Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 118

Văn bản gốc(Tây Tạng)

Trang 7 / 18 (50.000 ký tự/trang)
ེས་འབྱུང་ངོ་། །འཇིགས་པ་ལྔ་ལས་ཡང་དག་པར་འདས་པ་ཞེས་
བྱ་བས་ནི་བརྒྱད་པ་ཡོངས་སུ་དག་པ་ཆེན་པོ་ཉིད་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། ལས་རྣམ་པ་གསུམ་ཡོངས་སུ་དག་པས་འཇིགས་པ་རྣམས་ལས་ངེས་པར་འབྱུང་བ་སྟེ། ངན་འགྲོའི་འཇིགས་པ་ལ་སོགས་པའི་རྒྱུ་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་མེད་པའི་

ཕྱིར་རོ། །འཇིགས་པ་ལྔ་ནི་འཚོ་བ་མེད་པའི་འཇིགས་པ་དང་། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། ངན་སོང་གི་འཇིགས་པ་དང་། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་སྟེ། འཇིགས་པ་ལྔ་པོ་དེ་དག་ནི་ལྷག་པའི་བསམ་
པ་རྣམ་པར་དག་པའི་ས་ཐོབ་པ་ན་ཡོངས་སུ་སྤང་ངོ་ཞེས་འབྱུང་ངོ་། །འཇིགས་པ་ལྔ་རྒྱ་ཆེར་བཤད་པ་ནི་འཕགས་པ་ས་བཅུ་པའི་འགྲེལ་པ་དང་། བསྟན་བཅོས་གནས་པ་བཅུས་བཤད་པ་དང་། སངས་རྒྱས་ཀྱི་ངོ་བོ་ཉིད་བསྟན་པ་དང་། ལེགས་པར་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ཡང་དག་
པའི་རིགས་པའི་རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། གཞན་དག་ནས་ཀྱང་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །གཅིག་ཏུ་ཕྱིར་མི་ལྡོག་པའི་ས་བགྲོད་པར་གྱུར་པ་ཞེས་བྱ་བས་ནི་དགུ་པ་རྟོགས་པ་ཆེན་པོ་ཉིད་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་
པ་ལས། ཐམས་ཅད་མཁྱེན་པ་ཉིད་དུ་ལུང་བསྟན་པའི་ས་ཐོབ་པ་ན། གཅིག་ཏུ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་ཏེ། སྔ་མའི་ས་བདུན་པོ་དག་ལ་ད་དུང་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པས། ཕྱིར་མི་ལྡོག་པའི་མངོན་པར་འདུ་བྱེད་པ་མེད་པའི་ལམ་མི་ཐོབ་བོ། །དེ་ལས་གཞན་
པའི་ས་ལ་ནི་མངོན་པར་འདུ་བྱེད་པ་མེད་པར་རང་གི་ངང་གིས་འཇུག་པ་ཐོབ་པས། གཅིག་ཏུ་བགྲོད་པར་ཞུགས་པའི་ཕྱིར། གཅིག་ཏུ་ཕྱིར་མི་ལྡོག་པའི་ས་བགྲོད་པར་གྱུར་པ་ཞེས་གསུངས་པ་ཡིན་ནོ་ཞེས་འབྱུང་སྟེ། དེ་ལ་སྦྱོར་བ་དང་བཅས་པའི་ཤེས་པ་ནི་གཅིག་ཏུ་ཟག་པ་དང་བཅས་
པས་ས་བརྒྱད་པ་མན་ཆད་མི་སྤྱོད་དོ། །ས་བརྒྱད་པ་ཡན་ཆད་མངོན་པར་འདུ་བྱེད་པ་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་མངོན་དུ་མི་སྤྱོད་པས་ཕྱིར་མི་ལྡོག་པའི་ས་ཞེས་བྱའོ། །ཕྱིར་མི་ལྡོག་པ་དེ་ཡང་བསྟན་བཅོས་མདོ་སྡེ་རྒྱན་ལས་རྣམ་པ་གསུམ་དུ་བཤད་དེ། དེའི་ཕྱིར་དེ་ཉིད་ལས། ཕྱིར་
མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཕྱོགས་ཀྱང་རྣམ་པ་གསུམ་ཡོད་དེ། དང་པོ་ད་དུང་ཡོངས་སུ་མ་རྫོགས་པའི་ཕྱིར་མི་ལྡོག་པ་ནི་འདི་ལྟ་སྟེ། མོས་པས་སྤྱོད་པའི་ས་རྣམས་སོ། །གཉིས་པ་ཡོངས་སུ་རྫོགས་པའི་ཕྱིར་མི་ལྡོག་པ་ནི་འདི་ལྟ་སྟེ། ས་དང་པོ་ནས་ས་བདུན་པའི་བར་རྣམས་སོ། །

གསུམ་པ་ཤིན་ཏུ་ཡོངས་སུ་རྫོགས་པའི་ཕྱིར་མི་ལྡོག་པ་ནི་འདི་ལྟ་སྟེ། ས་བརྒྱད་པ་ཡན་ཆད་དོ་ཞེས་འབྱུང་ངོ་། །སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་སུམ་དུ་གྱུར་པ་ཞེས་བྱ་བས་ནི་ས་བཅུ་པ་ལས་ཆེན་པོ་ཉིད་བསྟན་ཏེ། སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་
པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གི་སྡུག་བསྔལ་གྱི་གནོད་པ་དང་། ཕོངས་པ་རབ་ཏུ་ཞི་བར་བྱེད་པའི་ལས་མངོན་སུམ་དུ་གྱུར་པ་སྟེ། ས་དེ་ནི་སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་ལྡན་པས། དེ་ཉིད་ཀྱིས་ཕྱི་ནང་གི་ནད་ལ་སོགས་པའི་
སྡུག་བསྔལ་དང་། ཕྱི་རོལ་གྱི་དབུལ་བ་ལ་སོགས་པའི་གནོད་པས་གཟིར་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །དེ་གཉིས་ཀྱིས་ཕལ་ཆེར་སེམས་ཅན་གྱི་དོན་དང་། ཕན་པ་དང་བདེ་བའི་བྱ་བ་བྱེད་པའི་ཕྱིར་དེ་ཐོབ་པ་ནི་ལས་ཆེན་པོ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་སློབ་དཔོན་ཉེ་
བའི་འོད་ཀྱིས་འགྲེལ་པ་ལས། གནོད་པ་ཞེས་བྱ་བ་ནི་ཡོངས་སུ་བླངས་པའི་ལས་སམ་འབྲས་བུ་ཐོབ་པ་གང་ཡིན་པའོ་ཞེས་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་རྣམ་པ་གཅིག་ལས་ནི་ཁམས་གསུམ་གྱི་སྡུག་བསྔལ་གྱི་བདེན་པ་ནི་གནོད་པ་ཐམས་ཅད་ཅེས་བྱའོ་ཞེས་འབྱུང་ངོ་། །
དེ་ཡན་ཆད་ནི་ཆེན་པོ་རྣམ་པ་བཅུ་སྦྱར་ནས་མདོའི་ཚིག་བཅུ་བཤད་ཟིན་ཏོ། །ད་ནི་གཉིས་པ་ས་བཅུ་དང་སྦྱར་ནས་མདོའི་ཚིག་རྣམ་པར་བཤད་དེ། དེའི་ཕྱིར་སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། གཞན་ཡང་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་གནས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་དང་པོ་
ལ་གནས་ནས་ཆོས་ཀྱི་དབྱིངས་ཡང་དག་པར་ཀུན་ཏུ་ཁྱབ་པ་ཐོབ་པ་ན་དང་པོ་ཁོ་ནར་དེ་ཁོ་ན་ཉིད་ཡང་དག་པར་ཐེག་པ་ཆེན་པོའི་ཆོས་ཐོབ་པའི་ཕྱིར། ཐེག་པ་ཆེན་པོ་ལ་གནས་པ་ཞེས་བྱའོ། །ཐེག་པ་ཆེན་པོའི་ཆོས་བགྲོད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་གཉིས་པའི་ཚེ། བྱང་ཆུབ་སེམས་དཔའི་ཚུལ་
ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་མངོན་པར་བསྒྲུབ་པའི་ཕྱིར། ཐེག་པ་ཆེན་པོའི་སྤྱོད་པའི་ཆོས་ཉིད་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་གསུམ་པས་ཏིང་ངེ་འཛིན་ཁྱད་པར་ཅན་རྣམས་ཐོབ་པ་ན།

ཚད་མེད་པ་བཞི་བསྐྱེད་ནས་སེམས་ཅན་རྣམས་ལ་མཉམ་པར་ཕན་འདོགས་པའི་ཕྱིར། རྣམ་པར་རྟོག་པ་ལ་སོགས་པ་དང་བྲལ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་བཞི་པས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་ཐོབ་ནས་རྣམ་པར་རྟོག་པ་དང་། རྣམ་པར་མི་རྟོག་
པའི་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་དང་བྲལ་བ་སྟེ། དེ་ལ་རྣམ་པར་རྟོག་པ་དང་བྲལ་བ་ཞེས་བྱ་བ་ནི། མཐོང་བས་སྤང་བར་བྱ་བ་སྟེ། ཀུན་བརྟགས་པའི་འཇིག་ཚོགས་ལ་ལྟ་བས་དང་པོ་པས་སྤངས་པའོ། །རྣམ་པར་མི་རྟོག་པ་དང་བྲལ་བ་ཞེས་བྱ་བ་ནི་བསྒོམ་པས་སྤང་བ་སྟེ། ལྷན་ཅིག་སྐྱེས་པའི་འཇིག་
ཚོགས་ལ་ལྟ་བས་འདི་པ་སྤངས་པའོ། །རྣམ་པ་འདི་གཉིས་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི། རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཞེས་བྱ་སྟེ། སྤྱོད་པ་དང་ཤེས་པ་ཐ་དད་པའི་ཕྱིར་རོ། །འདི་སྔ་ཕྱི་སྤངས་པ་ཡིན་མོད་ཀྱི། ཟད་པའི་མཐའ་ལ་ལྟོས་ནས་སྤྱིར་བསྟན་པ་ཡིན་ཏེ། ཇི་ལྟར་
བསམ་གཏན་བཞི་ལ་སྡུག་བསྔལ་བ་དང་། བདེ་བ་སྤངས་སོ་ཞེས་བྱ་བ་དང་། འབྲས་བུ་གསུམ་པ་འོག་མའི་ཆ་དང་མཐུན་པ་རྣམ་པ་ལྔ་སྤངས་སོ་ཞེས་བཤད་པ་ལྟ་བུའོ། །ཁ་ཅིག་ནི་ས་འདིར་རྣམ་པར་ཤེས་པ་བདུན་པ་ལ་ཡོད་པ་ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤངས་སོ་
ཞེའོ། །ཁ་ཅིག་ནི་ས་འདིར་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་གྱི། ཉོན་མོངས་པ་ཅན་གྱི་ཡིད་ནི་མ་ཡིན་ཏེ། འདི་ལྟར་ས་བདུན་པ་མན་ཆད་ནི་ད་དུང་ཉོན་མོངས་པ་ཕྲ་མོའི་མངོན་དུ་སྤྱོད་པ་དང་བཅས་པས། གལ་
ཏེ་ཉོན་མོངས་པ་ཅན་གྱི་ཡིད་མེད་ན། ཀུན་ནས་ཉོན་མོངས་པའི་རྟེན་ཡང་མེད་པར་འགྱུར་ལ། ལྔ་པ་དང་ཡང་མི་འདྲ་བའི་རིགས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཉོན་མོངས་པ་ཕྲ་མོ་གལ་ཏེ་སྤངས་ཟིན་ན། ས་ལྔ་པ་དང་། དྲུག་པ་དང་། བདུན་པའི་ཉོན་མོངས་པ་རགས་པ་ཡང་མངོན་དུ་སྣང་བར་
འགྱུར་བ་མི་རིགས་ཏེ། འོ་ན་ནི་རྣལ་འབྱོར་སྤྱོད་པའི་ས་དང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བཤད་པ་དག་དང་འགལ་བར་འགྱུར་རོ། །གཞན་ཡང་ཇི་ལྟར་ཐེག་པ་འོག་མ་པ་གཉིས་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཉོན་མོངས་པ་དང་། ཡིད་ཀྱི་

རྣམ་པར་ཤེས་པའི་ཉོན་མོངས་པ་ཤིན་ཏུ་ཕྲ་མོ་ཅིག་ཅར་སྤོང་བ་ལྟ་བུར་འགྱུར་ཏེ། ཅིའི་ཕྱིར་འདིར་སྔར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཉོན་མོངས་པ་ཤིན་ཏུ་ཕྲ་མོ་སྤངས་ནས། ཕྱིས་ཡིད་ཀྱི་རྣམ་པར་ཤེས་པའི་ཉོན་མོངས་པ་རགས་པ་སྤོང་བ་ཞེས་བསྟན། དེ་ལྟ་བས་ན་ས་བཞི་པ་དག་ཏུ་བདག་མེད་པའི་
ཤེས་པ་ཐོབ་པས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བ་སྤངས་པ་ཡིན་གྱི། ད་དུང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཉོན་མོངས་པ་ཤིན་ཏུ་ཕྲ་མོ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ལྷག་མ་སྤངས་པ་ནི་མ་ཡིན་ནོ། །འདི་ཡང་ཟིལ་གྱིས་
གནོན་པའི་བྲལ་བ་ལ་བྱའི་གཏན་དུ་འགགས་པ་ནི་མ་ཡིན་ཏེ། ས་བདུན་པར་ཕྱིན་ནས་རྡོ་རྗེ་ལྟ་བུའི་སེམས་ཀྱི་ཚེ། གདོད་ཅིག་ཅར་སྤོང་སྟེ་བསྒོམས་པས་ས་བོན་བཅོམ་པའི་ཕྱིར་རོ་ཞེའོ། །བདུད་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་ལྔ་པར་འཕགས་པའི་བདེན་
པ་བཞི་པོ་དག་མཉམ་པ་ཉིད་དུ་བསྒོམས་པས། འཁོར་བ་དང་མྱ་ངན་ལས་འདས་པ་ཐ་དད་པར་ཡོངས་སུ་འཛིན་པའི་བདུད་ཀྱི་ཕྱིར་རྒོལ་བ་བཅོམ་པའོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་དྲུག་པར་རྟེན་ཅིང་འབྲེལ་
པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་མཉམ་པ་ཉིད་དུ་བསྒོམས་པས་ཐེག་པ་འོག་མ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་ལ་ཤིན་ཏུ་སྐྱོ་བ་དང་། མྱ་ངན་ལས་འདས་པ་ལ་མོས་པའི་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་
པའོ། །ཆོས་རྒྱ་ཆེན་པོའི་རོའི་དགའ་བ་དང་། བདེ་བས་བསྟན་པ་ཞེས་བྱ་བ་འདི་ལྟ་སྟེ། ས་བདུན་པས་མཚན་མ་མེད་པའི་དོན་རྟོགས་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་སྤྱོད་པ་མཆོག་བསྐྱེད་ནས། ཆོས་ཆེན་པོའི་དགའ་བ་ཉམས་སུ་མྱོང་བའོ། །འཇིགས་པ་ལྔ་ལས་ཡང་དག་
པར་འདས་པ་ཞེས་བྱ་བ་ནི་འདི་ལྟར་ས་བརྒྱད་པ་ལ་ཉོན་མོངས་པ་ཐམས་ཅད་མངོན་དུ་མི་སྣང་སྟེ། འཇིགས་པ་ལྔའི་རྒྱུད་དང་བྲལ་བས། འཇིགས་པ་ལྔ་ལས་ཡང་དག་པར་འདས་པ་ཞེས་བྱ་སྟེ། འཇིགས་པ་ལྔའི་འབྲས་བུ་ནི་ས་དང་པོ་ཐོབ་པའི་ཚེ་སྤངས་པ་ཉིད་དོ། །གཅིག་ཏུ་

