འཛིན་པ་རྣམ་པར་མ་གཞིག་པ་ཅི་ཡང་མེད་དོ། །སྤྱོད་པ་རྣམས་མ་སྤྱད་པ་ཅི་ཡང་མེད་དོ། །

འབྲས་བུ་མངོན་སུམ་མི་བྱེད་པ་ཅི་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་དང་། ཐེག་པ་གཞན་རྣམས་ཀྱི་ཕྱིར་རྒྱ་ཆེར་བཤད་པའི་བར་དུའོ་ཞེས་འབྱུང་སྟེ། དེ་ལྟར་འགྲེལ་པ་དེ་ལས་གཞུང་རྣམ་པ་གཉིས་བཤད་ཟིན་མོད་ཀྱི། གཞུང་རྣམ་པ་
གཉིས་པོ་དེ་དག་རེ་རེ་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། དེ་ལ་མཚན་ཉིད་མེད་པའི་གཞུང་ལ་སློབ་དཔོན་གསུམ་གྱིས་འདི་སྐད་དུ་བསྟན་ཏེ། ཁ་ཅིག་ནི་ངོ་བོ་ཉིད་རྣམ་པ་གསུམ་ལས་ངོ་བོ་ཉིད་རྣམ་པ་གསུམ་ཞིབ་ཏུ་བཤད་དགོས་སོ་ཞེས་ཟེར་ཏེ། བྷ་བྱ་ལ་
སོགས་པའོ། །དེའི་ཕྱིར་བསྟན་བཅོས་ལག་ན་རིན་པོ་ཆེ་ཚིག་ལེའུར་བྱས་པ་ལས། ཡང་དག་ངོ་བོ་ཉིད་དུ་འདུས་བྱས་སྟོང་། །སྒྱུ་མ་ཇི་བཞིན་རྐྱེན་ལས་སྐྱེས་པའི་ཕྱིར། །འདུས་མ་བྱས་ཀྱང་ཡང་དག་ཡོད་མ་ཡིན། །མ་བྱུང་ནམ་མཁའི་མེ་ཏོག་རབ་ཏུ་འདྲ། །ཞེས་
འབྱུང་ངོ་། །ཁ་ཅིག་ནི་ངོ་བོ་ཉིད་རྣམ་པ་གཉིས་ཡོངས་སུ་བཙལ་བར་ཟད་ཀྱི། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་མི་བཙལ་ཏེ། དེའི་ཕྱིར་མདོ་སྡེ་དག་ལ་བརྟགས་པའི་བཙལ་བ་ཡིན་གྱི། ཆོས་ཡོངས་སུ་བཙལ་བར་བྱ་བ་ནི་མ་ཡིན་ནོ་ཞེའོ། །ཁ་ཅིག་ནི་རྣམ་པ་གསུམ་ལ་
ཀུན་བརྟགས་པ་ཉི་ཚེ་བཙལ་བར་བྱ་བ་ཡིན་ཏེ། ཇི་ལྟར་མདོ་འདི་ལས་འོག་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་བསྟན་པས། ཀུན་བརྟགས་ཡོངས་སུ་བཙལ་བ་གསུངས་པ་ལྟ་བུའོ་ཞེའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་མོད་ཀྱི། སློབ་དཔོན་ཧྱན་ཙང་གི་
དགོངས་པ་ནི་རྣམ་པར་བཤད་པ་ཕྱི་མ་ཡིན་པར་དགོངས་སོ། །བྱང་ཆུབ་སེམས་དཔའ་བྱམས་པའི་ངེས་པའི་དོན་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། དེ་ལ་དང་པོ་ནི་སློབ་དཔོན་ཡང་དག་བདེན་པ་ན་རེ། ངོ་བོ་ཉིད་རྣམ་པ་གསུམ་རབ་ཏུ་བཙལ་ནས། ངོ་བོ་ཉིད་མེད་པ་
གསུམ་རྣམ་པར་གཞག་གོ། །འདི་ལྟ་སྟེ། ཀུན་ཏུ་རྟོག་པའི་ངོ་བོ་ཉིད་བཙལ་ནས། ཀུན་ཏུ་རྟོག་པའི་མཚན་ཉིད་མེད་པར་རྣམ་པར་གཞག་གོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་བཙལ་ནས། གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་མེད་པ་རྣམ་པར་གཞག་གོ། །

ཡོངས་སུ་གྲུབ་པའི་ངོ་བོ་ཉིད་བཙལ་ནས། ཡོངས་སུ་གྲུབ་པའི་ངོ་བོ་ཉིད། ངོ་བོ་ཉིད་མེད་པར་རྣམ་པར་གཞག་གོ་ཞེས་བཤད་དེ། སློབ་དཔོན་བྷ་བྱ་དང་། བྱེ་བྲག་ཡོད་པ་ཡང་ངོ་བོ་ཉིད་རྣམ་པ་གསུམ་ནི་བདེན་པ་རྣམ་པར་གཞག་པའི་སྒོ་ཡིན་ལ། ངོ་བོ་ཉིད་མེད་པ་རྣམ་པ་
གསུམ་གྱི་དོན་ནི་རྣམ་པར་གཞག་པ་མ་ཡིན་པས། སློབ་དཔོན་བྷ་བྱ་ལྟར་ཡོངས་སུ་བཙལ་ནས། རྣམ་པར་གཞག་པ་ནི་མ་ཡིན་ནོ། །གཉིས་པ་ནི་ངོ་བོ་ཉིད་རྣམ་པ་གཉིས་བཙལ་བར་ཟད་ཀྱི། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་མི་བཙལ་ཏེ། རྒྱུ་དང་རྐྱེན་ལས་སྐྱེས་པ་དག་
ནི་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེའོ། །གསུམ་པ་ནི་ཀུན་བརྟགས་པ་བཙལ་བར་ཟད་ཀྱི། ངོ་བོ་ཉིད་རྣམ་པ་གཉིས་བཙལ་བ་ནི་མ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལྟ་བུའོ་ཞེའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་། བཤད་པ་ཕྱི་མ་ཡང་དག་པ་མ་
ཡིན་ཏེ། མདོ་སྡེ་འདི་ཉིད་ལ་ཡི་གེ་དང་མཐུན་ཞིང་དོན་འགལ་བ་མེད་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ལ་ཟབ་པ་དང་། མི་ཟབ་པ་ལྟར་ཡོད་དམ་ཞེ་ན། བཤད་པ་རྣམ་པ་གཉིས་ཏེ། དང་པོ་ནི་སློབ་དཔོན་བྷ་བྱ་ལ་སོགས་པས་འདི་སྐད་དུ་བདེན་པ་བཞིའི་ཆོས་ཀྱི་
འཁོར་ལོ་དང་པོ་ནི་ཉན་ཐོས་ཀྱི་གསུང་རབ་ཡིན་ཏེ། སེམས་ཅན་སྟོང་པ་འབའ་ཞིག་སྟོན་ཅིང་ཆོས་སྟོང་པ་ཉིད་སྟོན་པ་མ་ཡིན་པའི་ཕྱིར་ཟབ་པ་མ་ཡིན་ནོ། །གཉིས་པ་མཚན་མ་དང་བཅས་པའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་
