Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 115

Văn bản gốc(Tây Tạng)

Trang 9 / 19 (50.000 ký tự/trang)
ོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་གང་ཡིན་པ་

དེའི་འདོད་པ་ན་སྤྱོད་པའི་རྣམ་པར་སྨིན་པའི་སེམས་ནི་ས་འོག་མ་གཞན་བདུན་ཏེ། གཟུགས་མེད་པ་གསུམ་དང་། བསམ་གཏན་བཞིས་བར་དུ་ཆོད་པའི་རྩེ་མོའི་སྙོམས་པར་འཇུག་པའི་སེམས་ཀྱི་མཇུག་ཐོགས་པ་མངོན་དུ་བྱེད་པ་ཡིན་ནོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །ཐོད་རྒལ་བའི་སྙོམས་པར་
འཇུག་པ་དག་འདི་མཉམ་པར་གཞག་པའི་སེམས་ས་འོག་མ་པས་ནི་གསུམ་ལས་གོང་དུ་མངོན་དུ་བྱེད་པར་ནུས་པ་མ་ཡིན་ན། འདོད་པ་སྤྱོད་པས་ས་འོག་མ་གཞན་བདུན་གྱིས་བར་དུ་ཆོད་པ་ལ་ལྟ་སྨོས་ཀྱང་ཅི་དགོས། །མི་གཡོ་བའི་ལས་ནི་འདོད་པའི་ཁམས་སུ་རྣམ་པར་སྨིན་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་
ནི་གང་གི་ཕྱིར་ས་དེ་ལས་ལས་ཀྱི་རྣམ་པར་སྨིན་པ་སོ་སོ་མི་གཡོ་བའི་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པ་ནི་སྲིད་པའི་རྩེ་མོ་པའི་རྣམ་པར་སྨིན་པའི་སེམས་ཡིན་པར་མི་སྲིད་དོ། །སྙོམས་པར་འཇུག་པ་དེ་ལ་སྙོམས་པར་འཇུག་པ་པོ་རྣམས་ནི་ཅི་དགར་བྱར་ཡོད་པ་ཡང་ཡིན་
པས་ཞེས་བྱ་བ་ནི་འདོད་ན་དེ་མངོན་སུམ་དུ་བྱེད་པའི་ཕྱིར་དང་། སྔར་སྨོན་ལམ་བཏབ་པ་བཞིན་ལྡང་བའི་དུས་མི་འགྱུར་བའི་ཕྱིར་རོ། །མིག་ལ་སོགས་པ་རྣམ་པར་སྨིན་པ་ལ་ནི་ཆོས་འདི་དག་མ་མཐོང་ངོ་། །འགོག་པའི་སྙོམས་པར་འཇུག་པ་ནི་འདོད་པ་ན་སྤྱོད་པས་འཐོབ་པ་ཡིན་ལ། དེའི་རྣམ་པར་
སྨིན་པའི་སེམས་ནི་འདོད་པའི་ཁམས་སུ་གཏོགས་པའི་ཕྱིར་རོ། །སེམས་མངོན་པར་འདུ་བྱེད་པ་དེ་ཡང་རེག་པ་མེད་པར་ཇི་ལྟར་རུང་ཞེས་བྱ་བ་ཞི་དེ་ལ་ཡིད་ལ་བྱེད་པ་དག་སེམས་པ་ཡང་ཡོད་དོ། །མདོ་སྡེ་གཞན་ལས་གང་ཅི་ཡང་རུང་འདུ་བྱེད་ཀྱི་ཕུང་པོ་དེ་ཐམས་ཅད་ནི་རིག་པ་ལ་བརྟེན་ནས་ཞེས་གསུངས་
པའི་ཕྱིར་རོ། །གལ་ཏེ་ཡང་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ལུང་དུ་མ་བསྟན་པ་གཞན་ཞིག་ཡིན་པར་རྣམ་པར་རྟོག་པར་བྱེད་ན་ཞེས་བྱ་བ་ལ་གཞན་ཞིག་ཅེས་བྱ་བ་ནི་རྣམ་པ་གཞན་དུའོ། །ཇི་སྐད་དུ། རྣམ་བཞིར་མ་གཏོགས་རྣམ་སྨིན་མིན། །མངོན་པར་འདུ་བྱེད་འཇུག་པ་མིན། །ཞེས་བྱ་བ། ཆོས་
མངོན་ལུགས་ལ་མ་བརྟེན་ལུང་མ་བསྟན། །རྣམ་བཞིར་མ་བསྟན་ཐུབ་པའི་ས། །ཞེས་བསྟན་ཏོ། །སེམས་ལས་སུ་རུང་ཞིང་སེམས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་དག་ཇི་ལྟར་དམིགས་པ་དང་། རྣམ་པའི་གཡེང་བ་བྱེད་པར་འགྱུར། ལུང་དུ་མ་བསྟན་པའི་སེམས་མངོན་དུ་གྱུར་པར་

འདོད་པ་ཡང་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་དེ་ལྟར་སེམས་ལས་སུ་རུང་བ་དེ་ལྟ་བུ་ནི་གང་དེ་མ་ཐག་ཏུ་འདུ་ཤེས་དང་ཚོར་བ་ཀུན་དུ་བྱུང་བ་ལྡོག་པར་འགྱུར་བ་ཡིན་ནོ། །སེམས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལ་དམིགས་ཤིང་
སེམས་ཏིང་ངེ་འཛིན་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པ་དང་རྣམ་པའི་གཡེང་བ་ཞེས་བྱ་བ་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལ་དམིགས་པའི་ཞི་བའི་རྣམ་པ་ཡོངས་སུ་བཏང་བའི་ཕྱིར་རོ། །གལ་ཏེ་འགོག་པ་དང་ཞི་བའི་རྣམ་པ་ལ་དམིགས་པ་ཉིད་ཡིན་ན་ནི་ལུང་དུ་མ་བསྟན་པ་ཡིན་
པར་མི་འགྱུར་གྱི། འོ་ན་ཅི་ཞེ་ན། དགེ་བ་ཡིན་ནོ། །འདོད་པ་ཡང་མ་ཡིན་ཞེས་སྨོས་པ་ནི་གལ་ཏེ་དམིགས་པ་རྣམ་པའི་གཡེང་བ་འདོད་པར་གྱུར་ན་སེམས་གཡེངས་པ་མ་ཡིན་པར་འགྱུར་རོ། །ཉེས་པར་བྱས་པ་ནི་གཡེངས་པ་ཞེས་བརྗོད་དོ། །དེ་ལྟར་རིགས་པས་སེམས་ཐམས་ཅད་ཡོངས་སུ་
བཀག་ནས་ལུང་གིས་ཀྱང་སྟོན་པ་ནི་རྣམ་པ་གང་གིས་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱིས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དག་འགོག་པའི་སྙོམས་པར་ཞུགས་པ་ལ་ཡོད་པ་མ་ཡིན་ན་ས་གཞན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀྱང་ཞེས་རྒྱ་ཆེར་འབྱུང་བ་
ཡིན་ནོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་རྣམ་པ་གང་གི་སྒོ་ནས་ཀྱང་། དེའི་ཚེ་ནི་དེའི་ས་པའི་སེམས་མངོན་དུ་བྱེད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །ལུས་ཀྱིས་མངོན་དུ་བྱེད་པ་རྣམས་ལ་མེད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་མི་འོང་བ་རྣམས་ལ་འགོག་
པའི་སྙོམས་པར་འཇུག་པ་མེད་པ་མ་ཡིན་པའི་ཕྱིར་ཏེ། དེ་དག་ནི་རྣམ་པ་ཐམས་ཅད་དུ་འདོད་ཆགས་དང་བྲལ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་པ་མ་ཡིན་པས་སོ། །འདིར་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་ས་པ་ཇི་ལྟ་བ་དེའི་ཡིད་ཀྱི་རྣམ་པར་ཤེས་
པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ནི་གཞན་ཞིག་ཡིན་ནོ་ཞེས་བྱ་བ་ནི། སྲིད་རྩེའི་མཚན་ཉིད་འདུ་ཤེས་མེད། །ཅེས་རྒྱས་པར་འབྱུང་བ་ཡིན་ནོ། །སྲིད་རྩེའི་མཚན་ཉིད་ཅི་ཞེ་ན། འདུ་ཤེས་མེད་འདུ་ཤེས་མེད་པ་མིན་ཉིད་འདོད་ཅེས་བྱ་བ་ཡིན་ཏེ། འདི་འདུ་ཤེས་མེད་འདུ་ཤེས་མེད་མིན་ཡིན་པས་

འདི་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ནོ། །དེའི་དངོས་པོ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ཉིད་དོ། །འདོད་པ་ཅི་ཞེ་ན། སྐབས་ཀྱི་མཚན་ཉིད་ལ་བསམས་པའོ། །འགོག་ལ་དེ་ཡི་ས་སེམས་མེད། །ཅེས་བྱ་བ་ནི་འགོག་པའི་སྙོམས་པར་ཞུགས་པའི་འགོག་པ་དེ་ལ་འདུ་ཤེས་མེད་འདུ་ཤེས་
མེད་མིན་དེ་ན་ཡོད་པའི་དེའི་ས་སེམས་མེད་དོ། །ཇི་ལྟར་འགགས་ཤེ་ན། འདུ་ཤེས་དང་ཚོར་བ་གཉིས་འགགས་པའི་ཕྱིར་ཏེ། སྲིད་པའི་རྩེ་མོའི་སའི་སེམས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་མཚོན་པའི་ཕྱིར་དེ་དག་བརྟག་པར་བྱས་ཏེ། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་དཔྱོད་
པ་དང་བཅས་པ་བསམ་གཏན་བཞིན་ནོ། །དེའི་ཕྱིར་འགགས་སུ་ཟིན་ཀྱང་སྲིད་པའི་རྩེ་མོའི་ས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་དོ་ཞེ་ན། འོ་ན་ནི་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཞེས་འབྱུང་བའི་མདོ་སྡེ་དང་འགལ་བར་འགྱུར་རོ་ཞེ་ན།
འདི་ནི་ཐམས་ཅད་དུ་ཡང་ཡང་དག་པར་འདས་པ་མ་ཡིན་གྱི། དེས་ན་དེ་ནི་གཞན་ཞིག་ཡིན་ཏེ། སྲིད་པའི་རྩེ་མོ་དེའི་སེམས་མི་སྲིད་པ་དང་། འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པ་ཡིན་པའི་གཏན་ཚིགས་གང་ཡིན་པ་དེ་དག་གིས་ན། དེས་ན་དེ་ནི་གཞན་ཞིག་ཡིན་ཏེ། སེམས་དེ་ནི་
ཀུན་གཞི་རྣམ་པར་ཤེས་པ་ཡིན་ནོ། །ཇི་ལྟར་ཡིད་ཀྱི་བག་ཆགས་ལ་ཡང་མིང་ཡིད་ཅེས་ལན་འགའ་བརྗོད་དེ་ཞེས་བྱ་བ་ནི་སེམས་མེད་པའི་གནས་སྐབས་ལས་ལྡང་བའི་ཚེ་འབྲས་བུས་རྒྱུ་འདོགས་པ་ཡོད་དོ། །དེ་བས་ན་ཇི་ལྟར་ལས་ཀྱི་བག་ཆགས་ལ་ཡང་ལས་ཞེས་བྱ་བ་དང་། གང་གི་ཚེ་ལས་ཀྱི་རྣམ་པར་
སྨིན་པ་ཞེས་ཟེར་ན་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ནི་དངོས་སུ་ལས་ཀྱིས་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ནི་བག་ཆགས་ཀྱིས་ཡིན་ནོ། །དེའི་ཕྱིར། རྣམ་པར་རྟོག་པ་འདི་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ས་བོན་རྒྱུད་གཉིས་ལ་ཡོད་པར་འགྱུར་ཏེ་ཞེས་བྱ་བ་ནི་རྒྱུད་ཐ་དད་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་
བཞིན་ནོ། །སེམས་དང་བཅས་པའི་གནས་སྐབས་ཀྱི་དབང་དུ་བྱས་ཏེ། དེ་སྐད་བསྟན་གྱི་སེམས་མེད་པ་ལས་ལྡང་བའི་ཚེ་ནི་སེམས་ཀྱི་རྒྱུད་ཉིད་ཡོད་པ་མ་ཡིན་ན་དེ་གནས་པ་ཡིད་ཀྱི་རྣམ་པར་ཤེས་པའི་ས་བོན་ལྟ་ག་ལ་ཡོད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་ས་བོན་གྱི་རྒྱུན་གྱི་དབྱེ་བ་བརྟག་པར་མི་བྱའོ། །

ཅིའི་ཕྱིར་གཅིག་ལས་འབྱུང་བ་དེའི་ཚེ་ཅིག་ཤོས་ལས་མ་ཡིན་ཞེས་བྱ་བ་དེ་ནི་བདག་པོའི་རྐྱེན་དང་། དམིགས་པའི་རྐྱེན་དང་རྒྱུའི་རྐྱེན་དག་ཡོད་ན་ཞེས་བྱ་བ་ཡིན་ནོ། །འོན་ཏེ་དེ་མ་ཐག་པའི་རྐྱེན་གཅིག་ཡིན་པའི་ཕྱིར་རོ་ཞེས་ཟེར་ན་དེ་ལ་འདི་སྐད་བརྗོད་པར་བྱ་སྟེ། འོ་ན་
ནི་སེམས་མེད་པའི་གནས་སྐབས་ལས་ལྡང་བ་འགྲུབ་པར་མི་འགྱུར་ཏེ། དེ་མ་ཐག་པའི་རྐྱེན་མེད་པའི་ཕྱིར་རོ། །འགགས་ནས་ཡུན་རིང་དུ་ལོན་པ་ནི་དེ་མ་ཐག་པའི་རྐྱེན་དུ་འགྲུབ་པ་མ་ཡིན་ནོ། །གལ་ཏེ་ཡང་རྣམ་པར་ཤེས་པ་ལ་ཇི་ལྟ་བ་དེ་བཞིན་དུ་ལུས་ཀྱི་དབང་པོ་ལ་ཡང་ཞེས་རྒྱས་པར་འབྱུང་བ་
ལ། དེ་ཡང་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱིས་ཞེས་བྱ་བ་ནི་ལུས་ཀྱི་དབང་པོ་དེ་ལ་ཡང་། བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པ་ཡིན་པའི་
ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་ཤེས་པ་ཉི་ཚེ་ལ་འདུ་བྱེད་ཀྱི་རྐྱེན་གྱིས་ཞེས་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། །འོ་ན་ཅི་ཞེ་ན། འདུ་བྱེད་ཀྱི་རྐྱེན་གྱིས་ལུས་ཀྱི་དབང་པོ་ཡང་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་པར་འགྱུར་རོ། །རྣམ་པར་ཤེས་པ་ཉི་ཚེ་བའི་རྐྱེན་གྱིས་མིང་དང་གཟུགས་ཅི་ཞེ་ན།
བརྗོད་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལུས་ཀྱི་དབང་པོ་ལ་ཡང་བརྗོད་པར་བྱ་དགོས་པར་འགྱུར་རོ། །སེམས་ཉི་ཚེ་ལ་ཡང་བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པའི་འདུ་བྱེད་དགོས་པར་ཅིའི་ཕྱིར་བསྟན། ལུས་ཀྱི་དབང་པོ་ཡང་དེ་ལ་མིང་དང་གཟུགས་དེ་ལ་མཐུ་ཡོད་པའི་ཕྱིར་རོ། །
གང་ཡང་འདི་སྐད་ཅེས་བྱ་བ་ནས་རྒྱས་པར་བྱས་ནས། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཡོངས་སུ་བསྒོས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་རྒྱས་པར་འབྱུང་བ་དང་། ཁ་ཅིག་ལས་ལུས་བསྒོམས་པ་དང་། ལུས་མ་བསྒོམས་པ་ཞེས་བསྟན་པ་ནི་དེ་རྣམ་པར་བསྒོམ་པའི་
དབང་དུ་བྱས་ནས། ལུས་འདི་ལ་སྐྲ་དང་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །དེ་ལྟར་རེ་ཞིག་རྣམ་པར་ཤེས་པའི་ཚོགས་དྲུག་གི་རྒྱུན་ལ་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱིས་བསྒོས་ཤིང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་མི་སྲིད་པར་བསྒྲུབས་པ་ཡིན་ནོ། །གཞན་དག་ན་རེ་འདུ་བྱེད་ཀྱི་

