Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 118

Văn bản gốc(Tây Tạng)

Trang 17 / 18 (50.000 ký tự/trang)
སྟན་པའོ། །དེ་ནི་འདི་སྐད་དུ་ཀུན་གཞི་རྣམ་པར་ཤེས་པ་བདག་དང་ཆོས་སུ་འཛིན་པའི་བག་ཆགས་ཀྱི་སྟོབས་ཀྱི་དབང་གིས་བདག་དང་ཆོས་ལྟ་བུར་གྱུར་ན། སེམས་ཅན་རྣམས་བདག་དང་ཆོས་ཡང་དག་པ་
ཉིད་བཟུང་བས་སེམས་ཅན་རྣམས་རྨོངས་པར་བྱེད་དེ་ཇི་ལྟར་ཤེལ་ལ་ཡང་དག་པར་སྔོན་པོ་ལ་སོགས་པ་མེད་པ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་བཏགས་པའི་ངོ་བོ་ཉིད་མེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བསྟན་པར་འགྱུར་ཏེ། ཕྱིས་འོག་ནས་རྣམ་པར་འབྱེད་དོ། །གལ་ཏེ་ཚོན་དམར་
པོ་དང་ཕྲད་པར་གྱུར་ན་ནོར་བུ་རིན་པོ་ཆེ་པདྨ་རཱ་ག་ལྟ་བུར་སྣང་བར་འགྱུར་ཞིང་ནོར་བུ་རིན་པོ་ཆེ་པདྨ་རཱ་ག་ལྟ་བུར་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་ཚོན་དམར་པོ་དང་མཐུན་པར་གྱུར་པའི་དཔེས་བསྟན་པ་སྟེ་སྔ་མ་

བཞིན་དུ་རིག་པར་བྱའོ། །གལ་ཏེ་ཚོན་ལྗང་གུ་དང་ཕྲད་པར་གྱུར་ན་ནི་ནོར་བུ་རིན་པོ་ཆེ་མརྒད་ལྟ་བུར་སྣང་བར་གྱུར་ཞིང་། ནོར་བུ་རིན་པོ་ཆེ་མརྒད་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ་ཞེས་བྱ་བ་ནི་གསུམ་པ་ཚོན་
ལྗང་གུ་དང་མཐུན་པར་གྱུར་པའི་དཔེས་བསྟན་པ་སྟེ། དེ་ལ་མརྒད་ཅེས་བྱ་བ་ནི་ཡུལ་འདི་ནི་མིང་མེད་པའི་ཕྱིར། །མ་བསྒྱུར་བར་སོ་ན་བཞག་པ་ཡིན་ནོ། །ཁ་ཅིག་ན་རེ་འདིའི་ཁ་དོག་གསོད་པའི་རིན་པོ་ཆེ་ཞེས་བྱ་སྟེ། རིན་པོ་ཆེ་འདིའི་དབང་གིས་ཁ་དོག་ཐམས་ཅད་
གསོད་ཅིང་ཉམས་པར་འགྱུར་བའི་ཕྱིར་རོ་ཞེའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ལྗང་གུ་འབྱུང་ངོ་། །གལ་ཏེ་མཚོན་བྱ་སེར་པོ་དང་ཕྲད་པར་གྱུར་ན་ནི་གསེར་ལྟ་བུར་སྣང་བར་འགྱུར་ཞིང་གསེར་ཡང་དག་པ་ཉིད་དུ་ལོག་པར་འཛིན་པས་
ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ་ཞེས་བྱ་བ་ནི། བཞི་པ་ཚོན་སེར་པོ་དང་མཐུན་པར་གྱུར་པའི་དཔེས་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བྱེ་བྲག་ཡོད་པ་ཡང་འདི་ལས་ནི་གསེར་ཞེས་འབྱུང་ལ། དེ་ལས་
ནི་ནོར་བུ་རིན་པོ་ཆེ་གསེར་གྱི་ཁ་དོག་ཏུ་གྱུར་པ་ཞེས་འབྱུང་ངོ་། །དཔེ་ཕྱི་མ་རྣམ་པ་གསུམ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་བཞིན་དུ་ཡོན་ཏན་འབྱུང་གནས་ཇི་ལྟར་ཤེལ་ཡོངས་སུ་དག་པ་དེ་ལ་ཚོན་དང་འབྲེལ་བ་ཡོད་པ་ལྟ་བུར་གཞན་གྱི་དབང་གི་མཚན་
ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཐ་སྙད་ཀྱི་བག་ཆགས་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་བ་སྟོན་ཏོ། །འདི་ཡང་གོང་མའི་དོན་རྣམ་པ་བཞི་དང་སྦྱར་བ་ཡིན་པས་རྣམ་པ་བཞིར་དབྱེ་སྟེ། ས་བོན་དང་
སྦྱར་བ་དང་མཚན་ཉིད་ཀྱི་བརྟགས་པ་དང་སྦྱར་བ་དང་། གཞན་གྱི་དབང་དང་སྦྱར་བ་དང་། ཡོངས་སུ་གྲུབ་པ་དང་སྦྱར་བ་དང་། དོན་རྣམ་པ་བཞི་པོ་འདི་ཡང་སྔར་གོང་དུ་བསྟན་པའི་དཔེ་རྣམ་པ་ལྔ་ཡོད་ཀྱང་དོན་རྣམ་པ་བཞི་དང་ལྡན་པའི་ཕྱིར་དོན་རྣམ་པ་བཞིས་

གོང་མའི་དཔེ་དང་སྦྱར་བར་བྱ་སྟེ། འདི་ནི་དང་པོའོ། །དོན་རྣམ་པ་བཞི་པོ་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་དང་པོ་གཅིག་ནི་དམིགས་པར་འཛིན་པའོ། །དེའི་འོག་མ་གསུམ་ནི་གོ་རིམས་བཞིན་དུ་ངོ་བོ་ཉིད་གསུམ་དང་སྦྱར་རོ་ཞེའོ། །ཁ་ཅིག་
ན་རེ་དང་པོ་གཉིས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དཔེར་བསྟན་པ་ཡིན་ཏེ། འདི་ལྟར་ས་བོན་གྱི་དབང་གིས་བཏགས་པ་སྣང་བར་གྱུར་ནས། བཏགས་པ་ཉིད་དུ་མངོན་པར་གྲུབ་པའི་ཕྱིར་ཏེ། འདི་ནི་དང་པོའོ། །འདི་ལྟ་སྟེ། ཤེལ་ལ་ཚོན་དང་འབྲེལ་བ་
ཡོད་པའི་དོན་གྱི་ཕྱིར། ཤེལ་ལ་སྔོན་པོ་ལྟ་བུར་གཟུགས་བརྙན་སྣང་བ་ལྟར་དེ་བཞིན་དུ་གཞན་གྱི་དབང་ལ་ཡང་དག་པ་མ་ཡིན་པས་བཏགས་པའི་ས་བོན་གྱི་རྒྱུ་དང་རྐྱེན་བྱས་པའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་ལ་གཟུགས་དང་སྒྲ་ལ་སོགས་པ་ལྟ་བུའི་གཞན་
གྱི་དབང་གི་མཚན་ཉིད་སྣང་ངོ་ཞེའོ། །ཇི་ལྟར་ཤེལ་ཡོངས་སུ་དག་པ་དེ་ལ་ཨནྡ་རྙིལ་དང་། མཐོན་ཀ་ཆེན་པོ་དང་། པདྨ་རཱ་ག་དང་། མརྒད་དང་། གསེར་ལ་སོགས་པའི་ལོག་པར་འཛིན་པ་ཡོད་པ་ལྟ་བུར་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱང་
དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མཚུངས་པའི་མཚན་ཉིད་དེ། བཏགས་པ་རྣམ་པར་གྱུར་པའི་ཕྱིར། དེ་དག་ལ་ཡང་དག་པ་ཉིད་དུ་འཛིན་ཏེ། དོན་དེའི་ཕྱིར་གོང་མ་གཉིས་ནི་དོན་གྱི་རྣམ་པ་གསུམ་ལས་ཀུན་བརྟགས་པ་དཔེར་བསྟན་པ་ཡིན་ནོ། །ཇི་ལྟར་ཡོངས་སུ་
དག་པའི་ཤེལ་རིན་པོ་ཆེ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་གཞན་གྱི་དབང་དང་སྦྱར་བ་སྟེ། ཇི་ལྟར་ཤེལ་ཡོངས་སུ་དག་པ་སྔོན་པོ་ལ་སོགས་པ་ལྟ་བུར་སྣང་བ་དེ་བཞིན་དུ་གཞན་གྱི་དབང་ཡང་ས་བོན་གྱི་དབང་གིས་
གཟུགས་དང་སྒྲ་ལ་སོགས་པའི་མཚན་ཉིད་ཀྱང་དེ་བཞིན་དུ་སྣང་བར་གྱུར་པའོ། །ཇི་ལྟར་ཤེལ་ཡོངས་སུ་དག་པ་དེ་ཉིད་ལ་ཡོད་པའི་ཨནྡ་རྙིལ་དང་། མཐོན་ཀ་ཆེན་པོ་དང་། པདྨ་རཱ་ག་དང་། མརྒད་དང་གསེར་ཡང་དག་པ་ལ་སོགས་པའི་མཚན་ཉིད་རྟག་པ་རྟག་པའི་དུས་

དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་ཡང་དག་པར་རང་གི་ངོ་བོ་ཉིད་མེད་པ་ལྟ་བུར་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་ཡོངས་སུ་གྲུབ་པ་དང་སྦྱར་བའོ། །འདི་ཡང་རྣམ་པ་གཉིས་ཏེ། དཔེ་སྔ་མ་བཟླས་ཏེ་བསྟན་པ་དང་། དཔེ་དང་
དོན་དུ་སྦྱར་བ་ཉིད་དེ་འདི་ནི་དང་པོའོ། །ཤེལ་ལ་སྔོན་པོ་ལ་སོགས་པ་ཡང་དག་པར་མེད་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པ་ཞེས་ཀྱང་བྱ། ཡང་དག་པར་རང་གི་ངོ་བོ་ཉིད་མེད་པ་ཞེས་ཀྱང་བྱའོ། །ཡང་ན་ཡོངས་སུ་མ་གྲུབ་པ་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པ་
དགག་པའོ། །ཡང་དག་པར་རང་གི་ངོ་བོ་ཉིད་མེད་ཅེས་བྱ་བ་ནི་སྔོན་པོ་ལ་སོགས་པ་མེད་ཀྱང་། ཡང་དག་པར་ཤེལ་གྱི་ངོ་བོ་ཉིད་མེད་པ་མ་ཡིན་ཞེས་བསྟན་པའོ། །གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་རྟག་པ་རྟག་པའི་དུས་དང་། ཐེར་
ཟུག་ཐེར་ཟུག་གི་དུས་སུ་མ་གྲུབ་ཅིང་ཡང་དག་པར་རང་གི་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དཔེ་དོན་དང་སྦྱར་བ་སྟེ། གཞན་གྱི་དབང་ལ་བཏགས་པའི་བདག་ལ་སོགས་པའི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་རང་གི་ངོ་བོ་ཉིད་
མེད་པ་ཞེས་བྱའོ། །ཡང་ན་གཞན་གྱི་དབང་ལ་བཏགས་པ་མེད་ཀྱང་ཡང་དག་པར་རང་གི་ངོ་བོ་ཉིད་མེད་པ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་ཞེས་བྱ་བ་ནི། འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་
སྔ་མའི་མེད་པ་ལ་བརྟེན་ནས་ནི་རྟག་པ་རྟག་པ་ཞེས་གསུངས་སོ། །ཕྱི་མ་ཕྱི་མའི་མེད་པ་ལ་བརྟེན་ནས་ནི་ཐེར་ཟུག་ཐེར་ཟུག་ཅེས་བྱ་བ་གསུངས་སོ་ཞེའོ། །ཁ་ཅིག་ན་རེ་ཡང་དག་པར་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར་ནི་རྟག་པ་རྟག་པ་ཞེས་བྱ་བ་གསུངས་སོ། །རང་
གི་ངོ་བོ་ཉིད་མེད་པར་བསྟན་པའི་ཕྱིར་ནི་ཐེར་ཟུག་ཐེར་ཟུག་ཅེས་བྱ་བ་གསུངས་སོ་ཞེའོ། །ངོ་བོ་ཉིད་གསུམ་པོ་འདི་དག་དང་དེ་བཞིན་ཉིད་རྣམ་པ་བདུན་ཕན་ཚུན་ཇི་ལྟར་སྡུད་ཅེ་ན། སྨྲས་པ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་ངོ་བོ་ཉིད་གསུམ་པོ་