པ་ལས་ངོ་བོ་ཉིད་གསུམ་ལ་སོགས་པ་སྟོན་ཅིང་དམིགས་པ་དང་བཅས་པའི་ཕྱིར། ཤིན་ཏུ་ཟབ་པ་མ་ཡིན་ནོ། །གསུམ་པ་མཚན་མ་མེད་པའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལས་ཆོས་རྣམས་སྟོང་པ་ཉིད་དུ་སྟོན་ཅིང་དམིགས་པ་མེད་
པའི་ཕྱིར། ཤིན་ཏུ་ཟབ་པ་ཡིན་ནོ་ཞེའོ། །གཉིས་པ་ནི་སློབ་དཔོན་ཆོས་སྐྱོང་ལ་སོགས་པས་མདོ་སྡེ་ལ་བརྟེན་ནས། འདི་སྐད་དུ་དང་པོ་ནི་འཕགས་པའི་བདེན་པ་བཞི་བསྟན་ཏོ། །དེའི་འོག་ཏུ་མཚན་ཉིད་མེད་པ་བསྟན་ཏོ། །ཐ་མར་ནི་ངེས་པའི་དོན་བསྟན་ཏེ།

བདེན་པ་བཞིའི་ཆོས་ཀྱི་འཁོར་ལོའི་དོན་ནི་སྔར་བཤད་པ་བཞིན་ནོ། །ཆོས་ཀྱི་འཁོར་ལོ་ཕྱི་མ་གཉིས་ནི་མཚན་ཉིད་མེད་པ་སྟོན་པས་དོན་ལ་ཟབ་མི་ཟབ་ཅེས་བསྟན་དུ་མེད་དོ། །གསུང་རབ་རྣམ་པ་གཉིས་ལ་ངེས་པ་མ་ཡིན་པ་ཞེས་བརྗོད་པ་ཡང་ངོ་བོ་ཉིད་
མེད་པ་ཡང་རྣམ་པ་གསུམ་ཡོད་པ་དང་། མེད་པའི་རིགས་པ་གསལ་བར་རབ་ཏུ་ཕྱེ་ནས་བསྟན་པའི་ཕྱིར་ནི་ངེས་པའི་དོན་ཅེས་བརྗོད་ལ། གསང་བའི་རྣམ་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་བསྟན་པའི་ཕྱིར་ནི་མ་ངེས་པའི་དོན་ཞེས་བཤད་དེ། དོན་ལ་ཟབ་
པ་དང་། ཟབ་པ་མ་ཡིན་པའི་ཕྱིར་ངེས་པ་དང་མ་ངེས་པ་ཞེས་བརྗོད་པ་ནི་མ་ཡིན་ནོ་ཞེའོ། །ངོ་བོ་ཉིད་རྣམ་པ་གསུམ་ལས་ངོ་བོ་ཉིད་གང་བཙལ་བའི་ཕྱིར། མཚན་ཉིད་མེད་པ་ཞེས་བྱ་ཞེ་ན། བཤད་པ་རྣམ་པ་གཉིས་ཡོད་དེ། སློབ་དཔོན་ཆོས་སྐྱོང་གི་བཤད་པ་དང་སྦྱར་ན་ནི་
ཀུན་བརྟགས་པ་འབའ་ཞིག་བཙལ་བས་སོ། །སློབ་དཔོན་བྷ་བྱས་བཤད་པ་དང་སྦྱར་ན་ནི། གཞན་གྱི་དབང་གི་ངོ་བོ་ཉིད་འབའ་ཞིག་བཙལ་བའི་ཕྱིར་ཏེ། བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས་འབྱུང་བ་བཞིན་ནོ། །སློབ་དཔོན་ཆོས་སྐྱོང་གིས་གཞུང་རྣམ་པར་གཞག་སྟེ།
བཤད་པ་ལས་འབྱུང་བ་ཀུན་ཏུ་བརྟགས་པའི་ཆོས་ཀྱི་ངོ་བོ་ཉིད་ནི་མེད་པ་ཡིན་ནོ། །རྒྱུ་དང་རྐྱེན་ལས་འབྱུང་བའི་ངོ་བོ་ཉིད་ནི་ཡོད་པ་ཡིན་ཏེ། དོན་འདི་བསྒྲུབ་པའི་ཕྱིར་མདོ་སྡེ་ལས་འབྱུང་བའི་ཁུངས་བསྟན་པ། ཀུན་ཏུ་རྟོག་པ་དག་ནི་མེད་པ་ཡིན། །གཞན་གྱི་དབང་ནི་ངོ་བོ་
ཉིད་ཡོད་དོ། །ཡང་དག་མ་ཡིན་ཀུན་རྟོག་སྟོང་འཇིག་ན། །སྒྲོ་འདོགས་སྐུར་འདེབས་མཐའ་གཉིས་ལྷུང་བར་འགྱུར། །ཞེས་གསུངས་སོ། །ཞེས་བཤད་དོ། །སློབ་དཔོན་བྷ་བྱས་དཔྱད་དེ་བཤད་པ། མདོ་སྡེ་འདི་ལས་མིང་ནི་ཀུན་ཏུ་བརྟགས་པའོ། །དོན་ནི་གཞན་གྱི་
དབང་གི་ངོ་བོ་ཉིད་དོ། །མིང་དེ་ནི་དོན་ལ་ཡོད་པ་མ་ཡིན་པའི་ཕྱིར་མེད་པའོ། །དོན་ནི་འཇིག་རྟེན་པའི་རྗེས་སུ་མེད་པ་མ་ཡིན་པའི་ཕྱིར་ཡོད་པའོ་ཞེས་གསུངས་པ་ཡིན་པས། གཏན་ཚིགས་འདིས་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་བསྡུས་པ་འདི་མི་རུང་ངོ་ཞེས་སློབ་

དཔོན་ཆོས་སྐྱོང་གིས་ནི་འདི་སྐད་དུ། རྣམ་པར་བཤད་པ་འདི་མི་རུང་སྟེ། དོན་འགལ་བའི་ཕྱིར་རོ། །གལ་ཏེ་མིང་དོན་ལ་ཡོད་པ་མ་ཡིན་པའི་ཕྱིར་མེད་པ་ཡིན་ན། དོན་ཡང་མིང་ལ་མེད་པ་ཡིན་ན་ཇི་ལྟར་ཡོད་པར་འགྱུར། གལ་ཏེ་ཡང་དག་པ་མ་ཡིན་པའི་རྣམ་པར་བརྟགས་
པ་རྗོད་པར་བྱེད་པའི་ངོ་བོ་ཉིད་མེད་ན། ཡང་དག་པ་མ་ཡིན་པ་རྣམ་པར་བརྟགས་པ་བརྗོད་པར་བྱ་བའི་ངོ་བོ་ཉིད་དེ། ཅི་ཡོད་པར་འགྱུར་རམ། ཀུན་རྫོབ་ཏུ་བརྟགས་པ་ཙམ་དུ་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་མེད་ན་ཡང་འདྲ་བ་མེད་ན། ཡོད་ན་ཡང་མཉམ་དུ་ཡོད་པ་
ཡིན་ལ་ཅིའི་ཕྱིར། མདོ་སྡེ་ལས་གཅིག་ནི་ཡོད་ལ་གཅིག་ནི་མེད་ཅེས་གསུངས་ཏེ། དེའི་ཕྱིར་ཁྱོད་ཀྱི་སྨྲ་བ་འདི་མདོ་སྡེའི་དོན་དང་རྗེས་སུ་མཐུན་པ་མ་ཡིན་པས། ཀུན་བརྟགས་ཀྱི་ངོ་བོ་ཉིད་མེད་པར་ཡིད་ཆེས་པར་བྱས་ཏེ། འཇིག་རྟེན་པ་རྣམས་ཀྱི་བརྫུན་དུ་རྣམ་པར་
གཞག་པ་ཡིན་པའི་ཕྱིར་རོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྒྱུ་དང་རྐྱེན་ལས་སྐྱེས་ཏེ། ཡང་དག་པ་མ་ཡིན་པའི་སེམས་ཀྱིས་བྱས་པ་མ་ཡིན་པས་ཡོད་པ་ཉིད་དུ་ཡིད་ཆེས་པར་བྱའོ་ཞེས་སུན་འབྱིན་ཏོ། །སློབ་དཔོན་བྷ་བྱས་གཞན་གྱི་དབང་གི་ངོ་བོ་ཉིད་མེད་པར་བསྒྲུབ་པའི་ཕྱིར།