རྐྱེན་གྱིས་ནི་མངལ་དུ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡིན་ཏེ། ཇི་སྐད་དུ་ཆོས་མངོན་པའི་མཛོད་ལས། མཚམས་སྦྱོར་ཕུང་པོའི་རྣམ་པར་ཤེས། །ཞེས་སྨྲས་པ་དང་། དེ་ལྟར་ནི་རྒྱུའི་རྣམ་གྲངས་ཆེན་པོ་ལས་ཞེས་རྒྱས་པར་འབྱུང་སྟེ། དེ་ལྟར་ནི་ཞེས་བྱ་བ་ནི་དེ་བས་ན་ཞེས་བྱ་བའི་དོན་ཏོ། །མདོ་
སྡེ་འདི་དང་འགལ་བར་འགྱུར་ཏེ། དེ་བས་ན་འདུ་བྱེད་ཀྱི་རྐྱེན་གྱིས་ནི་མངལ་དུ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡིན་པར་གྲུབ་པ་ཡིན་ནོ་ཞེ་ན། གང་འདུ་བྱེད་ཀྱི་རྐྱེན་གྱིས་མངལ་དུ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡིན་ཏེ་ཞེས་སྨྲས་པ་དེའི་ཁུངས་སུ་འདི་མི་རུང་སྟེ། གལ་ཏེ་ཆ་འདི་ཁོ་ན་
ལ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མ་ཡིན་ན་ནི་མའི་མངལ་དུ་འཇུག་པར་མི་འགྱུར་ཞེས་བྱ་བ་ཡིན་ནོ། །མདོ་སྡེ་དང་འགལ་བར་འགྱུར་ཞེས་སྨྲས་པ་གང་ཡིན་པ་འདིའི་ལན་ནི་ཁ་ཅིག་ན་རེ་འགལ་བ་མེད་དེ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །འདུ་བྱེད་ཀྱི་རྐྱེན་གྱིས་ནི་ཇི་ལྟར་རིགས་པར་ན་ཉིང་མཚམས་
སྦྱོར་བ་ཡིན་པར་རིག་པར་བྱའོ། །ཇི་སྙེད་ཡོད་ན་ནི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ན་ཡོད་པ་ཡིན་ནོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་རྣམ་པར་འཇོག་པ་ན་ཇི་སྙེད་ཡོད་པ་རྣམ་པར་གཞག་པ་ཡིན་ནོ་ཞེའོ་ཞེས་བྱ་བ་ནི་མངལ་དུ་གཟུགས་གང་སྲིད་པ་དེ་ཁོ་ན་དེར་རྣམ་པར་གཞག་པར་བྱའོ། །མིག་
ལ་སོགས་པ་ནི་མ་ཡིན་ནོ། །གནས་སྐབས་དེ་ན་གཟུགས་གང་ཡིན་པ་དེ་ཐམས་ཅད་ཅེས་རྒྱས་པར་འབྱུང་བ་ནི་མིང་དང་གཟུགས་ཀྱི་གནས་སྐབས་དེ་ན་ཡང་། གཟུགས་གང་ཡིན་པ་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་དེ་དག་རྒྱུར་བྱས་པའོ་ཞེས་གཟུགས་གང་ཞེ་ན། དེ་ཐམས་ཅད་ཅེས་རྒྱས་པར་ཇི་
ལྟར་བསྟན་པ་ནི་རིགས་པ་ཡིན་གྱི་ཉིང་མཚམས་སྦྱོར་བ་ན་རྣམ་པར་ཤེས་པ་གང་ཡིན་པ་དེ་རྣམ་པར་ཤེས་པའི་ཚོགས་དྲུག་ནི་མ་ཡིན་པས་འདིར་ཆོས་འདྲ་བ་ཅི་ཡོད། གཞན་དག་ཡང་མདོ་སྡེ་དང་འགལ་བའི་ལན་སྨྲ་བ། དེ་ལས་གཞན་ལ་བསྟན་པ་ཡང་སྐྱེ་མཆེད་དྲུག་གི་བར་དུ་ཞེས་རྒྱས་པར་
འབྱུང་བ་ཡིན་ཏེ། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཁོ་ན་འདུ་བྱེད་ཀྱི་རྐྱེན་ཅན་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་དྲུག་སྨོས་པ་ནི་སྐྱེ་མཆེད་དྲུག་གི་བར་དུ་ལས་ཀྱི་རྗེས་སུ་འཇུག་པ་ཡིན་པར་བསྟན་པའི་ཕྱིར་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་གི་མཚན་ཉིད་ཀྱིས་ནི་སྐྱེ་མཆེད་དྲུག་ལ་སྐྱེ་

མཆེད་དྲུག་གི་འབྲས་བུ་དང་བྲལ་བ་མ་ཡིན་པར་བསྟན་ལ། དེ་དང་མ་བྲལ་བ་ཡང་ལས་ཀྱིས་བྱས་པ་ཡིན་པས་སྐྱེ་མཆེད་དྲུག་གི་བར་དུ་ལས་ཀྱི་རྗེས་སུ་འཇུག་པ་ཡིན་པར་བསྟན་ཏོ། །དེ་སྨོས་པ་དོན་མེད་དེ་ཞེས་རྒྱས་པར་འབྱུང་བ་ནི་སྐྱེ་མཆེད་དྲུག་གི་བར་དུ་ལས་ཀྱི་རྗེས་སུ་འཇུག་
པ་ཡིན་པར་བསྟན་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་སྨོས་པ་དོན་མེད་པ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་སྨོས་པ་མེད་པར་ཡང་ལས་ཀྱི་བྱེ་བྲག་གིས་རྣམ་པར་ཤེས་པ་བྱེ་བྲག་ཏུ་འགྱུར། དེའི་བྱེ་བྲག་ལས་མིང་དང་གཟུགས་བྱེ་བྲག་ཏུ་འགྱུར་མིང་དང་གཟུགས་ཀྱི་བྱེ་
བྲག་ལས་སྐྱེ་མཆེད་དྲུག་བྱེ་བྲག་ཏུ་འགྱུར་བར་ཤེས་པའི་ཕྱིར་རོ། །ཇི་ལྟར་བསྟན་ཞེ་ན། དེ་རྐྱེན་དུ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གལ་ཏེ་བྱེ་བྲག་གིས་དེ་བྱེ་བྲག་ཏུ་མི་འགྱུར་ན་ནི་ཇི་ལྟར་སྔ་མ་ནི་ཕྱི་མའི་རྐྱེན་དུ་འགྲུབ་པར་མི་འགྱུར་ཞེས་སྨྲས་པ་ཡིན་ཏེ། དེ་ལྟར་མི་འདོད་ན་ནི་
ཡན་ལག་སྔ་མ་ནི་ཡན་ལག་ཅན་ཕྱི་མའི་རྐྱེན་དུ་འགྲུབ་པར་མི་འགྱུར་རོ། །རྐྱེན་གྱི་བྱེ་བྲག་ལས་རྐྱེན་དང་ལྡན་པ་བྱེ་བྲག་ཏུ་མི་འགྱུར་བ་ནི་མ་ཡིན་ནོ། །གལ་ཏེ་འདིའི་དོན་མི་འཇུག་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་མངལ་དུ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དེའོ། །སྐྱེ་བར་ཉིང་མཚམས་
སྦྱོར་བའི་རྣམ་པར་ཤེས་པ་ནི། མའི་མངལ་དུ་འཇུག་པར་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་མ་ཞུགས་པ་ནི་འཇུག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་འཇུག་པ་ཞེས་བྱ་བའི་ཞུགས་པ་དེ་ནི་མའི་མངལ་དུ་ཞུགས་ཟིན་པ་ཡིན་པས་ཞུགས་པ་ཡིན་ན་ཇི་ལྟར་འཇུག་པ་ཞེས་བྱ་བ་འདུ་བྱེད་ཀྱིས་ཡོངས་
སུ་བསྒོས་པའི་རྣམ་པར་ཤེས་པ་ནི་སྲིད་པ་བར་མའི་རྒྱུན་གྱིས་མའི་མངལ་དུ་འཇུག་པ་ཡིན་པར་རིགས་ཏེ། ཅིའི་ཕྱིར་ཞེ་ན། དེ་མ་ཞུགས་པ་ཡིན་པའི་ཕྱིར་དང་། འཇུག་པ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་རོ། །དེ་དང་འབྲེལ་པའི་ཕྱིར་ཞེས་རྒྱས་པར་འབྱུང་བ་ནི་སྲིད་པ་བར་མའི་རྣམ་པར་ཤེས་
པའི་སྐད་ཅིག་མ་གཞན་དང་འབྲེལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲག་དང་ཁུ་བ་འདུས་པའི་མིང་དང་གཟུགས་རྣམ་པར་སྨིན་པ་ནི་ཀུན་དུ་བརྒྱལ་བ་ཡིན་ཏེ་ཞེས་བྱ་བ་ན་གཅིག་ལ་གཅིག་རྒྱུ་མཚན་གྱི་དངོས་པོར་མིང་དང་གཟུགས་དང་འདྲེས་པར་གྱུར་ཅེས་བྱ་བའི་དོན་ཏེ། གང་ལས་རྒྱུ་གང་

གིས་མིང་དང་གཟུགས་སུ་རྣམ་པར་སྨིན་པ་ནུར་ནུར་པོར་རྣམ་པར་གཞག་པའོ། །འོན་ཏེ་འདིའི་དོན་མའི་མངལ་དུ་མི་སྐྱེ་བ་མི་འབྱུང་བ་ཡིན་ན་ནི་དེའི་ཚེ་རྣམ་པར་ཤེས་པ་བདག་ཉིད་ཐོབ་པའི་ཚེ། མིང་དང་གཟུགས་སྐྱེས་པ་ཁོ་ན་ཡིན་པས་དེའི་རྐྱེན་གྱིས་རྣམ་པར་ཤེས་པ་དེའི་རྐྱེན་གྱིས་དེ་སྐྱེ་བར་མི་རིགས་ཏེ།
མིང་དང་གཟུགས་སྐྱེ་བར་མི་རིགས་ཏེ། དེ་ཉིད་སྐྱེས་ཟིན་པའི་ཕྱིར་རོ། །དེ་ལས་ཀྱང་རྒྱུ་ཆེན་པོའི་རྣམ་གྲངས་དེ་ལས་ཀྱང་། ནམ་མ་ཤིའི་བར་དུ་རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་དངོས་པོར་བསྟན་པས་འདུ་བྱེད་ཀྱི་རྐྱེན་གྱིས་དེ་ཇི་ལྟར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པར་རུང་། རྟེན་ཅིང་
འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས། རྣམ་པར་ཤེས་པའི་རྐྱེན་གྱིས་ཕུང་པོ་ལྔ་པའི་མིང་དང་གཟུགས་བསྟན་པས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དེ་ཇི་ལྟར་དེ་དང་ལྷན་ཅིག་འབྱུང་བ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་ཕུང་པོ་ལྔ་པ་ཅན་གྱི་མིང་དང་གཟུགས་
ཀྱི་རྐྱེན་དུ་རུང་། དུས་ཕྱི་མའི་རྐྱེན་ཡིན་ནོ་ཞེ་ན་ཡང་ཞེས་བྱ་བ་ནི། འོན་ཏེ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དེ་ལྷན་ཅིག་འབྱུང་བའི་མིང་དང་གཟུགས་ཀྱི་རྐྱེན་མ་ཡིན་གྱི། འོན་ཀྱང་དུས་ཕྱི་མའི་མིང་དང་གཟུགས་ཀྱི་རྐྱེན་ཡིན་ནོ་སྙམ་ན། དེའི་ཕྱིར་འོ་ན་དེའི་དུས་ཀྱི་མིང་དང་གཟུགས་ཀྱི་རྐྱེན་གང་ཡིན་
ཞེས་སྨྲས་ཏེ། དེའི་དུས་ཀྱི་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་དུས་ཀྱིའོ། །རྐྱེན་འདུ་བྱེད་ཡིན་ནོ་ཞེ་ན་ཡང་ཞེས་བྱ་བ་ནི། འོན་ཏེ་འདི་སྙམ་དུ་དེ་ཡང་འདུ་བྱེད་ཀྱི་རྐྱེན་གྱིས་ཡིན་ནོ་སྙམ་ན། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དེ་གཉི་གའི་རྐྱེན་ཡིན་པའི་
ཕྱིར་ཞེས་བྱ་བ་འདུ་བྱེད་ནི་གཉི་གའི་རྐྱེན་ཡིན་པའི་ཕྱིར་དེ་སྐྱེ་བར་བྱ་བའི་དོན་དུ། ཅིའི་ཕྱིར་རྣམ་པར་ཤེས་པའི་ཡན་ལག་བརྟག་པར་བྱ། མིང་དང་གཟུགས་ཁོ་ནའི་རྐྱེན་འདུ་བྱེད་ཡིན་ན་བརྟག་ཏུ་མི་རུང་སྟེ། དེ་དང་སྐད་ཅིག་ཕྱི་མར་ཁྱད་པར་ཡང་ཅི་ཞིག་ཡོད་ཅེས་བྱ་བ་ལ་དེ་དང་ཞེས་བྱ་བ་ནི་ཉིང་
མཚམས་སྦྱོར་བའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་མིང་དང་གཟུགས་དེ་དང་ངོ་། །སྐད་ཅིག་ཕྱི་མ་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་སྟེ། གང་གི་རྐྱེན་དུ་རྣམ་པར་ཤེས་པ་དེ་ཡིན་པར་བརྟག་པར་བྱེད་པའོ། །འོན་ཏེ་སྐད་ཅིག་མ་ལས་སྐད་ཅིག་མ་ཕྱི་མ་ངེས་པར་ཁྱད་པར་ཡོད་དོ་ཞེས་