ཕྱིར་མི་ལྡོག་པའི་ས་བགྲོད་པར་གྱུར་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་དགུ་པས་ངེས་པར་ས་བཅུའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་ཚོགས་ཡོངས་སུ་རྫོགས་པ། ཕྱིར་མི་ལྡག་པའི་ས་བགྲོད་པར་གྱུར་པའོ། །སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟ་སྟེ།
བཅུ་པས་ཆོས་ཀྱི་སྐུ་ཆེན་པོ་ཐོབ་པས། སྙིང་རྗེ་ཆེན་པོའི་སྤྲིན་བསྐྱེད་དེ། ཆོས་ཀྱི་ཆར་ཆེན་པོ་ཕབ་ནས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་གནོད་པས་གཟིར་བའི་དངོས་པོ་རབ་ཏུ་ཞི་བར་བྱེད་པའོ་ཞེས་འབྱུང་སྟེ། དེ་ཡན་ཆད་དུ་ས་བཅུ་དང་སྦྱར་ནས་བསྟན་པ་བཤད་ཟིན་ཏོ། །འདི་མན་
ཆད་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སྨོན་ལམ་བཅུ་དང་སྦྱར་ནས་མདོའི་ཚིག་བཅུ་རྣམ་པར་འབྱེད་དེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། གཞན་ཡང་འདི་ལྟར་མདོའི་ཚིག་བཅུ་པོ་དེ་དག་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་དང་ཡང་སྦྱར་ནས་བཤད་
པར་བྱ་སྟེ། ས་དང་པོ་ཡན་ཆད་ས་རེ་རེ་ལ་ཡང་ས་རྣམས་ཀྱི་སྤྱོད་པ་ཐམས་ཅད་མ་ལུས་པར་སྡུད་པ་ཡོད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཕ་རོལ་ཏུ་ཕྱིན་པ་བཅུ་ནི་འོག་ནས་མདོ་ལས་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་སྐབས་ནས་རྒྱ་ཆེར་སྟོན་ཏོ། །སྨོན་ལམ་ཆེན་པོ་བཅུ་ནི་རྣལ་འབྱོར་སྤྱོད་པའི་ས་དང་།
ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པ་དང་། ས་བཅུའི་འགྲེལ་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཟབ་མོ་དགོངས་པ་ངེས་པར་འགྲེལ་པ་དང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཚུལ་བཞིན་ཀུན་ཏུ་འདྲི་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཤིན་ཏུ་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡངས་པའི་བློ་གྲོས་དང་། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་འབྱུང་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་དམ་ཡང་དག་འཕགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་སོགས་པ་ནི་གཙོ་བོར་གྱུར་ཏེ་ཞེས་བྱ་བས་ནི་གསུམ་པ་གཙོ་བོའི་དབང་དུ་མཛད་ནས་མིང་སྨོས་པ་ཞེས་བྱ་བ་བསྟན་ཏེ། འདིར་ཡང་མདོར་བསྡུ་ན་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། མིང་རྣམ་པར་བཤད་པ་དང་། དེ་དག་སྨོས་པའི་དགོས་
པ་བསྟན་པ་དང་། དྲིས་ལན་དག་གིས་སྐྱེ་བ་གཅིག་གིས་ཐོགས་པ་རྣམ་པར་འབྱེད་པའོ། །དེ་ལ་མིང་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ །དེ་ལ་སྤྱིའི་མིང་ནི་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་མིང་དབྱེར་མེད་པ་འདི་ལྟ་བུ་དག་ནི་ཡོན་
ཏན་ལས་བཏགས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས་བཅུ་དྲུག་པ་དེ་བཞིན་ཆོས་དང་ལྡན་པ་ཞེས་བྱ་བའི་བར་དུ་བསྟན་པ་ལྟ་བུའོ། །བསྟན་བཅོས་རྣམ་པར་བཤད་པ་དང་། མདོ་སྡེ་རྒྱན་ལས་ཀྱང་རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་
བ་དང་མཐུན་པར་བཤད་དོ། །གཞན་ཡང་མདོ་སྡེ་རྒྱན་ལས་ཀྱང་མི་བཅུ་དྲུག་པོ་འདི་དག་ནི་ཐམས་ཅད་ཀྱང་དོན་ལས་བཏགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མིང་འདི་དང་ལྡན་པས། གང་ལ་ལ་ཞིག་གང་ལ་མིང་འདི་ལྟ་བུ་དག་དང་ལྡན་པར་ཤེས་ནས་དེ་ནི་བྱང་ཆུབ་
སེམས་དཔའ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་སྤྱིའི་མིང་ལས་མིང་དང་པོ་གཉིས་ཡིན་ཏེ། དོན་བཤད་པ་ནི་སྔར་བསྟན་པ་བཞིན་ནོ། །དེ་ལ་མིང་བཅུ་དྲུག་ཀྱང་དང་པོ་ནི་བྱང་ཆུབ་སེམས་དཔའོ། །གཉིས་
པ་ནི་བྱང་ཆུབ་སེམས་དཔའ་ཆེ་ཞེས་བྱའོ། །གསུམ་པ་ནི་བློ་གྲོས་དང་ལྡན་པའོ། །བཞི་པ་ནི་གསལ་བའི་མཆོག་གོ། །ལྔ་པ་ནི་རྒྱལ་བའི་སྲས་སོ། །དྲུག་པ་ནི་རྒྱལ་བའི་གཞིའོ། །བདུན་པ་ནི་རྒྱལ་བའི་མྱུ་གུའོ། །བརྒྱད་པ་ནི་རྣམ་པར་རྒྱལ་བར་བྱེད་པའོ། །དགུ་པ་ནི་རྩལ་
དང་ལྡན་པའོ། །བཅུ་པ་ནི་འཕགས་པའི་མཆོག་གོ། །བཅུ་གཅིག་པ་ནི་དེད་དཔོན་ནོ། །བཅུ་གཉིས་པ་ནི་གྲགས་པ་ཆེན་པོའོ། །བཅུ་གསུམ་པ་ནི་སྙིང་རྗེ་ཅན་ནོ། །བཅུ་བཞི་པ་ནི་བསོད་ནམས་ཆེ་བས་སོ། །བཅོ་ལྔ་པ་ནི་དབང་ཕྱུག་གོ། །བཅུ་དྲུག་པ་ནི་ཆོས་དང་ལྡན་པའོ། །དེ་ལ་

མིང་བྱེ་བྲག་ཅན་ནི་འོག་ནས་རྒྱ་ཆེར་སྟོན་ཏོ། །སོགས་པ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་གཞན་ཚད་མེད་པ་རྣམས་བསྡུའོ། །གཙོ་བོར་གྱུར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བཅུ་པོ་དེ་དག་འཁོར་འདུས་པའི་ནང་ན་གཙོ་བོར་གྱུར་པའི་ཕྱིར་གཙོ་བོར་
གྱུར་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་པ་འཁོར་འདིའི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར། གཙོ་བོར་གྱུར་པ་ཞེས་བྱའོ་ཞེས་བཤད་པ་ལྟ་བུའོ། །དེ་ལ་བཅུ་པོ་དག་སྨོས་པའི་དགོས་པ་བསྟན་པ་ཡང་དོན་རྣམ་
པ་གསུམ་ཡོད་དོ། །དང་པོ་ནི་བྱང་ཆུབ་སེམས་དཔའ་དང་པོ་གཅིག་གིས་དོན་ཟབ་མོ་རྣམ་པར་བཤད་པའི་ཕྱིར་དང་། དེའི་འོག་མ་བྱང་ཆུབ་སེམས་དཔའ་གསུམ་གྱིས་དོན་དམ་པ་གཅིག་པའི་མཚན་ཉིད་ཞུས་པའི་ཕྱིར་དང་ཐ་མའི་བྱང་ཆུབ་སེམས་དཔའ་དྲུག་གིས་སོ་སོ་ནས་ལེའུ་
རེ་རེ་ཐ་དད་པའི་དོན་ཞུས་པའི་ཕྱིར་བཅུ་ཁོ་ན་སྨོས་པ་ཡིན་ནོ། །གཞན་ཡང་མདོར་བསྡུས་པའི་ཕྱིར་བཅུ་ཁོ་ན་སྨོས་པ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། མདོ་འདི་ལས་བསྡུས་པའི་ཕྱིར་མིང་གཅིག་ཁོ་ན་སྨོས་པ་ཡིན་ཏེ། འཁོར་གཞན་རྣམས་ནི་
གྲངས་འབའ་ཞིག་སྨོས་པ་ཡང་། ཡང་དག་པར་སྡུད་པ་པོ་དག་གིས་མདོར་བསྡུ་བར་བསམས་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་ཤིན་ཏུ་མང་ན་ཅིའི་ཕྱིར་མང་པོ་མ་སྨོས། སྨྲས་པ།
བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བརྗོད་ཀྱིས་མི་ལང་སྟེ། གལ་ཏེ་ཀུན་སྨོས་པར་གྱུར་ན་ཚིག་འབྲུ་དང་ཡི་གེ་དཔྱད་པར་དཀའ་བས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ལས་མེད་དེ། འདི་ལྟ་སྟེ། ཁྱིམ་པ་དང་རབ་ཏུ་བྱུང་བ་ལ་གནས་འདི་
ཉིད་ཀྱི་ཕྱིར་དང་། ཕྱོགས་གཞན་གྱིའོ། །ཁྱིམ་པ་ནི་འདི་ལྟ་སྟེ། ཀུན་ཏུ་བཟང་པོ་ལ་སོགས་པའོ། །རབ་ཏུ་བྱུང་བ་ནི་འདི་ལྟ་སྟེ་འཇམ་དཔལ་ལ་སོགས་པའོ། །གནས་འདི་ཉིད་ཀྱི་ས་ནི་འདི་ལྟ་སྟེ། བྱམས་པ་ལ་སོགས་པའོ། །ཕྱོགས་གཞན་གྱི་ནི་འདི་ལྟ་སྟེ། སྤྱན་

རས་གཟིགས་དབང་ཕྱུག་ལ་སོགས་པའོ། །འདི་གཉིས་སྨོས་པ་ཉིད་ཀྱིས་གཞན་ཐམས་ཅད་ཀྱང་མ་ལུས་པར་བསྡུས་པར་རིག་པར་བྱའོ་ཞེས་འབྱུང་སྟེ། འདི་ཡང་དེ་བཞིན་ནོ། །དེ་ལ་དྲིས་ལན་དག་གིས་རྣམ་པར་འབྱེད་པ་ཞེས་བྱ་བ་ནི། འཕགས་པའི་ཚིག་ངེས་པར་
འགྲེལ་པའི་མདོ་ལས་བྱམས་པ་ལ་སོགས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་གསུངས་ན། སྐྱེ་བ་གཅིག་གིས་ཐོགས་པ་དང་། ལུས་ཐ་མ་པ་ཞེས་བྱ་བ་གཉིས་ལ་བྱེ་བྲག་ཏུ་གྱུར་པ་ཅི་ཡོད། སྨྲས་པ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་
གིས་བྱམས་པ་ལ་སོགས་པ་དགའ་ལྡན་ན་གནས་པའི་ལུས་ལ་སོགས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་སྟེ། ཡང་སྐྱེ་བ་གཅིག་བླངས་ནས་གདོད་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །མིའི་ནང་དུ་སྐྱེས་ནས་ད་དུང་མངོན་པར་རྫོགས་པར་སངས་མ་རྒྱས་
པའི་མདུན་རོལ་ནི་ཐ་མའི་སྐྱེ་བ་ཞེས་བྱ་སྟེ། སྐྱེ་བ་གཅིག་གི་ནང་ན་ནངས་ཀྱི་ཐ་མ་ཡིན་པའི་ཕྱིར་རོ་ཞེའོ། །འདིར་ཐེག་པ་ཆེན་པོའི་གཞུང་དང་སྦྱར་ནས་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་མིའི་ལུས་ཐོབ་པ་གང་ཡིན་པ་དེ་ནི་སྐྱེ་བ་གཅིག་པ་ཞེས་བྱ་སྟེ། ཚིག་ངེས་
པར་འགྲེལ་པའི་མདོ་ལས་ཇི་སྐད་དུ། བྱམས་པ་ལ་སོགས་པ་ནི་སྐྱེ་བ་གཅིག་པ་ཞེས་བྱ་བའི་ཕྱིར་རོ་ཞེས་གསུངས་སོ། །ཁ་ཅིག་ན་རེ་ལྷའི་ལུས་གང་ཡིན་པ་དེ་ནི་སྐྱེ་བ་གཅིག་པ་ཞེས་བྱ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ། སྐྱེ་བ་གཅིག་
གིས་ཐོགས་པ་ནི་དགའ་ལྡན་གྱི་ལྷའི་བྱང་ཆུབ་སེམས་དཔའོ་ཞེས་གསུངས་པ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་མིའི་ལུས་ཐོབ་པ་གང་ཡིན་པ་དེ་ནི་ལུས་ཐ་མ་པ་ཞེས་བྱ་སྟེ། རྣལ་འབྱོར་སྤྱོད་པའི་ས་ལས་སྐྱེ་བ་ཐ་མ་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སྐྱེ་
བ་འདི་ཉིད་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་བསྟན་པ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་ལྷའི་ལུས་གང་ཡིན་པ་དེ་ནི་སྐྱེ་བ་ཐ་མ་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཇི་སྐད་དུ། དགའ་ལྡན་ལྷའི་གནས་སུ་ལུས་ཐ་མ་པའི་བྱང་ཆུབ་སེམས་དཔའ་སེམས་