མདོ་སྡེ་ལས་འབྱུང་བའི་ཁུངས་བསྟན་པ། ཅུང་ཟད་སྐྱེ་བའི་ཆོས་ནི་གང་ཡང་མེད། །ཅུང་ཟད་འགག་པར་འགྱུར་བའི་ཆོས་ཀྱང་མེད། །རྣམ་དག་ལྟ་བས་ཆོས་རྣམས་རབ་བརྟགས་ན། །ཡོད་པའང་མ་ཡིན་མེད་པའང་མ་ཡིན་ནོ། །ཞེས་གསུངས་སོ་ཞེའོ། །སློབ་དཔོན་ཆོས་སྐྱོང་གི་
བཤད་པ་འདིས་ཀྱང་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་མ་ཡིན་པར་བསྒྲུབ་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚིགས་སུ་བཅད་པ་འདིའི་དགོངས་པ་ནི་ཀུན་ཏུ་བརྟགས་པའི་རང་བཞིན་གྱི་ཁྱད་པར་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་དེ་དག་གིས་ངོ་བོ་ཉིད་ཀྱི་སྟོང་པ་དང་། སྐྱེ་བ་
མེད་པ་དང་འགག་པ་མེད་པར་རྣམ་པར་བརྟགས་པ་དང་བྲལ་བའི་ལྟ་བ་རྣམ་པར་དག་པས་འཇིག་རྟེན་རྣམས་རབ་ཏུ་བརྟགས་ན། རྒྱུ་དང་རྐྱེན་ལས་སྐྱེས་པས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་མཐོང་ངོ་ཞེས་སྟོན་པས། དེའི་ཕྱིར་འདི་གཞན་གྱི་དབང་གི་ངོ་བོ་ཉིད་མེད་པར་བསྒྲུབ་

པ་མ་ཡིན་ནོ་ཞེའོ། །སློབ་དཔོན་བྷ་བྱས་གལ་ཏེ་ཚིག་ཏུ་སྨྲས་པ། གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་ཡིན་ན། ཅིའི་ཕྱིར་མདོ་སྡེ་ལས་ཆོས་ཐམས་ཅད་མི་སྟོང་པ་གང་ཡང་མེད་དོ་ཞེས་གསུངས་སོ། །གཞན་ཡང་མདོ་སྡེ་ལས་གཟུགས་ལ་སོགས་
པའི་ཆོས་རྣམས་ནི་རང་བཞིན་གྱིས་མེད་དོ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྐྱེ་བ་གང་ཡང་མེད་པས། སྔོན་ཡོད་པ་དང་། སྔོན་མེད་པ་ཞེས་བྱ་བའི་མིང་ཡང་མི་དམིགས་པའི་ཕྱིར་རོ་ཞེས་གསུངས་སོ་ཞེ་ན། སློབ་དཔོན་ཆོས་སྐྱོང་གིས་བཤད་པ་འདི་ལ་ཡང་དགོངས་
པ་ཡིན་ཏེ། དགོངས་པ་དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། འདི་ལྟ་སྟེ། མདོ་སྡེ་འདི་རྣམས་ལས་ཀུན་ཏུ་བརྟགས་པའི་རང་གི་ངོ་བོ་ཉིད་འཇིག་པར་མཛད་ཀྱི། ཐམས་ཅད་མེད་དོ་ཞེས་གསུངས་པ་ནི་མ་ཡིན་ནོ། །དགོངས་པ་འདི་ལྟ་བུ་ཡོད་པར་ཇི་ལྟར་ཤེས་ཤེ་ན། མདོ་སྡེ་གཞན་ལས་
གསལ་བར་གསུངས་པའི་ཕྱིར་རོ། །འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གསུངས་ཏེ། ངས་མཚུངས་པར་ལྡན་པའི་རང་བཞིན་ལ་དགོངས་ནས། ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་བཤད་དེ། གལ་ཏེ་ལ་ལ་ཞིག་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས། ཀུན་ནས་ཉོན་
མོངས་པ་དང་། རྣམ་པར་བྱང་བའི་ཆོས་རང་བཞིན་གྱིས་མེད་དོ་ཞེས་ཟེར་ན། སྟོང་པ་ཉིད་ཉེས་པར་བཟུང་བ་དེ་ནི་ལོག་པར་ལྟ་བ་ཞེས་བྱ་བ་ཞེས་གསུངས་ཏེ། དེ་ལ་མཚུངས་པར་ལྡན་པའི་རང་བཞིན་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་ཀུན་ཏུ་བརྟགས་པ་རྗོད་པར་བྱེད་པ་དང་། བརྗོད་པར་
བྱ་བའི་མཚུངས་པར་ལྡན་པའི་རང་བཞིན་ནོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་འཕགས་པ་རྣམས་ལ་དགོངས་པ་འདི་ལྟ་བུ་ཡོད་པར་ཤེས་སོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་མདོ་ལས། བཅོམ་ལྡན་འདས་ཉིད་ཀྱིས་ཡོད་པ་དང་མེད་པའི་དོན་གསལ་བར་བཅད་དེ། ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ནི་ཐམས་ཅད་དུ་མེད་པ་ཞེས་བྱའོ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པ་རྣམས་ནི་ཡོད་དོ་ཞེས་བརྗོད་དོ་ཞེས་གསུངས་སོ། །གཞན་ཡང་མདོ་སྡེ་གཞན་དག་ལས་ཀུན་

ཏུ་བརྟགས་པའི་རང་བཞིན་གྱིས་མ་སྐྱེས་པའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་བསྡུས་པའི་ཆོས་རྣམས་ནི་རྒྱུ་དང་རྐྱེན་ལས་སྐྱེས་པའོ་ཞེས་གསུངས་པ་དང་། གཞན་ཡང་མདོ་སྡེ་མང་པོ་ལས་ཆོས་རྣམས་ནི་ངོ་བོ་ཉིད་མེད་པ། སྐྱེ་བ་དང་འགག་པ་ལ་སོགས་པ་མེད་ཀྱང་
ཐམས་ཅད་དུ་རབ་ཏུ་དབྱེ་བར་བྱའི། སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས། ངེས་པའི་དོན་ཡིན་ནོ་ཞེས་བཟུང་དུ་མི་རུང་སྟེ། ཀུན་རྫོབ་ཀྱི་བདེན་པ་ཙམ་དུ་ཡང་ཆོས་རྣམས་མེད་དོ་ཞེས་སྟོང་པ་ཉིད་དུ་ཉེས་པར་བཟུང་ནས། ལོག་པར་ལྟ་བ་ཆེན་པོ་བསྒྲུབ་པར་མི་བྱའོ་ཞེས་