བརྗོད་ན་དེ་ལྟ་ན་ཡན་ལག་ཐམས་ཅད་ལ་ཡང་འདི་ཉིད་ཐལ་བར་འགྱུར་རོ། །དེ་བས་ན་རྫས་ཐ་དད་པའི་བྱེ་བྲག་ཡོད་པ་དེ་གླེངས་པ་ཡིན་པར་རིག་པར་བྱའོ། །འོན་ཏེ་འདིར་ཇི་ལྟར་སྲིད་པ་རྐྱེན་གྱི་དངོས་པོར་འདོད་ན་ནི་ཞེས་བྱ་བ་ནི། འོན་ཏེ་རྣམ་པར་ཤེས་པའི་རྐྱེན་གྱིས་
མིང་དང་གཟུགས་ཞེས་བྱ་བ་འདིར་ཇི་ལྟར་སྲིད་པའི་རྐྱེན་གྱི་དངོས་པོར་འདོད་དེ། གང་ན་མིང་དང་གཟུགས་སྲིད་པ་དེར་ནི་མིང་དང་གཟུགས་ཀྱི་རྐྱེན་ཡིན་ནོ། །གང་ན་མིང་འབའ་ཞིག་སྲིད་པ་གཟུགས་མེད་པ་དེར་ནི་མིང་ཉི་ཚེའི་རྐྱེན་ཡིན་ནོ། །འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ལ་ཡང་ཇི་ལྟར་སྲིད་
པའི་རྐྱེན་གྱིས་དངོས་པོ་ཡིན་པ་དེ་བཞིན་དུ་ཅིའི་ཕྱིར་མི་འདོད་དེ། གང་ན་མིང་དང་གཟུགས་སྲིད་པ་དེར་ནི་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཡིན་ནོ། །གང་ན་མིང་ཉི་ཚེ་སྲིད་པ་གཟུགས་མེད་པ་དེར་ནི་མིང་ཉི་ཚེའི་རྐྱེན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདུ་བྱེད་ཀྱི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་རྣམ་པར་
ཤེས་པ་ཡིན་ན་ནི་འདས་པའི་འདུ་བྱེད་ཀྱིས་རྣམ་པར་ཤེས་པ་སྐྱེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཁོ་ནའི་རྐྱེན་ཉིད་དེ་ཡིན་ལ། གཅིག་ནས་གཅིག་ཏུ་བརྒྱུད་པ་མེད་པའི་ཕྱིར་རོ། །འདི་ནི་གློ་བུར་དུ་ཉམ་ང་བར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་སྒྲུབ་པ་གཞན་ཡོད་
བཞིན་དུ་རྒྱུ་མེད་པར་སྐྱུར་བ་ཉིད་སྐྱེ་བ་ནི་ཉམ་ང་བར་ཞུགས་པའི་དོན་ཡིན་ནོ། །འོ་ན་དེ་ག་ལས་ཤེ་ན། དེ་ལས་སྐྱེས་པའི་མཐུའི་བྱེ་བྲག་དང་ལྡན་པ་ཞེས་བྱ་བ་ནི་སྐྱུར་བ་དེ་ལས་སྐྱེས་པའི་མཐུའི་བྱེ་བྲག་ནི་དེ་ལས་སྐྱེས་པའི་མཐུའི་བྱེ་བྲག་སྟེ། དེ་རྒྱུན་ཡོངས་སུ་འགྱུར་བའི་བྱེ་བྲག་འདི་ལ་ཡོད་པས་དེ་ནི་དེ་ལས་སྐྱེས་པའི་
མཐུའི་བྱེ་བྲག་སྟེ་དེ་ལས་སོ། །དེ་དག་གིས་ནི་དམར་བ་ཉིད་དང་ཞེས་རྒྱས་པར་འབྱུང་བ་ལ། དེ་དག་གིས་ནི་ཕྱིས་དམར་བ་དང་། རྩ་དམར་བ་ཉིད་ཀྱི་ལན་ཀྱང་བཏབ་པ་ཡིན་ཏེ། ཇི་ལྟ་ཞེ་ན། དེ་ནས་སྐྱེས་པའི་མཐུའི་བྱེ་བྲག་གི་རྒྱུན་ཡོངས་སུ་འགྱུར་བའི་བྱེ་བྲག་ལས་དེའི་བྲས་བུ་གེ་སར་དམར་པོ་ཉིད་ཡིན་ནོ། །
དེ་སྐྱེ་བ་དང་མི་མཐུན་པའི་རྐྱེན་བསལ་ན་ཞེས་བྱ་བ་ནི་རྩ་དམར་བ་དེ་སྐྱེ་བ་དང་མི་མཐུན་པའི་རྐྱེན་མི་བསལ་ན་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་ལྕགས་ཀྱི་ཐུ་ལུམ་འབྱུང་བ་ཆེན་པོ་དེ་འབྱུང་བ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྩ་དམར་པོ་འབྱུང་བ་དང་རྗེས་སུ་མཐུན་པ་ཇི་ལྟ་བུ་ཞེ་ན། རྩ་དམར་པོ་སྐྱེ་བར་འགྱུར་

བ་ལ་བྱའོ། །འདིར་ཚིགས་སུ་བཅད་པ་འདི་ཇི་ལྟར་རྒྱུ་རྣམ་པར་ཞིག་པ་ལས་འབྲས་བུར་མི་འགྱུར་ཏེ། རྒྱུ་རྣམ་པར་ཞིག་པ་ལས་འབྲས་བུ་མ་ཡིན་ནོ། །གལ་ཏེ། རྣམ་ཞིག་རྒྱུ་ལས་འབྲས་འབྱུང་ན། །དབང་པོ་ལ་སོགས་རྣམ་ཞིག་ལས། །ཞེས་རྒྱས་པར་འབྱུང་བ་སྟེ། རྣམ་པར་ཞིག་པ་ལས་ཡིན་
ན་ནི་དབང་པོ་དང་དོན་རྣམ་པར་ཞིག་པ་ལས་མཐོང་བ་དང་ཐོས་པ་ལ་སོགས་པའི་བྱ་བ་བྱེད་པ་ཇི་ལྟར་རིགས་པར་འགྱུར་རོ། །ཆུ་སྐམས་པས་གཤེར་བར་འགྱུར་བ་དང་། རླུང་ཞི་བས་སྐམས་པར་འགྱུར་བ་དང་། བརྡུངས་པ་ཡང་རྣམ་པར་ཞིག་ན་སྒྲ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མེ་ཤི་ན་དུ་བ་
འབྱུང་བར་འགྱུར་གྱི་ཞི་བར་མི་འགྱུར་རོ། །ལས་དང་ཉོན་མོངས་པ་སྤངས་ཀྱང་མྱ་ངན་ལས་འདས་པར་མི་འགྱུར་གྱི་ཡང་སྲིད་སྐྱེ་བར་འགྱུར་རོ་ཞེས་བྱའོ། །འོ་ན་ཇི་ལྟར་ཞེ་ན། དེ་ལས་སྐྱེས་པ་བསྒོས་པ་གནས་པའི་ཕྱིར་རོ་ཞེས་བྱ་བ་ལ་ལས་དེ་ལས་སྐྱེས་པ་ཡིན་ཏེ། དེ་ལས་སྐྱེས་པ་དེ་ནི་
བསྒོས་པ་ཡིན་པས་དེ་ལས་སྐྱེས་པ་བསྒོས་པ་ཡིན་ཏེ། དེ་གནས་པ་ནི་དེ་ལས་སྐྱེ་བ་བསྒོས་པ་གནས་པ་ཞེས་བྱའོ། །དེ་ལས་བྱུང་བའི་འབྲས་བུ་སྦྱིན་པར་ནུས་པ་མ་སྤྱད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལས་བྱུང་བའི་འབྲས་བུ་སྦྱིན་པར་ནུས་པ་མ་སྤྱད་པ་ཉིད་གཟུང་བ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །དེ་ལྟ་མ་ཡིན་ན་དེ་འདས་པ་ཉིད་ཡིན་པར་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་ད་ལྟར་བྱུང་བ་བཞིན་དུ་རང་གི་མཚན་ཉིད་ཡོད་པའི་ཕྱིར་ཡོད་དོ་ཞེས་སྨྲ་ན་ནི་དེ་ལ་ད་ལྟར་བྱུང་བའི་ཆོས་གཞན་སྐྱེ་བའམ། འཇིག་པ་ཅུང་ཟད་ཀྱང་རྣམ་པར་གཞག་པར་མི་ནུས་ཏེ། ཞིབ་ཏུ་ནི་ཆོས་མངོན་པའི་མཛོད་
ལས་གཟུང་བར་བྱའོ། །འདི་ལྟར་རྒྱུན་རྣམ་པར་བཞག་ནས་འདུ་བྱེད་འགགས་ལ་དེ་དང་རྗེས་སུ་མཐུན་པའི་འབྲས་བུ་གཅིག་ནས་གཅིག་ཏུ་འཕངས་ནས་ཞེས་རྒྱས་པར་འབྱུང་བ་ལ་ས་བོན་གྱི་རྒྱུན་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་མྱུ་གུ་ལ་སོགས་པའི་རྒྱུན་རྣམ་པར་བཞག་ནས་ས་བོན་འགག་ལ་
དེ་དང་རྗེས་སུ་མཐུན་པའི་འབྲས་བུ་གཅིག་ནས་གཅིག་ཏུ་འཕངས་པ་དེ་བཞིན་དུ་འདུ་བྱེད་ཀྱི་རྒྱན་རྣམ་པར་བཞག་ནས་འགག་ལ་དེ་དང་རྗེས་སུ་མཐུན་པའི་འབྲས་བུ་གཅིག་ཏུ་འཕངས་པ་ཡིན་ནོ། །དེའི་འོག་ཏུ་འབྱུང་བར་འགྱུར་བས་ཞེས་བྱ་བ་ནི་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱི་འོག་ཏུ་ཞེས་བྱ་

བའི་ཐ་ཚིག་གོ། །ཇི་ལྟར་ན་དེའི་རྐྱེན་གྱིས་ལུང་དུ་མ་བསྟན་པའི་སེམས་པའི་རྒྱུན་གྱི་རྐྱེན་གྱིས། ཉིང་མཚམས་སྦྱོར་བའི་ཚེ་རྣམ་པར་ཤེས་པ་ཡིན་པར་རིགས་པར་འགྱུར། ལུང་དུ་མ་བསྟན་པའི་ཆོས་ས་བོན་རུལ་བ་དང་འདྲ་བ་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་
མྱུ་གུ་སྐྱེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ན་ཡང་གང་དེའི་འོག་ཏུ་ལུང་དུ་མ་བསྟན་པ་འབྱུང་བའི་སེམས་པའི་རྒྱུན་འདི་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱི་རྣམ་པར་གཞག་པ་ཡིན། དེ་ཉིད་ལ་འདུ་བྱེད་རྣམས་ཀྱི་ནུས་པ་ཡིན་གྱི་ཞེས་བྱ་བ་ནི་བག་ཆགས་ཀྱི་རྒྱུན་དེ་ལའོ། །ཉིང་མཚམས་སྦྱོར་
བའི་རྣམ་པར་ཤེས་པའི་དུས་ན་ནི་ཡང་སྲིད་པ་མངོན་པར་གྲུབ་པ་ཁོ་ན་ཡིན་པས་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཀྱིས་ཡང་སྲིད་ཀུན་དུ་བསྡུས་པའི་ཕྱིར་རོ། །དེའི་ཚེ་འདུ་བྱེད་ཀྱི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དེ་གང་གི་
ས་བོན་ཡིན་ན་གང་འདི་སྐད་དུ་རྣམ་པར་ཤེས་པ་ས་བོན་ཡང་སྲིད་ཀྱི་ཞིང་ལས་སྐྱེད་དོ་ཞེས་བརྗོད། སྔོན་གྱི་སྲིད་པའི་རྣམ་པར་ཤེས་པ་ནི་མ་རིག་པའི་རྐྱེན་ཅན་གྱིས་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཀྱི་མྱུ་གུའི་རྒྱུའི་དངོས་པོ་ཉེ་བར་བཟུང་ནས་སྲིད་པ་བར་མའི་རྒྱུན་གྱིས་ཡང་སྲིད་ཞིང་ལ་སྐྱེད་དོ་ཞེས་བྱ་བ་ནི་
རིགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ལ། དེས་བསྒོས་པའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་ལས་རྣམ་པར་ཤེས་པ་ས་བོན་ཞེས་གསུངས་པ་གང་ཡིན་པ་དེ་རིགས་པ་ཡིན་ནོ་ཞེས་བྱ་བ་ལ་དེ་ལྟར་
བྱས་ན་ཞེས་བྱ་བ་ནི་ཇི་སྐད་དུ་ཁོ་བོས་གོང་ཉིད་དུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ལ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །མདོ་སྡེ་གཞན་ལས་རྣམ་པར་ཤེས་པ་ས་བོན་ཡིན་པ་ཇི་ལྟར་བསྟན་ཞེ་ན། ཀུན་དགའ་བོ་གལ་ཏེ། འདོད་པ་དང་རབ་ཏུ་ལྡན་པའི་ལས་མེད་པར་གྱུར་ན། འོན་ཀྱང་འགའ་ཡང་གང་
དུ་ཡང་འདོད་པའི་སྲིད་པ་འགྲུབ་བམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་འོན་ཀྱང་ལས་ཞིང་དང་སྲེད་པ་རླན་དང་། རྣམ་པར་ཤེས་པ་ས་བོན་དང་། མ་རིག་པའི་མུན་པ་ཅན་གྱི་སེམས་ཅན་མ་རིག་པས་ལྡོངས་པར་གྱུར་པ་དེ་དག་ནི་འདི་ལྟ་སྟེ་འདོད་པའི་སྲིད་པ་ན་སེམས་དམན་པ་ལ་རྣམ་པར་

ཤེས་པ་རབ་ཏུ་གནས་པ་ཡིན་ནོ། །ཀུན་དགའ་བོ་གལ་ཏེ་གཟུགས་དང་རབ་ཏུ་ལྡན་པའི་ལས་མེད་པར་གྱུར་ན། འོན་ཀྱང་འགའ་ཡང་གང་དུ་ཡང་གཟུགས་ཀྱི་སྲིད་པ་འགྲུབ་བམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་འོན་ཀྱང་ལས་དང་ཞིང་དང་ཞེས་རྒྱས་པར་འབྱུང་བ་ནས་འདི་ལྟ་སྟེ།
གཟུགས་ཀྱི་སྲིད་པ་ནས་སེམས་པ་བར་མ་ལ་རྣམ་པར་ཤེས་པ་གནས་པ་ཡིན་ནོ། །ཀུན་དགའ་བོ་གལ་ཏེ་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ལས་མེད་པར་གྱུར་ན། འོན་ཀྱང་འགའ་ཡང་གང་དུ་ཡང་གཟུགས་མེད་པའི་སྲིད་པ་འགྲུབ་བམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་
འོན་ཀྱང་ལས་ཞིང་དང་ཞེས་རྒྱས་པར་འབྱུང་བ་ནས། འདི་ལྟ་སྟེ་གཟུགས་མེད་པའི་སྲིད་པ་ན། སེམས་པ་གྱ་ནོམ་པ་ལ་རྣམ་པར་ཤེས་པ་རབ་ཏུ་གནས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འོན་ཀྱང་ཁ་ཅིག་ན་རེ་དེའི་རྒྱུ་ཅན་རྣམ་པར་མ་ཞིག་པ་ལས་ཡིན་ནོ་ཞེས་བྱ་བ་ནི་བསོད་ནམས་ལ་སོགས་
པའི་འདུ་བྱེད་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་རྣམ་པར་མ་ཞིག་པ་ལས་ཡིན་ནོ་ཞེའོ་ཞེས་བྱ་བ་ནི་འཕགས་པ་ཀུན་གྱིས་བཀུར་བ་ཡིན་ནོ། །ཁ་ཅིག་ན་རེ་བསགས་པ་ལས་ཡིན་ནོ་ཞེའོ་ཞེས་བྱ་བ་ནི་དགེ་འདུན་ཕལ་ཆེན་པོའོ། །སེམས་དང་མི་ལྡན་པའི་ཆོས་གཞན་ཞེས་
བྱ་བ་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བས་མ་བསྡུས་པའི་འདུས་བྱས་ནི་སེམས་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་སེམས་དང་མི་ལྡན་པ་ཡིན་པར་གཞག་སྟེ། དོགས་པ་རྣམ་པར་བཟློག་པའི་ཕྱིར་རོ། །ནམ་འབྲས་བུ་འབྱིན་པའི་བར་དུ་རྗེས་སུ་འཇུག་པ་དེ་ཡིན་ཞེས་བྱ་བ་ནི་སེམས་
དང་མི་ལྡན་པའི་ཆོས་གཞན་ནོ། །དེས་བྱས་པ་ལ་དེ་ཉེ་བར་འདོགས་པ་ཡིན་ནོ་ཞེས་བྱ་བ་ནི་འདུ་བྱེད་ཀྱིས་བྱས་པའི་རྣམ་པར་མ་ཞིག་པ་དང་བསགས་པ་ལ་འདུ་བྱེད་ཉེ་བར་འདོགས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྣམ་པར་མ་ཞིག་པ་དང་བསགས་པས་བྱས་པའི་འབྲས་བུ་ལ་འདུ་བྱེད་ཉེ་བར་བཏགས་པ་
ཡིན་ནོ། །འདུ་བྱེད་རྣམས་ཉེ་བར་བཏགས་པ་ནི་འདུ་བྱེད་ཉེ་བར་བཏགས་པ་སྟེ། འདུ་བྱེད་ཀྱི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཞེས་རྐྱེན་ཉིད་ཉེ་བར་འདོགས་པའི་ཕྱིར་རོ། །དཔེར་ན་རྐུན་པོས་གྲོང་ཁྱེར་བསྲེགས་པ་དང་ཞེས་བྱ་བ་ནི་རྐུན་པོས་བསྒྲུབས་པའི་མེ་ལ་རྐུན་པོ་བཞིན་