ཅན་གྱི་དོན་བྱེད་དོ་ཞེས་བཤད་པ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་མིའི་ལུས་ནི་སྐྱེ་བ་གཅིག་པ་དང་། ལུས་ཐ་མ་པ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཇི་སྐད་དུ། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་ནི། ཡང་ན་མཚན་
མ་ལས་ཤེས་པ་སྟེ། ཇི་ལྟར་དྲང་སྲོང་ཨ་སི་ཏས་སྐུའི་མཚན་བརྟགས་པ་ལས་ཚེ་འདི་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱ་བར་ཤེས་པ་དང་། འོ་ཐུག་གསོལ་བ་ལས་དེ་ཉིད་དུ་འཚང་རྒྱ་བར་ཤེས་པ་དང་། ལུས་ཐ་མ་པའི་བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པའི་སྟོབས་
ཀྱིས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་དང་། བདུད་ཀྱིས་འཚེ་བ་སྔོན་དུ་སྣང་བ་སྟོན་ཏོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ན་རེ་ལྷའི་ལུས་ནི་སྐྱེ་བ་གཅིག་པ་དང་། ལུས་ཐ་མ་པ་ཞེས་བྱ་སྟེ། བསྟན་བཅོས་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ལས། ཇི་སྐད་དུ་སྐྱེ་བ་གཅིག་གིས་ཐོགས་
པའི་བྱང་ཆུབ་སེམས་དཔའ་ནི་དགའ་ལྡན་གྱི་གནས་སུ་འཇུག་གོ། །ལུས་ཐ་མ་པའི་བྱང་ཆུབ་སེམས་དཔའ་ནི་དགའ་ལྡན་གྱི་གནས་སུ་གནས་སོ་ཞེས་བཤད་པ་ལྟ་བུའོ་ཞེའོ། །དེ་ལ་མིའི་ལུས་ལ་སྐྱེ་བ་གཅིག་པ་དང་། ལུས་ཐ་མ་པ་ཞེས་བཤད་པ་ནི་ད་ལྟར་མི་ཉིད་ཀྱི་ནང་དུ་སྐྱེ་བ་
གཅིག་ལེན་པའི་ཕྱིར་དང་། ལུས་ཐམས་ཅད་ཀྱི་ནང་ན་ཐ་མ་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ལྷའི་ལུས་ལ་སྐྱེ་བ་གཅིག་པ་དང་། ལུས་ཐ་མ་པ་ཞེས་བཤད་པ་ནི་ལྷའི་སྐྱེ་བ་གཅིག་བླངས་ནས་མངོན་པར་འཚང་རྒྱ་བའི་ཕྱིར་དང་། ལྷའི་ལུས་དེ་སྐྱེ་བའི་ནང་ན་ཐ་མ་ཡིན་པའི་
ཕྱིར་ཏེ། མིའི་སྐྱེ་བ་དེ་ནི་སངས་རྒྱས་ཀྱི་སྐུས་བསྡུས་པ་ཡིན་པས། དེའི་ཕྱིར་སྐྱེ་བ་གཅིག་པ་དང་སྐྱེ་བ་ཐ་མ་པ་ཞེས་མི་བྱ་སྟེ་དེས་བསྟན་པ་རྣམས་སོ་སོ་ནས་དོན་རེ་རེ་ལ་བརྟེན་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །ཡང་དག་པའི་དོན་དུ་ན་ལྷའི་ལུས་ནི་སྐྱེ་བ་གཅིག་པ་ཞེས་བྱ་ལ་
མིའི་ལུས་ནི་སྐྱེ་བ་ཐ་མ་པ་ཞེས་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས། སྐྱེ་བ་གཅིག་གིས་ཐོགས་པ་ནི་འདི་ལྟ་སྟེ། སྐྱེ་བ་འདི་ཉིད་ཀྱི་མཇུག་ཐོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱའོ། །སྲིད་པ་ཐ་མ་པ་ནི་འདི་ལྟ་སྟེ། སྐྱེ་བ་འདི་ཉིད་ལ་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་འདི་དང་མཐུན་པར་བསྟན་ཏོ། །ལྷ་ལ་སོགས་པའི་ལུས་ལ་སྐྱེ་བ་གཅིག་པ་ཞེས་བྱ་བ་ཡང་སྔོན་གྱི་བརྒྱུད་པ་དག་ལས་རྣམ་པ་གསུམ་
དུ་བཤད་དེ། ཁ་ཅིག་ནི་ལྷའི་ལུས་ནི་སྐྱེ་བ་གཅིག་པ་ཞེས་བྱ་སྟེ། མིའི་ལུས་ནི་ལུས་ཐ་མས་བསྡུས་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་མིའི་ལུས་དེ་ནི་སྐྱེ་བ་གཅིག་པ་ཞེས་བྱ་སྟེ། ཡང་མིའི་སྐྱེ་བ་བླངས་ནས་གདོད་མངོན་པར་འཚང་རྒྱ་བའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ལྷའི་ལུས་
བསྡུས་པ་ལས་སྐྱེ་བ་གཅིག་པ་ཞེས་བྱའོ་ཞེས་བཤད་དོ། །ཇི་ལྟར་སྐྱེ་བ་ལན་བདུན་པའི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའོ་ཞེས་བཤད་པ་ལྟ་བུ་སྟེ། སྐྱེ་བ་གཉིས་གཅིག་ཏུ་བསྡུས་ནས་སྐྱེ་བ་གཅིག་ཏུ་བཤད་པའི་ཕྱིར་རོ་ཞེའོ། །གལ་ཏེ་ལྷའི་ལུས་ལ་སྐྱེ་བ་
གཅིག་པ་ཞེས་བྱ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བཤད་པ་དེ་ཇི་ལྟར་བརྡ་སྤྲད་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས་སྐྱེ་བ་གསུམ་པའི་བྱང་ཆུབ་སེམས་དཔའ་ནི་དགའ་ལྡན་ཁོ་ནའོ་ཞེས་འབྱུང་ངོ་ཞེ་ན། ཡང་དག་པའི་དོན་དུ་ན་སྐྱེ་བ་གསུམ་པ་ཞེས་བྱ་བ་ནི་འདི་ལྟ་
སྟེ། མིའི་སྐྱེ་བ་དང་། ལྷའི་སྐྱེ་བ་དང་། སྐྱེ་བ་ཐ་མ་པའོ། །ལྷའི་ལུས་ལ་སྐྱེ་བ་གསུམ་པ་ཞེས་བཤད་པ་ནི་གསུམ་གྱི་ནང་ན་གཅིག་གི་གྲངས་ཡིན་པའི་ཕྱིར་སྐྱེ་བ་གསུམ་པ་ཞེས་བཤད་དོ། །མིའི་ལུས་ནི་བླངས་ཟིན་པའི་ཕྱིར་ཡང་ལུས་ཐ་མ་པ་ནི་མངོན་པར་སངས་རྒྱས་
པའི་ཕྱིར་དེ་བས་ན་མིར་སྐྱེ་བ་དང་། སྐྱེ་བ་ཐ་མ་པ་ལ་སྐྱེ་བ་གསུམ་པ་ཞེས་མ་བཤད་དེ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ལ་སྐྱེ་ཤི་ཡོད་དམ་མེད། གལ་ཏེ་སྐྱེ་ཤི་ཡོད་ན་ཅིའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས། དགའ་ལྡན་གྱི་ལྷ་ནི་སྐྱེ་བ་གཅིག་གིས་ཐོགས་པ་དང་། ལུས་ཐ་མ་
ཡིན་པས་གདོན་མི་ཟ་བར་བར་མ་དོར་འཆི་བ་མེད་དོ་ཞེས་བསྟན། སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས། དགའ་ལྡན་གྱི་ལྷའི་གནས་ན་སྐྱེ་ཤི་ཡོད་ཀྱང་བར་མ་དོར་འཆི་བ་མ་ཡིན་ཏེ། ལོ་བཞི་སྟོང་ཚང་ནས་གདོད་འཆི་བའི་ཕྱིར་རོ། །འཕགས་པ་བྱམས་པ་ནི་དུས་འདི་

ནས་འདས་པའི་བསྐལ་པ་དགུ་པའི་ཐ་མའི་ཚེ་ལོ་བརྒྱ་པའི་ཚེ། དགའ་ལྡན་གྱི་གནས་སུ་སྐྱེས་སོ། །གནས་པའི་བསྐལ་པ་བཅུ་པ་ལ་ལོ་བརྒྱད་ཁྲི་དང་པོ་འགྲིབ་པའི་ཚེ་གདོད་འདིར་སྐྱེ་སྟེ། བརྩིས་ན་བསྐལ་པ་ཕྱེད་ལ་དེའི་ཚེ་ལོ་བརྒྱད་ཁྲི་ཡོད་པའི་ཕྱིར། སྐྱེ་ཤི་མང་
པོ་ཡོད་པའི་ཕྱིར་རོ། །གཞན་ཡང་ཐམས་ཅད་ཡོད་པར་སྨྲ་བ་དག་ནི། དེ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཡོད་དོ་ཞེའོ། །ཡང་དག་པའི་ཚད་མའི་སྡེ་པ་དག་ནི་བྱང་ཆུབ་སེམས་དཔའ་སྟོང་ལྷའི་གནས་དེ་ན་ཡོད་དེ་རིམ་གྱིས་སངས་རྒྱས་སུ་འགྲུབ་སྟེ། དེ་དག་ཐམས་ཅད་ནི་སྐྱེ་བ་གཅིག་
གིས་ཐོགས་པ་ཞེས་བྱའོ་ཞེས་འཆད་དེ། དེ་ནི་སྐྱེ་ཤི་མང་པོ་ཡོད་པར་ཤེས་པར་བྱའོ། །དེ་དག་ཐམས་ཅད་ལ་སྐྱེ་བ་གཅིག་པ་ཞེས་བྱ་བ་ནི་སོ་སོ་ནས་མིའི་ནང་དུ་སྐྱེ་བ་གཅིག་ཡོད་པའི་ཕྱིར། སྐྱེ་བ་གཅིག་ཅེས་བྱ་བའི་ལྷའི་ནང་དུ་སྐྱེ་བ་གཅིག་ཅེས་བསྟན་པ་ནི་མ་ཡིན་ནོ། །བྱང་ཆུབ་
སེམས་དཔའ་ལྔ་བརྒྱ་པོ་ལ་སོགས་པ་དེ་དག་བསྐལ་པ་འདི་ཆགས་པ་དང་། འཇིག་པ་ཡོད་ཀྱང་ལྷའི་གནས་དེར་སྐྱེས་པ་དག་ནི་ནམས་ཀྱང་འཛམ་བུའི་གླིང་འདིར་སྐྱེ་བར་མི་འགྱུར་ཏེ། ནམ་སངས་རྒྱས་དེ་འཇིག་རྟེན་དུ་འབྱུང་བའི་ཚེ། རྫུ་འཕྲུལ་གྱི་མཐུས་འཛམ་བུའི་གླིང་འདིར་
འོང་བར་ཟད་དོ། །དགའ་ལྡན་གྱི་ལྷ་སྐྱེ་བ་མང་པོ་མྱོང་བ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བཤད་པ་དེ་ཇི་ལྟར་བརྡ་སྤྲད་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས་ལྷ་འོག་མ་དག་ནི་ཚེ་ཐུང་སྟེ། སངས་རྒྱས་མ་བྱུང་བར་ཚེ་ཟད་པའི་ཕྱིར་རོ། །ལྷ་གོང་མ་དག་ནི་ཚེ་རིང་སྟེ།
སངས་རྒྱས་མྱ་ངན་ལས་འདས་ནས་གདོད་ཚེ་ཟད་པའི་ཕྱིར་རོ། །དགའ་ལྡན་གྱི་ལྷ་དག་ནི་རིང་བ་ཡང་མ་ཡིན། ཐུང་བ་ཡང་མ་ཡིན་ཏེ། སངས་རྒྱས་འཇིག་རྟེན་དུ་བྱུང་བའི་ཚེ། ཐད་ཀར་ཕྲད་པར་འགྱུར་བས་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རྟག་པར་
དེར་སྐྱེའོ་ཞེས་འབྱུང་སྟེ། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་འདི་དང་མཐུན་པར་བཤད་དོ་ཞེ་ན། དགའ་ལྡན་གྱི་ལྷ་རྣམས་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཚེ་ཚད་ཐམས་ཅད་ཀྱང་འདྲ་བས་ཐ་མར་ཤི་འཕོས་པའི་ཚེ། དུས་གཅིག་ཏུ་མིའི་ནང་

དུ་སྐྱེ་ཞིང་། སངས་རྒྱས་མཐོང་བར་འགྱུར་བའི་ཕྱིར། རིང་བ་ཡང་མ་ཡིན་ཐུང་བ་ཡང་མ་ཡིན་ཞེས་བཤད་དོ། །ལྷ་གཞན་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །བྱང་ཆུབ་སེམས་དཔའ་བྱམས་པ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བཤད་པ་ནི་རུང་
ན། ཅིའི་ཕྱིར་གཞན་དག་ལ་ཡང་། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བརྗོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འཕགས་པ་བྱམས་པ་མ་གཏོགས་པ་བྱང་ཆུབ་སེམས་དཔའ་གཞན་རྣམས་གནས་འདིའི་རྒྱལ་ཚབ་ཏུ་དབང་བསྐུར་བ་མ་ཡིན་མོད་ཀྱི།
ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་རྒྱལ་ཚབ་མཛད་པའི་ཕྱིར་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བརྗོད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྐྱེ་བ་གཅིག་གིས་ཐོགས་པ་དང་། ལུས་ཐ་མ་པ་ཞེས་བསྟན་པ་དེ་སྐུ་རྣམ་པ་གསུམ་ལས་གང་ལ་བརྟེན་ཏེ་བཤད། སྐུ་རྣམ་པ་
གསུམ་ལས་ཆོས་ཀྱི་སྐུ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བའི་དོན་མི་མངའ་སྟེ། དང་པོ་མེད་པའི་ཕྱིར་རོ། །གལ་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེ་ན། དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་ཉིད་ཀྱིས་ལོངས་སྤྱོད་རྫོགས་པ་སྟེ། མྱ་ངན་ལས་འདས་པ་དང་། སྐྱེ་བ་
གཅིག་གིས་ཐོགས་པ་ཞེས་བྱ་བའི་དོན་མི་མངའ་ཡང་། འོག་མིན་གྱི་གནས་སུ་རྒྱལ་ཚབ་མཛད་པ་དང་། མངོན་པར་འཚང་རྒྱ་བའི་དོན་མངའ་སྟེ། དེས་ན་མི་སློབ་པ་དང་རིམ་གྱིས་གོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་པའི་ཁམས་ཀྱི་ལུས་ལ་སྐྱེ་བ་གཅིག་གིས་
ཐོགས་པ་དང་། ལུས་ཐ་མ་པ་ཞེས་བྱ་སྟེ། ཉོན་མོངས་པ་སྤངས་པ་ཡང་མི་སྐྱེ་བའི་ཕྱིར་རོ། །སློབ་མ་དང་བཅས་པའི་རིམ་གྱིས་གོ་བ་དང་། ཅིག་ཅར་གོ་བའི་བྱང་ཆུབ་སེམས་དཔའི་བསམ་གཏན་བཞི་པའི་ལུས་ལ་ཡང་སྐྱེ་བ་གཅིག་གིས་ཐོགས་པ་དང་། ལུས་ཐ་མ་
ཞེས་བྱ་སྟེ། ཐ་མ་ཁོ་ནར་གདོན་མི་ཟ་བར་བསམ་གཏན་བཞི་པའི་རྣམ་པར་སྨིན་པའི་འབྲས་བུ་མྱོང་བའི་ཕྱིར་རོ། །གཉིས་ནི་གཞན་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་སྟེ། དེ་དག་ལ་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པ་དང་། རྒྱལ་ཚབ་མཛད་པའི་དོན་