འདི་དག་དང་དེ་བཞིན་ཉིད་བདུན་པོ་དག་ཕན་ཚུན་ཇི་ལྟར་སྡུད་ཅེ་ན། དེ་བཞིན་ཉིད་བདུན་ཡང་དང་པོ་འཇུག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། འདུས་བྱས་ཀྱི་ཆོས་འཇུག་པའི་ཆོས་དེ་ཁོ་ན་ཉིད་དོ་ཞེས་འབྱུང་སྟེ། དེ་ལ་འདུས་བྱས་ཀྱང་རྣམ་པ་གཉིས་ཏེ། དང་པོ་ནི་མཚན་
ཉིད་བཞི་པོ་དག་གིས་འདུས་བྱས་པའི་ཕྱིར་འདུས་བྱས་ཞེས་བྱའོ། །གཉིས་པ་ནི་ཉོན་མོངས་པས་བྱས་པའི་ཕྱིར་འདུས་བྱས་ཞེས་བྱ་སྟེ། འདི་ནི་ཉོན་མོངས་པས་བྱས་པའོ། །གཞན་ཡང་དེ་ལས་དེ་ཁོ་ནའི་མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། བདག་མེད་པ་ཉིད་ཀྱིས་རབ་
ཏུ་ཕྱེ་བའི་དེ་ཁོ་ན་ཉིད་དོ། །རྣམ་པར་རིག་པ་ཙམ་གྱི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཀྱི་རྣམ་པར་རིག་པའི་དེ་ཁོ་ན་ཉིད་དོ་ཞེས་འབྱུང་སྟེ། འདིར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྟོག་པ་རྣམ་པར་རིག་པ་ཙམ་
དུ་བསྒོམ་པའི་ཤེས་པ་ལ་དེ་ཉིད་དུ་བཟུང་ངོ་། །གཞན་ཡང་དེ་ལ་གནས་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། སྡུག་བསྔལ་གྱི་དེ་ཁོ་ན་ཉིད་དོ། །ལོག་པར་བསྒྲུབ་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ཀུན་འབྱུང་བའི་དེ་ཁོ་ན་ཉིད་དོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་འདི་ལྟ་
སྟེ། འགོག་པའི་དེ་ཁོ་ན་ཉིད་དོ། །ཡང་དག་པར་བསྒྲུབ་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ལམ་གྱི་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་བདུན་པོ་འདི་དག་ནི་ཡོངས་སུ་གྲུབ་པས་བསྡུས་ཏེ། རྩ་བ་དང་རྗེས་ལས་ཐོབ་པའི་ཡེ་ཤེས་གཉིས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །
མཚན་ཉིད་ཀྱི་རྗེས་སུ་བསྡུ་ན་འཇུག་པ་དང་སྡུག་བསྔལ་དང་། ཀུན་འབྱུང་བ་གསུམ་ནི་ངོ་བོ་ཉིད་སྔ་མ་གཉིས་ཀྱིས་བསྡུས་ཏེ། ཡང་དག་པ་མ་ཡིན་པ་ཀུན་ནས་ཉོན་མོངས་པར་བཏགས་པའི་ཕྱིར་རོ། །གཞན་བཞི་ནི་ཡོངས་སུ་གྲུབ་པས་བསྡུས་སོ་ཞེས་འབྱུང་ངོ་། །
བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་བྱེ་བྲག་གི་དེ་ཁོ་ན་ཉིད་མདོར་བསྡུ་ན་རྣམ་པ་བདུན་ནོ། །འདི་ལྟ་སྟེ། འཇུག་པའི་དེ་ཁོ་ན་དང་། ཡང་དག་པའི་མཚན་ཉིད་ཀྱི་དེ་ཁོ་ན་དང་། རྣམ་པར་རིག་པའི་དེ་ཁོ་ན་དང་། གནས་པའི་དེ་ཁོ་ན་

དང་། ལོག་པར་སྒྲུབ་པའི་དེ་ཁོ་ན་དང་། རྣམ་པར་དག་པའི་དེ་ཁོ་ན་དང་། ཡང་དག་པར་སྒྲུབ་པའི་དེ་ཁོ་ནའོ། །དེ་ཁོ་ན་ཉིད་བདུན་པོ་འདི་དག་རྩ་བའི་དེ་ཁོ་ན་ཉིད་གསུམ་པོ་དག་ཏུ་ཇི་ལྟར་བསྡུ་བར་ཤེས་པར་བྱ་ཞེ་ན། ཚིག་ལེའུར་བྱས་
པ་ལས། འཇུག་པ་དང་ནི་གནས་པ་དང་། །ལོག་བསྒྲུབ་དང་པོ་གཉིས་ལ་བརྟེན། །མཚན་ཉིད་རྣམ་པར་རིག་པ་དང་། །ཡང་དག་སྒྲུབ་ཕྱི་མ་ལ་བརྟེན། །ཅེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་འདི་ལས་
འབྱུང་བ་བཞིན་དུ་བསྡུ་བར་བཤད་པས་འགལ་བ་མེད་དོ། །ངོ་བོ་ཉིད་གསུམ་དང་དངོས་པོ་ལྔ་པོ་དག་ཕན་ཚུན་བསྡུ་བ་ཇི་ལྟ་བུ་ཞེ་ན། འཕགས་པའི་གསུང་རབ་དག་ལས་ཕན་ཚུན་བསྡུ་བར་བཤད་པ་ཡང་ངེས་པ་མེད་དེ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་སྦྱར་ན་
ནི་དེ་ལས་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་ནི་རྒྱུ་མཚན་དང་། མིང་དང་རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དེ་དག་བསྡུས་སོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱིས་ནི་དེ་བཞིན་ཉིད་བསྡུས་སོ། །ཀུན་བརྟགས་པས་ནི་དངོས་པོ་ལྔ་པོ་གང་ཡང་མ་བསྡུས་
སོ་ཞེས་བཤད་དེ། དེ་ལས་ཟག་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བརྗོད་པར་བྱ་བ་ལྟ་བུར་སྣང་བ་གང་ཡིན་པ་དེ་ནི་རྒྱུ་མཚན་ཞེས་བྱའོ། །བརྗོད་པ་འདྲ་བར་སྣང་བ་གང་ཡིན་པ་དེ་ནི་མིང་ཞེས་གདགས་སོ། །སྣང་བར་བྱེད་པའི་སེམས་ལ་སོགས་
པ་ལ་ནི་རྣམ་པར་རྟོག་པ་ཞེས་རྣམ་པར་འཇོག་གོ། །ཟག་པ་མེད་པའི་སེམས་ལ་སོགས་པ་སྤྲོས་པ་དང་བྲལ་བའི་ཕྱིར་ཐམས་ཅད་ཀྱང་ཡང་དག་པའི་ཡེ་ཤེས་ཞེས་བྱའོ་ཞེས་བཤད་པས། གཟུང་འཛིན་དུ་མི་སྟོན་ཅིང་བཞི་པོ་དག་རྐྱེན་ལས་སྐྱེ་བར་སྟོན་པས་ཐམས་ཅད་
ཀྱང་གཞན་གྱི་དབང་གིས་བསྡུས་པ་ཡིན་ནོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་ནི་རྒྱུ་མཚན་དང་རྣམ་པར་རྟོག་པ་བསྡུས་སོ། །ཀུན་དུ་བརྟགས་པས་ནི་མིང་ཁོ་ན་བསྡུས་སོ། །ཡང་དག་པའི་ཡེ་ཤེས་དང་། དེ་

བཞིན་ཉིད་ནི་ཡོངས་སུ་གྲུབ་པས་བསྡུ་བར་བཤད་དེ། དེ་ལས་ཟག་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བའི་རྒྱུ་མཚན་གྱི་རྣམ་པ་གང་ཡིན་པ་དེ་ནི་རྒྱུ་མཚན་ཞེས་བྱའོ། །གཞན་ནི་རྣམ་པར་རྟོག་པ་ཞེས་བྱའོ། །ཀུན་དུ་བརྟགས་པ་ནི་བདག་ཉིད་ཅི་ཡང་མེད་པའི་ཕྱིར་
ཡོད་པ་མ་ཡིན་པ་རབ་ཏུ་བསྟན་པའི་ཆེད་དུ་བཏགས་པ་ཙམ་དུ་མིང་ཞེས་བྱའོ། །གཉིས་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཡོངས་སུ་གྲུབ་པས་བསྡུས་སོ་ཞེས་སྟོན་པས་སོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིས་ནི། རྣམ་པར་རྟོག་པ་ཁོ་ན་
བསྡུས་སོ། །ཀུན་དུ་བརྟགས་པས་ནི་རྒྱུ་མཚན་དང་མིང་བསྡུས་སོ། །ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པས་བསྡུས་པར་བཤད་དེ། དེ་ལས་སེམས་དང་སེམས་ལས་བྱུང་བའི་རྒྱུ་མཚན་དང་། ལྟ་བའི་རྣམ་པ་ལ་སོགས་པ་ཐམས་ཅད་ནི་རྣམ་པར་
རྟོག་པ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ཀུན་དུ་རྟོགས་པའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་ཀུན་དུ་བརྟགས་པས་བརྗོད་པ་དང་། བརྗོད་པར་བྱ་བ་སེམས་ཀྱི་རྗེས་སུ་རྣམ་པར་གཞག་པ་གང་ཡིན་པ་དེ་ལ་མིང་དང་། རྒྱུ་མཚན་གྱི་དངོས་པོ་གཉིས་ཞེས་སྟོན་པས་སོ། །ཐེག་
པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིགས་གཉེན་གྱིས་མཛད་པ་ལས་མིང་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དུ་རྟོགས་སོ། །དོན་ནི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་དུ་རྟོགས་སོ་ཞེས་བཤད་དེ། དེ་ལས་ཟག་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བའི་
རྒྱུ་མཚན་དང་། ལྟ་བའི་རྣམ་པ་ལ་སོགས་པ་མིང་གི་མཐུའི་དབང་གིས་ཀུན་བརྟགས་མངོན་པར་འགྲུབ་པས་ན། དེའི་ཕྱིར་མིང་ཞེས་བཤད་ལ། ཀུན་བརྟགས་ཀྱི་མིང་གི་རྗེས་སུ་ནན་གྱིས་བརྟགས་པ་ཙམ་དུ་ཟད་ཀྱི། ངོ་བོ་ཉིད་ཡང་དག་པར་ཡོད་པ་མ་ཡིན་
པས་བསགས་པ་ཙམ་དུ་དོན་ཞེས་བྱའོ་ཞེས་བསྟན་པས་སོ། །གོང་དུ་བཤད་མ་ཐག་པའི་བསྟན་པ་བཞི་པོ་དག་ལས་དངོས་པོ་ལྔ་དང་། ངོ་བོ་ཉིད་རྣམ་པ་གསུམ་ཕན་ཚུན་བསྡུས་པ་བཤད་པ་ལ་ཚིག་མི་མཐུན་པ་འདྲ་ཡང་དོན་ལ་ནི་འགལ་བ་མེད་དེ། སློབ་དཔོན་ཆོས་སྐྱོང་

གིས་ནི་བཤད་པ་དང་པོ་མཆོག་ཏུ་བཟང་ངོ་ཞེས་བཤད་དེ། འདྲེས་པ་མེད་པའི་ཕྱིར་རོ་ཞེའོ། །གཞན་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། འཕགས་པའི་གསུང་རབ་རྣམས་ལས་མཚན་ཉིད་རྣམ་པ་ལྔའོ་ཞེས་གསུངས་ན། དེ་དག་
དང་ངོ་བོ་ཉིད་རྣམ་པ་གསུམ་དང་། ཕན་ཚུན་ཇི་ལྟར་བསྡུ་ཞེ་ན་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་སོ་སོ་ནས་རང་གི་ངོ་བོ་ཉིད་གསུམ་དང་ལྡན་པས་འདི་ལྟ་སྟེ། ཡང་དག་པ་མ་ཡིན་པས་བརྟགས་པ་ནི། ངོ་བོ་ཉིད་དང་པོས་བསྡུས་ཏེ། རྒྱུ་མཚན་དང་མིང་དང་རྣམ་
པར་རྟོག་པ་ནི་ཅི་རིགས་སུ་སྦྱར་རོ། །བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་ནི་གཞན་གྱི་དབང་དུ་གཏོགས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ནི་ཅི་རིགས་སུ་སྦྱར་རོ། །བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་ནི་ཡོངས་སུ་གྲུབ་པར་གཏོགས་ཏེ། རྗེས་ལས་
ཐོབ་པ་རྗོད་པར་བྱེད་པའི་མཚན་ཉིད་ལྟ་བུར་གྱུར་པའི་ཕྱིར་རོ། །མཚན་ཉིད་གཉིས་ནི་རྒྱུ་མཚན་དུ་གཏོགས་པས་ངོ་བོ་ཉིད་དང་པོ་ཁོ་ནས་བསྡུས་ཏེ། ཡང་དག་པ་མ་ཡིན་པ་བརྟགས་པའི་དོན་དང་། མིང་ནི་ངེས་པར་ཕན་ཚུན་འབྲེལ་པའི་ཕྱིར་རོ། །དེས་མངོན་པར་ཞེན་
པའི་མཚན་ཉིད་གང་ཡིན་པ་དེ་ནི་གཞན་དབང་ཁོ་ན་ཡིན་ཏེ། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་རང་གི་ངོ་བོ་ཉིད་བྱེད་པའི་ཕྱིར་རོ། །མངོན་པར་ཞེན་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པ་ཁོ་ན་ཡིན་ཏེ། ཟག་པ་མེད་པའི་ཤེས་པ་ལ་སོགས་པས་
རང་གི་ངོ་བོ་ཉིད་བྱེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ངོ་བོ་ཉིད་གཉིས་ནི་བརྗོད་པར་བྱ་བ་ཡིན་ནོ། །ཀུན་བརྟགས་པའི་ངོ་བོ་ཉིད་ནི་རྗོད་པར་བྱེད་པ་ཡིན་ནོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་རྗོད་པར་བྱེད་པ་
དང་བརྗོད་པར་བྱ་བ་གཉི་ག་ཡང་ངོ་བོ་ཉིད་གསུམ་དུ་གཏོགས་སོ་ཞེས་བཤད་དོ། །ཞིབ་ཏུ་རྣམ་པར་དབྱེ་བ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་འགྲེལ་པ་ལས་བྱུང་བས་དེ་བཞིན་དུ་རིག་པར་བྱའོ།། །།གཞན་ཡང་ཡོན་ཏན་འབྱུང་གནས་མཚན་མ་དང་མིང་