དུ་ཉེ་བར་འདོགས་པའམ། རྐུན་པོས་བསྒྲུབས་པའི་མེས་བསྲེགས་པ་ལ་རྐུན་པོས་གྲོང་ཁྱེར་བསྲེགས་སོ་ཞེས་རྐུན་པོར་ཉེ་བར་འདོགས་སོ། །རྩྭས་འབྲས་ཆན་ཚོས་པ་དང་ཞེས་བྱ་བ་ནི་རྩ་ལས་བྱུང་བའི་མ་ལ་རྩ་ཉེ་བར་འདོགས་པར་བྱེད་པའམ། རྩ་ལས་བྱུང་བའི་མེས་བྱས་པ་
ལ་རྩྭས་འབྲས་ཆན་ཚོས་སོ་ཞེས་རྩྭ་རྣམས་ཀྱིས་བྱས་པ་ཉིད་དུ་ཉེ་བར་འདོགས་སོ། །འཕགས་པ་རྣམས་ནི་མཐོང་བ་བདེ། །ཞེས་བྱ་བ་ནི། འཕགས་པ་མཐོང་བ་ཁོ་ན་བདེ་བ་མ་ཡིན་གྱི། བདེ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་བདེ་བ་ཞེས་ཉེ་བར་འདོགས་པ་ལྟ་བུའོ། །དེ་དག་གི་ཡང་མདོ་
སྡེ་དང་འགལ་བ་དེ་ཁོ་ན་བཞིན་དུ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཡིན་ཞེ་ན། འདི་ལྟར་རྣམ་པར་ཤེས་པའི་ཡན་ལག་རྣམ་པར་དབྱེ་བ་ལས་རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་གསུངས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནས་ཉིད་མཚམས་སྦྲེལ་བ་ཡིན་པས་
ཇི་ལྟར་ན་རྣམ་པར་ཤེས་པའི་ཚོགས་དྲུག་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་འགྱུར་ཞེས་བྱ་བའོ། །ཐོབ་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཐོབ་པ་དང་མ་ཐོབ་པ་དང་རིས་འདྲ་བ་ཉིད་དང་འདུ་ཤེས་མེད་པ་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་
འཇུག་པ་དང་། སྲོག་གི་དབང་པོའི་མཚན་ཉིད་ལ་སོགས་པ་ཅི་རེག་པ་ལ་བརྟེན་ནས་འབྱུང་ངམ། རེག་པ་མེད་པར་ཡང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ནི་ཐོབ་པ་ལས་སྐྱེ་བའི་ཕྱིར་རོ། །དེ་བས་ན་སེམས་དང་མི་ལྡན་པའི་འདུ་བྱེད་རྫས་སུ་ཡོད་པ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་
པ་རྫས་སུ་ཡོད་པའི་གནས་སྐབས་གཞན་ལ་བཏགས་པ་ཡིན་ལ་ཞེས་བྱ་བ་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་གཞན་ལ་ཞེས་བྱ་བའི་ཐ་ཚིག་སྟེ། མི་ལྡན་པ་རྣམས་དང་འདུས་མ་བྱས་རྣམས་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་རྒྱས་པར་གསུངས་པའི་ཕྱིར་རོ། །དཔེར་ན་ནུས་
པ་དང་། ཀུན་དུ་སྦྱོར་བ་དང་རྣམ་པར་ཕྱེ་བ་དང་། ཕ་རོལ་ཉིད་དང་། ཚུ་རོལ་ཉིད་དང་། རྒྱང་རིང་བ་དང་། ཐག་ཉེ་བ་ཉིད་ལྟ་བུའོ་ཞེས་བྱ་བ་ཅི་ཞེ་ན། གཟུགས་ལ་སོགས་པའི་གནས་སྐབས་གཞན་ལ་བཏགས་པ་ཡིན་ནོ་ཞེས་བྱ་སྟེ། འབྲས་བུ་སྐྱེ་བའི་རྒྱུའི་དངོས་པོར་ཉེ་བར་གནས་པའི་

གནས་སྐབས་ལ་ནུས་པ་བཏགས་པ་ཡིན་ནོ། །གཟུགས་རྒྱུན་མི་འཆད་པར་སྐྱེ་བའི་གནས་སྐབས་ལ་ཀུན་དུ་སྦྱོར་བས་སོ། །རྒྱུན་མི་འཆད་པར་སྐྱེ་བར་ཀུན་དུ་སྦྱོར་བས་སོ། །རྣམ་པར་ཕྱེ་སྟེ་སྐྱེ་བའི་གནས་སྐབས་ལ་ནི་རྣམ་པར་ཕྱེ་བའོ། །སེམས་དང་སེམས་ལས་བྱུང་བ་ལྷན་ཅིག་ཏུ་སྐྱེ་བའི་
གནས་སྐབས་ལ་ཡང་ཀུན་དུ་སྦྱོར་བ་བཏགས་པ་ཡིན་ཏེ། དུས་དང་། རྟེན་དང་། དམིགས་པ་མཚུངས་པར་ལྡན་པའི་ཕྱིར་རོ། །ཕ་རོལ་ཉིད་དང་ཚུ་རོལ་ཉིད་ཀྱང་བར་ན་གཟུགས་མང་བ་དང་ཉུང་བ་ཉིད་ཀྱི་གནས་སྐབས་ལ་བཏགས་པ་ཡིན་ཏེ། མཐོང་བའི་ཡུལ་ལས་བར་ན་གཟུགས་མང་བ་ལ་ཕ་རོལ་
ཞེས་བཏགས་སོ། །བར་ན་ཉུང་བ་ལ་ཚུ་རོལ་ཞེས་བཏགས་པ་དེ་བཞིན་དུ་དུས་དང་ངོ་བོ་ཉིད་ལ་སོགས་པ་ཐ་དད་པ་ཡིན་དུ་ཟིན་ཀྱང་། རྒྱུད་ཐ་དད་པ་ལ་ཕ་རོལ་དང་ཚུ་རོལ་ཞེས་བཏགས་སོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་གནས་སྐབས་གཞན་ལ་ཐོབ་པ་ལ་སོགས་པ་བཏགས་པ་ཡིན་ཏེ།
ཇི་ལྟ་ཞེ་ན། རེ་ཞིག་ཐོབ་པ་ནི་དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱི་ས་བོན་མ་ཉམས་པའི་གནས་སྐབས་དང་། དེ་སྐྱེ་བའི་དབང་མ་ཉམས་པ་དང་། མངོན་དུ་གྱུར་པའི་གནས་སྐབས་ལ་བཏགས་པ་ཡིན་ནོ། །མ་ཐོབ་པ་ནི་དེའི་ས་བོན་མེད་པ་ཤིན་ཏུ་ཀུན་དུ་འབྱུང་བའི་གནས་སྐབས་ལ་བཏགས་
པ་ཡིན་ནོ། །རིས་འདྲ་བ་ཉིད་ནི་སེམས་འདྲ་བ་ཙམ་ལ་བཏགས་པ་ཡིན་ཏེ། མི་འདྲ་བའི་རྫས་གཞན་ནི་འདྲ་བ་མ་ཡིན་ཏེ། འབྲས་ལ་སོགས་པའི་སྡོང་བུ་འདྲ་བ་བཞིན་ནོ། །དེ་ལྟར་ན་དེ་ལྟ་བུ་ཡིན་པའི་གཟུགས་ལ་སོགས་པ་ཕུང་པོ་སྐྱེ་བའི་གནས་སྐབས་གཞན་ཐོབ་པ་ནི་རིས་འདྲ་བ་ཞེས་བྱ་
བ་འཐོབ་སྟེ། མི་ལ་སོགས་པ་བྱེ་བྲག་ཏུ་གདགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་ནི་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་དང་མི་མཐུན་པའི་ལུས་སྐྱེས་པའི་གནས་སྐབས་ལ་གདགས་སོ། །འདུ་ཤེས་མེད་པ་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །
སྲོག་གི་དབང་པོ་ནི་སྔོན་གྱི་ཚེ་རབས་ཀྱི་ལས་ཀྱིས་འཕངས་ཏེ། རིས་མཐུན་པར་གནས་པའི་རྒྱུའི་དངོས་པོ་ཙམ་ལ་གདགས་སོ། །མ་བྱུང་བ་ལས་བྱུང་བ་ལ་སྐྱེ་བ་གདགས་སོ། །འབྲས་བུ་དང་རྒྱུའི་རྒྱུན་ལ་གནས་པའོ། །རྒྱུན་སྔ་ཕྱིའི་བྱེ་བྲག་ལ་ནི་རྒལ་བའོ། །བྱུང་ནས་མེད་པ་ཙམ་ལ་མི་རྟག་

པ་ཉིད་གདགས་སོ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཇི་ལྟར་རྫས་སུ་ཡོད་པ་མ་ཡིན་པ་ནི་ཆོས་མངོན་པའི་མཛོད་ལས་ཤེས་པར་བྱའོ་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན། ཐོབ་པ་ལ་སོགས་པ་ནི་རྫས་སུ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་གི་རང་གི་ངོ་བོ་ནི་འདོད་ཆགས་
དང་ཞེ་སྡང་ལ་སོགས་པས་བཅིངས་པ་རྣམས་ལ་གཟུགས་དང་སྒྲ་ལ་སོགས་པ་བཞིན་དུ་མི་མངོན་པའི་ཕྱིར་དང་། མིག་དང་རྣ་བ་ལ་སོགས་པ་བཞིན་དུ་བྱེད་པ་ཡང་མེད་དོ། །དེ་བས་ན་རྫས་ཀྱི་ཆོས་མེད་པའི་ཕྱིར་བཏགས་པའི་ཡོད་པ་ཡིན་ནོ། །ཡང་ན་ཐོབ་པ་ལ་སོགས་པ་ནི་ཇི་ལྟར་བཏགས་
པའི་རྣམས་རྫས་སུ་ཡོད་པ་མ་ཡིན་ཏེ། ཇི་ལྟ་ཞེ་ན། ཚད་མ་མེད་པའི་ཕྱིར་རོ། །དེ་དག་རྫས་སུ་ཡོད་པ་ཉིད་དུ་བྱེད་པའི་ཚད་མ་མངོན་སུམ་མམ། རྗེས་སུ་དཔག་པའམ། ཡིད་ཆེས་པའི་ལུང་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཇི་ལྟར་གཟུགས་ལ་སོགས་པ་བཞིན་དུའོ། །འོ་ན་མདོ་སྡེ་
ལས་ཆོས་བཅུ་པོ་དེ་དག་རྣམས་ཞེས་རྒྱས་པར་གསུངས་པ་ནི་དེ་ཉིད་ལས་ཇི་ལྟར་རིགས་པར་རྣམ་པར་ངེས་པ་གཟུང་བར་བྱའོ། །རྣམ་པར་མ་ཞིག་པ་དང་། བསགས་པ་ཡང་ཡོང་ཡེ་ཡོད་པ་མ་ཡིན་ལ། གནས་སྐབས་གཞན་དེ་དག་ལ་དེ་ཉིད་བཏགས་ཡང་མ་ཡིན་ནོ། །བསོད་ནམས་ལ་སོགས་
པའི་འདུ་བྱེད་ཀྱི་བག་ཆགས་དང་རྗེས་སུ་འབྲེལ་པ་ཉིད་ཡིན་ན་ཡང་དེ་ཕན་པ་བྱེད་པ་ཡིན་ནོ། །གང་ཡང་སེམས་མེད་པའི་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པ་པའི་མཇུག་ཏུ་ལྡང་བའི་སེམས་སྐྱེ་བ་དང་ཞེས་བྱ་བ་ལ་སེམས་མེད་པའི་སྙོམས་པར་འཇུག་པ་སྨོས་པས་ནི་འགོག་པའི་སྙོམས་པར་
འཇུག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཟུང་ངོ་། །དེ་ལ་སེམས་མེད་པའི་སྙོམས་པར་འཇུག་པའི་མཇུག་ཏུ་ལྡང་བ་ནི་ལྡང་བའི་དུས་སོ། །འདུ་ཤེས་མེད་པ་པའི་མཇུག་ནི་འཆི་བའི་དུས་སོ། །གང་ཡང་ཡི་གེའི་གཞུང་ལན་མང་དུ་སྟོན་པ་ལས་ཅི་ཞེ་ན། དྲན་པ་སྐྱེ་བར་འགྱུར་རོ་ཞེས་ཕྱིས་
འཆད་པར་འགྱུར་རོ། །དོན་རྟག་ཏུ་མཐོང་བ་ལ་སོགས་པ་ལས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལ་ཡང་ནས་ཡང་དུ་མཐོང་བ་དང་། ཐོས་པ་དང་། བསྣམས་པ་དང་། མྱངས་པ་དང་། རེག་པ་སྟེ། ཐོས་པ་དང་། བསྣམས་པ་དང་། མྱངས་པ་དང་། རེག་པ་དང་། རྣམ་པར་ཤེས་པ་ལས་ཕྱིས་དྲན་