གསུངས་སོ་ཞེའོ། །སློབ་དཔོན་བྷ་བྱས་ཡང་གཏན་ཚིགས་ཀྱིས་བསྒྲུབས་ཏེ་སྨྲས་པ། སྨྲ་བ་འདི་ཡང་རིགས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ངེས་པའི་དོན་གྱི་མདོ་ལས་གཞན་དང་གཞན་དུ་རྣམ་པར་འབྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཉིད་ཀྱིས་འདི་སྐད་དུ།
མདོ་སྡེ་གང་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། རང་བཞིན་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། བདག་པོ་མེད་པ་དང་། གང་ཟག་
མེད་པ་དང་། རྣམ་པར་གྲོལ་བའི་སྒོ་ལ་སོགས་པ་བསྟན་པ་གང་ཡིན་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱའོ་ཞེས་གསུངས་སོ་ཞེའོ། །སློབ་དཔོན་ཆོས་སྐྱོང་གིས་བཤད་པ། བདག་གིས་སྨྲས་པ་འདི་རིགས་པ་དང་ཤིན་ཏུ་མཐུན་ཏེ། འདི་ལྟར་མདོ་སྡེ་གཞན་དག་ལས་
བཅོམ་ལྡན་འདས་ཉིད་ཀྱིས་བཅད་དེ་བཀའ་སྩལ་པ། ངས་ཀུན་ཏུ་བརྟགས་པའི་རང་གི་ངོ་བོ་ཉིད་ལ་དགོངས་ནས་མདོ་སྡེ་གཞན་དག་ལས་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་
ངན་ལས་འདས་པའོ་ཞེས་སྟོན་ཏོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་དགོངས་ནས་ནི་སེམས་ཅན་རྣམས་ཀྱི་སེམས་སྐྱེ་བ་དང་། འགག་པ་དང་། འཁོར་བར་འཇུག་པ་ལ་སོགས་པའོ་ཞེས་བསྟན་ཏོ་ཞེས་གསུངས་སོ། །གཞན་ཡང་མདོ་སྡེ་གཞན་དག་ལས་བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པའི་ཕྱིར། སྐྱེ་བ་མེད་པ་འགག་པ་མེད་པའོ། །སྐྱེ་བ་དང་འགག་པ་མེད་པའི་ཕྱིར། རྣམ་པར་འགྱུར་བ་མེད་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་རྣམ་པར་ཤེས་པ་ཡང་དེ་བཞིན་ནོ་ཞེས་གསུངས་ཏེ། འདི་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ལ་དགོངས་ནས་རང་བཞིན་གྱིས་སྟོང་པ་དང་། སྐྱེ་བ་དང་འགག་པ་མེད་པ་ལ་སོགས་པ་གསུངས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་
སྟོང་པ་ཉིད་གསུངས་ཏེ། རང་བཞིན་གྱིས་སྟོང་པ་དང་སྐྱེ་བ་དང་། འགག་པ་མེད་པ་ལ་སོགས་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པས་དེ་དང་དེ་དག་ངོ་བོ་ཉིད་རྣམ་པ་གསུམ་ལས། ཀུན་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད་དང་།
ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཉིས་ནི་ཡོད་པ་ཉིད་དོ་ཞེས་གསུངས་ཏེ། དེ་ལྟ་བས་ན། སྟོང་པ་ཉིད་དུ་བསྟན་པ་གསུང་རབ་དག་ལ་དགོངས་པ་ཡོད་པས་སྒྲ་ཇི་བཞིན་དུ་ཆོས་རྣམས་མེད་དོ་ཞེས་སྐུར་བར་མི་བྱ་སྟེ། སྒྲ་ཇི་བཞིན་དུ་དོན་འཛིན་པ་གང་ཡིན་པ་དེ་དག་ནི་ཐེག་པ་ཆེན་པོ་ལ་སྐུར་པ་
འདེབས་པ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་མདོ་སྡེ་ལས་རབ་འབྱོར་གཟུགས་ཞེས་བྱ་བའི་གཟུགས་རྣམས་ནི་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ལ་སོགས་པ་རྒྱ་ཆེར་བཤད་པའི་བར་དུ་ཡང་དེ་བཞིན་ནོ་ཞེས་གསུངས་ཏེ།
མདོ་སྡེའི་དགོངས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཀུན་ཏུ་བརྟགས་པའི་གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བ་ཚིག་དང་བྲལ་བའི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་ཕྱིར། ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་གསུངས་སོ་ཞེས་སྟོན་ཏོ། །སློབ་དཔོན་བྷ་བྱས་
གལ་ཏེ་ཚིགས་སུ་བཅད་དེ་སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་གལ་ཏེ་ཡང་དག་པར་ཡོད་པ་མ་ཡིན་ན། འོ་ན་ནི་མདོ་སྡེ་ལས་གསུངས་པ་དང་འགལ་བར་འགྱུར་ཏེ། མདོ་སྡེ་ལས་ནི། ཆོས་རྣམས་རྐྱེན་ལས་བྱུང་བ་སྟེ། །རྐྱེན་དང་ཆོས་གཉིས་མེད་པའོ། །གང་གིས་