འབྲེལ་པས་རྐྱེན་བྱས་པའི་ཕྱིར་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བརྟགས་པའི་སྒོ་ལས་བརྩམས་ནས་མཁས་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིག་རྐྱང་པས་རྒྱ་ཆེར་
རྣམ་པར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་མདོར་རྣམ་པར་ཕྱེ་ནས་གཞན་དག་ལ་ཁོང་དུ་ཆུད་པར་བྱ་བར་བསྐུལ་བ་དང་། མཚན་ཉིད་གསུམ་པོ་སྔ་མ་ཉིད་ལས་བརྩམས་ནས་རྣལ་འབྱོར་བསྒོམ་
པའི་སྒོ་ཡང་དག་པར་བསྟན་པའོ། །བཤད་པའི་རྣམ་གྲངས་གཞན་དུ་ནི་རྣམ་པ་གཉིས་སུ་ཕྱེ་ནས་བསྟན་ཏེ། རྣལ་འབྱོར་བསྒོམ་པའི་སྒོ་ནས་བསྟན་པ་དང་། འདི་ལྟར་ཡོན་ཏན་འབྱུང་གནས་ཞེས་བྱ་བ་མན་ཆད་ཀྱིས་སྔ་མའི་རྣལ་འབྱོར་བཟླས་ནས་ཞུས་པ་སྔ་མའི་
ལན་གསུངས་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་བོ་ཉིད་གསུམ་ཁོང་དུ་ཆུད་པའི་མཚན་ཉིད་བསྟན་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་ངོ་བོ་ཉིད་གསུམ་ཤེས་པའི་དབང་གིས་མཚན་ཉིད་གསུམ་ཁོང་
དུ་ཆུད་པར་འགྱུར་བ་བསྟན་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་མཚན་ཉིད་ཤེས་པའི་དབང་གིས་ཀུན་ནས་ཉོན་མོངས་པ་སྤངས་ནས། རྣམ་པར་བྱང་བ་མངོན་དུ་བྱེད་པར་བསྟན་པའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་མོད་ཀྱི། འདིར་ནི་རེ་
ཞིག་བཤད་པ་ཕྱི་མ་ལ་བརྟེན་ནས་བཤད་པ་ཡིན་ནོ། །འདི་ནི་དང་པོ་ངོ་བོ་ཉིད་གསུམ་ཤེས་པར་བསྟན་པ་སྟེ། ངོ་བོ་ཉིད་གསུམ་ཐ་དད་པ་ཉིད་ཀྱི་ཕྱིར། དེ་ལས་རྣམ་པ་གསུམ་དུ་དབྱེའོ། །འདི་ནི་དང་པོ་སྟེ། འདི་ལྟར་བརྗོད་པར་བྱ་བའི་མཚན་མ་དང་། རྗོད་པར་
བྱེད་པའི་མིང་ཕན་ཚུན་འབྲེལ་པས་རྐྱེན་བྱས་པའི་ཕྱིར། ཡང་དག་པ་མ་ཡིན་པས་བརྟགས་པའི་མཚན་ཉིད་དེ་ཀུན་བརྟགས་པ་ཡིན་པར་རབ་ཏུ་ཤེས་པར་འགྱུར་བའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཀུན་བརྟགས་པའི་ངོ་བོ་ཉིད་ཅི་ཞིག་ལ་དམིགས་པར་

བལྟ་བར་བྱ་ཞེ་ན། སྨྲས་པ། མཚན་མ་དང་མིང་འབྲེལ་པ་ལ་དམིགས་པར་རིག་པར་བྱའོ་ཞེས་འབྱུང་ངོ་། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་མེད་པ་གསུམ་བསྟན་པའི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། དེ་ཉིད་ལས་ཀུན་དུ་རྟོག་
པའི་ངོ་བོ་ཉིད་ནི་བདག་ཉིད་ཀྱི་མཚན་ཉིད་མེད་པས་མིང་ལ་སོགས་པའི་ཆོས་ལྔ་པོ་དག་གིས་མ་བསྡུས་སོ། །བདག་ཉིད་མེད་ན་ཇི་ལྟར་རྟོག་པར་བྱེད་ཅེ་ན། སྨྲས་པ། མིང་ཁོ་ནར་ཟད་ཀྱི་དོན་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན་འཇིག་རྟེན་པ་རྣམས་
དོན་ལས་མིང་བཏགས་པས་སྐྱེ་བོ་རྣམས་མིང་ལ་མངོན་པར་ཞེན་ནས། དོན་གྱི་ངོ་བོ་ཉིད་དུ་རྟོགས་པས་མིང་ནི་དོན་གྱི་ངོ་བོ་ཉིད་དོ་ཞེས་ཟེར་བ་ལྟ་བུ་དག་ནི་ཕྱིན་ཅི་ལོག་ཡིན་པས་མིང་དུ་རྣམ་པར་རྟོག་པ་ཙམ་དུ་ཟད་དེ་ཡང་དག་པའི་བདག་ཉིད་མེད་པའི་ཕྱིར་རོ། །དེ་ཅིའི་
ཕྱིར་ཞེ་ན། མིང་དང་དོན་དེ་དག་གི་ཕན་ཚུན་གཅིག་ལ་གཅིག་གློ་བུར་ཡིན་པའི་ཕྱིར་རོ། །དེ་ལྟར་ཅི་མངོན་ཞེ་ན། དོན་རྣམ་པ་གསུམ་གྱི་ཕྱིར་དོན་འདི་ཤེས་པར་འགྱུར་ཏེ་མིང་གི་བློ་མི་སྐྱེ་བ་དང་། བདག་ཉིད་མང་པོ་འགལ་བའི་སྐྱོན་དང་། བདག་ཉིད་སྣ་ཚོག་འགལ་
བའི་སྐྱོན་ནོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་འབྱུང་བ་བཞིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་འདི་དང་མཐུན་པར་སྟོན་ཏོ། །གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པས་རྐྱེན་བྱས་པའི་ཕྱིར་ནི་གཞན་གྱི་
དབང་གི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་གཉིས་པ་གཞན་གྱི་དབང་གི་མཚན་ཉིད་རྣམ་པར་བཤད་པ་སྟེ། འདི་ལྟར་ཀུན་དུ་བརྟགས་པའི་མཚན་ཉིད་ལ་རྣམ་པར་རྟོག་པ་ཉིད་དུ་མངོན་པར་ཞེན་པ་ཉིད་དུ་རྐྱེན་བྱས་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེས་པར་
གྱུར་པ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད་ལ་ངོ་བོ་ཉིད་དང་པོ་ཉིད་དུ་མངོན་པར་ཞེན་པའི་ཕྱིར། ཡོངས་སུ་བསྒོ་བ་བསྐྱེད་ནས་ཀུན་ནས་ཉོན་མོངས་པ་མངོན་པར་འགྲུབ་པོ་ཞེས་འབྱུང་བ་ཡིན་ནོ། །གཞན་

ཡང་དེ་ཉིད་ལས་ཀུན་བརྟགས་པའི་མཚན་ཉིད་མངོན་པར་ཞེན་པ་བསྐྱེད་པའི་ཕྱིར་གཞན་གྱི་དབང་ཡིན་པར་རབ་ཏུ་ཤེས་སོ་ཞེས་བཤད་དོ། །དེ་ལྟར་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་རྐྱེན་ལས་སྐྱེས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ངོ་བོ་ཉིད་བསྟན་པའི་བསྟན་བཅོས་ལས་
གཞན་གྱི་ངོ་བོ་ཉིད་རྒྱུ་དང་རྐྱེན་གང་ཡིན་པ་མངོན་པར་འགྲུབ་པར་འགྱུར་ཞེ་ན། སྨྲས་པ། ཀུན་དུ་རྟོག་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་ཕྱིར་རབ་ཏུ་སྣང་བར་གྱུར་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །གཞན་གྱི་དབང་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉི་གར་
གཏོགས་པ་ཡིན་ན། ཅིའི་ཕྱིར་མངོན་པར་ཞེན་པས་རྐྱེན་བྱས་པའི་ཕྱིར། གཞན་གྱི་དབང་གི་ངོ་བོ་ཉིད་རབ་ཏུ་ཤེས་སོ། །རྒོལ་བ་འདིའི་ལན་བརྡ་སྤྲོད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་བསྟན་པ་དག་ཉིད་ཡིན་ཏེ། དེའི་ཕྱིར་དེ་ཉིད་ལས་གལ་ཏེ་
གཞན་གྱི་དབང་གི་ངོ་བོ་ཉིད་ཡང་དག་པའི་ཤེས་པས་ཀྱང་བསྡུས་པ་ཡིན་ན་ནི། དེས་ན་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་ལ་བརྟེན་ནས་ཤེས་པར་འགྱུར་རོ་ཞེས་སྨྲས་པ། དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། དེ་ནི་ཀུན་ནས་ཉོན་
མོངས་པར་གྱུར་པའི་ཕྱོགས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་ལས་བསམས་པ་ཡིན་གྱི། རྣམ་པར་བྱང་བར་གྱུར་པའི་ཕྱོགས་ལས་ནི་མ་ཡིན་ཏེ། རྣམ་པར་བྱང་བར་འགྱུར་བའི་ཕྱོགས་ནི་མངོན་པར་ཞེན་པ་མེད་པ་ལ་བརྟེན་ནས་ཤེས་པར་འགྱུར་བ་ཡིན་པར་རིག་
པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པས་རྐྱེན་བྱས་པའི་ཕྱིར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་གསུམ་པ་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པར་བཤད་པ་
སྟེ། འདི་ལྟར་གཞན་གྱི་དབང་ལ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ལས་ཡོངས་སུ་གྲུབ་པ་སྐྱེ་བའི་ཕྱིར་མངོན་པར་ཞེན་པ་མེད་པ་ཞེས་གསུངས་ཏེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ལ་དམིགས་པ་གང་ཡིན་པ་

དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་གཏན་དུ་མ་གྲུབ་པར་ཤེས་པར་བྱའོ་ཞེས་འབྱུང་བ་ཉིད་དོ། །ཡང་ན་མངོན་པར་ཞེན་པ་མེད་པ་ནི་འཕགས་པའི་ལམ་ཡིན་ཏེ། མངོན་པར་ཞེན་པ་མེད་པ་ཞེས་བྱའོ། །དེ་ནི་འདི་སྐད་དུ་ལམ་ལ་རྒྱུ་ཉིད་དུ་
མངོན་པར་ཞེན་པ་མེད་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་འཐོབ་པར་འགྱུར་རོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པ་མེད་པ་ལས་
ཤེས་པར་བྱའོ་ཞེས་གསུངས་ཏེ། ངོ་བོ་ཉིད་འདི་ནི་ཡོངས་སུ་དག་པ་ཐོབ་པ་ལ་བརྟེན་ནས་བཤད་པ་ཡིན་གྱི། མཚན་ཉིད་ལ་བརྟེན་ནས་བཤད་པ་ནི་མ་ཡིན་ནོ་ཞེས་འབྱུང་སྟེ། དེ་ལ་མདོ་གཞན་ལས་ཞེས་བྱ་བ་ནི་མདོ་འདི་ཉིད་ལ་བྱའོ། །ཡོངས་སུ་དག་པ་ཐོབ་པ་
ལས་ཞེས་བྱ་བ་ནི་ནང་གི་དེ་བཞིན་ཉིད་ཀྱི་འཕགས་པའི་ལམ་ཐོབ་པ་ལ་བརྟེན་ནས་མངོན་དུ་བྱས་པའི་དོན་རབ་ཏུ་བསྟན་པའམ། ཡང་ན་འཕགས་པའི་ལམ་གྱི་སྟོབས་ཀྱིས་ཀུན་ནས་ཉོན་མོངས་པ་སྤངས་ནས་རྣམ་པར་བྱང་བ་དེ་བཞིན་ཉིད་ཐོབ་པ་སྟེ། འཐོབ་པར་
བྱེད་པའི་ལམ་ལ་བརྟེན་ནས་མངོན་དུ་བྱས་པའི་དོན་རབ་ཏུ་བསྟན་པའོ། །མཚན་ཉིད་ལ་བརྟེན་ནས་བཤད་པ་ནི་མ་ཡིན་ཞེས་བྱ་བ་འདི་ནི་བཏགས་པའི་མཚན་ཉིད་སྤངས་པ་ལ་བརྟེན་ནས་ཡོངས་སུ་གྲུབ་པ་བསྟན་པ་མ་ཡིན་པའོ། །བཤད་པ་སྔ་མ་དང་སྦྱར་ན་མདོ་ཞེས་བྱ་
བ་ནི་མདོ་གཞན་དག་ལས་ཁུངས་བསྟན་པའོ། །ཁ་ཅིག་ན་རེ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ནི། མངོན་པར་ཞེན་པ་པོ་གཞན་གྱི་དབང་དང་མངོན་པར་ཞེན་པར་བྱ་བ་ཀུན་དུ་རྟོག་པ་མེད་པའི་ཕྱིར་མངོན་པར་ཞེན་པ་མེད་པ་ཞེས་གསུངས་སོ་ཞེའོ། །བསྟན་བཅོས་
སངས་རྒྱས་ཀྱི་ངོ་བོ་ཉིད་བསྟན་པ་ལས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅིའི་ཕྱིར་རྒྱུས་མངོན་པར་གྲུབ་པར་འགྱུར་ཞེ་ན། སྨྲས་པ། ཀུན་དུ་རྟོག་པ་དང་། གཞན་གྱི་དབང་ཤིན་ཏུ་མི་དམིགས་པས་རབ་ཏུ་ཕྱེ་བས་སོ་ཞེས་འབྱུང་བ་ནི་ལོ་ཙཱ་བ་དག་གིས་ནོར་ཏེ། གཞན་གྱི་