པ་སྐྱེ་བ་ནི་དུས་ཕྱི་ནས་སོ། །ཅི་སེམས་དང་ལྡན་པ་མ་ཡིན་པའི་ཆོས་གཞན་བར་སྐབས་སུ་འགའ་ཡང་གང་ལས་དེ་ལས་ལྡང་བའི་སེམས་དང་ལྡན་པ་དེ་དང་གེ་སར་དམར་པོ་དེ་ཡང་དུས་གཞན་ན་སྐྱེ་བར་འགྱུར་བ་ལ་ཡོད་དམ། གང་གོམས་པ་དྲན་པ་སྐྱེ་བར་འགྱུར་བ་སྐད་ཅིག་མ་གང་ལ་དེའི་སྐྱེ་བར་བརྟག་
པར་ནུས་ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་སྐད་ཅིག་མ་དང་པོ་ཁོ་ན་དེ་སྐྱེ་བ་ཡིན་ན་ནི་སྐད་ཅིག་མ་གཞན་གྱི་ཚེ་གོམས་པར་བྱེད་པ་དོན་མེད་པར་འགྱུར་རོ། །འོན་ཏེ་སྐད་ཅིག་མ་གཉིས་པ་ལ་སོགས་པ་གཞན་གྱི་ཚེ་དེ་སྐྱེ་བ་ཡིན་ན་ནི་འདི་བརྗོད་པར་བྱ་སྟེ། ཅི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དེ་དག་ལ་སྐད་
ཅིག་མ་དང་པོ་ལ་སྟོན་པ་དང་། མཐོང་བ་ལ་སོགས་པ་སྔར་སོང་བའི་བྱེ་བྲག་ཡོད་དམ། འོན་ཏེ་མེད་པ་ཡིན་ཅི་ཉེས་ཇི་སྟེ་ཡོད་ན་ནི་དེ་བཞིན་དུ་བདག་ཉིད་ཐོབ་པའི་བྱེ་བྲག་ཡོད་པའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་དྲན་པ་ཕྱིས་སྐྱེ་བར་འགྱུར་བས་རྟོག་པ་དེ་དོན་མེད་པར་འགྱུར་རོ། །འོན་ཏེ་
མེད་ན་ནི་སྐད་ཅིག་མ་དང་པོ་བཞིན་དུ་མི་རྩོམ་སྟེ་དེ་མི་སྐྱེ་བས་དྲན་པ་མེད་པར་ཐལ་བར་འགྱུར་ཏེ། སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་སྐད་ཅིག་མ་དང་པོ་དང་བྱེ་བྲག་མེད་པའི་ཕྱིར་ཏེ། སྐད་ཅིག་མ་སྔ་མ་བཞིན་ནོ། །གོམས་པ་སྨོས་པས་ནི་ཆོས་གཞན་སྐྱེད་པར་མི་ནུས་པ་ཡང་མ་ཡིན་ཏེ། །ཁ་ཅིག་ཡི་
གེའི་གཞུང་སྟོན་པ་ཅིག་ཅར་དུ་དྲན་པ་ཡོད་དོ། །མཐོང་བ་ལ་སོགས་པའི་དོན་ཀྱང་ཅིག་ཅར་དུ་དྲན་པ་ཡོད་པས་གང་གོམས་པས་དྲན་པ་སྐྱེད་པར་འགྱུར་བ་སྐད་ཅིག་མ་གང་ལ་དེ་སྐྱེ་བར་བརྟག་པར་ནུས་ཞེས་བྱ་བའི་སྐྱོན་འདི་དེ་ལ་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་བས་ན་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་
རྣམ་པར་ཤེས་པའི་ཚོགས་དྲུག་ལ་ཞེས་རྒྱས་པར་འབྱུང་བ་ལ། དེ་བས་ན་ཞེས་སྨོས་པ་ནི་ཇི་སྐད་དུ་བསྟན་པའི་རྣམ་པར་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་ལ་ཡང་དབང་པོ་ཐ་དད་པས་རྣམ་པར་ཤེས་པ་ཐ་དད་པ་ཞེས་བྱ་བ་ནས་བརྩམས་ཏེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་
དྲུག་ཡིན་པར་ཁས་ལེན་ཀྱང་རུང་སྟེ། སྒྲའི་དོན་ཇི་ལྟ་བ་བཞིན་དུ་དྲངས་ནས་དོན་དེ་བཞིན་དུ་འགྲོར་མི་རུང་ངོ་། །སེམས་དང་བཅས་པ་དང་སེམས་མེད་པ་པའི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ཁས་ལེན་ཀྱང་རུང་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེའི་གནས་སྐབས་ན་གང་གི་སེམས་ཡོད་པ་མ་

ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ནས་སེམས་དང་བཅས་པའི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ཁས་ལེན་ཀྱང་རུང་། དེ་བཞིན་སེམས་མེད་པའི་འགོག་པའི་སྙོམས་པར་འཇུག་པ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ནས་སེམས་དང་བཅས་པའི་སྙོམས་པར་འཇུག་པ་ལ་སོགས་
པ་ཡིན་པར་ཁས་ལེན་ཀྱང་རུང་སྟེ། སྒྲའི་དོན་ཇི་ལྟ་བ་བཞིན་དུ་དྲངས་ན་དོན་དེ་བཞིན་དུ་འགྲོར་མི་རུང་ངོ་། །མངལ་དུ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འདུ་བྱེད་ཀྱི་རྐྱེན་གྱིས་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ནས། འདས་པའི་འདུ་བྱེད་ཀྱི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཁས་ལེན་ཀྱང་རུང་
སྟེ། སྒྲའི་དོན་ཇི་ལྟ་བ་བཞིན་དུ་དྲངས་ནས་དོན་དེ་བཞིན་འགྲོར་མི་རུང་ངོ་། །ཁ་ཅིག་ན་རེ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་ཡིན་ཀྱང་འདས་པའི་ལས་ལས་དེ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་དེའི་རྒྱུ་ཅན་གྱི་རྣམ་པར་མ་ཞིག་པ་ལས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེའི་རྒྱུ་ཅན་
གྱི་རྣམ་པར་ཞིག་པ་ལ་སོགས་པ་རྐྱེན་ཡིན་པར་ཁས་ལེན་ཀྱང་རུང་སྟེ། གང་གི་ཕྱིར་དེ་ལྟར་གྱུར་པ། དེ་བས་ན་འདིར་དོན་ཉིད་ནི་དགོངས་པ་ཅན་ཡིན་པར་རིག་པར་བྱའོ་ཞེས་རྒྱས་པར་འབྱུང་པ་ཡིན་ནོ། །གནས་པས་གནས་བསྟན་པ་ཞེས་བྱ་བ་ནི་གནས་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་
པས་གནས་ཀུན་གཞི་རྣམ་པར་ཤེས་པ་བསྟན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་དྲུག་གི་གནས་ཡིན་ཏེ། གཙོ་བོའི་རྒྱུ་ཡིན་པའི་ཕྱིར་རོ། །འབྲུའི་སྣོད་ལྟ་བུར་དེ་དེ་དག་གི་གནས་ནི་མ་ཡིན་གྱི། དེའི་ས་བོན་གྱི་གནས་ཡིན་ནོ། །དེའི་ས་བོན་གྱི་གནས་ཞེས་བྱ་སྟེ། དེ་སྐྱེ་བར་ནུས་པ་དང་ལྡན་
པའི་ཕྱིར་རོ། །དེ་ལ་ས་བོན་རྣམས་སྦྱང་བར་བླུགས་པ་ལྟ་བུ་ནི་མ་ཡིན་གྱི། འོ་ན་ཇི་ལྟ་བུ་ཡིན་ཞེ་ན། དཔེར་ན་ས་བོན་དང་། མྱུ་གུ་དང་། ཐལ་བ་དང་། ལུས་དང་། དུ་བ་དང་། མེ་དང་། ས་གཞི་ལ་སོགས་པ་རྣམས་འབྲས་བུ་ལ་ནུས་པ་དང་ལྡན་པའི་ཕྱིར་དེའི་རྒྱུའི་དངོས་པོ་ནི་གནས་ཞེས་བྱའོ། །དེ་
བཞིན་དུ་འབྲས་བུས་རྒྱུ་སྟེ་བསྟན་ཏོ་ཞེས་བྱ་བར་སྦྱར་ཏེ། འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་རྒྱུ་ཀུན་གཞིའི་རྣམ་པར་ཤེས་པ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། དེ་དང་ལྡན་པའི་རྣམ་པར་ཤེས་པའི་རྒྱུན་འབབ་པ་བསྟན་པའི་ཕྱིར་ཏེ་རྣམ་པར་ཤེས་པ་དྲུག་དེ་དག་དང་ལྡན་པའི་ཀུན་གཞི་རྣམ་པར་

ཤེས་པའི་རྒྱུན་འབབ་པ་བསྟན་པའི་ཕྱིར་རོ། །རྒྱུ་དང་འབྲས་བུར་འབྲེལ་པའི་དངོས་པོ་ཡིན་པའི་ཕྱིར་རོ། ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་བབ་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་དང་ལྡན་པ་ཞེས་བྱ་སྟེ། འབྲེལ་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་དབང་པོ་རྣམས་གཞན་དུ་གྱུར་པ་ཉིད་མ་ཡིན་ཏེ།
གཟིགས་པ་མངའ་བའི་ཕྱིར་རོ་ཞེས་བྱ་བ་ནི་དབང་པོ་རྣམས་ལ་མཐོང་བ་ལ་སོགས་པའི་བྱ་བ་བྱེད་པ་ལས་རྗེས་སུ་དཔག་པའི་ཕྱིར་རོ། །དབང་པོ་རྣམས་བསལ་བ་ནི་མཐོང་བར་ཡང་མི་ནུས་ཀྱི་ཞེས་བྱ་བ་ནི་དབང་པོ་རྣམས་དབང་པོའི་ཡུལ་ལས་འདས་པའི་ཕྱིར་དང་། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་
བ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ན་ཡང་འདིའི་ལྟ་བ་ནི་ཉམས་དགའ་བ་ཡིན་ཏེ། གདོང་གི་མིག་ནི་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟ་བུའོ་ཞེས་བྱ་བ་ལྟ་བ་དང་མིག་གིས་དེའི་གནས་ཇི་ལྟ་བ་བསྟན་ཏོ། །ལྟ་བ་ནི་འདིར་མིག་གི་དབང་པོ་ལ་བྱའོ། །མིག་ཀྱང་དེའོ། །མིག་གི་དབང་པོ་ནི་ཉམས་དགའ་བ་
མ་ཡིན་ཏེ། མངོན་སུམ་མ་ཡིན་པའི་ཕྱིར་རོ། །གདོང་གི་མིག་ནི་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟ་བུ་ཡང་མ་ཡིན་ཏེ། མདོག་དང་དབྱིབས་ཀྱིས་མ་ཟིན་པའི་ཕྱིར་དང་། ཟླུམ་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལྟ་བ་དང་། མིག་གིས་དེའི་གནས་ཇི་ལྟ་བ་བཞིན་དུ་སྟོན་པ་འདི་གྲུབ་པ་ཡིན་ནོ། །
མིག་གི་དབང་པོའི་གནས་དེ་ནི་ཤིན་ཏུ་སྔོ་བ་དང་། ཁྱོན་ཡངས་པ་དང་ཉམས་དགའ་བའང་ཡིན་ཏེ། མངོན་སུམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་གནས་པས་གནས་བསྟན་པ་ཤེས་པར་བྱས་པ་ཡིན་ནོ། །འབྲས་བུས་ཀྱང་རྒྱུ་ཇི་ལྟར་སྟོན་པ་དེ་བཞིན་དུ་བརྗོད་པ་ནི། དགེ་སློང་དག་རླུང་ནི་ནད་
ཡིན་ནོ་ནད་ཆེན་པོ་ཡིན་ནོ། །སྨན་ཆེན་པོ་ནི་ཏིལ་མར་རམ་ཏིལ་མར་དང་སྦྱར་བའོ། །དགེ་སློང་དག་མཁྲིས་པའི་ནད་ཀྱི་སྨན་ཆེན་པོ་ནི་ཞུན་མར་རམ་ཞུན་མར་དང་སྦྱར་བའོ། །དགེ་སློང་དག་བད་ཀན་གྱི་ནད་དང་ནད་ཆེན་པོའི་སྨན་ཆེན་པོ་ནི་སྦྲང་རྩིའམ་སྦྲང་རྩི་དང་སྦྱར་བའོ། །རླུང་དང་མཁྲིས་པ་དང་
བད་ཀན་ནི་ནད་མ་ཡིན་གྱི་ནད་ཀྱི་རྒྱུ་ཡིན་པས་ནད་ཅེས་བསྟན་ཏོ། །འདོད་ཆགས་ཀྱི་རྒྱུན་ཉེ་བར་བཅད་པ་མ་ཡིན་ཏེ། དེ་མངོན་སུམ་དུ་མ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉེན་པོ་མངོན་སུམ་དུ་གྱུར་པའི་ཚེ་ན། མི་མཐུན་པའི་ཕྱོགས་མངོན་དུ་གྱུར་པར་མི་རིགས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན་དེའི་རྒྱུ་

དང་ས་བོན་ཏེ། དེའི་ཞེས་བྱ་བ་ནི་འདོད་ཆགས་ཀྱིའོ། །དེ་ལས་ཡང་དེ་འབྱུང་བ་ནི་དེའི་རྒྱུ་དང་། ཕྲ་རྒྱས་དང་། ས་བོན་ཞེས་བྱའོ། །དེ་གཉིས་ནི་རེག་བྱ་མ་ཡིན་གྱི་དེ་གཉིས་ཀྱི་རྒྱུ་རེག་བྱ་ཡིན་ནོ་ཞེས་བྱ་བ་ལ། དེ་གཉིས་ཀྱི་ཞེས་བྱ་བ་ནི་བཀྲེས་པ་དང་སྐོམ་པ་གཉིས་
ཀྱིའོ། །ཟན་འདོད་པ་ནི་བཀྲེས་པ་སྟེ། སེམས་ལས་བྱུང་བའི་ཆོས་སོ། །དེའི་རྒྱུ་རེག་བྱའི་བྱེ་བྲག་ལ་བཀྲེས་པ་ཞེས་སྟོན་ཏོ། །དེ་བཞིན་དུ་འཐུང་འདོད་པ་ནི་སྐོམ་པ་སྟེ། དེའི་རྒྱུ་རེག་བྱའི་བྱེ་བྲག་ལ་སྐོམ་པ་ཞེས་སྟོན་ཏོ། །ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་གང་ཡིན་པའོ་ཞེས་བྱ་བའི་
ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་བྱེད་པའི་སྒོ་ནས་ཀུན་གཞི་རྣམ་པར་ཤེས་པ་བསྟན་ཏེ། གཞན་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་བྱེད་པར་མི་རིགས་པའི་ཕྱིར་རོ། །འགོག་པའི་སྙོམས་པར་ཞུགས་པ་རྣམས་ལ་དེ་ལས་གཞན་པའི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་པས་ཆོས་ཐམས་
ཅད་ཀྱི་ས་བོན་ཆད་པར་ཐལ་བར་འགྱུར་རོ། །ཀུན་གཞི་རྣམ་པར་ཤེས་པ་ནི་གཙོ་བོ་དང་། བདག་གི་རྫས་སུ་གྱུར་པར་ཐལ་བར་ཡང་མི་འགྱུར་ཏེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གང་དག་གིས་རྣམ་པར་ཤེས་པའི་
ཚོགས་དྲུག་ཆོས་ཐམས་ཅད་སྐྱེ་བར་ནུས་པ་དང་ལྡན་ནོ་ཞེས་པ་དེས་ཀྱང་དེ་ཉིད་གཙོ་བོ་དང་བདག་གི་རྫས་དང་། ཆོས་མི་མཐུན་པ་ཡིན་པར་བརྗོད་པར་ནུས་ཀྱི་གཞན་ལ་མ་ཡིན་ནོ། །ཆོས་ཐམས་ཅད་སྐྱེ་བར་ནུས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བརྗོད་པར་མི་ནུས་སོ། །མདོ་སྡེ་པ་རྣམས་
ལ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་མེད་པ་ན་གཞན་དུ་ཇི་ལྟར་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་སྐྱེ་བར་འགྱུར། མདོ་སྡེ་ལས་ཀྱང་འདི་སྐད་དུ་སེམས་ཞེས་བྱ་བའམ། ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ལ་ཡུན་རིང་པོར་དད་པ་ཡོངས་སུ་བསྒོས། ཚུལ་ཁྲིམས་དང་
ཐོས་པ་དང་གཏོང་བ་དང་ཤེས་རབ་ཡོངས་སུ་བསྒོས་ན། གོང་དུ་འགྲོ་བར་འགྱུར་ཁྱད་པར་དུ་འགྲོ་ཞིང་མཐོ་རིས་སུ་འགྲོ་བ་སྟོན་ཏོ་ཞེས་གསུངས་སོ། །ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། རིས་མཐུན་པ་གཞན་དུ་ཉིང་མཚམས་སྦྱར་བ་ནས་བརྩམས་ཏེ་ནམ་མ་ཤིའི་བར་དུ་ལུས་འཛིན་པར་