དེ་ལྟར་རབ་ཤེས་ན། །རྟེན་འབྲེལ་རྟོགས་པ་ཞེས་བྱའོ། །གལ་ཏེ་ཆོས་ནི་རྐྱེན་ལས་སྐྱེས། །ཆོས་དེ་ཡོང་གིས་རང་བཞིན་མེད། །གལ་ཏེ་ཆོས་ནི་རང་བཞིན་མེད། །ཆོས་ནི་རྐྱེན་ལས་བྱུང་བ་མིན། །ཞེས་གསུངས་སོ་ཞེའོ། །སློབ་དཔོན་ཆོས་སྐྱོང་གིས་བཤད་པ། དེ་ལྟར་མདོ་
སྡེ་གཉིས་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རང་བཞིན་མེད་དོ་ཞེས་བཤད་ཀྱང་འགལ་བ་མེད་དོ། །འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་ཏུ་བརྟགས་པ་དང་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །འདིར་དགོངས་པས་ཀུན་ཏུ་བརྟགས་པའི་ངོ་
བོ་ཉིད་ཡོད་པ་མ་ཡིན་པར་སྟོན་ཅིང་གཞན་གྱི་དབང་གི་ངོ་བོ་ཉིད་བསྟན་པ་ནི་མ་ཡིན་ནོ། །གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་གཟོད་མ་ནས་རང་བཞིན་མེད་དོ་ཞེས་བཤད་པ་ནི་རྣམ་པར་བྱང་བ་དང་། ཀུན་ནས་ཉོན་མོངས་པའི་ཆོས་གཉིས་ཀྱང་མེད་པར་སྐུར་བར་འགྱུར་བས།
སྟོང་པ་ཉིད་ཉེས་པར་ཟིན་པ་ཞེས་བྱ་སྟེ། བདག་དང་གཞན་གཉི་ག་ལ་གནོད་པར་འགྱུར་རོ་ཞེའོ། །སློབ་དཔོན་བྷ་བྱས་ཡང་སྨྲས་པ། །ཡང་དག་པ་མ་ཡིན་པའི་རྟོག་པ་འདི་སུ་ཞིག་བཟློག་པར་ནུས་ཏེ། ཡང་དག་པའི་ལྟ་བ་ཐོབ་པར་གྱུར་པའི་ཚེ་རང་ཉིད་ཀྱིས་བསལ་བར་འགྱུར་
རོ་ཞེའོ། །སློབ་དཔོན་ཆོས་སྐྱོང་གིས་བཤད་པ། གལ་ཏེ་རྐྱེན་ལས་འབྱུང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་དེ་དག་ཀྱང་ཀུན་བརྟགས་དང་འདྲ་བར་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ན། འོ་ན་ནི་ནམ་མཁའི་མེ་ཏོག་འདྲ་བས། ཇི་ལྟར་སྲིད་པ་གསུམ་གྱི་སེམས་
ཅན་འཆི་ཞིང་སྐྱེ་ཤིའི་འཁོར་བ་བྱེད་པར་ནུས། དེ་ལྟ་བས་ན་གཞན་གྱི་དབང་གི་ངོ་བོ་ཉིད་རང་གི་ངོ་བོ་ཉིད་མེད་པ་མ་ཡིན་ནོ། །བསྟན་བཅོས་མཛད་པའི་དང་པོའི་དགོངས་པ་ཡང་ངེས་པར་དེ་འདྲའོ། །གལ་ཏེ་དེ་ལྟ་མ་ཡིན་ན་ཅིའི་ཕྱིར་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པའི་འཆིང་
བ་དག་ནི་སྟོང་པ་ཉིད་མངོན་པར་རྟོགས་པས་རབ་ཏུ་སེལ་ཏེ་ཞེས་བཤད། རུས་སྦལ་གྱི་སྤུས་འཆིང་བའི་བྱ་བ་བྱེད་པ་དང་། རི་བོང་གི་རྭ་མངོན་སུམ་དུ་རྟོགས་པ་དང་། ཡོངས་སུ་བསལ་བར་བྱེད་ནུས་པར་སུས་མཐོང་སྟེ། དེ་ནས་སེམས་དང་སེམས་ལས་བྱུང་བའི་ཆོས་ནི་ཡོད་

ལ་སེམས་ལས་ལོགས་ཤིག་ན་ཡུལ་ཡོད་པར་ཡོངས་སུ་བཟུང་བ་དེ་དག་ནི་མེད་པར་ཤེས་པར་བྱ་སྟེ། ཞིབ་ཏུ་བཤད་པ་ནི་དེ་ཉིད་ལས་འབྱུང་བ་བཞིན་ནོ་ཞེའོ། །སྡེ་སྣོད་གསུམ་པ་དག་གིས་བཤད་པ་ལས་འབྱུང་བ། ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་པོ་དེ་
ཡང་། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་ལོན་པ་ན། སྡེ་པ་ཉི་ཤུའི་སློབ་དཔོན་རྣམས་སོ་སོ་ནས་རང་གི་རིག་པས་ཆོས་ཀྱི་འཁོར་ལོ་དང་པོའི་རྣམ་པར་བཤད་པ་དག་བྱས་སོ། །དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལོན་པའི་འོག་ཏུ་བྱང་ཆུབ་
སེམས་དཔའ་ཀླུ་སྒྲུབ་ཀྱིས་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བསྟན་བཅོས་རྣམས་མཛད་དེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། དབུ་མ་ལ་སོགས་པའོ། །དེ་དག་ལས་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྤངས་པས་མཚན་ཉིད་མེད་
པའི་ཚུལ་རབ་ཏུ་བསྟན་ཏོ། །དེ་ནས་འཕགས་པའི་ལྷ་ལ་སོགས་པས་གཞུང་དེ་ཡང་དག་པར་བླངས་ཏེ། གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྤེལ་ཏོ། །སངས་རྒྱས་མྱ་ངན་ལས་འདས་པའི་ལོ་དགུ་བརྒྱ་ལོན་པ་ན་བྱང་ཆུབ་སེམས་དཔའ་བྱམས་པས་མདོ་སྡེ་དགོངས་པ་ཟབ་མོ་ངེས་པར་
འགྲེལ་པ་ལ་སོགས་པ་ལ་བརྟེན་ནས། བསྟན་བཅོས་མཛད་དེ་འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པའི་ས་དང་དབུས་དང་མཐའ་རྣམ་པར་འབྱེད་པ་ལ་སོགས་པའོ། །སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་གྱིས་གཞུང་དེ་ཡང་དག་པར་བླངས་ནས་རབ་ཏུ་སྤེལ་ཏེ། དེའི་ཚེ་སངས་རྒྱས་