དབང་རྣམ་པར་འཇོག་པས་བདག་ཉིད་ཀྱིས་ཡོད་པར་འདོད་པའི་གཞུང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་
མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན་མཚན་ཉིད་མེད་པའི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་འདི་མན་ཆད་གཉིས་པ་ངོ་བོ་ཉིད་ཤེས་པའི་དབང་གིས་མཚན་ཉིད་གསུམ་ཁོང་དུ་ཆུད་པར་འགྱུར་བ་ཞེས་བྱ་བ་སྟོན་ཏོ། །མཚན་
ཉིད་གསུམ་མི་མཐུན་པ་ཉིད་ཀྱིས་དེ་ལས་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་ཀུན་བརྟགས་ཁོང་དུ་ཆུད་པ་ཉིད་ཀྱི་ཕྱིར། མཚན་ཉིད་མེད་པ་ཁོང་དུ་ཆུད་པར་འགྱུར་བར་བསྟན་པའོ། །འདིར་གོང་དུ་བཤད་པ་ལྟར་མཚན་མ་དང་མི་འབྲེལ་བས་རྐྱེན་བྱས་པའི་ཕྱིར། ཡང་དག་
པ་ཇི་ལྟ་བ་བཞིན་དུ་ཀུན་བརྟགས་མིང་དང་། རྒྱུ་མཚན་བཏགས་པ་ཙམ་དུ་རྣམ་པར་གཞག་པ་ཡིན་གྱི། ཡང་དག་པ་རང་གི་ངོ་བོ་ནི་མེད་དོ་ཞེས་ཤེས་པ་དེས་ན་བརྟགས་པ་ཐམས་ཅད་མཚན་ཉིད་མེད་པ་ཆོས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་
བའི་ཐ་ཚིག་གོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་གཉིས་པ་གཞན་
གྱི་དབང་ཤེས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་ཤེས་པར་བསྟན་པ་སྟེ། འདི་ལྟར་རྒྱུ་མཚན་ལ་བརྟགས་པ་འབྱུང་བ་དག་ནི་གཞན་གྱི་དབང་ཡིན་ནོ་ཞེས་ཤེས་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཐམས་ཅད་ནི། གཞན་གྱི་དབང་ཡིན་པར་རབ་ཏུ་ཤེས་
པར་འགྱུར་བས་སོ། །དེ་ལ་སྔ་མ་ནི་སྤྱིར་བརྟག་པའོ། །དེ་ལ་ཕྱི་མ་ནི་རྣམ་པར་ཕྱེ་སྟེ་རྣམ་པར་བརྟགས་པ་ཡིན་པས། སྔ་ཕྱིའི་མཚན་ཉིད་གཉི་ག་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཞན་ཡང་སྔ་མ་ནི་རང་གི་ངོ་བོ་ཉིད་ལས་བརྩམས་ནས། གཞན་གྱི་དབང་

བརྟག་པ་རྣམ་པར་འབྱེད་པའོ། །ཕྱི་མ་ནི་བྱེ་བྲག་ལས་བརྩམས་ནས། གཞན་གྱི་དབང་བརྟག་པ་རྣམ་པར་འབྱེད་པའོ། །གཞན་ཡང་སྔ་མ་ནི་ཇི་སྙེད་པ་ཡོད་པ་ཉིད་ལས་བརྩམས་པའོ། །ཕྱི་མ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལས་བརྩམས་
པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། རྣམ་པར་བྱང་བའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་གསུམ་པ་ཡོངས་སུ་གྲུབ་པའི་
ཤེས་པ་ཉིད་ཀྱིས་རྣམ་པར་བྱང་བའི་མཚན་ཉིད་རབ་ཏུ་ཤེས་པར་འགྱུར་བར་བསྟན་པ་སྟེ། འདི་ལྟར་ཀུན་བརྟགས་ལ་མངོན་པར་ཞེན་པ་མེད་པས་རྐྱེན་བྱས་པའི་ཕྱིར་རྣམ་པར་བྱང་བའི་ཆོས་ཡོངས་སུ་གྲུབ་པ་ཡང་རབ་ཏུ་ཤེས་པར་འགྱུར་བའོ། །རིགས་ཀྱི་བུ་གལ་ཏེ་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ལ་མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ངོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཤེས་པའི་དབང་གིས་ཀུན་ནས་ཉོན་
མོངས་པ་སྤངས་ནས་རྣམ་པར་བྱང་བ་མངོན་དུ་བྱེད་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ་མཚན་ཉིད་མེད་པ་ཤེས་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ཆོས་སྤོང་བར་བསྟན་པ་དང་། ཀུན་ནས་ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་རྣམ་པར་བྱང་བ་འཐོབ་པར་བསྟན་པའོ། །
འདི་ནི་དང་པོ་སྟེ། མཚན་ཉིད་མེད་པའི་ཆོས་དེ་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་བཏགས་པའི་ངོ་བོ་ཉིད་སེམས་ཀྱིས་སུ་ཡོད་ཅེས་བཤད་པར་ཟད་ཀྱི་ཡང་དག་པར་ཡོད་པ་མ་ཡིན་ཏེ་མཚན་ཉིད་ཐམས་ཅད་དུ་མེད་པའི་ཕྱིར་མཚན་ཉིད་མེད་པ་
ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཀུན་བརྟགས་པའི་ངོ་བོ་ཉིད་རང་བཞིན་གྱིས་མེད་པའི་ཕྱིར་མཚན་ཉིད་མེད་པ་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ་ཞེའོ། །བཤད་པ་འདི་དང་སྦྱར་ན་མཚན་ཉིད་མེད་པའི་ཆོས་ཁོང་དུ་ཆུད་པའི་

ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་སྐྱེ་བར་མི་འགྱུར་བའི་ཕྱིར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་བར་གསུངས་པ་ཡིན་ཏེ། གལ་ཏེ་བཏགས་པ་མེད་ན་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་སྐྱེ་བར་མི་འགྱུར་
བའི་ཕྱིར་རོ། །དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ལས་དུ་དག་བྱེད་ཅེ་ན། སྨྲས་པ། ལྔ་སྟེ་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེད་པར་བྱེད་པ་དང་། དེ་ལ་ཐ་སྙད་འཇུག་པར་བྱེད་པ་དང་། གང་ཟག་ལ་མངོན་པར་ཞེན་པ་སྐྱེད་པ་
པར་བྱེད་པ་དང་། ཆོས་ལ་མངོན་པར་ཞེན་པ་སྐྱེད་པར་བྱེད་པ་དང་། དེ་གཉི་ག་ལ་མངོན་པར་ཞེན་པའི་བག་ཆགས་གནས་ངན་ལེན་ཡོངས་སུ་འཛིན་པར་བྱེད་པའོ་ཞེས་འབྱུང་བ་ཡིན་ནོ། །ཁ་ཅིག་ན་རེ་གཞན་གྱི་དབང་ལ་བཏགས་པའི་ངོ་བོ་ཉིད་མེད་པས་རབ་
ཏུ་ཕྱེ་བའི་དེ་བཞིན་ཉིད་མཚན་མ་རྣམས་དང་བྲལ་བའི་ཕྱིར་མཚན་ཉིད་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། དེ་བཞིན་ཉིད་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་གཏན་དུ་བྲལ་བའི་ཕྱིར་མཚན་ཉིད་མེད་པ་ཞེས་
བྱའོ་ཞེས་བསྟན་ཏོ། །གཞན་ཡང་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས། དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་དོན་ནི་ཡོད་པ་དང་། མེད་པ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་མཚན་མ་དང་བྲལ་བའི་ཕྱིར་མཚན་ཉིད་མེད་པ་ཞེས་བྱའོ་ཞེས་འབྱུང་བ་ཡིན་ནོ་ཞེའོ། །
བཤད་པ་འདི་དང་སྦྱར་ན་ནི་འདི་ལྟར་མཚན་ཉིད་མེད་པའི་ཆོས་རབ་ཏུ་ཤེས་པར་འགྱུར་བ་ཉིད་ཀྱི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་བར་སྟོན་ཏོ། །ཁ་ཅིག་ན་རེ་ཡོངས་སུ་གྲུབ་པ་ཉིད་དུ་འཛིན་པ་ནི་ཀུན་ཀྱང་
མཚན་ཉིད་མེད་པ་ཞེས་བྱ་སྟེ། སྔ་མའི་དོན་རྣམ་པ་གཉིས་ཀྱི་ཕྱིར་རོ་ཞེའོ། །བཤད་པ་འདི་དང་སྦྱར་ན་འདི་ལྟར་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ཆོས་སུ་རྟོགས་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཚན་ཉིད་མེད་པའི་ཆོས་ཁོང་དུ་ཆུད་ཅིང་དེ་ལ་འཇུག་པར་འགྱུར་

ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཁོང་དུ་ཆུད་ཅིང་འཇུག་པར་འགྱུར་བ་དེས་ན་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཆོས་རབ་ཏུ་སྤོང་ངོ་ཞེས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣལ་འབྱོར་པས་ཀུན་
བརྟགས་པའི་ངོ་བོ་ཉིད་ལ་ཡང་དག་པར་ཞུགས་པ་ན་ངོ་བོ་ཉིད་གང་གི་རྗེས་སུ་འཇུག་ཅེ་ན། སྨྲས་པ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་རྗེས་སུ་འཇུག་གོ། །རྣལ་འབྱོར་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་རྗེས་སུ་ཞུགས་པ་ན་ངོ་བོ་ཉིད་གང་རྣམ་པར་འཇིག་པར་བྱེད་
ཅེ་ན། སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་རྣམ་པར་འཇིག་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱིས་ཆོས་རབ་ཏུ་སྤངས་ན་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་འཐོབ་པར་འགྱུར་ཞེས་བྱ་བ་ནི་གཉིས་པ་ཀུན་ནས་ཉོན་
མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ཐོབ་པར་བསྟན་པ་སྟེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་སྤངས་པ་ཉིད་ཀྱི་ཕྱིར་རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའོ། །མཚན་ཉིད་གསུམ་པོའི་རྣལ་འབྱོར་འདིའི་གནས་
སྐབས་གང་ལ་བརྟེན་ནས་བསྟན། གལ་ཏེ་སའི་མདུན་རོལ་ལའོ་ཞེ་ན། འོ་ན་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཇི་ལྟར་སྤོང་བར་འགྱུར་ཏེ། འདི་ལྟར་གང་ཟག་མེད་པའི་ལས་ཀྱིས་གདོད་སྤོང་བའི་ཕྱིར་རོ། །གལ་ཏེ་ས་ལ་གནས་པ་ལའོ་ཞེ་ན། ས་དང་
པོ་ལ་ཞུགས་པའི་ཚེ་སྟོང་པ་ཉིད་རྣམ་པ་གཉིས་མངོན་དུ་གྱུར་པས། ཇི་ལྟར་སྔར་ངོ་བོ་ཉིད་གཉིས་ཀྱི་རྣལ་འབྱོར་སྐྱེད་ཅེ་ན། སྨྲས་པ། མཚན་ཉིད་གསུམ་གྱི་རྣལ་འབྱོར་འདི་ཡང་གནས་སྐབས་རྣམ་པ་གཉིས་གཉིས་སུ་དབྱེ་བར་འགྱུར་ཏེ། ངོ་བོ་ཉིད་དང་པོ་
གཉིས་ཀྱི་རྣལ་འབྱོར་འདི་སྦྱིན་པའི་གནས་སྐབས་ལ་བརྟེན་ནས་ཡོངས་སུ་ཚོལ་བ་བཞི་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་ཡིད་ལ་བྱེད་དོ། །གསུམ་ཡོངས་སུ་གྲུབ་པ་ནི་ས་བཅུ་པའོ། །གནས་སྐབས་ལ་ཡོད་དེ་དེའི་ཕྱིར་སློབ་དཔོན་ཐོགས་མེད་

ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་བསྟན་བཅོས་མཛད་པ་ལས། ངོ་བོ་ཉིད་རྣམ་པ་གསུམ་གྱི་རྣལ་འབྱོར་རྣམ་པར་གཞག་ནས། མདོ་འདིའི་དོན་རྣམ་པར་བཤད་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ཀྱི་བརྗོད་པར་སྣང་བའི་དོན་གྱི་
མཚན་ཉིད་ལ་འཇུག་པའི་ཕྱིར། ཀུན་བརྟགས་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །རྣམ་པར་རིག་པ་ཙམ་དུ་འཇུག་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་
གྱིས་འདུ་ཤེས་ཀྱང་བཟློག་ནས་འཇུག་གོ། །དེའི་ཚེ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ་ཡིད་ཀྱི་བརྗོད་པ་ཐོས་པའི་ཆོས་ཀྱི་བག་ཆགས་ཀྱི་རྗེས་སུ་འགྲོ་བ་དེ་དག་དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པའི་ཕྱིར། འདི་ལྟར་རྣམ་པར་རིག་པ་ཙམ་
དུ་སྣང་བ་ཡང་མི་འབྱུང་སྟེ། རྒྱུ་དང་རྐྱེན་དེས་ན་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་སོ་ཞེས་འབྱུང་སྟེ། དེ་ལ་རྣམ་པར་མི་རྟོག་པའི་མིང་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་བདེན་པ་མཉམ་པ་ཉིད་ཀྱི་ཆོས་བརྗོད་པའི་མིང་ངོ་། །འདི་ལྟར་བརྗོད་
པར་བྱ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དོན་ཐམས་ཅད་ཅེས་བྱ་སྟེ། རྣམ་པར་མི་རྟོག་པའི་དོན་ཏོ། །འདིར་རྗོད་པར་བྱེད་པའི་མིང་བརྗོད་པར་བྱ་བ་ལས། མིང་དུ་བཏགས་པ་རྣམ་པར་རྟོག་པའི་མིང་ཞེས་བྱའོ། །དེས་བརྗོད་པར་བྱ་
བའི་དེ་བཞིན་ཉིད་རྗོད་པར་བྱེད་པ་ལས། མིང་དུ་བཏགས་པས་དེའི་ཕྱིར་ཡང་རྣམ་པར་མི་རྟོག་པའི་མིང་ཞེས་བྱའོ། །གཞན་ཡང་དེ་ཉིད་ལས་ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱི་ཚུལ་གྱིས་གནས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དམིགས་པར་བྱ་
བ་དང་དམིགས་པར་བྱེད་པ་མཉམ་པས་མཉམ་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ་ཞེས་འབྱུང་སྟེ། བཤད་པ་འདི་དང་སྦྱར་ན་ཡོངས་སུ་གྲུབ་པའི་བསྒོམ་པ་ནི་ས་ལ་