མངའ་སྟེ། ཇི་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་རྒྱལ་ཚབ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པ་ལྟ་བུའོ། །སངས་རྒྱས་འོད་དཔག་མེད་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་དང་། ཐེག་པ་པ་གཉིས་
དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ཡབ་ཡུམ་གྱིས་བསྐྱེད་པའི་སྐུ་སྟོན་པར་མཛད་དེ། དེ་ནི་སྤྲུལ་པའི་སྐུས་བསྡུས་ཏེ། འཕགས་པ་རང་དབྱངས་ཀྱི་མདོ་ལས། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཡང་ཡབ་ཡུམ་མངའ་བར་གསུངས་པའི་ཕྱིར་རོ། །གཉིས་པ་ནི་ས་ལ་
གནས་པ་རྣམས་ཀྱི་ཆེད་དུ་ཡབ་ཡུམ་མི་མངའ་བའི་སྐུ་སྟོན་པར་མཛད་དེ། དེ་ནི་གཞན་ལོངས་སྤྱོད་པས་བསྡུས་ཏེ། བསྟན་བཅོས་སྐྱེ་བ་ལེན་པ་བསྟན་པ་ལས། ཐེག་པ་འོག་མ་པ་གཉིས་དང་། བུད་མེད་ཀྱིས་དེར་སྐྱེ་བ་མི་ཐོབ་པའི་ཕྱིར་རོ་ཞེས་བཤད་དོ། །དོན་དམ་པའི་
མཚན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །།བམ་པོ་བཅུ་པ། ལེའུ་འདི་གཅིག་བསྟན་པ་ཡང་མདོར་བསྡུ་ན་དོན་རྣམ་པ་གཉིས་སུ་དབྱེ་སྟེ། ལེའུའི་མིང་རྣམ་པར་བཤད་པ་དང་། མདོའི་ཚིག་གི་དོན་རྣམ་པར་བཤད་པའོ། །དེ་ལ་དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་
ལེའུ་ཞེས་བྱ་བ་ནི་བདེན་པའི་ནང་ན་མཆོག་ཏུ་གྱུར་པའི་མིང་དང་། མཆོག་གི་དོན་ཏོ། །བདེན་པ་ཡང་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་ཀུན་རྫོབ་ཅེས་བྱ་བ་མི་མངོན་པར་སྒྲིབ་པ་དང་། རགས་པར་སྣང་བའི་དོན་ཏེ། འདི་ལྟ་སྟེ། བུམ་པ་སྣམ་བུ་ལ་སོགས་
པས་དོན་དམ་པར་བསྒྲིབས་ནས་མི་གསལ་བ་དང་། དངོས་པོ་རགས་པར་སྟོན་པའི་ཕྱིར་ཀུན་རྫོབ་ཅེས་བྱའོ། །དོན་དམ་པ་ཞེས་བྱ་བ་ཡང་དམ་པ་ནི་ཡེ་ཤེས་དམ་པའོ། །དོན་ནི་ཡུལ་གྱི་དོན་ཏེ། དེ་བཞིན་ཉིད་ཀྱི་དོན་ཏོ། །ཡེ་ཤེས་དམ་པའི་ཡུལ་གྱི་དོན་ཡིན་པའི་ཕྱིར། དོན་དམ་པ་ཞེས་
བྱ་སྟེ། རྣམ་པར་བཤད་པ་རྣམ་པ་དྲུག་ལས་བདག་པོའི་དབང་དུ་བྱས་ནས་བཤད་པའོ། །ཡང་ན་དོན་ཞེས་བྱ་བ་ནི་ཕན་པའི་དོན་ཏེ། འདི་ལྟ་སྟེ། མྱ་ངན་ལས་འདས་པའི་འབྲས་བུའོ། །འདི་ནི་ཕན་པ་དམ་པའི་དོན་ལ་དོན་དམ་པའི་ཞེས་བྱ་སྟེ། རྣམ་པར་བཤད་པ་རྣམ་པ་དྲུག་

ལས་ལས་ཡོངས་སུ་འཛིན་པའི་དབང་དུ་བྱས་ནས་རྣམ་པར་བཤད་པའོ། །ཡང་ན་འཕགས་པའི་ལམ་ནི་དམ་པས་དོན་བྱེད་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། འདི་ནི་རྫས་དང་བཅས་པའི་དབང་དུ་བྱས་ནས་རྣམ་པར་བཤད་པའོ། །འདིར་ནི་རེ་ཞིག་དོན་དང་པོའི་དབང་དུ་བྱས་ནས།
བདེན་པ་ལ་དོན་རྣམ་པ་གཉིས་ཡོད་པར་བཤད་དེ། རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། བདེན་པའི་དོན་གང་ཞེ་ན། སྨྲས་པ་བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་དང་། འདི་བསྒོམས་པས་ཤིན་ཏུ་རྣམ་པར་དག་པར་ཕྱིན་པའི་དོན་ནི་བདེན་པའི་དོན་ཏོ་ཞེས་བཤད་པ་
ལྟ་བུའོ། །དེ་ལ་མཚན་ཉིད་ཅེས་བྱ་བ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཡང་ན་དབྱིངས་ཀྱི་མཚན་ཉིད་དེ། བརྗོད་དུ་མེད་པ་ལ་སོགས་པ་ལྔ་པོ་དག་དེ་བཞིན་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་དེ་བཞིན་ཉིད་གཅིག་ལ། བརྗོད་དུ་མེད་པ་ལ་སོགས་པའི་རྣམ་
པའི་མཚན་ཉིད་ལྔ་ཡོད་པའི་ཕྱིར་རོ། །ལེའུ་འདིའི་ནང་དུ་དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་དོན་རྣམ་པ་ལྔ་སྟོན་པའི་ཕྱིར་དོན་དམ་པའི་མཚན་ཉིད་ཀྱི་ལེའུ་གཉིས་པ་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་བཞིན་ཀུན་འདྲིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་དྲི་བ་དྲིས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་མདོའི་ཚིག་གི་དོན་ཡང་དག་པར་རྣམ་པར་བཤད་པ་ཞེས་བྱ་བ་བསྟན་ཏེ། དེ་ཡན་ཆོད་དུ་བསྟན་པ་འབྱུང་བའི་རྒྱུ་དང་རྐྱེན་གྱི་ཕྱོགས་ཞེས་བྱ་བ་བཤད་ཟིན་
ནས་འདི་མན་ཆད་ནི་གཉིས་པ་འཕགས་པའི་གསུང་རབ་ཡང་དག་པར་བསྟན་པའི་ཕྱོགས་བསྟན་པ་ཞེས་བྱ་བ་སྟོན་ཏོ། །ཕྱོགས་འདི་ལ་ལེའུ་བདུན་ཡོད་དེ། དེ་དག་ཀྱང་རྣམ་པ་གསུམ་དུ་བསྡུའོ། །དེ་ལ་དང་པོའི་ལེའུ་བཞིས་ནི་རྣལ་འབྱོར་སྤྱོད་པའི་ས་ཡོངས་སུ་བརྟག་པར་བྱ་བའི་
ཡུལ་བསྟན་ཏེ། དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་དང་། སེམས་དང་ཡིད་དང་། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ལེའུ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ལེའུ་དང་། རང་གི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་ལེའུའོ། །དེའི་འོག་མ་ལེའུ་གཉིས་ཀྱིས་ནི་རྣལ་འབྱོར་

པའི་ལམ་བསྟན་ཏེ། རྣལ་འབྱོར་རྣམ་པར་འབྱེད་པའི་ལེའུ་དང་། ས་དང་ཕ་རོལ་ཏུ་ཕྱིན་པའི་ལེའུ་འོ། །ཐ་མ་གཅིག་གིས་ནི་ཐོབ་པར་བྱ་བའི་འབྲས་བུ་བསྟན་ཏེ། དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་ལེའུའོ། །དེ་ལྟར་ཕྱོགས་རྣམ་པ་གསུམ་དུ་བསྟན་
པ་ཡང་། འདི་ལྟར་རྣལ་འབྱོར་པ་རྣམས་ཡུལ་དམ་པ་ལ་ལྟོས་ནས་ནི་སྤྱོད་པ་སློང་བར་འགྱུར་ལ་སྤྱོད་པའི་དབང་གིས་ནི་འབྲས་བུ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པ་མཛོད་ཐེག་པ་ཆེན་པོའི་མདོ་ལས། གསུང་རབ་ཁྱད་པར་དུ་འཕགས་པ་
རྣམ་པ་བཅུ་གསུངས་སོ། །དེ་ཡང་དང་པོ་གཉིས་ནི་ཡུལ་སྟོན་ཏེ། འདི་ལྟ་སྟེ་ཤེས་བྱའི་གནས་དང་། ཤེས་བྱའི་མཚན་ཉིད་དོ། །བར་མ་དྲུག་ནི་སྤྱོད་པ་ཡིན་ཏེ། ཤེས་བྱའི་མཚན་ཉིད་ལ་འཇུག་པ་དང་། རྒྱུ་དང་འབྲས་བུ་ལ་འཇུག་པ་དང་། བསྒོམ་པའི་རབ་ཏུ་དབྱེ་བ་
དང་། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །ཐ་མ་གཉིས་ནི་འབྲས་བུ་ཡིན་ཏེ། འབྲས་བུ་དེའི་སྤོང་བ་དང་། དེའི་འབྲས་བུའོ། །དེའི་ཕྱིར་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་
པའི་འགྲེལ་པ་བྱས་པ་ལས། མཚུངས་པ་མེད་པ་རྣམ་པ་གསུམ་ལ་བརྟེན་ནས། གསུང་ཁྱད་པར་དུ་འཕགས་པ་རྣམ་པ་བཅུ་བསྟན་པ་ཡིན་ནོ། །འཕགས་པ་བྱམས་པས་ས་བཅུ་བདུན་པ་བསྟན་པ་དག་གིས་ཀྱང་འདི་གསུམ་རྣམ་པར་འབྱེད་དེ། དང་པོའི་ས་ནི་རྒྱུའི་ཡུལ་
བསྟན་པ་ཡིན་ཏེ། རྣམ་པར་ཤེས་པ་ཚོགས་ལྔ་དང་ལྡན་པའི་ས་དང་། ཡིད་ཀྱི་ས་དང་། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་དང་། རྟོག་པ་མེད་པ་དཔྱོད་པ་དང་བཅས་པའི་ས་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ས་དང་། མཉམ་པར་
གཞག་པའི་ས་དང་། མཉམ་པར་གཞག་པ་མ་ཡིན་པའི་ས་དང་། སེམས་ཡོད་པའི་ས་དང་སེམས་མེད་པའི་སའོ། །བར་མ་དྲུག་གིས་ནི་སྤྱོད་པའི་ས་བསྟན་ཏེ། ཐོས་པ་ལས་བྱུང་བའི་ས་དང་། བསམས་པ་ལས་བྱུང་བའི་ས་དང་། བསྒོམས་པ་ལས་བྱུང་བའི་

ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་སའོ། །ཐ་མ་གཉིས་ཀྱིས་ནི་འབྲས་བུ་བསྟན་ཏེ་ལྷག་མ་དང་བཅས་པའི་ས་དང་། ལྷག་མ་མེད་པའི་སའོ། །མདོ་སྡེ་འདིར་ཡང་དེ་བཞིན་དུ་མཚུངས་པ་མེད་པ་རྣམ་པ་གསུམ་ལ་ཕྱོགས་རྣམ་པ་
གསུམ་དུ་བསྟན་ཏོ། །དེ་ལ་རྣལ་འབྱོར་སྤྱོད་པས་ཡོངས་སུ་བརྟག་པའི་ཡུལ་བསྟན་པ་ཡང་རྣམ་པ་གཉིས་སུ་དབྱེའོ། །ལེའུ་དང་པོ་གཉིས་ཀྱིས་ནི་དོན་དམ་པ་དང་། ཀུན་རྫོབ་ཀྱི་ཡུལ་བསྟན་ཏེ། དེ་ཡང་དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་ལས་ནི་དོན་དམ་པའི་
བདེན་པ་སྟོན་ཏོ། །སེམས་དང་ཡིད་དང་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ལེའུ་ལས་ནི་ཀུན་རྫོབ་ཀྱི་བདེན་པ་སྟོན་ཏོ། །ལེའུ་ཕྱི་མ་གཉིས་ཀྱིས་ནི་ཡོད་པ་དང་། མེད་པའི་ངོ་བོ་ཉིད་ཀྱི་ཡུལ་སྟོན་ཏེ། དེ་ཡང་ལེའུ་དང་པོས་ནི་ངོ་བོ་ཉིད་གསུམ་གྱི་ཡུལ་སྟོན་ཏོ། །ལེའུ་ཕྱི་མས་ནི་
ངོ་བོ་ཉིད་མེད་པ་གསུམ་གྱི་ཡུལ་བསྟན་ཏོ། །བདེན་པ་གཉིས་བསྟན་པ་ལ་ཡང་རྩ་བ་དང་ཡན་ལག་གི་གོ་རིམས་ཀྱིས་སྔར་ནི་དོན་དམ་པ་བསྟན་ལ། དེའི་འོག་ཏུ་ནི་ཀུན་རྫོབ་བསྟན་པས། དེའི་ཕྱིར་འདིར་དོན་དམ་པའི་བདེན་པ་བཤད་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་ས་
དང་སྦྱར་ན། དེ་ལས་ལེའུ་འདི་གཅིག་ལ་མཚན་རྣམ་པ་ལྔར་བསྟན་ཏེ། དེའི་ཕྱིར་དེ་ཉིད་ལས་གཞན་ཡང་དོན་དམ་པའི་བདེན་པ་ནི། མཚན་ཉིད་རྣམ་པ་ལྔ་དང་ལྡན་ཏེ། བརྗོད་དུ་མེད་པའི་མཚན་ཉིད་དང་། གཉིས་སུ་མེད་པའི་མཚན་ཉིད་དང་། རྟོག་གེའི་སྤྱོད་ཡུལ་
ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཆོས་རྣམས་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ་ཞེས་བསྟན་ཏོ། །འདིར་མདོའི་ཚིག་དེ་དག་ཀྱང་རྣམ་པ་བཞིར་བསྡུས་ཏེ། བརྗོད་
དུ་མེད་པ་དང་། གཉིས་སུ་མེད་པ་བསྟན་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཞེས་བྱ་བ་མན་ཆད་ཀྱིས་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་བསྟན་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་ཅེས་བྱ་བ་མན་