ཀྱི་ཆོས་རོ་གཅིག་པས་སྟོང་པ་དང་ཡོད་པར་སྨྲ་བས་དེ་དག་ལ་རྩོད་པར་གྱུར་པ་མེད་དོ། །དེའི་ཕྱིར་སློབ་དཔོན་ཉེ་བའི་འོད་ན་རེ། ལོ་སྟོང་གི་མདུན་རོལ་དུ་ནི་སངས་རྒྱས་ཀྱི་ཆོས་རོ་གཅིག་གོ། །དེ་ཚུན་ཆད་ནས་ནི་དྲན་པ་དང་ཤེས་རབ་ཁད་ཀྱིས་འགགས་པས་སྟོང་པ་དང་ཡོད་པའི་རྩོད་
པར་སྨྲ་བ་རྣམས་འཇིག་རྟེན་ན་རྒྱས་པར་གྱུར་ཏོ་ཞེས་བཤད་དོ་ཞེའོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྩོད་པར་གྱུར་པ་རྣམ་པར་བཤད་པ་ཡང་། དེ་བཞིན་གཤེགས་པའི་གསུང་རབ་ཤིན་ཏུ་ཟབ་པས་དེ་དག་ཕན་ཚུན་བྲག་ཅ་ལྟ་བུའི་ཚུལ་དུ་སངས་རྒྱས་ཀྱི་ཆོས་རབ་ཏུ་

བསྟན་པ་ཡིན་པར་བསྟན་པའི་ཕྱིར་རོ། །མུ་སྟེགས་གྲངས་ཅན་དག་ཀྱང་དེ་བཞིན་གཤེགས་པས་རྣམ་པར་གྲོལ་བའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྐྱེས་བུ་ཆེན་པོ་གཉིས་ནང་གི་ཆོས་ཀྱི་གང་ཟག་ཤེས་རབ་དང་དབང་པོ་ཤིན་ཏུ་རྣོ་བ་རང་གིས་འཕགས་པའི་གསུང་
རབ་དང་འགྲེལ་པར་མི་མཛད་པ་དང་ལྟ་ཅི་སྨོས་ཏེ་དེ་ལྟ་བས་ན་དེ་དག་གིས་དེ་ལྟར་བཤད་པ་ཡང་། བསྟན་པ་རྒྱ་ཆེར་སྤེལ་བའི་ཕྱིར་ཡིན་པར་རིག་པར་བྱའོ། །མདོ་སྡེ་འདི་ནད་ཐ་དད་པས་རྗེས་སུ་འབྲང་བའི་གཞུང་ལས་ནི་བདེན་པ་གཉིས་དང་ངོ་བོ་ཉིད་གསུམ་དང་ཞི་གནས་དང་།
ལྷག་མཐོང་ལ་སོགས་པ་རྣམ་པར་གཞག་པའི་གཞུང་ངོ་། །སྡེ་ཐ་དད་པས་རབ་ཏུ་ཕྱེ་བའི་གཞུང་ལས་ནི་མཚུངས་པ་མེད་པ་རྣམ་པ་གསུམ་བརྗོད་པར་བྱ་བའི་གཞུང་དུ་སྟོན་ཏོ། །དུས་ཀྱི་དབང་དུ་མཛད་ནས་རྣམ་པར་བཤད་པའི་གཞུང་ལས་ནི་ངེས་པའི་དོན་བསྟན་པའི་གཞུང་ཡིན་ནོ། །
དེ་ལ་གསུམ་པ་གནས་དང་གང་གི་ཆེད་དུ་གསུངས་པ་བསྟན་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། བསྟན་པའི་གནས་བསྟན་པ་དང་། བསྟན་པ་གང་གི་ཕྱིར་གསུངས་པ་བསྟན་པའོ། །བསྟན་པའི་གནས་བསྟན་པ་ནི་འདི་ལྟ་སྟེ། འཕགས་པའི་གསུང་རབ་ལ་སྒོ་མང་དུ་ཡོད་མོད་ཀྱི།
དེ་དག་ཀྱང་མདོར་བསྡུ་ན། སྡེ་སྣོད་གསུམ་དང་སྡེ་སྣོད་གཉིས་དང་གསུང་རབ་ཡན་ལག་བཅུ་གཉིས་སོ། །དེ་ལ་སྡེ་སྣོད་གསུམ་ཞེས་བྱ་བ་ཡང་དང་པོ་ནི་མདོ་སྡེའི་སྡེ་སྣོད་དེ། སཱུ་ཏྲ་ཞེས་བྱ་བའི་སྒྲ་ལས་དྲངས་ནས་མཐུན་པའི་མདོ་སྡེ་ཞེས་འདྲེན་ཏེ། མཐུན་པའི་རིགས་པ་དང་། སེམས་
ཅན་མོས་པ་དང་འཚམ་པར་གྱུར་པའོ། །མདོ་ཞེས་བྱ་བ་ནི་བརྒྱུས་པ་དང་བསྡུས་པ་སྟེ། དོན་རྣམས་བརྒྱུས་ཤིང་སེམས་ཅན་བསྡུས་པས་དོན་འདི་གཉིས་དང་ལྡན་པའི་ཕྱིར་མདོ་སྡེ་ཞེས་བྱའོ། །གཉིས་པ་ནི་འདུལ་བའི་སྡེ་སྣོད་དེ་ལུས་དང་ངག་གི་ལས་མི་དགེ་བ་ཡན་ལག་བདུན་
འདུལ་བར་བྱེད་པའམ། ཡང་ན་ལས་རྣམ་པ་གསུམ་འདུལ་ཞིང་མི་དགེ་བ་ལས་ལོག་པའི་ཕྱིར་འདུལ་བ་ཞེས་བྱའོ། །གསུམ་པ་ནི་ཆོས་མངོན་པའི་སྡེ་སྣོད་དེ། འདིས་ཡུལ་མངོན་དུ་བྱེད་པ་དང་འབྲས་བུ་མངོན་དུ་བྱེད་པའི་ཕྱིར་རོ། །མ་མོ་ཞེས་ཀྱང་བྱ་སྟེ། ཤེས་རབ་

ཀྱི་རྩ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ལྟར་རྣམ་པ་གསུམ་པོ་ཐམས་ཅད་ཀྱིས་ཡོངས་སུ་ཤེས་པར་བྱ་བའི་དོན་སྡུད་ཅིང་སྦེད་པས་ན་སྡེ་སྣོད་ཅེས་བྱའོ། །དེ་ལ་སྡེ་སྣོད་གཉིས་ཞེས་བྱ་བ་ནི་འདི་ལྟར་སྡེ་སྣོད་གསུམ་པོ་དེ་དག་ཉིད་ལ་ཐེག་པ་འོག་མ་དང་གོང་མའི་
བྱེ་བྲག་ཡོད་པའི་ཕྱིར་ཏེ། དེས་ན་སྡེ་སྣོད་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །སྡེ་སྣོད་རྣམ་པ་འདི་གཉིས་ཀྱི་མཚན་ཉིད་ནི་འོག་ནས་མདོ་འདི་ཉིད་ལས་རྒྱ་ཆེར་རྣམ་པར་འབྱེད་དོ། །དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ཞེས་བྱ་བ་
ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་
དུ་བྱུང་བའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་རྣམས་ཏེ། དེ་དག་གི་མཚན་ཉིད་ཀྱང་མདོ་འདི་ཉིད་ལས་འོག་ནས་རྒྱ་ཆེར་རྣམ་པར་འབྱེད་དོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་རང་གཅིག་གི་གསུང་རབ་དེ་དག་ཀྱང་། རྒྱ་གར་ཡུལ་པའི་སློབ་དཔོན་རྣམས་སོ་སོ་ནས་བཤད་