གནས་པ་དག་ལ་ཡོད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་ཚིག་ལེའུར་བྱས་པ་ལས། ནམ་ཞིག་དམིགས་པ་དག་ལ་ནི། །ཤེས་པས་མི་དམིགས་དེ་ཡི་ཚེ། །རྣམ་པར་རིག་པ་ཙམ་ལ་གནས། །འཛིན་
གཉིས་མཚན་ཉིད་བྲལ་ཕྱིར་རོ། །ཞེས་བསྟན་པ་ཡིན་ནོ། །འདི་ལྟར་ཡོན་ཏན་འབྱུང་གནས་བྱང་ཆུབ་སེམས་དཔའ་རྣམས་ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་
རབ་ཏུ་ཤེས་པའི་ཕྱིར་མཚན་ཉིད་མེད་པའི་ཆོས་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང་། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སྔ་མའི་རྣལ་འབྱོར་བསྒོམ་
པའི་སྒོ་བཟླས་ནས། ཞུས་པ་སྔ་མ་གཉིས་ཀྱི་ལན་དུ་གསུངས་པ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་ཏེ་རྣལ་འབྱོར་གྱི་སྒོ་བཟླས་ཏེ་བསྟན་པ་དང་དེ་ཙམ་གྱིས་ན་ཞེས་བྱ་བ་མན་ཆད་ཀྱིས་ཞུས་པ་གཉིས་ཀྱི་ལན་ཡང་དག་པར་བསྟན་པའོ། །དང་པོ་ཡང་རྣམ་
པ་གཉིས་ཏེ། ངོ་བོ་ཉིད་གསུམ་ཤེས་པའི་དབང་གིས་མཚན་ཉིད་གསུམ་ཤེས་པར་འགྱུར་བ་བཟླས་ཏེ་བསྟན་པ་དང་། མཚན་ཉིད་གསུམ་ཤེས་པའི་དབང་གིས་ཀུན་ནས་ཉོན་མོངས་པ་སྤངས་ནས། རྣམ་པར་བྱང་བ་འཐོབ་པར་འགྱུར་བ་བཟླས་ཏེ་བཤད་པའོ། །
འདི་ནི་དང་པོ་ངོ་བོ་ཉིད་གསུམ་ཤེས་པའི་དབང་གིས་མཚན་ཉིད་གསུམ་ཤེས་པར་འགྱུར་བ་བཟླས་པ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ། །མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་
ཆོས་ཐམས་ཅད་རབ་ཏུ་སྤངས་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་རབ་ཏུ་སྤངས་པའི་ཕྱིར་ནི་རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་བས་ཞེས་བྱ་བ་ནི་གཉིས་པ་མཚན་ཉིད་གསུམ་ཤེས་པའི་

དབང་གིས་ཀུན་ནས་ཉོན་མོངས་པ་སྤངས་ནས། རྣམ་པར་བྱང་བ་ཐོབ་པར་འགྱུར་བ་བཟླས་ནས་བཤད་པ་སྟེ། འདི་ལྟར་ཀུན་བརྟགས་མཚན་ཉིད་མེད་པའི་དོན་དུ་ཤེས་པའི་ཕྱིར། གོང་ནས་གོང་དུ་རིམ་གྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྟོགས་པ་དེས་རྣམ་པར་
བྱང་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའོ། །ཡང་ན་ཀུན་བརྟགས་མཚན་ཉིད་མེད་པའི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མ་སྤངས་ན། མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་མི་འགྱུར་བའོ། །དེ་ཙམ་གྱིས་ན་ཆོས་ཀྱི་
མཚན་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཡང་དེ་ཙམ་གྱིས་ན་དེ་དག་ལ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་འདོགས་སོ་ཞེས་བྱ་བ་ནི་གཉིས་པ་རྣལ་འབྱོར་གྱི་སྒོ་ལ་བརྟེན་ནས་ཞུས་པ་
སྔ་མ་གཉིས་ཀྱིས་ལན་ཡང་དག་པར་བསྟན་པ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་གོང་དུ་བསྟན་པ་ལྟ་བུའི་ངོ་བོ་ཉིད་རྣམ་པ་གསུམ་རབ་ཏུ་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་སྟོན་པར་མཛད་པས་
དེ་བཞིན་གཤེགས་པ་རྣམས་མཁས་པའི་བྱང་ཆུབ་སེམས་དཔའ་འདི་ལས་བརྩམས་ནས་འཕགས་པའི་གསུང་རབ་ལས་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་འདོགས་སོ། །བྱང་ཆུབ་སེམས་དཔའ་དེ་དག་གི་མཁས་པའི་ཚད་ཀྱང་། སོ་སོ་ནས་བཤད་པ་
མི་མཐུན་ཏེ། ཁ་ཅིག་ན་རེ་དད་པ་བཅུ་ལ་གནས་པ་ཡན་ཆད་ཀུན་ཀྱང་མཁས་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཡོངས་སུ་བསྔོ་བ་རྣམ་པ་བཅུ་པ་ལས་ཡོངས་སུ་བསྔོ་བ་བཅུ་ནི་སྦྱོར་བའི་ལམ་ཞེས་བྱ་སྟེ། གནས་པ་དེ་ཉིད་ལ་བརྟེན་ཏེ། ཡོངས་སུ་
ཚོལ་བ་བཞི་བསྐྱེད་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ས་དང་པོ་ཡན་ཆད་རྣམ་པར་དག་པའི་དེ་བཞིན་ཉིད་དུ་ཀུན་རྫོབ་ཀྱི་མཚན་ཉིད་འཐོབ་པའི་ཕྱིར་རོ་ཞེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་དག་པར་

བསྟན་པའི་ཕྱིར། ཚིགས་སུ་བཅད་པ་འདི་དག་གསུངས་སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ་བཅད་པས་མདོར་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་ཚིགས་སུ་བཅད་པས་བསྟན་པས་གླེང་བསླང་བ་དང་། ཚིགས་སུ་བཅད་པ་
སྨོས་ནས་མདོར་བསྟན་པ་སྟེ། འདི་ནི་དང་པོའོ། །མཚན་ཉིད་མེད་པའི་ཆོས་ནི་མ་ཤེས་ན། །ཀུན་ནས་ཉོན་མོངས་མཚན་ཉིད་ཆོས་མི་སྤོང་། །ཀུན་ནས་ཉོན་མོངས་མཚན་ཉིད་མ་སྤངས་ཕྱིར། །ཤིན་ཏུ་རྣམ་དག་མཚན་ཉིད་ཆོས་ཉམས་འགྱུར། །འདུ་བྱེད་སྐྱོན་ལས་རྟོག་པར་
མི་བྱེད་པ། །བག་མེད་ཉེས་པས་སྐྱེ་བོ་རབ་ཏུ་འཇོམས། །ལེ་ལོས་ཆོས་གནས་གཡོ་བའི་ཆོས་རྣམས་ལ། །མེད་ཡོད་ཉམས་པས་སྙིང་བརྩེར་བྱ་བ་ཡིན། །ཞེས་བྱ་བ་ནི་གཉིས་པ་ཚིགས་སུ་བཅད་པ་སྨོས་ནས་མདོར་བསྟན་པ་ཉིད་དོ། །དེ་ཡན་ཆད་དུ་ཚིག་རྐྱང་པར་
རྗེས་སུ་མཐུན་པའི་རྣམ་པར་བཤད་པས་ངོ་བོ་ཉིད་རྣམ་པ་གསུམ་རབ་ཏུ་ཤེས་པའི་ཡོན་ཏན་བསྟན་ནས། ད་ནི་ཚིགས་སུ་བཅད་པ་འདིས་མི་མཐུན་པའི་བཤད་པས་མཚན་ཉིད་མེད་པའི་བཤད་པ་ཁོང་དུ་མ་ཆུད་པའི་ཉེས་དམིགས་རབ་ཏུ་སྟོན་པར་མཛད་དོ། །ཅིའི་ཕྱིར་འདི་དག་ལ་
རྗེས་སུ་མཐུན་པ་དང་། མི་མཐུན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། ཡང་དག་པའི་དོན་དུ་ནི་ཚིག་རྐྱང་པ་དང་ཚིགས་སུ་བཅད་པ་གཉི་ག་ལ་ཡང་རྗེས་སུ་མཐུན་པ་དང་མི་མཐུན་པའི་རྣམ་པར་བཤད་པ་ཡོད་མོད་ཀྱིས་མདོར་བསྟན་པ་གཞག་པའི་ཕྱིར། ཕྱོགས་རེ་རེ་
སྨོས་ནས་ཕན་ཚུན་གཅིག་གིས་གཅིག་བསྟན་པ་ཡིན་ནོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ཚིགས་སུ་བཅད་པ་དང་ཚིག་རྐྱང་པ་གཉི་ག་ལས་རྗེས་སུ་མཐུན་པའི་བཤད་པས་བསྟན་པ་ནི། ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །
འདིར་ཚིགས་སུ་བཅད་པ་གཉིས་ཡོད་པ་ཉིད་ཀྱིས་རྣམ་པ་གཉིས་སུ་དབྱེ་སྟེ། ཚིགས་སུ་བཅད་པ་དང་པོས་ནི་མཚན་ཉིད་མེད་པ་ཁོང་དུ་མ་ཆུད་པའི་ཉེས་དམིགས་ཡང་དག་པར་བསྟན་ཏོ། །ཚིགས་སུ་བཅད་པ་ཕྱི་མས་ནི་འདུ་བྱེད་རྣམས་ཀྱི་སྐྱོན་ལ་མི་རྟོག་པའི་

ཉེས་དམིགས་རབ་ཏུ་བསྟན་ཏོ། །དང་པོ་ཡང་རྣམ་པ་གཉིས་ཏེ། དེ་ལ་ཚིགས་སུ་བཅད་པ་ཕྱེད་དང་པོས་ནི་ཁོང་དུ་མ་ཆུད་པ་སྨོས་ནས་ཀུན་ནས་ཉོན་མོངས་པ་མི་སྤོང་བའི་ཉེས་དམིགས་བསྟན་ཏོ། །ཚིགས་སུ་བཅད་པ་ཕྱེད་འོག་མས་ནི་ཀུན་ནས་ཉོན་མོངས་པ་མ་སྤངས་པ་
ལས་བརྩམས་ནས་ཡོངས་སུ་མ་གྲུབ་པ་མངོན་དུ་མི་བྱེད་པའི་ཉེས་དམིགས་རབ་ཏུ་སྟོན་ཏོ། །དེ་ལ་ཉམས་པར་འགྱུར་ཞེས་བྱ་བས་ནི་སྟོར་བར་འགྱུར་བ་སྟེ། འདི་ལྟར་ཀུན་ནས་ཉོན་མོངས་པ་མ་སྤངས་པའི་ཕྱིར་ཤིན་ཏུ་གྱ་ནོམ་པའི་དེ་བཞིན་ཉིད་རྣམ་པར་དག་པའི་
མཚན་ཉིད་ཀྱི་ཆོས་སྟོར་ཅིང་ཉམས་པར་འགྱུར་བས་སོ། །དེ་ལ་སྟོར་ཅིང་ཉམས་པར་འགྱུར་བ་ནི་མངོན་དུ་མི་བྱེད་པའི་དོན་ཏོ། །ཚིགས་སུ་བཅད་པ་ཕྱི་མ་བཤད་པ་ཡང་རྣམ་པ་གཉིས་ཏེ། དང་པོའི་ཚིག་གཉིས་ཀྱིས་ནི་བག་མེད་པའི་ཉེས་དམིགས་བསྟན་ཏོ། །ཚིག་ཕྱི་
མ་གཉིས་ཀྱིས་ནི་ལེ་ལོའི་ཉེས་དམིགས་བསྟན་ཏོ། །དེ་ལ་འདུ་བྱེད་སྐྱོན་ལ་རྟོག་པར་མི་བྱེད་པ་ཞེས་བྱ་བ་ལ་སོགས་པས་ནི་འདི་ལྟར་རྨོངས་པའི་དབང་གིས་འདུ་བྱེད་རྣམས་ཀྱི་སྐྱོན་ལ་མི་རྟོག་པས་ན། དེས་བག་མེད་པ་བསྐྱེད་ནས་སེམས་ཅན་རྣམས་ལ་གནོད་
པར་འགྱུར་བའོ། །ལེ་ལོས་ཆོས་གནས་གཡོ་བའི་ཆོས་རྣམས་ལ། །ཞེས་བྱ་བ་ལ་སོགས་པ་ནི་ལེ་ལོའི་ཉེས་དམིགས་བསྟན་པ་སྟེ། འདི་ལྟར་ལེ་ལོ་ཅན་གང་ཡིན་པ་དེ་དག་ནི་སྐྱོན་རྣམས་ཀྱི་རྒྱུ་དང་ཡོན་ཏན་རྣམས་ཀྱི་སྒྲིབ་པ་ཡིན་པས་སོ། །ཆོས་གནས་པ་
ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་རྟག་ཏུ་གནས་ཤིང་མི་འཇིག་པའི་ཕྱིར་གནས་པ་ཞེས་བྱའོ། །གཡོ་བའི་ཆོས་ཞེས་བྱ་བ་ནི་འཁོར་བའི་ཆོས་དེ་སྔ་མ་བྱུང་བས་ཕྱིས་འགག་ཅིང་། སྲིད་པ་གསུམ་ན་འཁོར་བའི་ཕྱིར་གཡོ་བའི་ཆོས་ཞེས་བྱའོ། །ཡང་ན་ཆོས་གནས་
པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །གཡོ་བའི་ཆོས་ཞེས་བྱ་བ་ནི་རྣམ་པར་གཡེང་བའོ། །མེད་ཡོད་ཉམས་པས་སྙིང་བརྩེར་བྱ་བ་ཡིན། །ཞེས་བྱ་བ་ནི་འདི་ལྟ་སྟེ། ལེ་ལོར་གྱུར་པའི་ཕྱིར་ཆོས་རྣམས་ལ་མེད་པ་དང་། གཡོ་བའི་ཆོས་ལ་ཡོད་པ་ཉིད་དུ་འཛིན་པས་མེད་པ་