ཆད་ཀྱིས་ཐ་དད་པ་དང་། ཐ་དད་པ་མ་ཡིན་པའི་མཚན་ཉིད་བསྟན་པ་དང་། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་མན་ཆད་ཀྱིས་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་བསྟན་པའོ། །རྣམ་པ་ལྔ་ལས་བརྗོད་དུ་མེད་པ་ནི་རྣམ་པ་བཞི་ཆར་ཀུན་ཏུ་ཁྱབ་པ་ཡིན་ཏེ།
མཚན་ཉིད་བཞི་པོ་ཀུན་ལ་བརྗོད་དུ་མེད་པའི་མཚན་ཉིད་ཡོད་པའི་ཕྱིར། གཉིས་མེད་པ་དང་། གཅིག་ཏུ་བསྡུས་ནས་བསྟན་ཏེ། ཟླས་ཁོང་དུ་ཆུད་པར་གྱུར་པའི་ཕྱིར་རོ། །གཞན་རྣམ་པ་གསུམ་པོ་འདི་དག་གིས་མདོར་བསྡུས་པས་མ་བཤད་དོ། །སྔ་མའི་མཚན་ཉིད་རྣམ་པ་གཉིས་
བསྟན་པ་ཡང་རྣམ་པ་གཉིས་ཏེ། ཚིག་རྐྱང་པ་རྒྱ་ཆེར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བཤད་པའོ། །རྒྱ་ཆེར་བཤད་པ་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། དྲི་བ་དྲིས་པ་དང་། དྲིས་པ་བཞིན་དུ་ལན་མདོར་བསྟན་པ་དང་། གང་གིས་དྲི་བ་དྲིས་པ་དང་། རྒྱ་ཆེར་བཤད་པ་
དང་། བཟླས་ཏེ་དྲིས་པ་དང་། དཔེས་བསྟན་པའོ། །སློབ་དཔོན་ཡང་དག་བདེན་པས་བཤད་པ་དང་སྦྱར་ན་རྣམ་པ་བཞིར་ཕྱེ་བ་ནི་སྔར་བསྟན་པ་བཞིན་ནོ། །དང་པོ་ལ་རྣམ་པ་ལྔར་བསྟན་ཏེ། བརྗོད་དུ་མེད་པ་དང་། གཉིས་སུ་མེད་པ་མདོར་བསྟན་པ་དང་། རྒྱ་ཆེར་རྣམ་པར་བཤད་པ་
དང་། དཔེས་བསྟན་པ་དང་། སྤྱིའི་མཇུག་བསྡུ་བ་དང་། ཚིགས་སུ་བཅད་པས་བསྟན་པའོ་ཞེས་བཤད་དོ། །འདི་ནི་དང་པོ་བྱང་ཆུབ་སེམས་དཔས་དྲི་བ་དྲིས་པར་བསྟན་ཏེ། འདི་ཡང་གཉིས་སུ་དབྱེའོ། །དྲི་བ་དྲིས་པས་གླེང་བསླང་བ་དང་། བསྟན་པ་བཞིན་དུ་དྲི་བ་དྲིས་པ་སྟེ། འདི་
ནི་དང་པོའོ། །འདི་ཡང་རྣམ་པ་བཞི་སྟེ། དེ་ལ་དང་པོ་དེ་ནས་ཞེས་བྱ་བ་ནི་དྲི་བ་དྲིས་པའི་ཚེའོ། །གཉིས་པ་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ཞེས་བྱ་བ་ནི་དྲི་བ་འདྲི་བར་ནུས་པ་བསྟན་པ་སྟེ། དོན་ཇི་ལྟ་བ་བཞིན་དུ་དྲི་བ་འདྲི་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཚུལ་བཞིན་
ཀུན་ཏུ་འདྲིས་ཞེས་བྱའོ། །གསུམ་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་བྱ་བ་ནི་དྲི་བ་དྲིས་པའི་གནས་བསྟན་པའོ། །སློབ་དཔོན་དབྱིག་གཉེན་གྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མཛད་པ་ལས་ཇི་སྐད་དུ། ཤིན་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་

ཀྱི་སྤྱན་སྔར་ཞེས་བྱ་བ་ནི་གནས་ཡོད་པ་དང་། ཐ་དད་པའི་ཚིག་མེད་པར་བསྟན་པའོ་ཞེས་བཤད་པ་ལྟ་བུའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་བཅོམ་ལྡན་འདས་ཀྱིས་གནང་བ་དང་། བསྟན་པ་དེ་རྒྱ་ཆེར་སྤེལ་དུ་རུང་བ་དང་། བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་
པས་ཚིག་ཐ་དད་པ་མེད་པར་བསྟན་པའི་ཕྱིར་ཞེས་འབྱུང་ངོ་། །བཞི་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་དྲི་བ་དྲིས་པ་ཞེས་བྱ་བ་ནི་དྲི་བར་བྱ་བའི་གང་ཟག་བསྟན་པའོ། །བྱང་ཆུབ་སེམས་དཔའ་དེས་སོ་སོ་ཡང་དག་པར་རིག་པ་བཞིས་དོན་ཟབ་མོའི་
ཚུལ་གྱིས་རྣམ་པར་འགྲེལ་པའི་ཕྱིར་མིང་དེ་སྐད་དུ་བཏགས་པ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །ཚིག་ངེས་པར་འགྲེལ་བའི་མདོ་ལས་ནི་བྱང་ཆུབ་སེམས་དཔའ་དོན་ཟབ་མོའི་ཚིག་ངེས་པར་འགྲེལ་པ་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པས་
དེ་ལ་ཚིག་ཅེས་བྱ་བ་ནི་མདུད་པ་དམ་པོའི་དོན་ཏོ། །ངེས་པར་འགྲེལ་པ་ཞེས་བྱ་བ་ནི་རྣམ་པར་བཤད་པའི་དོན་ཏོ། །དོན་ཟབ་མོའི་ཚིག་གི་མདུད་པ་དམ་པོ་རྣམ་པར་བཤད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དོན་ཟབ་མོའི་ཚིག་ངེས་པར་འགྲེལ་པ་ཞེས་བྱའོ། །ཡང་གཅིག་ཏུ་ན་རིན་
པོ་ཆེའི་དབུ་རྒྱན་གྱི་གཙུག་ཅེས་བྱའོ། །རིན་པོ་ཆེའི་དབུ་རྒྱན་གྱི་གཙུག་ཅེས་བྱ་བ་ནི་དང་པོ་སངས་རྒྱས་ཀྱི་མཚན་ཡིན་ཏེ། བྱང་ཆུབ་སེམས་དཔའ་འདི་དེའི་སློབ་མ་ཡིན་པས། མཁན་པོ་ལས་མིང་དུ་བཏགས་པ་བཞིན་ནོ་ཞེས་བཤད་དེ། རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་བཞིན་
ནོ། །ཀྱེ་རྒྱལ་བའི་སྲས་ཆོས་ཐམས་ཅད་གཉིས་སུ་མེད་པ། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་གང་། ཇི་ལྟར་ན་གཉིས་སུ་མེད་པ་ཡིན་ཞེས་བྱ་བ་ནི་གཉིས་པ་བསྟན་པ་བཞིན་དུ་དྲི་བ་དྲིས་པ་ཞེས་བྱ་བ་སྟོན་ཏེ། འདི་ཡང་རྣམ་པ་གཉིས་ཏེ། དང་པོ་ཆོས་
ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་བ་ནི་དྲི་བར་བྱ་བའི་བསྟན་པ་སྨོས་སོ། །གཉིས་པ་ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་བཞིན་དུ་དྲི་བ་དྲིས་པའོ། །རྒྱལ་བའི་སྲས་ཞེས་བྱ་བ་དེ་ཡང་དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་དང་། ཚིག་

ངེས་པར་འགྲེལ་པའི་མདོ་ལས་ནི་སངས་རྒྱས་ཀྱི་སྲས་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ལ་དོན་རྣམ་པ་ལྔ་ཡོད་དེ། ས་བོན་གྱི་དོན་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་མོས་པས་སངས་རྒྱས་
ཀྱི་ས་བོན་ཐོབ་པར་ནུས་པའོ། །ཡུམ་གྱི་དོན་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཀྱི་ཆོས་བསྐྱེད་པའི་ཕྱིར་ཡུམ་ཞེས་བྱའོ། །མངལ་གྱི་གནས་ཀྱི་དོན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་བསམ་གཏན་དང་། ཏིང་ངེ་འཛིན་ནི་གནས་པ་ཡིན་པའི་ཕྱིར་མངལ་
གྱི་གནས་ཞེས་བྱའོ། །མ་མའི་དོན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དག་གསོས་ནས། ལམ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར། བྱམས་པ་དང་སྙིང་རྗེ་ལ་མ་མ་ཞེས་བྱ་བ་བཤད་དོ། །ཡབ་དང་འདྲ་བའི་དོན་ནི་འདི་ལྟ་སྟེ། ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་
གནས་གྱུར་པ། སངས་རྒྱས་དང་འདྲ་བའི་ཕྱིར། ཡབ་དང་འདྲ་བ་ཞེས་བྱ་སྟེ། དེས་ན་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་སྲས་ཞེས་བོས་པ་ཡིན་ནོ་ཞེས་བཤད་དེ། རྒྱ་ཆེར་ནི་སྔར་གོང་དུ་བསྟན་པ་བཞིན་ནོ། །གནས་པ་བཅུའི་བསྟན་བཅོས་ལས། བྱང་ཆུབ་
སེམས་དཔའ་ནི་དེ་བཞིན་གཤེགས་པའི་སྲས་ཡང་དག་པ་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་སྲས་ཞེས་བྱའོ་ཞེས་འབྱུང་ངོ་། །འདིར་རྒྱལ་བའི་སྲས་ཞེས་གསུངས་པ་ལ། བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་རྒྱལ་བ་ཞེས་བྱ་བ་ནི་བྱང་
ཆུབ་སེམས་དཔའི་མིང་སྟེ། ཐེག་པ་གསུམ་གྱི་སྲས་ཀྱི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར་དང་། སངས་རྒྱས་ཀྱི་གདུང་བསབ་པར་ནུས་པའི་ཕྱིར་སྲས་ཞེས་བྱའོ་ཞེས་བཤད་དེ། འདི་ནི་ལས་ཡོངས་སུ་འཛིན་པའི་དབང་དུ་བྱས་ཏེ། རྣམ་པར་བཤད་པའོ། །ཁ་ཅིག་ན་རེ་རྒྱལ་བ་ཞེས་བྱ་བ་
ནི་སངས་རྒྱས་ཀྱི་ཐེག་པ་གཉིས་ཀྱི་མཆོག་ཏུ་གྱུར་པར་བསྟན་པའི་ཕྱིར་རོ་ཞེའོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། སངས་རྒྱས་ནི་རྒྱལ་བ་ཡིན་ཏེ། མུ་སྟེགས་ཅན་དང་ཉོན་མོངས་པའི་བདུད་ལ་སོགས་པ་ལས་རྒྱལ་བར་གྱུར་པའི་ཕྱིར་དང་། སྐྱེ་གནས་དང་གདུང་རྒྱུད་ལ་

སོགས་པས་མང་པོ་ཟིལ་གྱིས་གནོན་པའི་ཕྱིར་རོ་ཞེས་འབྱུང་སྟེ། བཤད་པ་འདི་དང་སྦྱར་ན། རྒྱལ་བའི་སྲས་ལ་རྒྱལ་བའི་སྲས་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་ཡང་རྒྱལ་བའི་སྲས་ཞེས་བྱའོ་ཞེས་འབྱུང་བས། གཞན་
ཡང་སངས་རྒྱས་ཀྱི་སྲས་ཞེས་སྨོས་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བསྟན་པའི་ཚིག་ལ་བྱ་སྟེ། དེ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚིག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་དག་གིས་བསྟན་པའི་ཐ་
ཚིག་གོ་ཞེའོ། །ཁ་ཅིག་ན་རེ་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་ལ་བྱ་སྟེ། འདི་ལྟར་བསྟན་བཅོས་བརྒྱ་པ་ལས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་ཞེས་གསུངས་པ་དེ་ལ་ཞེས་འབྱུང་བ་ལྟ་བུའོ། །གཞན་ཡང་འོག་ནས་མདོ་ལས། སངས་
རྒྱས་བརྗོད་བྲལ་གཉིས་མེད་དོན། །ཞེས་གསུངས་པ་ལྟ་བུའོ་ཞེའོ། །ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་བ་ནི། མདོ་ལས་གསུངས་པའི་ཚིག་གཉིས་སྨོས་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་དང་། གཉིས་སུ་མེད་པ་ཞེས་བྱ་བའོ། །ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་བ་ན།
ཆོས་ཐམས་ཅད་ནི་གང་། ཇི་ལྟར་གཉིས་སུ་མེད་པ་ཡིན་ཞེས་བྱ་བ་ནི། གཉིས་པ་བསྟན་པ་བཞིན་དུ་དྲི་བ་དྲིས་པ་ཞེས་བྱ་བ་ཉིད་ཡིན་ནོ། །འདི་ཡང་གཉིས་སུ་དབྱེ་སྟེ། དྲི་བ་དྲི་བར་བྱ་བའི་ཕྱིར་ཅིག་ཅར་ཚིག་གཉིས་སྨོས་པ་དང་། ཚིག་དེ་ཉིད་ལ་བརྟེན་ནས་གལ་སོ་སོར་དྲིས་པའོ། །
དེས་ན་དྲིས་ཚིག་གཉིས་སུ་འགྱུར་ཏེ། ཆོས་ཐམས་ཅད་ནི་གང་ཞེས་དྲིས་པ་དང་། ཇི་ལྟར་ན་གཉིས་སུ་མེད་པ་ཡིན་ཞེས་དྲིས་པའོ། །རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ལས། ཚིག་མདོར་བཞག་ནས་གལ་ཏེ་དྲིས་པ་ནི་རྣམ་པ་ལྔ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་
ལས། མ་རྟོགས་པའི་ཕྱིར་དྲི་བ་དང་། ཐེ་ཚོམ་དུ་གྱུར་པའི་ཕྱིར་དྲི་བ་དང་། ཕན་གདགས་པའི་ཕྱིར་དྲི་བ་དང་། ཤེས་པ་བཟློག་པའི་ཕྱིར་དྲི་བ་དང་། བརྙས་པའི་ཕྱིར་དྲི་བའོ་ཞེས་འབྱུང་སྟེ། བྱང་ཆུབ་སེམས་དཔའ་ནི་གསུམ་པ་ལ་བརྟེན་ནས། དྲི་བ་དྲིས་པ་ཡིན་ཏེ།

སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །ཡང་ན་རྣམ་པ་གསུམ་དང་སྦྱར་ཏེ། མི་ཤེས་པ་དང་། ཐེ་ཚོམ་དུ་གྱུར་པའི་དོན་ཡོད་པའི་ཕྱིར་རོ། །ཕྱི་མ་གཉིས་ལ་བརྟེན་ནས་ནི་མ་ཡིན་ཏེ། བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ལ་བརྙས་པ་དང་། མཁྱེན་
པ་བཟློག་ཏུ་མི་རུང་བའི་ཕྱིར་རོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་ན་ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་བའི་དོན་ཇི་ལྟ་བུ་ཞེ་ན་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། འདི་ནི་མདོ་ཁུངས་
སུ་བཞག་ནས། དྲི་བ་དྲིས་པ་ཡིན་ཏེ། ཚིག་ཟློས་བུར་ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་གསུངས་པ་ནི། དོན་རྣམ་པ་ལྔའི་ཕྱིར་ཏེ། མདོ་སྡེ་དེ་དང་། དེ་དག་ནས་གསུངས་པའི་ཕྱིར་དང་། འདུས་བྱས་དང་། འདུས་མ་བྱས་མེད་པའི་ཕྱིར་དང་། ནང་གི་དབང་པོ་དྲུག་
དང་། ཕྱི་རོལ་གྱི་ཡུལ་དྲུག་མེད་པའི་ཕྱིར་དང་། སོ་སོའི་སྐྱེ་བོ་དང་། འཕགས་པ་དག་མེད་པའི་ཕྱིར་དང་། རྒྱུ་དང་འབྲས་བུ་མེད་པ་ཉིད་ཀྱི་ཕྱིར་དེ་སྐད་དུ་གསུངས་པའི་ཚིག་འབྲུའི་དོན་ཇི་ལྟ་བུ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་འདི་ལྟར་བྱས་པ་དང་།
བྱས་པ་མ་ཡིན་པས་ལན་བཏབ་པ་ཡིན་ནོ་ཞེས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པས། བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་ཏུ་འདྲི་ལ་འདི་སྐད་ཅེས་སྨྲས་སོ། །བྱ་བ་འདི་མན་ཆད་ནི་གསུམ་པ་དྲིས་པ་བཞིན་དུ་ལན་མདོར་བསྟན་པ་
ཞེས་བྱ་བའི་དོན་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དྲིས་པ་དང་ལན་འདེབས་པ་བསྟན་པ་དང་། དྲིས་པ་བཞིན་དུ་ལན་ཡང་ཡང་དག་པར་བཏབ་པ་སྟེ། འདི་ནི་དང་པོའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཅེས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། འདུས་
བྱས་དང་འདུས་མ་བྱས་སོ་ཞེས་བྱ་བ་ནི་གཉིས་པ་དྲིས་པ་བཞིན་དུ་ལན་ཡང་དག་པར་བཏབ་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དང་པོ་རིགས་ཀྱི་བུ་ཞེས་བྱ་བས་ནི་དྲི་བ་ལ་བསྔགས་པའོ། །གཉིས་པ་ཆོས་ཐམས་ཅད་ཅེས་བྱ་བ་མན་ཆད་ཀྱིས་ནི་དྲིས་པ་བཞིན་

དུ་ལན་ཡང་དག་པར་བསྟན་པ་སྟེ། འདི་ནི་དང་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། རིགས་ཀྱི་བུ་ཞེས་བྱ་བས་ནི་སྐྱེས་པ་མ་ཡིན་པ་ལ་སོགས་པ་གདམས་ངག་བཞིན་དུ་མི་རུང་བ་རྣམས་ལས་རྣམ་པར་འབྱེད་དོ། །དེ་ལ་རིགས་ཀྱི་བུ་ཞེས་བྱ་བ་ནི་དགེ་བའི་རྟགས་དང་
ལྡན་པ་སྟེ། འདི་ལྟར་བྱམས་པ་དང་། སྙིང་རྗེ་དང་ལྡན་ཞིང་། ལས་རྣམ་པ་གསུམ་ལ་སྐྱོན་མེད་པ་དང་། དགེ་བའི་གང་ཟག་གི་རྗེས་སུ་མོས་ཤིང་། རང་གི་ཡོན་ཏན་མི་སྟོན་པ་དང་། མང་པོའི་རྗེས་སུ་འཇུག་ཅིང་གཞན་གྱི་སྐྱོན་ནས་མི་བརྗོད་པ་དང་། འཇིག་རྟེན་གྱི་
གྲགས་པ་ལ་སོགས་པའི་བདེ་བ་མི་ཚོལ་བར་ལམ་གྱི་ཡོན་ཏན་ཁོ་ན་ལ་རབ་ཏུ་མོས་པ་དང་། རང་གི་ལས་ཡོངས་སུ་དག་པས་སེམས་ཀྱི་དེ་ཁོ་ན་ཉིད་ལ་བཙུན་པར་ལྟ་ཞིང་། འཇིག་རྟེན་པའི་བྱ་བ་དག་ལ་སྨོད་པ་སྟེ། འདི་ལྟ་བུ་ལ་སོགས་པ་དགེ་བའི་ཆོས་ཚད་མེད་པ་རྣམས་ཀྱི་
མཚན་མ་ཕལ་ཆེར་སྐྱེས་པའི་ལུས་ལ་ཡོད་པས། དེའི་བསྔགས་པའི་ཚིག་ཏུ་རིགས་ཀྱི་བུ་ཞེས་བརྗོད་པ་ཡིན་ནོ་ཞེས་འབྱུང་ངོ་། །ཅིའི་ཕྱིར་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམ་པ་གཉིས་ཁོ་ན་གསུངས་ཤེ་ན། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་དེ་ལ་དགོངས་པ་
རྣམ་པ་གཉིས་ཡོད་དོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་གང་ཟག་དགག་ཅིང་བསལ་བའི་ཕྱིར་དང་། ཤེས་པ་ཁྱད་པར་དུ་འཕགས་པ་རབ་ཏུ་བསྟན་པའི་ཕྱིར། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམ་པ་གཉིས་པོ་འདི་དག་གསུངས་པ་ཡིན་ནོ། །དེ་ལ་གང་ཟག་
དགག་ཅིང་བསལ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདུས་བྱས་དང་འདུས་མ་བྱས་ཞེས་ཆོས་ཁོ་ནར་ཟད་ཀྱི། དོན་དམ་པར་ན་གང་ཟག་ཡང་དག་པ་ནི་མེད་དོ་ཞེས་སྟོན་པའི་ཕྱིར་རོ། །ཤེས་པ་ཁྱད་པར་དུ་འཕགས་པ་རབ་ཏུ་སྟོན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ལྟར་མཁས་པ་ཤེས་
པ་ཁྱད་པར་དུ་འཕགས་པ་དང་ལྡན་པ་དག་ཆོས་འདི་གཉིས་ཀྱི་དབང་གིས་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏེ། འདི་གཉིས་ཀྱིས་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དྲིས་པ་བཞིན་དུ་ཡང་དག་པར་ལན་བཏབ་པ་

བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྔར་ནི་ཆོས་ཐམས་ཅད་ཅེས་བྱ་བའི་ལན་བཏབ་ལ། དེའི་འོག་ཏུ་གཉིས་སུ་མེད་པའི་མཚན་ཉིད་བཤད་པའོ། །ཐམས་ཅད་ཅེས་བྱ་བའི་ལན་བཏབ་པ་ལ་ཡང་རྣམ་པ་གཉིས་ཏེ། དང་པོ་ཆོས་ཐམས་ཅད་ཅེས་
བྱ་བ་ནི་མདོར་བསྡུ་ན་རྣམ་པ་གཉིས་སོ་ཞེས་བྱ་བ་ནི་སྒོ་བསྟན་ཅིང་གྲངས་སྨོས་པའོ། །གཉིས་པ་འདུས་བྱས་དང་འདུས་མ་བྱས་སོ་ཞེས་བྱ་བ་ནི་གྲངས་བཞིན་དུ་མིང་སྨོས་པའོ། །ཡང་ཐམས་ཅད་ཅེས་བྱ་བ་བརྗོད་ན་རྣམ་པ་གསུམ་ཡོད་དེ། དང་པོ་ནི་མདོར་བསྟན་ན་གཉིས་ཁོ་ན་སྟེ།
འདུས་བྱས་དང་འདུས་མ་བྱས་སོ། །གཉིས་པ་ནི་རྒྱས་པ་ཡང་མ་ཡིན། བསྡུས་པ་ཡང་མ་ཡིན་པར་བསྟན་ན་ལྔ་ཁོ་ན་སྟེ། སེམས་ཀྱི་ཆོས་དང་། སེམས་ལས་བྱུང་བའི་ཆོས་དང་། གཟུགས་ཀྱི་ཆོས་དང་། སེམས་དང་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས་
དང་། འདུས་མ་བྱས་ཀྱི་ཆོས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། འཕགས་པ་སྟུག་པོ་བཀོད་པའི་མདོ་ལས་ལྔ་ཁོ་ནའི་མིང་སྨོས་ཀྱི། གཞན་དུ་བཤད་པ་ནི་མེད་དོ། །གསུམ་པ་ནི་རྒྱས་པར་བསྟན་ན་ཆོས་བརྒྱད་ཁོ་ནའོ། །འདིར་ནི་བར་མ་དང་རྒྱས་
པ་ལས། རྣམ་པར་དབྱེ་བའི་ཕྱིར་མདོར་བསྡུ་ན་ཞེས་གསུངས་པ་ཡིན་ནོ། །དེ་ལ་འདུས་བྱས་དང་འདུས་མ་བྱས་ཞེས་པ་ཡང་། བསྟན་པ་རྣམས་ལས་སོ་སོ་ནས་མི་མཐུན་ཏེ། བསྟན་བཅོས་ཡང་དག་པར་རིག་པ་དང་། རྗེས་སུ་མཐུན་པ་ལས་རྐྱེན་མང་པོ་བསགས་པ་ལས་སྐྱེས་
པའི་ཕྱིར་འདུས་བྱས་ཞེས་པའོ། །དེ་ལས་བཟློག་པས་ནི་འདུས་མ་བྱས་སུ་རིག་པར་བྱའོ་ཞེས་བཤད་དོ། །བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཆོས་གང་རྒྱུ་དང་རྐྱེན་གྱིས་འདུས་པའི་བྱ་བ་ལ་གནས་ཤིང་དེ་དང་འབྲེལ་པར་གྱུར་པ་ནི་འདུས་བྱས་ཞེས་བྱའོ། །ཆོས་གང་རྒྱུ་དང་
རྐྱེན་གྱིས་འདུས་པའི་བྱ་བ་ལ་མི་གནས་ཤིང་འབྲེལ་པར་མ་གྱུར་པ་གང་ཡིན་པ་དེ་ནི་འདུས་མ་བྱས་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་ལག་ན་རིན་པོ་ཆེ་ལས། རྐྱེན་མང་པོ་འདུས་པ་ལས་མངོན་པར་འགྲུབ་པ་དང་། མངོན་པར་འདུས་བྱས་པ་དང་ལྡན་པའི་ཕྱིར་འདུས་

བྱས་ཞེས་བྱའོ། །བྱས་པ་མ་ཡིན་པའི་ཕྱིར་འདུས་མ་བྱས་ཞེས་བྱ་སྟེ། འདུས་བྱས་བཟློག་པ་ལ་ལྟོས་པ་ནི་འདུས་མ་བྱས་ཀྱི་དོན་ཡིན་པས་སོ་ཞེས་བཤད་དོ། །སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། འདུས་མ་བྱས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་
ཡིན་ནོ་ཞེས་བཤད་པས། དེས་ན་འདུས་བྱས་ནི་རྣམ་པར་རྟོག་པ་དང་བཅས་པའོ། །གཞན་ཡང་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས། གང་ལ་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཞན་དུ་འགྱུར་བར་ཡང་སྣང་བ་དེ་ནི་འདུས་བྱས་ཞེས་བྱའོ། །སྐྱེ་བ་དང་། འཇིག་
པ་དང་། གནས་པ་དང་། གཞན་དུ་འགྱུར་བ་མེད་པ་དེ་ནི་འདུས་མ་བྱས་ཞེས་བྱའོ་ཞེས་བཤད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་འདུས་མ་བྱས་ཞེས་བྱ་བ་ནི་འདི་ལྟ་སྟེ། སྐྱེ་བ་དང་འགག་པ་དང་བཅས་ཤིང་། རྒྱུ་དང་རྐྱེན་དང་འགྲེལ་པའོ། །དེ་ལས་བཟློག་པ་ནི་
འདུས་མ་བྱས་སུ་རིག་པར་བྱའོ་ཞེས་བཤད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་གང་དམིགས་སུ་ཡོད་པ་ནི་འདུས་བྱས་ཞེས་བྱའོ། །གང་དམིགས་སུ་མེད་པ་ནི་འདུས་མ་བྱས་སོ་ཞེས་འབྱུང་སྟེ། སློབ་དཔོན་ཡོན་ཏན་བྱིན་གྱིས་བྱས་པའི་རྡོ་རྗེ་
གཅོད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མཚན་མར་འཛིན་པ་གང་ཡིན་པ་དེ་ནི་འདུས་བྱས་སོ། །མཚན་མར་མི་འཛིན་པ་གང་ཡིན་པ་དེ་ནི་འདུས་མ་བྱས་སོ་ཞེས་བཤད་དོ། །རྒྱ་ཆེར་རྣམ་པར་འབྱེད་
པ་ནི་གཞན་དག་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །འདིར་འདུས་བྱས་དང་འདུས་མ་བྱས་བཤད་པ་ཡང་མི་མཐུན་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་འདིར་བཤད་པ་ཀུན་ཏུ་རྟོག་པ་ནི་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་སྟེ། དེའི་ཕྱིར་འོག་ནས་མདོ་ལས་
འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་འདུས་མ་བྱས་སྣང་བ་གང་ཡིན་པ་འདི་ཡོད་དོ་སྙམ་དུ་སེམས་ཤིང་དེ་དག་ཇི་ལྟར་མཐོང་བ་དང་། ཐོས་པ་བཞིན་དུ་དེ་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དོ་ཞེས་གསུངས་སོ་ཞེའོ། །ཁ་