པ་མི་མཐུན་པས་ཆོས་ཀྱི་ཁ་ཅིག་བསྟན་པ་ནི་རྣམ་པ་གཅིག་སྟེ། འདི་ལྟ་སྟེ། གསུང་གཅིག་གོ་ཞེས་ཟེར་ཏེ། ལ་ཤི་བ་ལ་སོགས་པ་ལྟ་བུའོ། །ཁ་ཅིག་བསྟན་པ་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། ཡོངས་སུ་མ་རྫོགས་པ་དང་། ཡོངས་སུ་རྫོགས་པའོ་ཞེས་བཤད་དེ། ཐམ་བུ་
ཆིམ་ལྟ་བུའོ། །ཁ་ཅིག་བསྟན་པ་ནི་རྣམ་པ་གསུམ་སྟེ། ཇི་ལྟར་སློབ་དཔོན་སྡེ་སྣོད་གསུམ་པ་ཧྱན་ཙང་གིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལ་བརྟེན་ནས་འཕགས་པའི་བདེན་པ་བཞི་དང་། མཚན་ཉིད་མེད་པ་དང་། ངེས་པའི་དོན་ཞེས་བྱ་བ་གོང་དུ་བཤད་
པ་ལྟ་བུའོ། །ཁ་ཅིག་བསྟན་པ་ནི་རྣམ་པ་བཞི་སྟེ་དང་པོ་ནི་འཕགས་པའི་བདེན་པ་བཞིའི་བསྟན་པ་འདི་ལྟ་སྟེ། ལུང་ལ་སོགས་པའོ། །གཉིས་པ་ནི་མཚན་ཉིད་མེད་པའི་བསྟན་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །གསུམ་པ་ནི་ཆོས་ཀྱི་མཚན་ཉིད་བསྟན་པ་

སྟེ། འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ལྟ་བུའོ། །བཞི་པ་ནི་རྣལ་འབྱོར་སྤྱོད་པའི་བསྟན་པ་སྟེ། འཕགས་པ་སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ལྟ་བུའོ། །སློབ་དཔོན་ཡང་དག་བདེན་པ་ནི་འདི་སྐད་དུ། ཁ་ཅིག་བསྟན་པ་ནི་རྣམ་པ་ལྔའོ་ཞེས་ཟེར་ཏེ། དང་པོ་ནི་
བདེན་པ་བཞིའོ། །གཉིས་པ་ནི་མཚན་ཉིད་མེད་པའོ། །གསུམ་པ་ནི་རྣལ་འབྱོར་སྤྱོད་པ་སྟེ། དོན་སྔར་བཤད་པ་བཞིན་ནོ། །བཞི་པ་ནི་ཤིན་ཏུ་བདེ་བའི་ཐེག་པ་ཆེན་པོའི་སྟེ། ཇི་ལྟར་འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས་ཤིན་ཏུ་བདེ་བ་མྱ་ངན་ལས་འདས་པའི་འབྲས་བུ་བཤད་
པ་ལྟ་བུའོ། །ལྔ་པ་ནི་ཐེག་པ་ཆེན་པོ་ཡོངས་སུ་སྲུང་བ་སྟེ། ཇི་ལྟར་འཕགས་པ་གསེར་འོད་དམ་པ་ལ་སོགས་པ་ལས་ལྷའི་རྒྱལ་པོ་རྣམས་ཡུལ་ཡོངས་སུ་བསྲུང་བར་བཤད་པ་ལྟ་བུའོ་ཞེའོ། །སློབ་དཔོན་སྡེ་སྣོད་གསུམ་པ་པས་མདོ་སྡེ་འདི་ནི་སྡེ་སྣོད་རྣམ་པ་གཉིས་ལས་བྱང་ཆུབ་
སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་སོ། །སྡེ་སྣོད་གསུམ་ལས་ནི་མདོ་སྡེའི་སྡེ་སྣོད་ཀྱིས་བསྡུས་སོ། །ཡང་ན་ཆོས་མངོན་པའི་སྡེ་སྣོད་ཀྱིས་བསྡུས་ཏེ། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་ཅིང་། ཤེས་པ་རབ་ཏུ་བསྐྱེད་པའི་ཕྱིར་རོ། །གསུང་རབ་ཡན་ལག་བཅུ་གཉིས་པ་ནི་གཏན་
ལ་ཕབ་པར་བསྟན་པའི་སྡེས་བསྡུས་སོ། །ཡང་ན་མདོའི་སྡེས་བསྡུས་པར་བལྟའོ་ཞེས་བཤད་དོ། །དེ་ལ་བསྟན་པ་གང་གི་ཕྱིར་གསུངས་པ་བསྟན་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། གསུང་རབ་ཐམས་ཅད་ཀྱི་གང་གི་ཕྱིར་གསུངས་པ་སྤྱིར་བསྟན་པ་དང་། མདོ་སྡེ་འདི་ཉིད་ཀྱི་གང་གི་
ཕྱིར་གསུངས་པ་བསྟན་པའོ། །གསུང་རབ་ཐམས་ཅད་ཀྱི་གང་གི་ཕྱིར་གསུངས་པ་ཡང་ཚད་མེད་མོད་ཀྱི། མདོར་བསྡུ་ན་རྣམ་པ་བཞི་ཁོ་ནའོ། །དེ་ལ་དང་པོ་ཡང་རྣམ་པ་གཉིས་ཏེ། མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་དང་། མྱ་ངན་ལས་འདའ་བའི་ཆོས་ཅན་དག་གོ། །
དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དག་ནི། ས་བོན་ཡོངས་སུ་ཚང་བ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་དག་ནི་བྱང་ཆུབ་སེམས་དཔའ་གསུམ་གྱི་ས་བོན་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །གཉིས་པ་

ནི་ཁ་ཅིག་ལས་རྣམ་པ་གསུམ་མོ་ཞེས་བཤད་དེ། འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པ་དང་། མ་ངེས་པའི་ཕུང་པོའོ། །སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་
པའི་ཆོས་ཅན་དག་གོ། །ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་མྱ་ངན་ལས་འདས་པ་ཉིད་ཀྱི་ཆོས་ཅན་མ་ཡིན་པ་དག་གོ་ཞེས་བཤད་དོ། །གསུམ་པ་ནི་ཁ་ཅིག་ལས་རྣམ་པ་བཞིའོ་ཞེས་བཤད་དེ། ཇི་ལྟར་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས། འདུལ་བར་བྱ་བའི་