དང་ཡོད་པ་དེའི་དབང་གིས་ཉེས་དམིགས་སུ་གྱུར་པའོ། །ཉམས་པར་གྱུར་པ་དེའི་ཕྱིར་ནི་ཤིན་ཏུ་ཐུགས་བརྩེ་བའི་གནས་སུ་གྱུར་པ་སྟེ། ཉམས་པར་འགྱུར་བ་རྒྱ་ཆེར་བཤད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་བ་བཞིན་དུ་རིག་པར་
བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པས་ན། ཀུན་ནས་ཉོན་མོངས་ཆོས་ཀྱི་མཚན་ཉིད་སྤོང་། །ཀུན་ནས་ཉོན་མོངས་མཚན་ཉིད་སྤངས་ནས་ནི། །རྣམ་པར་དག་པའི་ཆོས་ནི་ཐོབ་པར་འགྱུར། །འདུས་
བྱས་སྐྱོན་ལ་རྟོག་པར་མི་བྱེད་པ། །ལེ་ལོ་དང་ནི་བག་མེད་རབ་ཏུ་བཅོམ། །ཆོས་རྣམས་དག་ནི་རྟག་ཏུ་མི་གཡོ་བས། །མཚན་ཉིད་བྲལ་བ་མྱ་ངན་འདས་ཞེས་བྱ། །ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོ་ལས། རང་གི་ངོ་བོ་ཉིད་མེད་
པའི་མཚན་ཉིད་ཀྱི་ལེའུ་སྟེ་ལྔ་པའོ།། །།བམ་པོ་ཉི་ཤུ་བཞི་པ། ལེའུ་འདིའི་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། ལེའུ་ཉིད་ཀྱི་མིང་རྣམ་པར་བཤད་པ་དང་། མདོའི་ཚིག་དོན་རྣམ་པར་བཤད་པའོ། །དེ་ལ་རང་གི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་
ལེའུ་ཞེས་བྱ་བ་ལ། ངོ་བོ་ཉིད་མེད་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། མཚན་ཉིད་རང་གི་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་དང་སྐྱེ་བ་རང་གི་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་དང་། དོན་དམ་པ་རང་གི་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་དེ། དེ་ལ་རང་གི་ངོ་བོ་ཉིད་མེད་པ་ཞེས་བྱ་བས་ནི་
ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རབ་ཏུ་བསྟན་པའི་ཕྱིར་རང་གི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་གསུངས་སོ། དེ་ལ་མཚན་ཉིད་ཅེས་བྱ་བ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། ཡང་ན་མཚན་ཉིད་ཀྱི་དབྱིབས་སོ། །ངོ་བོ་ཉིད་མེད་པ་གསུམ་པོ་དེ་དག་ཀྱང་གོ་རིམས་བཞིན་དུ་ངོ་བོ་
ཉིད་རྣམ་པ་གསུམ་གྱི་བདག་ཉིད་ཀྱི་མཚན་ཉིད་དོ། །ལེའུ་འདི་ལས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་བདག་ཉིད་ཀྱི་མཚན་ཉིད་རྒྱ་ཆེར་སྟོན་པས་དེའི་ཕྱིར་རང་གི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་ལེའུ་ཞེས་གསུངས་སོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས།

བྱང་ཆུབ་སེམས་དཔའ་དོན་དམ་པ་མངོན་པར་གྲུབ་པས་ཞུས་པའི་ལེའུ་ཞེས་འབྱུང་བ་ནི་གང་ཟག་ལས་མིང་དུ་བཏགས་པ་ཡིན་ཏེ། ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་དམ་ཡང་དག་འཕགས་
ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་འདི་མན་ཆད་ནི་མདོའི་ཚིག་གི་དོན་རྣམ་པར་བཤད་པ་སྟོན་ཏེ། །ངོ་བོ་ཉིད་ཡོད་པ་དང་། ངོ་བོ་ཉིད་མེད་པའི་ཡུལ་བསྟན་པ་ལས། དེ་ཡན་ཆད་དུ་ངོ་བོ་ཉིད་རྣམ་པ་གསུམ་གྱི་ཡུལ་བཤད་ཟིན་ནས། འདི་མན་
ཆད་ནི་གཉིས་པ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་སྟོན་པར་མཛད་དོ། །ལེའུ་འདི་ལ་ཕྱོགས་རྣམ་པ་ལྔ་ཡོད་དེ་དང་པོ་ནི་བྱང་ཆུབ་སེམས་དཔའ་ཞུ་བ་གསོལ་བའི་ཕྱོགས་སོ། །གཉིས་པ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་མན་ཆད་ནི་དེ་བཞིན་གཤེགས་པ་ཡང་དག་པར་
བཤད་པའི་ཕྱོགས་སོ། །གསུམ་པ་དེ་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞེས་བྱ་བ་མན་ཆད་ནི་ཁོང་དུ་ཆུད་པར་གྱུར་ནས་བཀའ་ཡང་དག་པར་བླངས་པའི་ཕྱོགས་སོ། །བཞི་པ་དེ་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞེས་བྱ་བ་
མན་ཆད་ནི་ཁྱད་པར་གྱི་བསྔགས་པ་བརྗོད་ཅིང་བསྐྲུན་པའི་ཕྱོགས་སོ། །ལྔ་པ་དེ་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞེས་བྱ་བ་མན་ཆད་ནི་བཀའ་བཞིན་དུ་སྤྱོད་པ་སྤྱད་པའི་ཕྱོགས་སོ། །ཞུ་བ་གསོལ་བའི་ཕྱོགས་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཞུ་བ་
གསོལ་བ་དང་ལན་གསུང་པ་པོ་སྨོས་པ་དང་། བདག་སྔོན་ཞེས་བྱ་བ་མན་ཆད་གང་ཞུ་བའི་དངོས་པོ་ཉིད་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཞེས་བྱ་བ་མན་ཆད་ཀྱིས་བསྟན་པ་ཇི་ལྟ་བ་བཞིན་དུ་ཞུ་བ་གསོལ་བའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་
དང་ལན་གསུང་བ་པོ་སྨོས་པ་སྟེ། དེ་ལ་དོན་དམ་ཞེས་བྱ་བ་ནི་ཐོབ་པར་བྱ་བའི་ཡུལ་ཏེ། ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་དོན་དམ་ཞེས་བྱའོ། །ཡང་དག་འཕགས་ཞེས་བྱ་བ་ནི་ཐོབ་པར་བྱེད་པའི་ཡེ་ཤེས་དོན་དམ་པ་དམིགས་པ་ལས་སྐྱེས་པའི་ཕྱིར་ཡང་དག་འཕགས་ཞེས་

བྱའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། འདི་རྟོགས་ཤིང་ཁོང་དུ་ཆུད་པའི་ཕྱིར་ཡང་དག་འཕགས་ཞེས་བྱའོ་ཞེས་བཤད་དེ། དམིགས་པ་འདི་ལས་ཡེ་ཤེས་དམ་པ་སྐྱེས་པའི་ཕྱིར། རྟོགས་པ་དང་རྟོགས་པར་བྱ་བའི་དབང་དུ་
མཛད་ནས་དོན་དམ་ཡང་དག་འཕགས་ཞེས་བཏགས་པ་ཡིན་ནོ། །བདག་སྔོན་གཅིག་པུ་གནས་དབེན་པ་ཞིག་ན་མཆིས་པའི་ཚེ། །སེམས་ཀྱི་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གང་ཞུ་བའི་དངོས་པོ་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་
གཉིས་ཏེ། བདག་ཉིད་ཐེ་ཚོམ་སྐྱེས་པའི་རྟོག་པ་བསྟན་པ་དང་ཞུ་བའི་བསྟན་པ་ཉིད་སྨོས་པའོ། འདི་ནི་དང་པོ་སྟེ། འདི་ལྟར་བདག་སྔོན་གཅིག་པུ་རི་དང་ནགས་ཚལ་དབེན་པ་ན་གནས་པའི་ཚེ། རྟོག་པ་འདི་ལྟ་བུ་སྐྱེས་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་སྔར་
ནི་ངོ་བོ་ཉིད་ཡོད་པ་གསུངས་ལ་ཕྱིས་ནི་ངོ་བོ་ཉིད་མེད་པར་གསུངས་སྙམ་དུ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། དབེན་པའི་གནས་ན་རྣམ་པར་རྟོག་པའི་སེམས་སྐྱེས་ཞེས་འབྱུང་བ་ནི་སྔ་མ་བཞིན་དུ་དབྱེ་བར་བྱ་སྟེ། ལོ་
ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །རྟོག་པ་དེ་ཡང་བཤད་ན་རྣམ་པ་བཞི་ཡོད་དེ། དང་པོ་ནི་ཁམས་གསུམ་པའི་ཟག་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམ་པར་རྟོག་པ་དང་བཅས་པ་གང་ཡིན་པའོ། །གཉིས་པ་ནི་རྣམ་པར་རྟོག་པ་སྟེ། དེའི་
ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། དབེན་པའི་གནས་ན་རྣམ་པར་རྟོག་པའི་སེམས་སྐྱེས་ཞེས་གསུངས་པ་ཡིན་ནོ། །གསུམ་པ་ནི་རྟོག་པ་ཁོ་ན་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་རྣམ་པར་རྟོག་པ་ལ་
སྤྱོད་པ་ནི་དབུགས་རྔུབ་པ་དང་། འབྱུང་བ་དྲན་པའི་ཡུལ་ལ་དམིགས་སོ་ཞེས་བཤད་པ་ཡིན་ནོ། །མཛོད་ཀྱི་བསྟན་བཅོས་ལས་ཀྱང་རྟོག་པ་ནི་ཕལ་ཆེར་སེམས་རྣམ་པར་གཡེང་བར་བྱེད་པས་རྣམ་པར་རྟོག་པ་ལ་སྤྱོད་པ་ཞེས་བྱའོ་ཞེས་འབྱུང་སྟེ། དེ་དབུགས་

དྲན་པ་ལ་བརྟེན་བསྒོམ་པ་ལ་ཡང་དག་པར་འཇུག་པའམ། ཡང་ན་རྟོག་པ་དང་དཔྱོད་པ་ལ་སྤྱིར་རྣམ་པར་རྟོག་པ་ལ་སྤྱོད་པ་ཞེས་བྱའོ་ཞེས་བསྟན་པའོ། །བཞི་པ་ནི་ཤེས་རབ་ཀྱི་གྲངས་སུ་སོང་བ་ཡོངས་སུ་ཚོལ་བ་ཇི་ལྟ་བུ་སྟེ། ལ་ལ་ནས་དེ་སྐད་དུ་
བཤད་པའི་ཕྱིར་རོ། །འདིར་ནི་ཞི་བ་མཆོག་ཏུ་བཟང་ངོ་། །བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་དང་། སྐྱེ་བའི་མཚན་ཉིད་དང་། འཇིག་པའི་མཚན་ཉིད་དང་། གཏན་དུ་སྤངས་པ་དང་ཡོངས་སུ་ཤེས་པ་ཡང་བཀའ་སྩལ་ཞེས་བྱ་བ་ལ་
སོགས་པས་ནི་གཉིས་པ་ཞུ་བའི་བསྟན་པ་ཉིད་སྨོས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་ངོ་བོ་ཉིད་ཡོད་པར་གསུངས་པའི་བསྟན་པ་སྨོས་པ་དང་། བཅོམ་ལྡན་འདས་ཀྱིས་གཞན་ཡང་ཞེས་བྱ་བ་མན་ཆད་ཀྱིས་ངོ་བོ་ཉིད་མེད་པར་གསུངས་པའི་བསྟན་པ་སྨོས་པའོ། །
དང་པོ་ལ་སྒོ་རྣམ་པ་བཅུ་གསུམ་ཡོད་པ་དེ་དག་ཀྱང་རྣམ་པ་ལྔར་བསྡུས་ནས་བསྟན་ཏེ། ཕུང་པོ་ལ་སོགས་པའི་བསྟན་པ་སྨོས་པ་དང་། དབེན་པའི་བསྟན་པ་སྨོས་པ་དང་ཁམས་རྣམས་བསྟན་པ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྟན་པ་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་པ་བསྟན་པ་སྟེ། འདི་ནི་དང་པོ་ཕུང་པོའི་བསྟན་པའི་སྒོའོ། །འདི་ཡང་རྣམ་པ་གཉིས་ཏེ། ཕུང་པོའི་བསྟན་པ་སྨོས་པ་དང་། ཟླས་བསྟན་པ་གསུམ་སྨོས་ཏེ། འདི་ནི་དང་པོ་མཚན་ཉིད་རྣམ་པ་ལྔས་ཕུང་པོའི་བསྟན་པ་རྣམ་
པར་འབྱེད་པའོ། །རྣམ་གྲངས་དུ་མ་ཞེས་བྱ་བ་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཕུང་པོ་ལ་ཡོད་པའི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་རྣམ་གྲངས་གཅིག་ཁོ་ན་མ་ཡིན་པའི་ཕྱིར་དུ་མ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་བསྟན་དུ་ཡོད་པ་དང་།
བསྟན་དུ་མེད་པ་དང་། གཟུགས་ཡོད་པ་དང་། གཟུགས་མེད་པ་ལ་སོགས་པའི་རྣམ་གྲངས་གཅིག་ཁོ་ན་མ་ཡིན་པའི་ཕྱིར་དུ་མ་ཞས་བྱའོ་ཞེའོ། །དེ་ལ་རང་གི་མཚན་ཉིད་ཅེས་བྱ་བ་ནི་བྱེ་བྲག་གི་མཚན་ཉིད་ཡིན་ཏེ། ཇི་སྐད་དུ་གཟུགས་ནི་ཐོགས་པ་དང་