ཅིག་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས། འདུས་བྱས་དང་འདུས་མ་བྱས་རྣམ་པར་འབྱེད་དོ། །འོག་ནས་མདོ་ལས་འདུས་བྱས་དང་འདུས་མ་བྱས་སྣང་བ་གང་ཡིན་པ་འདི་ནི་མེད་མོད་ཀྱི། འོན་ཀྱང་རྣམ་པར་རྟོག་པ་ལས་བྱུང་བའི་རྣམ་པ་དེའི་མཚན་ཉིད་
ནི་ཡོད་དོ་ཞེས་གསུངས་པས་སོ་ཞེའོ། །ཁ་ཅིག་ན་རེ་འདུས་བྱས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །འདུས་མ་བྱས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ། དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་མོད་ཀྱི། གསུམ་པ་ནི་ཡང་དག་པའི་དོན་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདིར་དོན་
གྱིས་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་འདུས་བྱས་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་འདུས་མ་བྱས་ཀྱི་ཆོས་གཉིས་ལ་མངོན་པར་ཞེན་པ་མེད་པའི་ངོ་བོ་ཉིད་ལ་འདུས་བྱས་དང་འདུས་མ་བྱས་སུ་སྟོན་པའི་ཕྱིར་རོ། །གཉིས་སུ་མེད་པ་ཞེས་བྱ་བ་ནི་འོག་ནས་རྣམ་པར་འབྱེད་དོ། །དེ་ལ་འདུས་
བྱས་ནི་འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་ནོ། །འདུས་མ་བྱས་ནི་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་གཉིས་སུ་མེད་པའི་མཚན་ཉིད་བཤད་པ་ཞེས་བྱ་བ་སྟོན་ཏེ། འདི་ནི་རྣམ་པ་ལྔ་ལས་བརྗོད་དུ་མེད་པའི་མཚན་ཉིད་དང་། གཉིས་
སུ་མེད་པའི་མཚན་ཉིད་ཅེས་བྱ་བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་དང་འདུས་མ་བྱས་ཞེས་བརྗོད་དུ་མེད་པའི་ཕྱིར་དང་། འདུས་བྱས་དང་འདུས་མ་བྱས་རྣམ་པ་གཉིས་ཀྱི་མཚན་ཉིད་ཀྱང་མ་ཡིན་པའི་ཕྱིར་རོ། །མདོའི་ཚིག་བཤད་པ་ཡང་སོ་སོ་ནས་མི་མཐུན་ཏེ། ཚིག་ངེས་པར་
འགྲེལ་པའི་མདོ་ལས་ནི་བྱས་པ་ནི་བྱས་པ་ཡང་མ་ཡིན། བྱས་པ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས། འདི་མན་ཆད་ཚིག་གཉིས་ཀྱིས་ནི་འདུས་བྱས་ཀྱི་ཆོས་རབ་ཏུ་སེལ་ཏོ། །ཚིག་གཉིས་ཀྱིས་ནི་འདུས་མ་བྱས་རབ་ཏུ་སེལ་
ཏོ། །དེ་ལ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་ཏེ། འདི་ལྟར་འདུས་བྱས་ཀྱི་ཆོས་ནི་རྒྱུ་དང་རྐྱེན་བསགས་པས་མ་བྱས་པའི་ཕྱིར་བྱས་པ་ཞེས་པའོ། །བྱས་པ་མ་ཡིན་པ་ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་ཆོས་ཏེ། འདི་ལྟར་འདུས་མ་བྱས་ཀྱི་ཆོས་ནི་རང་བཞིན་གྱིས་ཡོད་ཅིང་རྟག་པ་ཡིན་པས།

རྒྱུ་དང་རྐྱེན་བསགས་པས་མ་བྱས་པའི་ཕྱིར། བྱས་པ་མ་ཡིན་པའི་ཞེས་བྱའོ། །འདིར་སྔར་དོན་རྣམ་པ་གསུམ་ལ་བརྟེན་ནས། འདུས་བྱས་རབ་ཏུ་སེལ་ཏེ། དང་པོ་ནི་ནོར་བུའི་རྣམ་པར་ཤེས་པ་རྣམ་པར་རྟོག་པའི་ཕྱིར། བྱས་པ་ཡོད་པར་གྱུར་པས། བྱས་པ་ནི་ཡང་དག་པར་མེད་ཀྱི།
རྣམ་པར་རྟོག་པ་ཁོ་ནར་ཟད་པའོ། །གཟུང་བ་དེའི་དབང་གིས་ནི་འཛིན་པ་ཡོད་པར་གྱུར་པ་ཡིན་ཏེ། གཟུང་བ་ཉིད་ཡོད་པ་མ་ཡིན་པའི་ཕྱིར། འཛིན་པ་ཡང་མེད་པར་བྱས་པ་མ་ཡིན་པའོ། །གཉིས་པ་ནི་འདུས་མ་བྱས་ཀྱི་རྩ་བ་ཡིན་ཏེ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་རྩ་བ་ནི་ཡང་
དག་པ་མ་ཡིན་པར་སེམས་པ་ལས་སྐྱེས་པ་ཡིན་ལ། ཡང་དག་པ་མ་ཡིན་པར་སེམས་པས་ནི་ཉོན་མོངས་པ་རྣམ་པར་སྐྱེད་དོ། །ཉོན་མོངས་པས་ནི་ལས་རྣམས་སྐྱེད་དོ། །ལས་ཀྱིས་ནི་རྣམ་པར་སྨིན་པ་སྐྱེད་དོ། །ཡང་དག་པ་མ་ཡིན་པར་སེམས་པ་ནི་ཡུལ་འཛིན་པ་ལས་འབྱུང་སྟེ།
ཡུལ་ཉིད་ཡང་དག་པར་ཡོད་པ་མ་ཡིན་ན། ནོར་པས་ཡོད་པ་ཉིད་དུ་མངོན་པར་ཞེན་ཏོ། །ཡུལ་ཉིད་མེད་པའི་ཕྱིར། ཡང་དག་པ་མ་ཡིན་པའི་སེམས་པ་ཡང་མེད་པ་ཉིད་དོ། །ཡང་དག་པ་ཡིན་པའི་སེམས་པ་ཡང་མེད་པ་ཉིད་ཀྱིས་ཉོན་མོངས་པ་རྣམས་ཀྱང་མེད་པ་ཉིད་དོ། །ཉོན་མོངས་པ་
རྣམས་མེད་པའི་ཕྱིར་ལས་རྣམས་ཀྱང་མེད་པ་ཉིད་དོ། །ལས་རྣམས་མེད་པའི་ཕྱིར་རྣམ་པར་སྨིན་པ་ཡང་མེད་པ་ཉིད་དོ། །རྩ་བ་ཉིད་ཡང་དག་པ་མ་ཡིན་པའི་ཕྱིར། འདུས་བྱས་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པ་ཉིད་དོ། །གསུམ་པ་ནི་མཚན་ཉིད་མེད་པ་དང་། སྐྱེ་བ་མེད་པའི་དབང་
གིས་བྱས་པའི་ཆོས་རྣམས་ཀྱང་། ཀུན་བརྟགས་དང་། གཞན་གྱི་དབང་གི་ངོ་བོ་ཉིད་ལས་གུད་ན་མེད་དེ། ངོ་བོ་ཉིད་ནི་འདི་གཉིས་རང་བཞིན་གྱིས་མཚན་ཉིད་དང་། སྐྱེ་བ་མེད་ན་བྱས་པའི་དོན་ལྟ་ག་ལ་ཡོད་དེ། དེའི་ཕྱིར་བྱས་པ་ཡང་མ་ཡིན་བྱས་པ་མ་ཡིན་པ་ཡང་མ་ཡིན་ནོ་
ཞེས་བྱ་བ་ནི་ཚིག་གཉིས་པས་བྱས་པ་རབ་ཏུ་སེལ་བ་སྟེ། བྱས་པ་དེ་ལྟར་འདུས་བྱས་ཡིན་པར་གྱུར་ན། བྱས་པ་མ་ཡིན་པ་ནི་འདུས་མ་བྱས་པ་ཉིད་དུ་འགྱུར་རོ། །འདིར་ཡང་རྣམ་པ་གསུམ་གྱིས་འདུས་མ་བྱས་རབ་ཏུ་སེལ་ཏེ། དང་པོ་ནི་འདི་ལྟར་འདུས་མ་བྱས་ཞེས་བྱས་པ་

ཡང་ནོར་པའི་རྣམ་པར་ཤེས་པས་རྣམ་པར་རྟོག་པ་ལས་སྐྱེས་པའི་ཕྱིར། བྱས་པ་མ་ཡིན་པ་ནི་འདི་ཡོད་པར་གྱུར་པ་ཡིན་ཏེ། ནོར་པའི་རྣམ་པར་ཤེས་པ་མེད་པ་ཉིད་ཀྱིས་བྱས་པ་མ་ཡིན་པ་ཡང་ཡོད་པ་ཉིད་དུ་མི་འགྱུར་རོ། །ནོར་པའི་རྣམ་པར་ཤེས་པས་རྣམ་པར་རྟོག་
པའི་ཕྱིར་བྱས་པ་ཞེས་བྱ་བའི་མིང་ཡོད་པར་གྱུར་ཏོ། །ངོ་བོ་ཉིད་ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་འགྲུབ་པར་མི་འགྱུར་རོ། །བྱས་པའི་ཆོས་མེད་པ་ཉིད་ཀྱིས་བྱས་པ་མ་ཡིན་པ་ཡང་ཡོད་པ་ཉིད་དུ་མི་འགྱུར་རོ། །འདི་ལྟར་ཡོད་པ་ནི་མེད་པ་ལ་ལྟོས་པ་ཡིན་ནོ། །མེད་པ་ཉིད་མེད་པས་
ཡོད་པ་ནི་རང་ཉིད་ཀྱིས་མེད་པར་འགྱུར་རོ། །གཉིས་པ་ནི་རྩ་བ་མེད་པ་ཉིད་ཡིན་པས་བྱས་པ་ཉིད་རྩ་བ་ཡིན་ཏེ། གལ་ཏེ་བྱས་པ་ཡང་དག་པར་ཡོད་པར་གྱུར་ན་ནི། བྱས་པ་མ་ཡིན་པའི་མིང་ཡང་བརྗོད་དུ་ཡོད་པར་འགྱུར་ཏེ། ཇི་ལྟར་སྔར་ནད་ཡོད་ན་ཕྱིས་ནད་བྱང་བ་ཞེས་བརྗོད་དུ་ཡོད་ཀྱི།
ནད་ཉིད་དང་པོ་ནས་ཡོད་པ་མ་ཡིན་ན་བྱང་བ་ཞེས་བྱ་བ་ཇི་ལྟར་འགྱུར། གསུམ་པ་ནི་ཆོས་རྣམས་གཟོད་མ་ནས་མཚན་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། ཡོད་པ་དང་བྲལ་བ་དང་། མེད་པ་དང་བྲལ་བ་ཡིན་པས་རང་བཞིན་གྱིས་བྱས་པ་མ་ཡིན། བྱས་པ་མ་ཡིན་པ་ཡང་མ་
ཡིན་པའོ། །བྱས་པ་མ་ཡིན་པ་ཡང་ཞེས་བྱ་བ་ནི་འོག་མའི་ཚིག་གཉིས་ཀྱིས་འདུས་མ་བྱས་ཀྱི་ཆོས་རབ་ཏུ་སེལ་ཏེ། དེ་ཡང་ཚིག་དང་པོ་གཅིག་ནི་དོན་རྣམ་པ་གསུམ་ལ་བརྟེན་ནས་འདུས་མ་བྱས་རབ་ཏུ་སེལ་བས་དེའི་ཕྱིར་བྱས་པ་མ་ཡིན་པ་ཡང་མ་ཡིན་ཞེས་གསུངས་སོ། །དེའི་འོག་
མ་གཅིག་ནི་དོན་རྣམ་པ་གསུམ་ལ་བརྟེན་ནས། འདུས་བྱས་རབ་ཏུ་སེལ་བའི་ཕྱིར་བྱས་པ་ཡང་མ་ཡིན་ནོ་ཞེས་གསུངས་སོ། །དོན་རྣམ་པ་གསུམ་ཡང་གོང་མ་ལས་ཐ་མི་དད་དེ། འདུས་བྱས་དང་འདུས་མ་བྱས་ལས་གུད་ན་མེད་པའི་ཕྱིར། སྔ་མ་ལས་ཐ་དད་དུ་བཤད་པ་མེད་དེ།
འདི་ནི་བརྗོད་དུ་མེད་པ་དང་གཉིས་སུ་མེད་པའི་དོན་བསྟན་ཏོ། །དེ་ལྟར་མདོར་བསྡུས་ན་ལན་བཏབ་པ་ཡང་། དང་པོ་ནི་གང་ཟག་དབང་པོ་རྣོན་པོ་ཉུང་ངུ་ཐོས་མ་ཐག་ཏུ་གོ་བར་འགྱུར་བའི་ཆེད་དུ་རྒྱ་ཆེར་བཤད་མི་དགོས་སོ་སྙམ་དུ་དགོངས་པའོ། །གཉིས་པ་ནི་གང་ཟག་སེམས་མཐོ་བ་དག་