བྱེད་པར་སྟོན་ཏེ། གཞན་དེ་ལྟ་བུ་མི་རིགས་པའི་ཕྱིར་རོ་ཞེས་ཕྱིས་འཆད་པར་འགྱུར་རོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ་ཞེས་བྱ་བ་ནི་མི་ལ་སོགས་པའི་ལུས་ཀྱི་དངོས་པོའི་རྟེན་བྱེད་པའི་སྒོ་ནས་སྟོན་ཏེ། གཞན་ལ་རྣམ་པར་སྨིན་པའི་མཚན་ཉིད་དང་འཐད་པ་དེ་དག་
མི་རིགས་པར་ཕྱིས་འཆད་པར་འགྱུར་རོ། །སྐྱེ་བ་སོ་སོ་ནི་ལས་ཐ་དད་པའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ནི་ལས་ཐ་དད་པའི་རྣམ་པར་སྨིན་པ་སོ་སོར་སྐྱེ་བ་ཡིན་ཏེ། དེ་བས་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་བསྟན་ཏོ། །ཇི་ལྟར་ན་དེ་སྐྱེ་བ་སོ་སོ་ལས་
ཐར་པའི་རྣམ་པར་སྨིན་པ་ཡིན་ན། དེའི་ཕྱིར་ལས་ཐ་དད་པའི་ཤུགས་ཡོངས་སུ་ཟད་པའི་ཕྱིར་དང་ཞེས་སྨྲས་ཏེ། ལས་ཐ་དད་པའི་འཕེན་པ་ཡོངས་སུ་ཟད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། འཆི་བའི་དུས་ཀྱི་ཚེ་སྐྱེ་བ་སྔ་མའི་ལས་ཀྱིས་འཕངས་པའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་ཤུགས་
ཡོངས་སུ་གཏུགས་ནས། སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་གཞན་གོམས་པའི་འཇུག་པ་རྙེད་པའི་ཕྱིར་ལུས་ཀྱི་དངོས་པོ་དེ་དང་དེའི་གནས་ཉིད་དུ་རྣམ་པར་སྨིན་ཏེ། དེ་ནི་ཡང་སྲིད་པ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་བག་ཆགས་ཀྱི་གནས་སྐབས་ཀྱི་ལས་འཇུག་པ་རྙེད་དེ།
སྲིད་པར་གྱུར་ན་ལུས་ཀྱི་དངོས་པོ་དེ་དང་དེའི་གནས་ཉིད་དུ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་སྨིན་པར་བྱེད་དོ། །དེ་དང་དེའི་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་ལུས་ཀྱི་དངོས་པོའི་གནས་ཉིད་ལ་བྱའོ། །ལུས་ཀྱི་དངོས་པོའི་གནས་ཡིན་པ་ཡང་ཀུན་གཞི་རྣམ་པར་ཤེས་པ་ནི་ལུས་ཀྱི་དངོས་པོ་དེ་དང་
དེ་འབྲེལ་པར་འཇུག་པ་ཡིན་པའི་ཕྱིར་ཏེ། གཟུགས་མེད་པའི་ཁམས་དང་ས་གཞན་དག་ན་ལུས་ཀྱི་དངོས་པོར་གྱུར་པ་དག་རྣམ་པར་སྨིན་པ་མ་ཡིན་པ་མེད་པའི་ཕྱིར་རོ། །བཙུན་པ་ས་སྟོན་པ་རྣམས་ཀྱིས་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ་ཞེས་བྱ་བ་ནི་ཉི་ཚེ་བ་གཞན་གྱི་ཆོས་
མངོན་པ་ལས་སྲིད་པའི་གནས་བྱེད་པར་རབ་ཏུ་གྲགས་པ་སྟོན་ཏོ། །ཡན་ལག་དང་གནས་དང་ལུས་ཞེས་བྱ་བ་དོན་ཐ་དད་པ་མ་ཡིན་ཏེ། ལུས་མེད་པ་ནི་ཡན་ལག་མེད་པ་ཞེས་སྟོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་གནས་ཡོངས་སུ་མ་གྱུར་ན་སྲིད་པ་རྒྱུན་མི་འཆད་པའི་ཕྱིར་རོ་ཞེས་སྨྲས་ཏེ། དེ་གནས་

གྱུར་པ་ཡང་གཉེན་པོ་སྐྱེས་པས་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་བག་ཆགས་མ་ལུས་པར་བཅོམ་པ་ཡོད་ན་གཞན་དུ་སྐྱེས་པ་ཡིན་ཏེ། གང་ལ་ཡང་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་གཞག་པ་མ་ཡིན་ནོ། །དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པའོ་ཞེས་བྱ་བ་ནི་
རྒྱུ་བ་ཤིན་ཏུ་ཕྲ་བས་དེའི་དམིགས་པ་དང་རྣམ་པ་ཡོངས་སུ་ཆད་པའམ། དམིགས་པ་དང་རྣམ་པ་ཆད་པ་མངོན་དུ་གྱུར་པའི་ཕྱིར་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཡིན་པར་རིག་པར་བྱའོ། །ཉེ་བར་ལེན་པའི་ཕུང་པོ་གང་གི་ནང་དུ་འདུས་ཤེ་ན་ཞེས་བྱ་བ་ནི་ཉེ་བར་ལེན་པ་དང་བཅས་པ་
ཐམས་ཅད་ཉེ་བར་ལེན་པའི་ཕུང་པོར་འདུས་པ་ཡིན་པས་དེ་ནི་ཉེ་བར་ལེན་པའི་ཕུང་པོར་བསྡུ་བ་བརྗོད་པར་བྱ་དགོས་པའོ། །རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར་མཚན་ཉིད་ཀྱིས་འདུས་པ་ཡིན་པར་བསྟན་ཏོ། །སེམས་པའི་
ཚོགས་དྲུག་གོ་ཞེས་བྱ་བ་ནི་གཞན་འདུན་པ་དང་། རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོར་འདུས་པ་མེད་པ་ཡང་མ་ཡིན་ནོ། །ཚེ་དང་ལྡན་པ་གསུས་པོ་ཆེ་མི་དགེ་བ་ཞེས་བྱ་བ་ནི་ལུས་ཀྱི་ལས་མི་དགེ་བ་དང་ཞེས་རྒྱས་པར་འབྱུང་བ་ནི་འདོད་ཆགས་དང་ཞེ་སྡང་ལ་
སོགས་པ་གཞན་ཡང་མི་དགེ་བ་མ་ཡིན་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པའི་ཚོགས་དྲུག་ཅེས་བྱ་བ་འདི་ནི་ཡོངས་སུ་མ་རྫོགས་པ་ཡིན་པར་སྟོན་པར་འགྱུར་རོ། །དེ་ནི་དགོངས་པ་ཅན་དུ་རིགས་ཏེ། དེ་ལས་གཞན་པའི་ཆོས་དེ་དག་རྣམས་ཞེས་རྒྱས་པར་འབྱུང་བ་ལ་སེམས་པའི་ཚོགས་
དྲུག་པོ་དེ་ལས་གཞན་པའི་ཆོས་འདུན་པ་དང་། རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་རྣམས་མདོ་སྡེ་གཞན་ལས་གསུངས་པའི་ཕྱིར་ཅི་ཞེ་ན། འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་གོ་ཞེས་བསྟན་པ་འདི་དགོངས་པ་ཅན་དུ་རིགས་པ་ཡིན་ནོ། །ལུས་ཀྱི་ལས་མི་
དགེ་བ་ལ་སོགས་པ་དེ་དག་ལས་གཞན་མི་དགེ་བའི་ཆོས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་མདོ་སྡེ་གཞན་ལས་གསུངས་པའི་ཕྱིར་ཅི་ཞེ་ན། ལུས་ཀྱི་ལས་མི་དགེ་བ་ཞེས་རྒྱས་པར་འབྱུང་བ་རྣམས་དགོངས་པ་ཅན་དུ་རིགས་པ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་གང་དུ་ཡང་མ་

གསུངས་ཏེ། དེ་བས་འདི་བསྟན་པ་དགོངས་པ་ཅན་ཡིན་པར་བརྟག་པར་ནུས་པ་མ་ཡིན་ཞེས་སྟོན་ཏོ། །ཞལ་ནས་གསུངས་པའི་མདོ་སྡེ་ཡང་ཕལ་ཆེར་ནུབ་ལ་ཞེས་བྱ་བ་འདིས་ནི་གང་དུ་ཡང་མ་གསུངས་སོ་ཞེས་བྱ་བར་མི་རུང་བའི་གཏན་ཚིགས་སྟོན་ཏེ་ཞལ་ནས་གསུངས་པ་མང་དུ་ནུབ་པ་ཡིན་
ན་གང་དུ་ཡང་མ་གསུངས་པ་འདི་ཇི་ལྟར་ངེས་པར་བྱ། གསུང་རབ་འདི་ཡང་ད་ལྟར་ནི་ཕལ་ཆེར་འཕྲོས་པ་དང་ཞེས་བྱ་བ་ནི་ཉི་ཚེ་བའི་མདོ་སྡེ་དང་། ཆོས་མངོན་པ་དང་། འདུལ་བ་དག་འཕྲོས་ཏེ་ཁ་ཅིག་ཏུ་ནི་ཅུང་ཟད་ཀྱང་མ་གསུངས་པ་དེ་ཉིད་གཞན་ནས་གསུངས་
སོ། །ཁ་ཅིག་ཏུ་ནི་གཞན་དུ་གསུངས་སོ། །གཞན་ལས་ནི་གཞན་དུ་གསུངས་པས་ཉི་ཚེ་བའི་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་ཐམས་ཅད་མངོན་དུ་མ་གྱུར་པས་ཀུན་གཞི་རྣམ་པར་ཤེས་པ་ནི་གང་དུ་ཡང་མ་གསུངས་སོ་ཞེས་བྱ་བ་འདི་ཇི་ལྟར་ངེས་པར་བྱ། འགྲོ་བའི་རྩ་
བ་དག་ནུབ་པའི་ཕྱིར་ཅི་ཞེ་ན། ཞལ་ནས་གསུངས་པ་ཕལ་ཆེར་ནུབ་པ་ཡིན་ཏེ། གསུང་རབ་འདི་ཡང་ད་ལྟར་ནི་ཕལ་ཆེར་འཕྲོས་པར་སྟོན་ཏེ། དེ་ལྟ་མ་ཡིན་ན་ཉི་ཚེ་བ་ཐ་དད་པ་ཉིད་དུ་མི་འགྱུར་རོ། །ཉི་ཚེ་བ་གཞན་ལས་རྣམ་གྲངས་ཀྱི་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་དང་། ཀུན་གཞི་
རྣམ་པར་ཤེས་པ་དང་། རྣམ་གྲངས་ཀྱི་རྩ་བའི་རྣམ་པར་ཤེས་པ་ཞེས་གསུངས་པ་ན་ཀུན་གཞི་རྣམ་པར་ཤེས་པ་ནི་གང་དུ་ཡང་མ་གསུངས་སོ་ཞེས་ཇི་སྐད་དུ་འདི་བརྗོད། དེ་ལས་ཀུན་གཞི་རྣམ་པར་ཤེས་པ་ཞེས་རང་གི་སྒྲས་གང་དུ་ཡང་མ་གསུངས་སོ་ཞེས་ཟེར་ན་དེ་ལ་ཅི་དེ་ཙམ་གྱིས་རབ་ཏུ་
བཀག་པ་ཡིན་ཞེས་བརྗོད་པར་བྱའོ། །རྣམ་པར་ཤེས་པའི་ཚོགས་དྲུག་ལ་མ་གཏོགས་པའི་དངོས་པོ་ཡོད་པ་ཡིན་པས་རྣམ་པར་ཤེས་པའི་ཚོགས་དྲུག་བསྟན་པ་ནི་དགོངས་པ་ཅན་ཉིད་ཡིན་པར་གྲུབ་པ་ཡིན་ནོ། །རྣམ་པར་ཤེས་པ་བདུན་པ་ཡོད་པས་དེ་ཇི་ལྟར་འདོད་པ་དོན་དང་རྗེས་སུ་མཐུན་
པའི་མིང་བྱེད་པ་ནི་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་ཞེས་བྱ་བའམ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་ལེན་པའི་རྣམ་པར་ཤེས་པའམ། རྩ་བའི་རྣམ་པར་ཤེས་པ་དང་། རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ལ་སོགས་པ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཞལ་ནས་གསུངས་པ་

ཡང་མང་དུ་ནུབ་ལ། གསུང་རབ་འདི་ཡང་ད་ལྟར་ནི་ཕལ་ཆེར་འཕྲོས་པ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པ་བརྟག་པར་བྱ་བ་ཡིན་ན་ནི། འོ་ན་གཙོ་བོ་དང་སྐྱེས་བུ་ལ་སོགས་པ་ཡང་དེ་ལྟ་བུ་ཡིན་པས་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པ་ཡང་བརྟག་པར་བྱ་བ་ཡིན་
པར་འགྱུར་རོ་ཞེ་ན། དེ་ནི་རྣར་མི་འོང་སྟེ། ཁོ་བོ་གཏན་ཚིགས་འདིས་ཀུན་གཞི་རྣམ་པར་ཤེས་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་མ་གསུངས་པའི་ཕྱིར་རོ་ཞེས་ཁྱོད་འགག་པར་བྱེད་པ་དེ་བས་ན་ཞལ་ནས་གསུངས་པ་ཡང་མང་དུ་ནུབ་ལ། གསུང་རབ་འདི་ཡང་འཕྲོས་པ་ཡིན་པས།
ཞལ་ནས་མ་གསུངས་སོ་ཞེས་ཇི་ལྟར་ངེས་པར་བྱ་ཞེས་བྱ་བ་འདི་སྨྲས་ཏེ། དེ་བས་ན་ཇི་ལྟར་མ་གསུངས་པ་དེ་ལྟར་ཁྱེད་ཅག་གིས་བརྗོད་པར་བྱ་དགོས་སོ་ཞེས་བྱ་བ་ཡིན་ནོ། །གཙོ་བོ་དང་སྐྱེས་བུ་ལ་སོགས་པ་གང་ཡིན་པ་ནི་ཆོས་ཀྱི་ཕྱག་རྒྱ་དང་འགལ་བའི་ཕྱིར་དང་། རྗེས་སུ་དཔག་པ་
མེད་པའི་ཕྱིར་བརྟག་པར་བྱ་བ་ཡིན་ཏེ། རྟག་པ་དང་། བདེ་བ་དང་། བདག་དང་། མི་སྟོང་པར་རྣམ་པར་ཤེས་པ་ལ་སོགས་པ་ལ་ནི་རྗེས་སུ་དཔག་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པའི་མཚན་ཉིད་ཡིན་པའི་ཕྱིར་
ཆོས་ཀྱི་ཕྱག་རྒྱ་དང་འགལ་བ་མེད་པ་ཡིན་ནོ། །རྗེས་སུ་དཔག་པ་དང་བཅས་པ་ཡང་ཡིན་ནོ། །འགོག་པའི་སྙོམས་པར་ཞུགས་པ་རྣམས་ལ་དེ་ལས་གཞན་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་ལུས་མཐའ་དག་མ་ཟིན་པ་ཡིན་པར་ཐལ་བར་འགྱུར་ཏེ། དེ་ལས་གཞན་པའི་རྣམ་པར་ཤེས་པ་མི་འཐད་
པའི་ཕྱིར་རོ། །སྲིད་པའི་རྩེ་མོར་སྐྱེས་པ་རྣམས་ཟག་པ་མེད་པའི་ལམ་མངོན་དུ་གྱུར་པ་ན་དེ་ལས་གཞན་སྲིད་པའི་རྩེ་མོ་པའི་ལུས་ཀྱི་དངོས་པོ་མི་རིགས་པའི་ཕྱིར་རོ། །ཉི་ཚེ་བ་གཞན་ལས་ཀྱང་རྣམ་གྲངས་ཀྱིས་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་དང་རྩ་བའི་རྣམ་པར་ཤེས་པ་ཞེས་གསུངས་པའི་
ཕྱིར་རོ། ཡང་འདིར་རིགས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་མེད་པར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གཞག་པར་མི་ནུས་པ་དང་ཞེས་བྱ་བ་ནི་འགོག་པའི་སྙོམས་པར་ཞུགས་པ་རྣམས་ལ་དེ་མི་རིགས་སོ་ཞེས་སྔར་བསྟན་ཟིན་ཏོ། །ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཡང་འདུ་བྱེད་ཀྱི་རྐྱེན་