བཅས་པའོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའོ་ཞེས་བྱ་བའི་བར་དུ་བཤད་པ་ལྟ་བུའོ། །སྐྱེ་བའི་མཚན་ཉིད་དང་། འཇིག་པའི་མཚན་ཉིད་ཅེས་བྱ་བ་ནི་སྤྱིའི་མཚན་ཉིད་ཡིན་ཏེ། གཟུགས་ལ་སོགས་པ་ལ་སྐྱེ་བ་དང་། འཇིག་པའི་མཚན་
ཉིད་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཏན་དུ་སྤངས་པ་དང་། ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ཀུན་འབྱུང་བའི་མཚན་ཉིད་དེ། ཀུན་འབྱུང་གི་བདེན་པ་ལས་དང་ཉོན་མོངས་པ་ནི་གཏན་དུ་སྤང་བར་བྱ་བ་ཡིན་པའི་ཕྱིར་དང་། སྡུག་བསྔལ་གྱི་བདེན་པ་
འཁོར་བའི་འབྲས་བུ་ནི་ཡོངས་སུ་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་ན་རང་གི་མཚན་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོ་དང་བྱེ་བྲག་གི་མཚན་ཉིད་དེ། མཚན་ཉིད་འདི་གཉིས་ཀྱི་སྐྱེ་བ་དང་། འཇིག་པ་ཀུན་ལ་ཁྱབ་པར་འགྱུར་བའོ། །གཏན་དུ་སྤང་བ་དང་ཡོངས་སུ་
ཤེས་པ་ནི་འོག་ནས་ཁོང་དུ་ཆུད་པར་འགྱུར་བ་སྐབས་ནས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཕུང་པོ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཟས་རྣམས་ཀྱི་ཡང་བཀའ་སྩལ་ཅེས་བྱ་བ་ནི་གཉིས་པ་ཟླས་བསྟན་པ་གསུམ་
སྨོས་པའོ། །ཇི་ལྟར་ཕུང་པོ་ལ་མཚན་ཉིད་ལྔ་ཡོད་པར་གསུངས་པ་དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་ཟས་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་སྐྱེ་མཆེད་རྣམས་ཀྱི་རང་གི་མཚན་ཉིད་ནི་གཟུགས་མཐོང་
བར་ནུས་པའི་ཕྱིར་མིག་ཅེས་བྱའོ། །མིག་གིས་བལྟ་བར་བྱ་བ་ཡིན་པའི་ཕྱིར་གཟུགས་སོ་ཞེས་བྱ་བ་ནས། ཆོས་ཤེས་པར་ནུས་པའི་ཕྱིར་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དག་གོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རང་གི་མཚན་ཉིད་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་
པའི་ས་ལས། ཤེས་པ་མཐུན་པའི་ཕྱོགས་སེམས་ལས་བྱུང་བའི་ཆོས་སྒྲིབ་པར་བྱེད་པའི་བདག་ཉིད་ཡིན་པས་མ་རིག་པ་ཞེས་བྱའོ་ཞེས་བྱ་བ་ནས། ཁད་ཀྱིས་ཉམས་ཤིང་ཅིག་ཅར་འཇིག་པས་རྒ་ཤི་ཞེས་བྱའོ་ཞེས་བཤད་པའི་བར་དག་གོ། །ཟས་རྣམས་ཀྱི་རང་གི་མཚན་ཉིད་

ནི་ཁམ་གྱིས་བཅད་ཅིང་མིད་པས་ཁམ་གྱི་ཟས་ཞེས་བྱའོ་ཞེས་བྱ་བ་ནས། རྣམ་པར་རིག་པས་འཛིན་པར་བྱེད་པས་རྣམ་པར་ཤེས་པའི་ཟས་ཞེས་བྱའོ་ཞེས་བྱ་བའི་བར་དག་གོ། །སྐྱེ་བ་དང་འཇིག་པའི་མཚན་ཉིད་རྣམ་པ་གཉིས་དང་། གཏན་དུ་སྤང་བ་དང་། ཡོངས་སུ་
ཤེས་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །ཅིའི་ཕྱིར་དོན་དམ་པའི་བདེན་པའི་མཚན་ཉིད་ཀྱི་ལེའུ་ལས་ནི་མཚན་ཉིད་རྣམ་པ་དྲུག་གིས་ཕུང་པོ་ལ་སོགས་པ་རྣམ་པར་ཕྱེ་ཞིང་བདེན་པ་བཞི་ཡང་ཡོངས་སུ་རྫོགས་པར་གསུངས་ལ་ལེའུ་འདི་ལས་ནི་སྡུག་བསྔལ་དང་།
ཀུན་འབྱུང་ཉི་ཚེ་གསུངས་ཤིང་འགོག་པ་དང་ལམ་ནི་མ་བསྟན་ཅེ་ན། སྨྲས་པ། ལེའུ་སྔ་མ་ལས་མངོན་པར་རྟོགས་པའི་བྱེ་བྲག་རབ་ཏུ་དབྱེ་བར་བཞེད་པའི་ཕྱིར་ནི་བདེན་པ་བཞི་ཚང་བར་གསུངས་ལ་ལེའུ་འདི་ལས་ནི་ངོ་བོ་ཉིད་ཡོད་པ་དང་ངོ་བོ་ཉིད་མེད་པའི་བསྟན་པ་
རྣམ་པ་གཉིས་ཀྱི་བྱེ་བྲག་སྟོན་པར་མཛད་པས་དེའི་ཕྱིར་འདིར་ནི་མདོར་བསྡུས་ནས་མ་གསུངས་ཏེ། ཕུང་པོ་ཐོབ་པའི་ཕྱིར་འགོག་པ་མངོན་སུམ་དུ་བྱེད་པས་སོ། །རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་དང་། ཡོངས་སུ་ཤེས་པ་དང་། གཏན་དུ་སྤང་བ་དང་།
མངོན་དུ་བགྱི་བ་དང་། བསྒོམ་པ་ཡང་བཀའ་སྩལ་ཞེས་བྱ་བས་ནི་གཉིས་པ་བདེན་པའི་བསྟན་པ་སྨོས་པའོ། །འདི་ལ་ཚིག་ལྔ་ཡོད་པ་ཡང་རང་གི་མཚན་ཉིད་ལ་བཤད་པ་གཉིས་ཡོད་པ་ཡང་གོང་མ་བཞིན་དུ་རིག་པར་བྱ་སྟེ། གནོད་ཅིང་ཉམ་ང་བས་ན་སྡུག་བསྔལ་
ལོ། །རྒྱུ་འདུས་པས་ན་ཀུན་འབྱུང་བའོ། །འགགས་ནས་ཟད་པས་ན་འགོག་པའོ། །ཕྱིན་པར་བྱེད་པས་ན་ལམ་མོ། །ཡོངས་སུ་ཤེས་པ་ལ་སོགས་པ་བཞི་པོ་དག་གིས་ནི་བདེན་པ་བཞི་ལོགས་ཤིག་ཏུ་ཕྱེ་ནས་བསྟན་པ་ཡིན་ཏེ། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་
ཤེས་པ་དང་། ཀུན་འབྱུང་གི་བདེན་པ་གཏན་དུ་སྤང་བ་དང་། འགོག་པའི་བདེན་པ་མངོན་སུམ་དུ་བྱ་བ་དང་། ལམ་གྱི་བདེན་པ་བསྒོམ་པའོ། །རྣམ་གངས་དུ་མར་ཁམས་རྣམས་ཀྱི་རང་གི་མཚན་ཉིད་དང་ཁམས་སྣ་ཚོགས་པ་ཉིད་དང་། ཁམས་དུ་མ་པ་ཉིད་དང་། གཏན་

དུ་སྤང་བ་དང་། ཡོངས་སུ་ཤེས་པ་ཡང་བཀའ་སྩལ་ཞེས་བྱ་བ་ནི་གསུམ་པ་ཁམས་རྣམས་ཀྱི་སྒོ་བསྟན་པ་སྟེ། རང་གི་མཚན་ཉིད་ཀྱི་བཤད་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །བར་མའི་ཚིག་གཉིས་ནི་འདི་ལྟ་སྟེ། ཁམས་བཅོ་བརྒྱད་པོ་
དག་གཅིག་ལས་གཅིག་ཐ་དད་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཁམས་སྣ་ཚོགས་པ་ཉིད་ཅེས་བྱའོ། །ཁམས་བཅོ་བརྒྱད་པོ་དེ་དག་ཉིད་སེམས་ཅན་ཚད་མེད་པ་རྣམས་ཀྱི་རྟེན་གྱི་བྱེ་བྲག་ཏུ་གྱུར་པ་ནི་ཁམས་དུ་མ་ཉིད་ཅེས་བྱ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་
ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཏན་དུ་སྤང་བ་དང་། ཡོངས་སུ་ཤེས་པ་ཡང་གོང་མ་བཞིན་དུ་སྦྱར་རོ། །རྣམ་གྲངས་དུ་མར་དྲན་པ་ཉེ་བར་གཞག་པའི་རང་གི་མཚན་ཉིད་དང་། གཉེན་པོ་དང་། མི་མཐུན་པའི་ཕྱོགས་དང་། བསྒོམ་པ་དང་མ་སྐྱེས་པ་
བསྐྱེད་པ་དང་། སྐྱེས་པ་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྟན་པ་རྣམ་པར་འབྱེད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། དྲན་
པ་ཉེ་བར་གཞག་པ་བསྟན་པ་དང་། ཟླས་སྒོ་གཞན་ལྔ་པོ་དག་བསྟན་པའོ། །དང་པོ་ལ་ཚིག་ལྔ་ཡོད་པ་དང་། རང་གི་མཚན་ཉིད་ལ་བཤད་པ་གཉིས་ཡོད་པ་ནི་ཕུང་པོ་བཞིན་དུ་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་འདི་དག་ནི་ཤེས་རབ་ཀྱི་ངོ་
བོ་ཉིད་དེ། ལུས་ལ་སོགས་པའི་ཡུལ་ལ་གནས་པས་ཤེས་རབ་ཉེ་བར་གནས་པ་ཞེས་བྱ་བའི་རིགས་པ་ལས་དྲན་པ་ཉེ་བར་གཞག་པ་ཞེས་གསུངས་པ་ནི་དྲན་པ་དང་མཐུན་པར་གྱུར་ནས་ལུས་ལ་སོགས་པའི་ཡུལ་ལ་གནས་པའི་ཕྱིར་དྲན་པ་ཉེ་བར་གཞག་
པ་ཞེས་གསུངས་ཏེ། འདི་ནི་རྣམ་པར་བཤད་པ་དྲུག་ལས་ཉེ་བར་གྱུར་པའི་རྣམ་པར་བཤད་པའོ། །ཚིག་ཕྱི་མ་བཞི་ནི་ཕྱིན་ཅི་ལོག་བཞིའི་གཉེན་པོར་གྱུར་པ་དང་། མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བསྐྱུད་པ་དང་སླར་ཞིང་འབྱུང་བ་

དང་། །འཕེལ་ཞིང་ཡངས་པ་སྟེ་གོང་དུ་བཤད་པ་བཞིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡང་དེ་བཞིན་དུ་བཀའ་
སྩལ་ཞེས་བྱ་བ་ནི་གཉིས་པ་ཟླས་སྒོ་གཞན་ལྔ་པོ་དག་བསྟན་པའོ། །དྲན་པ་ཉེ་བར་གཞག་པ་ལ་ཚིག་ལྔ་ཡོད་པ་བཞིན་དུ་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་
རྣམས་ལ་ཡང་ཚིག་ལྔ་ཡོད་པར་གོང་མ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་གྲངས་དུ་མར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་གི་མཚན་ཉིད་དང་། གཉེན་པོ་དང་། མི་མཐུན་པའི་ཕྱོགས་དང་། བསྒོམ་པ་དང་། མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་
པ་རྣམས་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ་ཞེས་བྱ་བ་ནི་ལྔ་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྟན་པ་སྟེ། ཚིག་ལྔ་ཡོད་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །སྒོ་ཕྱི་མ་བདུན་པོ་འདི་དག་
ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒོམ་པའི་རྣལ་འབྱོར་བསྟན་པ་ཡིན་ཏེ། འདི་དག་གི་དོན་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་གཞན་ཡང་ཆོས་རྣམས་ཐམས་ཅད་ནི་ངོ་བོ་ཉིད་མ་མཆིས་པ། སྐྱེ་བ་མ་མཆིས་པ། འགག་
པ་མ་མཆིས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་ལགས་ན་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པར་གསུངས་པའི་བསྟན་པ་སྨོས་པའོ། །འདི་ནི་འོག་ནས་མདོ་ལས་དུས་གསུམ་པོ་དག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་
བར་གསུངས་པ་ལས་བརྩམས་པ་ཡིན་ཏེ། དུས་དང་པོའི་ཚེ་ནི་བདེན་པ་བཞི་བསྟན་པ་གསུངས་སོ། །དུས་གཉིས་པའི་ཚེ་ནི་མཚན་ཉིད་མེད་པའི་བསྟན་པ་གསུངས་སོ། །དུས་གསུམ་པའི་ཚེ་ནི་ངེས་པའི་དོན་གསུངས་ཏེ། འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་

ཉིད་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པས་ངོ་བོ་ཉིད་མེད་པ་ཡིན་ནོ། །འདིར་ནི་དུས་གཉིས་པ་དུས་གསུམ་པ་དང་པོ་ལ་ལྟོས་པ་ལས་
བརྩམས་ནས་ཞུ་བ་གསོལ་བ་ཡིན་ཏེ། སྔར་ནི་མཚན་ཉིད་ཡོད་པར་གསུངས་ལ་ཕྱིས་ནི་མཚན་ཉིད་མེད་པར་གསུངས་པ་དང་སྦྱར་ན། མཚན་ཉིད་མེད་པར་གསུངས་པ་འདི་ནི། སྔར་མཚན་ཉིད་ཡོད་པར་གསུངས་པ་དང་འགལ་བའི་ཕྱིར་རོ་ཞེས་མཚན་ཉིད་མེད་
པས་ཞུ་བའི་གླེང་བསླང་བ་ཡིན་ནོ། །མདོ་འདི་ཉིད་དང་སྦྱར་ན་སྔར་ནི་ཡོད་པ་ཉིད་དུ་གསུངས་ལ་ཕྱིས་ནི་མེད་པ་ཉིད་དུ་སྟོན་ཏོ། །དོན་ཚད་མེད་པར་བསྟན་པའི་མདོ་ལས་ནི་སྔ་ཕྱིའི་དུས་གཉི་གར་ཡང་སྟོང་པ་དང་ཡོད་པ་ཉིད་དུ་སྟོན་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས།
རིགས་ཀྱི་བུ་ངས་ཤིང་གི་རྒྱལ་པོའི་དྲུང་ནས་ལངས་ཏེ། ཡུལ་བཱ་རཱ་ཎ་སཱིའི་རི་དགས་རྒྱུ་བའི་ཚལ་དུ་སོང་བ་ནས། ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་གང་ཟག་ལྔ་པོ་དག་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཡང་ཆོས་རྣམས་གཟོད་མ་ནས་ཞི་བ་ཞེས་
བཤད་དོ། །བར་དུ་འདི་དང་གཞན་དག་ནས་ཀྱང་། དགེ་སློང་རྣམས་དང་། བྱང་ཆུབ་སེམས་དཔའ་མང་པོ་རྣམས་ཀྱི་ཆེད་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་རྣམ་པར་ཕྱེ་རབ་ཏུ་བསྟན་ཆོས་རྣམས་
གཟོད་མ་ནས་སྟོང་ཞིང་ཞི་བའོ་ཞེས་ཀྱང་བཤད་དོ་ཞེས་གསུངས་པ་ཡིན་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་འདི་གཉིས་ཇི་ལྟར་གོང་དུ་བཤད་པར་བྱ་ཞེ་ན། སྨྲས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཇི་སྐད་
དུ། སངས་རྒྱས་རྣམས་ཀྱི་ཆོས་སྟོན་པར་མཛད་པ་ལ་དངོས་པོ་རྣམ་པ་གཉིས་ཡོད་དེ། ཤིན་ཏུ་གསང་བ་དང་རབ་ཏུ་བསྟན་པའོ་ཞེས་འབྱུང་བ་ལྟ་བུ་སྟེ། དོན་ཚད་མེད་པར་བསྟན་པའི་མདོ་ནི་ཤིན་ཏུ་གསང་བའི་སྒོ་ཡིན་ལ། མདོ་འདི་ནི་རབ་ཏུ་བསྟན་པའི་