གདུལ་བའི་ཆེད་དུ་སྟེ། ལན་ཅིག་ཐོས་པས་ད་དུང་མ་གོ་སྟེ། ཡང་གསོལ་བ་བཏབ་ནས་གདོད་བཤད་པར་དགོངས་པའོ་ཞེས་འབྱུང་སྟེ། དེ་ཡན་ཆད་དུ་སློབ་དཔོན་ཡང་དག་བདེན་པས་བཤད་པའི་གཞུང་དང་སྦྱར་ནས། མདོ་སྡེའི་དོན་བསྟན་ཏེ། ཡུལ་འདིའི་སློབ་དཔོན་རྣམས་ཀྱང་ཕལ་
ཆེར་སློབ་དཔོན་ཡང་དག་བདེན་པས་བཤད་པ་དག་དང་མཐུན་པར་སྟོན་ཏོ། །ད་ལྟར་གྱི་མདོ་འདི་ལས། དེ་ལ་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ། །འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ནོ་ཞེས་གསུངས་པའི་
མདོའི་ཚིག་འདི་ལ་བཤད་པ་ཡང་སོ་སོ་ནས་མི་མཐུན་ཏེ། ཁ་ཅིག་ན་རེ་དེ་ལ་འདུས་ཞེས་བྱ་བ་ནི་ཀུན་བརྟགས་པ་ཡིན་ཏེ། དེས་བརྟགས་པའི་ཆོས་ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་བརྗོད་དུ་མེད་པ་དང་། གཉིས་སུ་མེད་པའི་མཚན་ཉིད་ཅེས་བྱའོ། །འདུས་བྱས་ཉིད་འདུས་བྱས་མ་
ཡིན་པ་ཉིད་ཀྱིས་འདུས་མ་བྱས་འདུས་མ་བྱས་མ་ཡིན་པར་ཡང་དེ་བཞིན་ཏེ། འདི་ལྟར་བརྟགས་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་བརྗོད་དུ་མེད་དེ། དེའི་ཕྱིར་འོག་ནས་ནི་མདོ་ལས་ནན་གྱིས་མཆོག་ཏུ་བཟུང་ནས་འདུས་བྱས་དང་འདུས་མ་བྱས་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་སོ་
ཞེས་གསུངས་པས་འདུས་བྱས་དང་འདུས་མ་བྱས་གང་ཡིན་པ་དེ་དག་ནི་བརྟགས་པ་ཡིན་པར་མངོན་ནོ་ཞེའོ། །ཁ་ཅིག་ན་རེ་འདིར་འདུས་བྱས་དང་། འདུས་མ་བྱས་ཞེས་གསུངས་པ་དེ་དག་ནི་གཞན་གྱི་དབང་གི་འདུས་བྱས་དང་འདུས་མ་བྱས་ཡིན་ནོ། །དེའི་ཕྱིར་འོག་ནས་ནི་མདོ་ལས།
རྣམ་པར་རྟོག་པ་ལས་བྱུང་བ་འདུ་བྱེད་ཀྱི་མཚན་མ་ཞེས་གསུངས་པ་ཡིན་ཏེ། ཀུན་བརྟགས་པའི་འདུས་བྱས་དང་། འདུས་མ་བྱས་རབ་ཏུ་བསལ་བའི་ཕྱིར། དེ་ལ་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ། །འདུས་མ་བྱས་ཀྱང་འདུས་མ་བྱས་མ་ཡིན།
འདུས་བྱས་ཀྱང་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་དེ་ལ་འདུས་བྱས་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དང་འདུས་བྱས་ཀྱི་ཆོས་རྣམས་སོ། །འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་འདུས་བྱས་དང་འདུས་མ་བྱས་ཏེ།

འདིར་དོན་དུ་གཞན་གྱི་དབང་ལ་ཀུན་བརྟགས་ཡོངས་སུ་བསལ་བའི་འདུས་བྱས་དང་། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱ་སྟེ། གཞན་གྱི་དབང་ལ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པ་ལ་ཡོངས་སུ་གྲུབ་པ་
ཞེས་བྱ་བའི་གཞན་གྱི་དབང་ཉིད་ལ་ཡོངས་སུ་གྲུབ་པ་ཞེས་བཤད་པ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་འདུས་མ་བྱས་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཚིག་དང་བྲལ་བའི་དེ་བཞིན་ཉིད་དོ། །འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ཞེས་བྱ་བ་ནི་ཀུན་བརྟགས་པ་མ་ཡིན་
པའི་འདུས་མ་བྱས་དང་འདུས་བྱས་ཏེ། དོན་དུ་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་ཀྱི་ངོ་བོ་ཉིད་ཡོངས་སུ་བསལ་བའི་འདུས་མ་བྱས་དང་། འདུས་བྱས་ཀྱིས་རབ་ཏུ་ཕྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དོན་དམ་པའི་བདེན་པ་ཞེས་སྟོན་ཏོ་ཞེའོ། །དེ་ལྟར་རྣམ་པ་གསུམ་དུ་
བཤད་པ་ཡོད་མོད་ཀྱི། འདིར་ནི་རེ་ཞིག་གསུམ་དང་སྦྱར་རོ། །གཉིས་སུ་མེད་པའི་མཚན་ཉིད་དེ་ཡང་རྣམ་པ་མང་བས་བརྗོད་ཀྱིས་མི་ལང་སྟེ། འདིར་རེ་ཞིག་འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པའི་མཚན་ཉིད་ཀྱི་དབང་དུ་བྱས་ཏེ་བརྗོད་ན། སོ་སོ་ནས་བཤད་པ་མི་མཐུན་ཏེ།
བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ནི་ཉེ་བར་ལེན་པའི་ཕུང་པོ་མེད་པའི་དབང་དུ་བྱས་ནས། གཉིས་སུ་མེད་པ་ཞེས་བཤད་དེ། ལས་དང་ཉོན་མོངས་པ་ལས་སྐྱེས་པ་མ་ཡིན་པའི་ཕྱིར། འདུས་བྱས་ཞེས་བྱ་བ་ཡང་མི་རུང་ལ། ཇི་ལྟར་མོས་པ་བཞིན་དུ་མངོན་དུ་སྣང་བ་དང་།
མངོན་དུ་མི་སྣང་བའི་ཕྱིར་འདུས་མ་བྱས་ཡང་མི་རུང་ངོ་ཞེས་སྟོན་ཏོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་སྦྱར་ན། དེ་ལས་ཆོས་ཀྱི་སྐུའི་མཚན་ཉིད་རྣམ་པ་ལྔ་སྟོན་ཏེ། གནས་གྱུར་པའི་མཚན་ཉིད་དང་། ཆོས་དཀར་པོའི་མཚན་ཉིད་དང་། གཉིས་སུ་མེད་པའི་མཚན་ཉིད་དང་།
བརྟགས་པའི་མཚན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དོ། །གསུམ་པ་གཉིས་སུ་མེད་པའི་མཚན་ཉིད་ལ་རྣམ་པ་གསུམ་དུ་བསྟན་ཏེ། ཡོད་པ་དང་མེད་པའི་མཚན་ཉིད་དང་། འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པའི་མཚན་ཉིད་དང་། གཅིག་པ་དང་ཐ་དད་

པ་གཉིས་སུ་མེད་པའི་མཚན་ཉིད་དོ། །དེ་ལ་འདུས་བྱས་དང་། འདུས་མ་བྱས་གཉིས་སུ་མེད་པའི་མཚན་ཉིད་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་བྱས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་། འདུས་བྱས་སུ་སྣང་བའི་མཚན་ཉིད་ཀུན་ཏུ་སྟོན་པ་ལ་དབང་འབྱོར་པ་ཉིད་ཀྱི་ཕྱིར་རོ་ཞེས་བཤད་དོ། །
འདིར་བཤད་པ་ནི་ཀུན་ཏུ་བརྟགས་པའི་སྐྱེ་བ་དང་། འགག་པ་ལ་སོགས་པའི་འདུས་བྱས་ཀྱང་ཡིན། ཀུན་ཏུ་བརྟགས་པའི་སྐྱེ་བ་དང་འགག་པ་ལ་སོགས་པའི་འདུས་མ་བྱས་ཀྱང་མ་ཡིན་པས་དེའི་ཕྱིར་འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་ཞེས་གསུངས་སོ། །བརྗོད་དུ་
མེད་པ་དང་། གཉིས་སུ་མེད་པའི་ངོ་བོ་འདི་ཉིད་དེ། དེ་བཞིན་ཉིད་ཡིན་པས། དེའི་ཕྱིར་འཕགས་པ་བླ་ན་མེད་པའི་གནས་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པའི་ཁམས་ནི་ཡོན་ཏན་རྣམ་པ་ལྔ་སྟེ། ཚིག་གིས་བརྗོད་དུ་མེད་པའི་མཚན་ཉིད་དང་། གཉིས་སུ་མེད་པའི་
མཚན་ཉིད་དང་། རྟོག་གེ་ཐམས་ཅད་ལས་འདས་པའི་མཚན་ཉིད་དང་། གཅིག་པ་དང་ཐ་དད་པའི་མཚན་ཉིད་དང་། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་ཆོས་ཀྱི་སྙིང་པོ་ཐམས་ཅད་རྣམ་པར་གྲོལ་བར་འགྱུར་བ་མེད་པའི་ཕྱིར་དེ་བཞིན་ཉིད་
ཅེས་བྱའོ། །ཕྱིན་ཅི་ལོག་མེད་པའི་ཕྱིར་ཡང་དག་པའི་མཐའ་ཞེས་བྱའོ། །མཚན་མ་ཐམས་ཅད་ཡང་དག་པར་འདས་པའི་ཕྱིར་ཞི་བ་ཞེས་བྱའོ། །འཕགས་པའི་གང་ཟག་གིས་བགྲོད་པར་བྱ་བ་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱའོ། །ཀུན་དགའ་བོ་དེ་
བཞིན་གཤེགས་པའི་ཁམས་འདི་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཀུན་ནས་ཉོན་མོངས་པ་ཡང་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་གསུངས་སོ། །མདོ་འདི་ཉིད་ལས་ཀྱང་འོག་ནས། སངས་རྒྱས་བརྗོད་བྲལ་གཉིས་
མེད་དོན་གསུང་བ། །ཤིན་ཏུ་ཟབ་པས་བྱིས་པའི་སྤྱོད་ཡུལ་མིན། །ཞེས་གསུངས་པས། དེའི་ཕྱིར་བརྗོད་དུ་མེད་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་བྱེད་པར་རིག་པར་བྱའོ། །གལ་ཏེ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཆེན་པོ་ལས་གསུངས་པ་དེ་ཇི་ལྟར་འཐད་དོ། །དེའི་ཕྱིར་དེ་ཉིད་ལས། རབ་

འབྱོར་གྱིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟ་བུ་ནི་མཆིས་པའི་ཆོས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་སུ་ཡོད་པ་ནི་ཡོད་པའི་ཆོས་སོ། །གཉིས་སུ་མེད་པ་ནི་མེད་པའི་ཆོས་སོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་། གཉིས་སུ་ཡོད་པའི་ཆོས་ནི་སོ་སོ་ཐ་དད་པའི་མཚན་ཉིད་དོ། །གཉིས་སུ་མེད་པའི་ཆོས་ནི་སྟོན་པ་ཉིད་གཅིག་པའི་མཚན་ཉིད་དེ་སྟོང་པ་ཉིད་གཅིག་པའི་མཚན་ཉིད་ཀྱིས་སོ་སོ་ཐ་དད་པའི་མཚན་ཉིད་འཇིག་པར་བྱེད་དོ་ཞེས་འབྱུང་ངོ་། །གཞན་ཡང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལེའུ་ཆེན་པོ་ལས་ཆོས་རྣམས་ཀྱི་མཉམ་པ་ཉིད་ནི་འདི་ལྟ་སྟེ། མཚན་ཉིད་མེད་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་མཉམ་པ་ཉིད་དེ་འདུས་བྱས་ཤིག་ལགས་སམ། འོན་ཏེ་འདུས་མ་བྱས་ཤིག་ལགས་སམ། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་བྱས་ཀྱི་ཆོས་ཀྱང་མ་ཡིན། འདུས་མ་བྱས་ཀྱི་ཆོས་ཀྱང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་ཀྱི་ཆོས་ལས་གུད་ན་འདུས་མ་བྱས་ཀྱི་ཆོས་ཀྱང་མི་དམིགས་ལ། འདུས་མ་བྱས་ཀྱི་ཆོས་ལས་གུད་ན་འདུས་བྱས་ཀྱི་ཆོས་ཀྱང་མི་དམིགས་
སོ། །རབ་འབྱོར་འདུས་བྱས་ཀྱི་ངོ་བོ་ཉིད་དང་འདུས་མ་བྱས་ཀྱི་ངོ་བོ་ཉིད་ཀྱི་ཆོས་དེ་ཉིད་ནི་འདུ་བ་མ་ཡིན། འབྲལ་བ་མ་ཡིན། གཟུགས་མེད་པ། དབྱིབས་མེད་པ། མཚན་ཉིད་གཅིག་པ། འདི་ལྟ་སྟེ། མཚན་མ་མེད་པའོ། །འདི་ཡང་སངས་རྒྱས་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱི་
ཕྱིར་གསུངས་ཀྱི། དོན་དམ་པའི་བདེན་པ་ཉིད་ཀྱི་ཕྱིར་གསུངས་པ་ནི་མ་ཡིན་ནོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་གསུངས་པ་བཞིན་ནོ་ཞེའོ། །དོན་དམ་པའི་བདེན་པ་འདི་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་བྱེད་དོ། །མེད་དོ་ཞེས་གསུངས་པ་ནི་ཀུན་བརྟགས་པ་ཡོངས་སུ་བསལ་བའི་ཕྱིར་
མེད་དོ་ཞེས་གསུངས་ཀྱི། ཡང་དག་པའི་དོན་དུ་ན་མེད་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་འོག་ནས་མདོ་ལས། ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་གསུངས་པ་ཡང་། ངོ་བོ་ཉིད་རྣམ་པ་གསུམ་གྱི་དགོངས་པའི་དབང་དུ་མཛད་ནས་མེད་དོ་ཞེས་གསུངས་ཀྱིས། ཐམས་ཅད་ཀྱི་

ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །ཆོས་ཐམས་ཅད་གཉིས་སུ་མེད་པར་བསྒོམས་པའི་སྒོ་ཉིད་ནི་རྣམ་པར་རིག་པ་ཙམ་དུ་བསྒོམ་པའོ། །ཡང་ན་ངོ་བོ་ཉིད་རྣམ་པ་གསུམ་ལས་ཡོངས་སུ་གྲུབ་པ་ཙམ་དུ་བསྒོམ་པའོ། །ངོ་བོ་ཉིད་རྣམ་པ་གསུམ་ལས་ནི་དོན་དམ་པ་ངོ་བོ་ཉིད་མེད་པར་བསྒོམ་
པའོ། །སློབ་དཔོན་ཡང་དག་བདེན་པས་འདི་ནི་རྣམ་པར་མི་རྟོག་པ་དང་། མཚན་མ་མེད་པའི་རྣལ་འབྱོར་རོ། །ཡང་ན་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་མེད་པར་བསྒོམ་པའོ་ཞེས་བཤད་དོ། །འདིར་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་བཤད་པར་བྱ་སྟེ། རྣམ་པ་བརྒྱད་ཀྱི་དབུ་མར་མི་
འགྱུར་བའི་དོན་ནི་གཞན་ནས་བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས་ཀྱིས་བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་པ་ལ་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གལ་གྱིས་དྲི་བ་དྲིས་པ་ཞེས་བྱ་བ་བསྟན་ཏོ། འདི་ཡང་
རྣམ་པ་གཉིས་ཏེ། དྲིས་པ་དང་ལན་འདེབས་པ་བསྟེན་པ་དང་། སྔ་མ་ལས་བརྩམས་ནས་དྲི་བ་དྲིས་པ་སྟེ། འདི་ནི་དང་པོའོ། །ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ལ། འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱང་མ་ཡིན།
འདུས་བྱས་ཀྱང་མ་ཡིན་ཞེས་བྱ་བ་ནི་གཉིས་པ་ལྔ་པ་ལས་བརྩམས་ནས་དྲི་བ་དྲིས་པ་བསྟན་ཏོ། །སྔར་འདུས་བྱས་དང་འདུས་མ་བྱས་ཞེས་སྨྲས་པས། འདིར་དོན་གང་ལ་བརྟེ