གྱིས་རྣམ་པར་ཤེས་པ་ཡིན་པར་གང་གི་ཕྱིར་མི་སྲིད་པ་ཡིན་ཏེ། དེ་མི་སྲིད་པ་ཡང་སྔར་བསྟན་ཟིན་ཏོ། །ལུས་ཟིན་པ་ཉིད་ཀྱང་ཀུན་གཞི་རྣམ་པར་ཤེས་པ་མེད་པར་གཞག་པར་མི་ནུས་སོ། །ཇི་ལྟ་ཞེ་ན། དེའི་ཕྱིར་དེ་ལས་གཞན་པའི་རྣམ་པར་ཤེས་པ་ནི་ནམ་མ་ཤིའི་བར་ལུས་མཐའ་དག་ཁྱབ་པར་
གནས་པ་མ་ཡིན་ནོ་ཞེས་སྨྲས་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པའི་དབང་པོ་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་ལུས་མཐའ་དག་ལ་ཁྱབ་པ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་ལུས་མཐའ་དག་ལ་ཁྱབ་པ་མ་ཡིན་ཏེ། རེག་བྱའི་ཡུལ་དང་འབྲེལ་པའི་ཕྱོགས་ལ་བརྟེན་ཏེ་སྐྱེ་
བའི་ཕྱིར་ཏེ། ལུས་ཀྱི་དབང་པོའི་ཕྱོགས་ཙམ་ལ་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་དེ་ཙམ་ཉིད་ལ་ཚོར་བ་ཡོངས་སུ་གཅོད་པ་ཡིན་ནོ། །དེ་བས་ན་དེ་ཉིད་དེས་ཟིན་པ་ཡིན་པར་གྲུབ་པ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་མངོན་པར་འདུ་བྱེད་པ་དང་བཅས་པས་དོན་ཟབ་མོ་སེམས་པ་ནི་སྙིང་ག་ཁོ་ནར་
གནས་པས་ལུས་ཐམས་ཅད་ལ་ཁྱབ་པ་མ་ཡིན་ནོ། །དེ་ལས་གཞན་ཡང་མ་ཤིའི་བར་དུ་གནས་པ་མ་ཡིན་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་རྣ་བའི་རྣམ་པར་ཤེས་པ་སྐྱེ་བ་ལ་སོགས་པ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ལུས་ཐམས་ཅད་ཉེ་བར་ལེན་ཅིང་། ལུས་
ཀུན་ལ་ཁྱབ་པ་ཡིན་ཏེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་འབྲེལ་པའི་ཕྱིར་ལུས་དང་ལུས་ཀྱི་དབང་པོ་བཞིན་དུ་མ་ཤིའི་བར་དུ་གནས་པ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ཡུལ་ན་མི་གནས་པར་ཇི་ལྟར་འགྲུབ་ཅེ་ན། ཀུན་གཞི་རྣམ་པར་ཤེས་པ་རླུང་གི་ཁམས་བཞིན་དུ་ཞུམ་པའམ། རྒྱས་
ཤིང་ལུས་མཐའ་དག་ལ་ཁྱབ་པ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །འོན་ཀྱང་ལུས་མཐའ་དག་དང་། ཀུན་གཞི་རྣམ་པར་ཤེས་པ་གཉིས་ཕན་ཚུན་འབྲེལ་ཅིང་འཇུག་པ་ཡིན་པའི་ཕྱིར་ལུས་མཐའ་དག་ལ་ཁྱབ་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་བས་ན་བརྒལ་དུ་མེད་པའོ། །གཟུགས་མེད་
པའི་ཁམས་སུ་སྐྱེས་པ་རྣམས་ཀྱི་ཉོན་མོངས་པ་ཅན་གྱི་དགེ་བ་དང་ཞེས་རྒྱ་ཆེར་འབྱུང་བ་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ལ་ནི་ཉོན་མོངས་པ་ཅན་གྱི་དགེ་བ་དང་། ཟག་པ་མེད་པའི་སེམས་ལ་གཟུགས་སུ་རྣམ་པར་སྨིན་པ་དེའི་འགྲོ་བས་བསྡུས་པ་རྣམས་ལ་སྨིན་པའི་རྫས་ཡོད་པ་

ཡིན་ནོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་ཡོད་པ་མ་ཡིན་པ་དེ་བས་ན་དེར་སྐྱེས་པ་རྣམས་ཀྱི་དགེ་བ་ཉོན་མོངས་པ་ཅན་དང་། ཟག་པ་མེད་པའི་སེམས་ལ་ཀུན་གཞི་རྣམ་པར་ཤེས་པ་ལ་མ་གཏོགས་པ་རྣམ་པར་སྨིན་པའི་རྫས་གཞག་པར་མི་ནུས་ཏེ། རྣམ་སྨིན་ལུང་བསྟན་
མ་ཡིན་ཆོས། །ཞེས་འབྱུང་བའི་ཕྱིར་རོ། །དགེ་བ་ཉོན་མོངས་པ་ཅན་དང་། ཟག་པ་མེད་པའི་སེམས་དག་ནི་རྣམ་པར་སྨིན་པ་དང་འབྲེལ་པའི་ཕྱིར་ལུས་ཀྱི་དངོས་པོ་དང་། འགྲོ་བར་གཏོགས་པ་དང་། རྣམ་པར་སྨིན་པས་བསྡུས་པ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་དང་འགལ་བ་ཡིན་ནོ། །
རིས་མཐུན་པ་དང་། སྲོག་གི་དབང་པོའི་རྫས་གཞན་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན། དགེ་བ་ལ་སོགས་པའི་སེམས་གང་ཞིག་དེའི་འགྲོ་བས་བསྡུས་པར་འགྱུར་ཅིའི་ཕྱིར་ཞེ་ན། རྣམ་པར་སྨིན་པའི་ཕུང་པོ་འདྲ་བ་འཕངས་པ་ཙམ་ལ་དེ་ཉེ་བར་གདགས་པའི་ཕྱིར་རོ། །འདྲ་བ་འཕངས་པ་ཙམ་
ནི་རྫས་གཞན་མ་ཡིན་ཏེ། འབྲས་ལ་སོགས་པའི་སྡོང་བུ་འདྲ་བ་འཕེན་པ་བཞིན་ནོ། །སྲིད་པའི་རྩེ་མོར་འཕགས་པའི་ལམ་དང་ལྡན་པ་རྣམས་ལ་ཞེས་རྒྱས་པར་འབྱུང་བ་ལ། དེའི་ས་པའི་ལུས་ཀྱི་དངོས་པོའི་རྫས་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་ས་པའི་ཞེས་བྱ་བའི་ཐ་ཚིག་
སྟེ། གཞག་པར་མི་ནུས་ཞེས་བྱ་བའི་སྐབས་དང་སྦྱར་རོ། །དེའི་ས་པའི་འཕགས་པའི་ལམ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་ས་པའིའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་དག །ཅི་ཡང་མེད་པ་མངོན་བྱས་ནས། །སྲིད་རྩེའི་ཟག་པ་ཟད་པར་བྱེད། །ཅེས་སྨྲས་སོ། །
ཇི་ལྟར་དེ་དག་ཤི་བ་ཡིན། །ཞེས་བརྗོད་པར་མི་བྱ། རིས་མཐུན་པའམ་སྲོག་གི་དབང་པོའི་རྫས་གཞན་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན་གང་ལ་དེ་དག་ལུས་ཀྱི་དངོས་པོའི་རྫས་རྣམ་པར་གཞག་པར་བྱ། མེས་བསྲེགས་པའི་དངོས་པོའི་ཕྱོགས་བཞིན་དུ་སྲིད་པའི་རྩེ་མོ་པའི་ཕྲ་རྒྱས་རང་འགག་པ་
ན་འགྲུབ་པ་ཡང་མ་ཡིན་ཏེ། སྲིད་པའི་རྩེ་མོར་སྐྱེ་བའི་རྒྱུ་ཉིད་སྟོབས་ཅན་མ་ཡིན་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །སྲིད་པར་སྐྱེ་བའི་མཐུ་འཇོམས་པར་བྱེད་པ་ཡིན་ན་ཡང་འཕགས་པའི་ལམ་གྱི་མཐུས་ཅི་ཞིག་བྱར་ཡོད་དེ། འཇིག་རྟེན་པའི་ལམ་བས་ཀྱང་མི་དགོས་པ་ཐལ་བར་འགྱུར་བའི་ཕྱིར་རོ།། །།

རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་རྒྱ་ཆེར་འགྲེལ་པ། བམ་པོ་དྲུག་པ། འཇིག་རྟེན་པའི་ལམ་གྱིས་སྤངས་པའི་ཕྲ་རྒྱས་དེ་དག་ཉིད་ས་དེར་སྐྱེ་བའི་རྒྱུ་ཡང་མ་ཡིན་ནོ། །ཉམས་སྨད་པ་ཙམ་གྱིས་སྤངས་པ་དག་འཕགས་པའི་ལམ་གྱིས་ཡིན་པར་རིགས་པ་ཡང་མ་ཡིན་ཏེ།
གཅིག་ཁོ་ནར་ཉོན་མོངས་པ་རྣམས་ཉེ་བར་འབྱུང་བ་དང་མི་མཐུན་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་དངོས་པོའི་ཕྱོགས་ཀྱི་དཔེ་ཡང་རིགས་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེ་ན་ཡང་ཕྱོགས་ཏེ་སྔར་དཔྱད་ཟིན་ཏོ་ཞེས་བྱ་བ་ནི་ཇི་ལྟར་བྱས་ཤེ་ན། དེའི་ཚེ་རྣམ་པར་ཤེས་པ་འདོད་པ་གང་ཞིག་ཡིན་
ཁ་ཅིག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེའོ། །དམིགས་པ་དང་རྣམ་པ་ཅི་ཡིན་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ཐམས་ཅད་རིག་པར་བྱའོ། །གལ་ཏེ་འགགས་ན་གང་ལས་ཡང་འབྱུང་བར་འགྱུར་ཞེ་ན། ཕྱོགས་དེ་ཡང་སྔར་དཔྱད་ཟིན་ཏོ་ཞེས་བྱ་བ་ཇི་ལྟར་བྱས་ཤེ་ན། གཞན་དག་ན་རེ་འགོག་
པའི་སྙོམས་པར་འཇུག་པ་སེམས་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་། སེམས་ཀྱི་རྒྱུན་ཆད་པ་དག་ཀྱང་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་སེམས་ཇི་ལྟར་འབྱུང་ཞེས་སྨྲས་པ་མ་ཡིན་ནམ་ཞེས་བྱ་བ་དང་། ལུས་ཀྱང་དབང་པོ་ལ། ས་བོན་གནས་པ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ཐམས་ཅད་
ཡིན་པར་རིག་པར་བྱའོ། །དེ་ལྟར་རིགས་པ་དང་ཞེས་བྱ་བ་ནི་རིགས་པས་ཀྱང་ཇི་ལྟར་བསྟན་ཟིན་པ་ནི་ཀུན་གཞི་རྣམ་པར་ཤེས་པ་མེད་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་གཞག་པར་མི་ནུས་སོ་ཞེས་རྒྱས་པར་འབྱུང་བའོ། །མདོ་སྡེ་ནི་འགོག་པའི་སྙོམས་པར་ཞུགས་པ་རྣམས་ལུས་ཀྱི་འདུ་
བྱེད་མ་འགགས་པ་ཡིན་ནོ་ཞེས་རྒྱས་པར་འབྱུང་བའོ། །བསྟན་བཅོས་ལས་ཀྱང་ཞེས་བྱ་བ་ནི་བཙུན་པས་སྟོན་པའི་ཆོས་མངོན་པའི་ཆོས་ཀྱི་རྣམ་གྲངས་ལས་དེ་ཉིད་བརྗོད་དོ་ཞེས་བྱ་བ་སྟེ། དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ཡིན་པར་གྲུབ་པ་ཡིན་ནོ་ཞེས་བྱའོ། །འདུ་བྱེད་ཀྱི་རྐྱེན་གྱིས་
རྣམ་པར་ཤེས་པ་གང་གི་བར་དུ་རྣམ་པར་གཞག་ཅེ་ན། སྲིད་པའི་གནས་སྐབས་ལ་ཐུག་གི་བར་དུའོ་ཞེས་བྱ་བ་ལ་སྲིད་པའི་གནས་སྐབས་ནི་སྲིད་པའི་རྐྱེན་ཅན་གྱི་ལེན་པའི་མཐུས་འདུ་བྱེད་ཀྱིས་བསྒོས་པའི་འཇུག་པ་སྙེད་པ་ཡང་སྲིད་མངོན་པར་འགྲུབ་པའི་རྣམ་པར་ཤེས་པ་དེ་ནི་སྲིད་པ་ཞེས་རྣམ་

པར་གཞག་གི་རྣམ་པར་ཤེས་པར་མ་ཡིན་ནོ། །འོ་ན་རྒྱུ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་ཞེས་རྒྱས་པར་འབྱུང་བ་ནི་དེ་ལས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ནི་སྲིད་པ་ཕན་ཆད་ནམ་མ་ཤིའི་བར་དུ་མིང་དང་གཟུགས་ཀྱི་རྐྱེན་ཉིད་དུ་བསྟན་ན་ཇི་ལྟར་དེ་སྲིད་པ་ལ་ཐུག་གི་བར་དུ་རྣམ་པར་
གཞག་གི་ནམ་མ་ཤིའི་བར་དུ་མ་ཡིན་ཞེ་ན། དེའི་འབྲས་བུ་མིང་དང་གཟུགས་སྐྱེས་པ་ན་ཞེས་རྒྱས་པར་འབྱུང་བ་ཡིན་ཏེ། དེའི་འབྲས་བུ་ཞེས་བྱ་བ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའི་འབྲས་བུ་མིང་དང་གཟུགས་སྐྱེས་པ་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཀུན་གཞི་རྣམ་པར་ཤེས་པ་དེ་དང་། དེ་
ལས་གཞན་པའི་མིང་དང་གཟུགས་ཞེས་བྱ་བ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའི་འབྲས་བུའི་མིང་དང་གཟུགས་ནི་དེ་ལས་གཞན་པའི་མིང་དང་གཟུགས་སོ། །དེ་ཡང་གང་ཞེ་ན། སྐྱེ་མཆེད་དྲུག་ནས་བརྩམས་ཏེ་རྒྱུན་གྱིས་འཇུག་པ་སྟེ། དེ་མ་ཤིའི་བར་དུ་གཅིག་ལ་གཅིག་བརྟེན་པའི་རྒྱུན་
རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །གཅིག་ལ་གཅིག་བརྟེན་པ་ནི་གཅིག་ལ་གཅིག་བརྟེན་པའོ། །གཅིག་ལ་གཅིག་བརྟེན་པའི་རྒྱུན་རྗེས་སུ་འཇུག་པ་ནི། གཉིས་ཡིན་པས། དེ་གཉིས་ནི་གཅིག་ལ་གཅིག་བརྟེན་པའི་རྒྱུན་རྗེས་སུ་འཇུག་པའོ། །དེའི་དངོས་པོ་གཅིག་ལ་གཅིག་བརྟེན་པའི་
རྒྱུན་རྗེས་སུ་འཇུག་པ་ཉིད་དོ། །ཕྱིར་ནི་གཟུགས་ནས་གཅིག་ལ་གཅིག་རྐྱེན་དུ་བསྟན་ཏེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ནི་མིང་དང་གཟུགས་ཀྱི་ཡིན་ནོ། །དེ་ཡང་དེའི་ཡིན་ནོ། །མདོ་སྡེ་འདི་ལས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་
པ་ནི་མ་འོངས་པ་ནི་ཚེ་རབས་གཞན་དུ་དེའི་འབྲས་བུ་ཞེས་བྱ་བ་རྣམ་པར་ཤེས་པའི་འབྲས་བུ་མིང་དང་གཟུགས་མ་བྱུང་བ་འབྱུང་བའི་རྐྱེན་དུ་དགོངས་པ་ཡིན་གྱི། སྐྱེས་པའི་རྒྱུན་རྗེས་སུ་འཇུག་པའི་རྐྱེན་ནི་མ་ཡིན་ཏེ། དེ་ཇི་ཙམ་འབྲེལ་བའི་བར་དུ་དེ་རྣམ་པར་གཞག་གོ་ཞེས་བྱ་བ་མིང་དང་གཟུགས་
དང་འབྲེལ་པའི་བར་དུ་ཞེས་བྱ་བའི་དོན་ཏེ། དེ་དང་འབྲེལ་པའི་ངོ་བོ་གནས་སྐབས་འདི་ལ་རྣམ་པར་གཞག་གོ། །མིང་དང་གཟུགས་ནི་སྐྱེ་མཆེད་དྲུག་ལ་ཐུག་གི་བར་དུ་ཡིན་གྱི་དེ་ཕན་ཆད་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་གཞག་གོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པ་