སྒོ་ཡིན་ཏེ། སོ་སོ་ནས་ཕྱོགས་རེ་རེ་སྨོས་པ་ཡིན་པས་ཕན་ཚུན་འགལ་བ་མེད་དོ། །བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། སྐྱེ་བ་མ་མཆིས་པ། འགག་པ་མ་མཆིས་པ། གཟོད་མ་ནས་ཞི་བ། རང་བཞིན་
གྱིས་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་ལགས་ཞེས་བྱ་བ་ལ་སོགས་པས་ནི། གསུམ་པ་བསྟན་པ་ཇི་ལྟ་བ་བཞིན་དུ་ཞུ་བ་གསོལ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་སྟེ། བདག་ཉིད་ཀྱི་ཐེ་ཚོམ་གང་ཡིན་པ་ཉིད་གསོལ་བ་དང་། བཤད་པར་གསོལ་བ་
བཏབ་པ་དང་། གང་བཤད་པར་གསོལ་བའི་མདོ་འདི་ཉིད་སྨོས་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་སྔར་ནི་ཕུང་པོ་དང་། སྐྱེ་མཆེད་དང་ཁམས་ལ་སོགས་པའི་ཆོས་ཀྱི་སྒོ་མོ་རྣམ་པ་བཅུ་གསུམ་པོ་དག་ངོ་བོ་ཉིད་ཡོད་པར་
གསུངས་པ་ཕྱིས་ནི་ཡང་ཆོས་རྣམས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པ་ལ་སོགས་པར་གསུངས་པས་ངོ་བོ་ཉིད་ཡོད་པར་གསུངས་པ་དང་ཕྱིས་ངོ་བོ་ཉིད་མེད་པར་གསུངས་པའི་བསྟན་པ་གཉིས་ཕན་ཚུན་འགལ་བས་ན། བཅོམ་ལྡན་
འདས་ཀྱིས་ཅི་ལས་དགོངས་ནས་ངོ་བོ་ཉིད་མེད་པ་ལ་སོགས་པར་གསུངས་པ་མ་རྟོགས་ན་ཞེས་བྱ་བའི་དོན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཚིག་ལྔ་འབྱུང་སྟེ། ཆོས་ཐམས་ཅད་གཟོད་མ་ནས་ངོ་བོ་ཉིད་མེད་པ་དང་། ཆོས་ཐམས་ཅད་
གཟོད་མ་ནས་མ་སྐྱེས་པ་དང་། ཆོས་ཐམས་ཅད་གཟོད་མ་ནས་མ་འགགས་པ་དང་། ཆོས་ཐམས་ཅད་གཟོད་མ་ནས་ཞི་བ་དང་། ཆོས་ཐམས་ཅད་གཟོད་མ་ནས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་འབྱུང་ངོ་། །བདག་དེང་འདིར་དེ་
བཞིན་གཤེགས་པ་ལ་དོན་འདི་ཉིད་ཞུ་བ་ལགས་ན། དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ་ཞེས་བྱ་བ་ནི་གཉིས་པ་བཤད་པར་གསོལ་བ་གདབ་པའོ། །ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་

མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་དགོངས་པ་གང་ལགས་པ་བཤད་དུ་གསོལ་ཞེས་བྱ་བ་ནི་གསུམ་པ་གང་བཤད་པར་གསོལ་བའི་མདོ་ཉིད་སྨོས་པའོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པའི་ཕྱོགས་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་ལ་བསྔགས་
ཤིང་བཤད་པར་གནང་བ་བསྟན་པ་དང་། དོན་དམ་ཡང་དག་འཕགས་འདི་ལྟར་ཤེས་པར་བྱ་སྟེ་ཞེས་བྱ་བ་མན་ཆད་ཀྱིས་ཞུ་བ་བཞིན་དུ་ལན་ཡང་དག་པར་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་ལ་ཕན་ཡོན་ཡོད་པར་བསྔགས་
པ་དང་། མཉན་པར་བསྐུལ་ཞིང་བཤད་པར་གནང་བའོ། །ཞུ་བ་གསོལ་བ་ལ་ཕན་ཡོན་ཡོད་པར་བསྔགས་པ་ཡང་རྣམ་པ་བཞིར་དབྱེ་སྟེ། འཆད་པ་པོ་རྣམ་པར་འབྱེད་པ་དང་། ཞུ་བ་གསོལ་བའི་རིགས་པ་དང་མཐུན་པར་བསྔགས་པ་དང་། དོན་ཟབ་མོ་ཞུས་པའི་
བསྔགས་པ་བརྗོད་པ་དང་། ཞུ་བ་གསོལ་བའི་ཕན་ཡོན་བསྔགས་པ་སྟེ། འདི་ནི་དང་པོའོ། །དོན་དམ་ཡང་དག་འཕགས་ཁྱོད་སེམས་ཀྱི་རྟོག་པ་དགེ་བ་ཚུལ་བཞིན་སྐྱེས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་གཉིས་པ་ཞུ་བ་གསོལ་བ་རིགས་པ་དང་མཐུན་པར་གྱུར་པར་བསྔགས་
པའོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེང་འདིར་དེ་བཞིན་གཤེགས་པ་ལ་དོན་ཟབ་མོ་འདྲི་བ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་གསུམ་པ་དོན་ཟབ་མོ་ཞུས་པའི་བསྔགས་པ་བརྗོད་པ་སྟེ། གོང་དུ་བསྟན་པའི་ཚིག་འབྲུ་དང་། དོན་གཉི་ག་དགེ་བའི་ཕྱིར་ཚིག་ཟློས་བུས་ལེགས་སོ་
ལེགས་སོ་ཞེས་བྱ་བ་གསུངས་སོ། །ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པའི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་དྲིས་པ་ཡིན་པས་ཞེས་བྱ་བ་ནི། བཞི་པ་གསོལ་བའི་ཕན་

ཡོན་གྱི་བསྔགས་པ་བརྗོད་པ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ། །ཁྱོད་ལེགས་པར་ཉོན་ཅིག་དང་ངས་ཁྱོད་ལ་ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པ། སྐྱེ་བ་མེད་པ་འགག་པ་མེད་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་
པ་ཞེས་བྱ་བ་གསུངས་པའི་དགོངས་པ་བཤད་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་གཉེན་པོར་བསྐུལ་ཞིང་བཤད་པར་གནང་བ་བསྟན་པའོ། །དོན་དམ་ཡང་དག་འཕགས་འདི་ལྟར་ཤེས་པར་བྱ་སྟེ། ངས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས། ཆོས་རྣམས་ཐམས་
ཅད་ངོ་བོ་ཉིད་མེད་པ་ཞེས་བསྟན་ཏོ་ཞེས་བྱ་བ་འདི་མན་ཆད་གཉིས་པ་ཞུས་པ་བཞིན་དུ་ལན་ཡང་དག་པར་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཚིག་རྐྱང་པས་རྒྱ་ཆེར་བཤད་པ་དང་། ཚིགས་སུ་བཅད་པས་སྨོས་ནས་བཟླས་ཏེ་བཤད་པའོ། །དང་པོ་
ཡང་རྣམ་པ་ལྔར་བསྟན་ཏེ། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས། མདོ་སྡེའི་ཚིག་རྣམས་རྣམ་པར་བཤད་པ་དང་། གཞན་ཡང་དོན་དམ་ཡང་དག་འཕགས་ཞེས་བྱ་བ་མན་ཆད་ཀྱིས་ངོ་བོ་ཉིད་གསུམ་གྱི་རྣལ་འབྱོར་ལས་བརྩམས་ནས་ངོ་བོ་ཉིད་མེད་པ་
རྣམ་པ་གསུམ་རྣམ་པར་བཞག་པའི་དགོངས་པ་བསྟན་པ་དང་། གཞན་ཡང་དོན་དམ་ཡང་དག་འཕགས་ཞེས་བྱ་བ་མན་ཆད་ཀྱིས་གནས་སྐབས་ལས་བརྩམས་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྣམ་པར་གཞག་པའི་དགོངས་པ་བསྟན་པ་དང་། གཞན་ཡང་དོན་དམ་
ཡང་དག་འཕགས་ཞེས་བྱ་བ་མན་ཆད་ཀྱིས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་རྣལ་འབྱོར་ལས་བརྩམས་ནས་ཐེག་པ་གཅིག་གི་དོན་རྣམ་པར་འབྱེད་པ་དང་། གཞན་ཡང་དོན་དམ་ཡང་དག་འཕགས་ཞེས་བྱ་བ་མན་ཆད་ཀྱིས་ངོ་བོ་ཉིད་མེད་པར་སྟོན་པ་པོའི་བསྟན་པ་ལས་
བརྩམས་ནས་མོས་པ་མི་མཐུན་པར་གྱུར་པ་རྣམ་པར་འབྱེད་པའོ། །འདི་ནི་དང་པོའི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་མདོ་སྡེའི་ཚིག་རྣམས་རྣམ་པར་བཤད་པ་སྟེ། འདི་ཡང་རྣམ་པ་གཉིས་སུ་དབྱེའོ། །ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་

ནས་མདོ་སྡེ་དག་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་རྣམ་པར་བཤད་པ་དང་། དོན་དམ་ཡང་དག་འཕགས་འདི་ལྟར་ཤེས་པར་བྱ་སྟེ་ཞེས་བྱ་བ་མན་ཆད་ཀྱིས་ངོ་བོ་ཉིད་མེད་པར་དང་པོ་དང་ཐ་མ་ལས་བརྩམས་ནས་ཆོས་
ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པའི་ཚིག་གིས་བཤད་པ་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་སྟེ། སྒོ་བསྟན་ནས་མདོར་བཤད་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་ཞུས་པ་དང་ལན་དག་གིས་རྒྱ་ཆེར་རྣམ་
པར་བཤད་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་བཤད་ཟིན་ནས་སྤྱིའི་མཇུག་བསྡུ་བའོ། །སྒོ་བསྟན་ནས་མདོར་བཤད་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་མདོ་སྡེའི་དགོངས་པ་བསྟན་
པ་དང་། གྲངས་བཞིན་དུ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱིས་མིང་བཀོད་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ནི་ངས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་བརྟེན་ནས་ཆོས་ཐམས་ཅད་ངོ་བོ་ཉིད་
མེད་པའོ་ཞེས་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་ངོ་བོ་ཉིད་རྣམ་པ་གསུམ་ཡིན་ཏེ། ངོ་བོ་ཉིད་རྣམ་པ་གསུམ་ལ་བརྟེན་ནས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྣམ་པར་གཞག་པས་དེའི་ཕྱིར་མདོ་སྡེ་རྣམས་ལས་ཆོས་
ཐམས་ཅད་ནི་ངོ་བོ་ཉིད་མེད་པའོ་ཞེས་གསུངས་ཏེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་ཚིག་ལེའུར་བྱས་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་
འབྱུང་བ་ཡིན་ནོ། །འདི་ལྟ་སྟེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་དོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ལ་སོགས་པ་རྣམ་པ་གསུམ་མོ། །

རིགས་ཀྱི་བུ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་ལན་དག་གིས་རྒྱ་ཆེར་རྣམ་པར་བཤད་པ་བསྟན་ཏེ། འདི་ཡང་རྣམ་པ་གཉིས་ཏེ། ཆོས་བཞིན་དུ་ཡང་དག་པར་བཤད་པ་དང་། དཔེ་སྨོས་ནས་
བཟླས་ཏེ་བཤད་པའོ། །ཆོས་བཞིན་དུ་ཡང་དག་པར་བཤད་པ་ཡང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ཡོད་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའོ། །དང་པོ་འདི་ཡང་རྣམ་པ་ལྔས་བསྟན་ཏེ། དྲིས་པ་དང་། ལན་དང་། བརྟག་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་
བ་སྟེ་འདི་ནི་དང་པོ་དྲིས་པའོ། །འདི་ལྟ་སྟེ། ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་ལན་ཡང་དག་པར་བསྟན་པ་སྟེ། ངོ་བོ་ཉིད་རྣམ་པ་གསུམ་ལས་ཀུན་བརྟགས་པའི་རང་གི་ངོ་བོ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་
ཞེ་ན། ཞེས་བྱ་བ་ནི་གསུམ་པ་བརྟག་པ་སྟེ། དོན་གང་གི་ཕྱིར་ཀུན་བརྟགས་པའི་མཚན་ཉིད་ལ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ནི་མིང་དང་བརྡས་མཚན་ཉིད་དུ་རྣ