སེམས་ཅན་ནི་རྣམ་པ་བཞི་ཡོད་དེ། ཉན་ཐོས་ཀྱི་རིགས་ཅན་དག་ཉན་ཐོས་ཀྱི་ལམ་འཐོབ་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་རིགས་ཅན་དག་རང་སངས་རྒྱས་ཀྱི་ལམ་འཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་རིགས་ཅན་དག་སངས་རྒྱས་ཀྱི་ལམ་འཐོབ་པར་འགྱུར་
བ་དང་། ལྷ་དང་མིའི་རིགས་ཅན་དག་ལྷ་དང་མིའི་བདེ་བ་འཐོབ་པར་འགྱུར་བའོ་ཞེས་གསུངས་ཏེ། བསྟན་བཅོས་ཡོངས་སུ་འཛིན་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །གསུམ་པ་གང་ཟག་དེ་དག་ཡོངས་སུ་སྨིན་པར་བྱ་བ་དང་། མདོར་བསྡུ་ན་རྣམ་པ་བཞི་ཡོད་དོ། །
ཉན་ཐོས་ཀྱི་རིགས་ཅན་དག་ནི་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། རང་སངས་རྒྱས་ཀྱི་རིགས་ཅན་དག་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་རིགས་ཅན་དག་ནི་བླ་ན་མེད་པའི་ཐེག་པས་ཡོངས་སུ་སྨིན་པར་བྱ་བ་དང་། རིགས་
མེད་པ་དག་ནི་བདེ་འགྲོའི་ལམ་གྱིས་ཡོངས་སུ་སྨིན་པར་བྱ་བ་སྟེ། འདི་ལྟར་གང་ཟག་བཞི་པོ་དེ་དག་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཆོས་བཞི་པོ་འདི་དག་གིས་ཡོངས་སུ་སྨིན་པར་མཛད་དེ། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་བསྟན་བཅོས་ཡོངས་སུ་
འཛིན་པ་ལས་འབྱུང་བ་དང་མཐུན་པར་བཤད་དོ། །མ་ངེས་པའི་རིགས་ཅན་དག་ནི་ཐེག་པ་གསུམ་གྱི་རིགས་ཅན་ལས་གུད་ན་མེད་དེ། བྱང་ཆུབ་སེམས་དཔའི་རིགས་ཀྱིས་བསྡུས་པའི་ཕྱིར་ལོགས་ཤིག་ཏུ་མ་བཤད་དོ། །བཞི་པ་ནི་ཁ་ཅིག་ལས་རྣམ་པ་ལྔའོ་ཞེས་བཤད་དེ།

འདི་ལྟ་སྟེ། སྔ་མ་བཞིའི་སྟེང་དུ་ཡང་རིགས་མ་ངེས་པ་བསྣན་ན་རིགས་རྣམ་པ་ལྔར་འགྱུར་བའི་ཕྱིར་རོ། །གཞན་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། རིགས་ནི་རྣམ་པ་ལྔ་ཡོད་དེ། ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་དང་། རང་སངས་རྒྱས་ཀྱི་ཐེག་
པའི་རིགས་ཅན་དང་། བྱང་ཆུབ་སེམས་དཔའི་ཐེག་པའི་རིགས་ཅན་དང་། ཐེག་པ་མ་ངེས་པའི་རིགས་དང་། རིགས་མེད་པའོ་ཞེས་གསུངས་སོ། །གལ་ཏེ་ཐེག་པ་གསུམ་གྱི་ས་བོན་མ་ཚང་བ་ལ་རིགས་མེད་པ་ཞེས་བྱ་བ་ནས། འཕགས་པ་ལང་ཀར་གཤེགས་པའི་
མདོ་ལས་གསུངས་པའི་རིགས་མེད་པ་སྟེ། ཇི་ལྟར་བརྡ་སྤྲོད་ཅིང་རྣམ་པར་བཤད་པར་བྱས་ཏེ། དེའི་ཕྱིར་མདོ་དེ་ཉིད་བམ་པོ་བཞིར་བྱས་པ་ལས། བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་འདི་ལ་གཏན་དུ་མྱ་ངན་ལས་མི་འདའ་བ་གང་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདོད་ཆེན་པ་ནི་རྣམ་པ་གཉིས་ཡོད་དེ། བྱང་ཆུབ་སེམས་དཔའ་དང་། འདོད་ཆེན་པ་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་འདོད་ཆེན་པ་ནི་ཆོས་ཐམས་ཅད་གཟོད་མ་ནས་མྱ་ངན་ལས་འདས་པར་ཤེས་ནས་
གཏན་དུ་མྱ་ངན་ལས་མི་འདའ་སྟེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་འདོད་ཆེན་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་འདོད་ཆེན་པ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བརྒྱ་ལ་གལ་ཏེ་ན་དགེ་བའི་རྩ་བ་བསྐྱེད་པར་འགྱུར་
རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །དེ་ལྟར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འདོད་ཆེན་པ་རྣམས་ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་གསུངས་སོ་ཞེ་ན། རིགས་མེད་པ་ནི་རྣམ་པ་གཉིས་ཏེ།
དུས་ཀྱི་མཐའ་ལ་ལྟོས་པ་དང་། གཏན་དུ་བའོ། །དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་ལས་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་རྣམ་པ་གཉིས་ཏེ། དུས་ཀྱི་མཐའ་ལ་ལྟོས་པ་དང་། གཏན་དུ་བའོ་ཞེས་འབྱུང་སྟེ། འཕགས་པ་ལང་ཀར་གཤེགས་པ་ནི་དང་པོ་ལས་དགོངས་ཏེ་

གསུངས་ལ། རྣལ་འབྱོར་སྤྱོད་པའི་ས་ལས་ཕྱི་མ་ལ་བསམས་ཏེ་བསྟན་པ་ནི་འགལ་བ་མེད་དོ། །གཞན་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་རིགས་ཅན་རྣམ་པ་གཉིས་སུ་ཕྱེ་སྟེ། དང་པོ་ནི་དགེ་བའི་རྩ་བ་སྤངས་པ་སྟེ། དེ་དུས་ཀྱི་མཐའ་
ལ་ལྟོས་པའོ། །གཉིས