པའི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་གང་ཡིན་པ་དེ་ནི་སྐྱེ་མཆེད་དྲུག་ལ་ཐུག་གི་བར་དུ་ཡིན་གྱི། ཕན་ཆད་རྣམ་པར་གཞག་པ་ནི་མ་ཡིན་ནོ། །གཞན་ནི་ནམ་མ་ཤིའི་བར་དུ་རྣམ་པར་མི་དགག་གོ། །མིང་དང་གཟུགས་དེ་སྐྱེས་ནས་ཀྱང་དེ་ལ་ཡོད་པའི་ཞེས་རྒྱས་པར་འབྱུང་བ་ལ། དེ་ལ་ཡོད་པ་
ནི་མིང་དང་གཟུགས་ལ་ཡོད་པ་སྟེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ཀུན་གཞི་རྣམ་པར་ཤེས་པ་སྟེ། ཚེ་སྔ་མའི་ལས་ཀྱིས་འཕངས་པ་ཞེས་རྒྱས་པར་འབྱུང་བ་འདིས་ནི་གལ་ཏེ་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མ་ཡིན་པ་ཡང་ཡོད་པས། འདུ་བྱེད་ཀྱི་རྐྱེན་གྱིས་
རྣམ་པར་ཤེས་པའི་ཡན་ལག་ཡིན་པར་སྲིད་པ་ལ་ཐུག་གི་བར་དུ་རྣམ་པར་གཞག་གི་དེ་ནས་ནི་མ་ཡིན་པར་སྟོན་ཏོ། དེས་བྱས་པ་དེ་སྐྱེ་བར་ནུས་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱིས་བྱས་པ་མིང་དང་གཟུགས་སྐྱེ་བར་ནུས་པ་མ་སྤྱད་པའི་ཕྱིར་རོ་ཞེས་བྱ་བ་ནི་བཟུང་ནས་དང་། སེམས་ལ་བཞག་ནས་
བྱ་བའི་དོན་གང་ཡིན་པའོ། །མིང་དང་གཟུགས་གང་ལ་དེ་འཕེན་པར་བྱེད་པའི་འདུ་བྱེད་ཀྱིས་བསྒོས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མིང་དང་གཟུགས་དེ་འཕེན་པར་བྱེད་པའི་འདུ་བྱེད་ཀྱིས་བསྒོས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེའི་དོན་དུ་མིང་དང་གཟུགས་ཀྱི་ཆེད་དུ་འདུ་བྱེད་ཀྱི་
རྐྱེན་གྱིས་རྣམ་པར་ཤེས་པའི་ཡན་ལག་རྣམ་པར་གཞག་གི །གང་དུ་ནུས་པ་དཔྱད་ཟིན་ན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མིང་དང་གཟུགས་གང་ལ་ནུས་པ་སྤྱད་ཟིན་པ་དེ་འདུ་བྱེད་ཀྱི་རྐྱེན་གྱིས་ཀུན་གཞི་རྣམ་པར་ཤེས་པ་ཡིན་ཞིང་དེ་ལས་བརྩམས་ཏེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའི་ཡན་ལག་རྣམ་
པར་གཞག་པ་མ་ཡིན་ནོ། །དེ་ལྟར་ན་དེའི་རྗེས་ལ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་སྨྲས་ཏེ། ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་ལས་ཀྱི་རྣམ་པར་སྨིན་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལ་འདུ་བྱེད་ཀྱིས་ཤིན་ཏུ་རྣམ་པ་མང་པོར་བསྒོས་པ་
རྣམས་ཉེ་བར་སྤྱད་པ་དང་། ཉེ་བར་མ་སྤྱད་པ་རྣམས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །འདུ་བྱེད་རྣམས་ནི་སྐྱེ་བའི་དབང་དུ་བྱས་ཏེ། རབ་ཏུ་འཇིག་པ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་གང་གི་ཕྱིར། ལྷ་ལ་སོགས་པར་སྐྱེ་བའི་དབང་དུ་བྱས་ཏེ། བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམས་འདུག་

པ་ཡིན་གྱི་སྲིད་པ་བར་མའི་ནི་མ་ཡིན་ནོ། །འགའ་ཡང་སྲིད་པ་བར་མ་ཙམ་གྱི་ཆེད་དུ་བསོད་ནམས་ལ་སོགས་པའི་འདུ་བྱེད་མངོན་པར་འདུ་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་མེད་པར་ཡང་དེར་སྐྱེ་བ་མེད་པའི་ཕྱིར་རོ། །དེ་བས་ན་སྲིད་པ་བར་མའི་མིང་དང་གཟུགས་ཀྱི་རྐྱེན་
དུ་རྣམ་པར་ཤེས་པ་མི་གཞག་གོ། །དེར་ཡང་རྣམ་པར་སྨིན་པ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷ་ལ་སོགས་པར་སྐྱེ་བ་དེ་རྣམ་པར་སྨིན་པ་མ་ཡིན་ཏེ། བསོད་ནམས་ལ་སོགས་པའི་འདུ་བྱེད་གང་གིས་རྣམ་པར་ཤེས་པ་དེ་ལ་བསྒོས་པ་དེ་དག་གི་རྣམ་པར་སྨིན་པ་གང་ཡིན་པའི་རྣམ་པར་
སྨིན་པ་དེ་ཡང་ཡོངས་སུ་མ་རྫོགས་པའི་ཕྱིར་རམ། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་རྣམ་པར་སྨིན་པ་ནི་དེར་ཡོངས་སུ་མ་རྫོགས་པའི་ཕྱིར་ཏེ། སྲིད་པ་བར་མའི་མིང་དང་གཟུགས་ལ་ནི་རྣམ་པར་སྨིན་པ་དེ་ཐམས་ཅད་ཡོངས་སུ་མ་རྫོགས་པ་ཡིན་ཏེ། སྐྱེ་བས་བསྡུས་པ་དེ་མ་
སྐྱེས་པའི་ཕྱིར་རོ། །ལས་ཀྱི་བྱེ་བྲག་གིས་ནི་ནུས་པའི་བྱེ་བྲག་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ནུས་པའི་བྱེ་བྲག་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་སྲིད་མངོན་པར་འགྲུབ་པར་བྱ་བ་ལ་ནུས་པ་སྐྱེས་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་བསྟན་ཏོ། །རྣམ་པར་
ཤེས་པའི་ནུས་པའི་བྱེ་བྲག་དེ་ཡང་ལས་ཀྱི་བྱེ་བྲག་གིས་འགྱུར་བས་རྣམ་པར་ཤེས་པ་བསྐྱེད་པ་ལ་འདུ་བྱེད་རྣམས་གཙོ་བོ་ཉིད་དུ་གྲགས་པ་ཡིན་ནོ། །འདིར་ལས་ཀྱི་བྱེ་བྲག་སྨོས་པ་ནི་འདུ་བྱེད་ཀྱི་མཚན་ཉིད་ཀྱི་ལས་བསྟན་པའི་ཕྱིར་རོ། །ནུས་པའི་བྱེ་བྲག་སྨོས་པ་འདི་ཡང་སྲིད་ཀྱི་མིང་དང་གཟུགས་
སྐྱེད་པའི་ནུས་པ་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་དག་གིས་ནི་འདུ་བྱེད་ཀྱི་མཚན་ཉིད་ཀྱི་ལས་ནི་སེམས་དང་སེམས་ལས་བྱུང་བའི་རྟེན་གྱི་རྒྱུན་འཇུག་པ་དང་། རྣམ་པར་ཤེས་པའི་ནུས་པ་བསལ་ཏོ། །ཡང་ན་ཉོན་མོངས་པས་བྱས་པའི་རྣམ་པར་ཤེས་པའི་བྱེ་བྲག་གིས་ཡང་སྲིད་མངོན་པར་
འགྲུབ་པར་ནུས་པ་ཡིན་ལ། ལས་ཀྱི་བྱེ་བྲག་གིས་ནུས་པའི་བྱེ་བྲག་ཡིན་ཏེ། རིས་མཐུན་པ་ཁྱད་པར་ཅན་གྱི་མིང་དང་གཟུགས་ཀྱི་རྒྱུར་གྱུར་པ་ཡིན་ནོ། །ཇི་སྐད་དུ་གལ་ཏེ་དེ་བསོད་ནམས་ཀྱི་འདུ་བྱེད་མངོན་པར་འདུ་བྱེད་ན་རྣམ་པར་ཤེས་པའི་བསོད་ནམས་སུ་ཉེ་བར་འགྱུར་རོ། །མི་གཡོ་བའི་བར་དུ་

ཉེ་བར་འགྱུར་རོ་ཞེས་གསུངས་སོ། །རྣམ་པར་ཤེས་པའི་དོན་བསྡུས་པ་རྣམ་པར་གཞག་པ་ནི་རྣམ་པ་བཅོ་བརྒྱད་འདིར་བསྟན་ཏེ། རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། དེ་ལ་དབང་པོ་ཐ་དད་པའི་སྒོ་ནས་རྣམ་པར་ཤེས་པའི་རབ་ཏུ་དབྱེ་བ་བསྟན་ཏོ་ཞེས་བྱ་བ་རྒྱས་པར་བསྟན་ཏོ། །འཇུག་
པའི་དབྱེ་བ་རྣམ་པར་གཞག་པ་ནི། ཇི་སྐད་དུ་ཚོགས་ཀྱི་སྒྲས་ནི་དམིགས་པ་ལ་འཇུག་པའི་དབྱེ་བ་ཡང་བསྟན་ཏོ་ཞེས་བསྟན་པའོ། །རང་གི་མཚན་ཉིད་རྣམ་པར་གཞག་པ་ནི་ཇི་སྐད་དུ་མིག་ལ་བརྟེན་ནས་གཟུགས་སོ་སོར་རྣམ་པར་རིག་པའོ་ཞེས་བྱ་བ་ལ་སོགས་པ་བསྟན་པའོ། །གདགས་པ་
རྣམ་པར་གཞག་པ་ནི་ཇི་སྐད་དུ་གལ་ཏེ་རྣམ་པར་ཤེས་པས། གཟུགས་ལ་སོགས་པ་སོ་སོར་རྣམ་པར་རིག་པ་ཡིན་ན་ཅིའི་ཕྱིར་མིག་གི་རྣམ་པར་ཤེས་པ་ཞེས་བྱ་ཞེས་རྒྱས་པར་བསྟན་པའོ། །རྒྱུ་རྣམ་པར་གཞག་པ་ནི། ཇི་སྐད་དུ་མདོ་སྡེ་གཞན་ལས། གཉིས་ལ་བརྟེན་ནས་རྣམ་པར་ཤེས་
པ་འབྱུང་། །ཞེས་རྒྱས་པར་བསྟན་པ་དང་། མདོ་སྡེ་འདི་ལས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་གསུངས་ན་ཇི་ལྟར་སྔ་ཕྱི་འགལ་བར་མི་འགྱུར་ཞེས་བྱ་བ་དང་། དགོངས་པ་ཐ་དད་པའི་ཕྱིར་ཞེས་རྒྱས་པར་འབྱུང་བའི་བར་དུ་བསྟན་པའོ། །རྣམ་པར་ངེས་པ་རྣམ་པར་གཞག་པ་ནི་ཇི་སྐད་
དུ་གལ་ཏེ་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་རྒྱུན་ལས་མ་འོངས་པའི་མིང་དང་གཟུགས་སྐྱེ་བར་འགྱུར་ན་སེམས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དག་ནི་རྒྱུན་ཆད་ན་ཡང་འདུ་བྱེད་ཀྱིས་བསྒོས་པའི་རྣམ་པར་ཤེས་པ་ཇི་ལྟར་འབྱུང་ཞེས་རྒྱས་པར་བསྟན་པའོ། །
དགོངས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་གནས་པས་གནས་བསྟན་ཏོ་ཞེས་རྒྱས་པར་བསྟན་པའོ། །ས་བོན་གྱི་རྟེན་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་གང་ཡིན་པའོ་ཞེས་བསྟན་པའོ། །ཉེ་བར་འཛིན་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། ལེན་པ་ནི་རྣམ་པར་
ཤེས་པ་ཡང་དེ་ཡིན་ཏེ་ཞེས་རྒྱས་པར་བསྟན་པའོ། །ལུས་ཀྱི་གཞི་རྣམ་པར་གཞག་པ་ནི་ཇི་སྐད་དུ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡང་། དེ་ཡིན་ཞེས་རྒྱས་པར་འབྱུང་བ་ནས་ལུས་ཀྱི་དངོས་པོ་དེ་དང་དེའི་རྟེན་ཉིད་དུ་རྣམ་པར་སྨིན་པ་ཞེས་བསྟན་པའོ། །དམིགས་པ་དང་རྣམ་པ་རྣམ་

པར་གཞག་པ་ནི་ཇི་སྐད་དུ། འོ་ན་དམིགས་པ་དང་རྣམ་པ་ཅི་ཡིན། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ་ཞེས་བསྟན་པའོ། །བསྡུ་བ་རྣམ་པར་གཞག་པ་ཇི་སྐད་དུ། ཉེ་བར་ལེན་པའི་ཕུང་པོ་གང་གི་ནང་དུ་འདུས། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོར་ཞེས་བསྟན་པའོ། །
རིགས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཞེས་རྒྱས་པར་བསྟན་པའོ། །ལུང་རྣམ་པར་གཞག་པ་ནི་ཇི་སྐད་དུ། མདོ་སྡེ་དང་བསྟན་བཅོས་དང་ཞེས་བསྟན་པའོ། །ཁྱབ་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྲིད་པའི་གནས་སྐབས་ལ་ཐུག་གི་བར་དུ་ཞེས་བསྟན་པའོ། །ངེས་པ་རྣམ་
པར་གཞག་པ་ཇི་སྐད་དུ། མིང་དང་གཟུགས་གང་དུ་དེ་འཕེན་པར་བྱེད་པའི་འདུ་བྱེད་ཀྱིས་བསྒོས་པ་དང་ལྡན་པའི་ཕྱིར་ནུས་པ་མ་སྤྱད་པ་ཡིན་ལ། དེའི་ཆེད་དུ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའི་ཡན་ལག་རྣམ་པར་གཞག་གི་གང་དུ་ནུས་པ་སྤྱད་པ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །
འབྲས་བུ་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཅིའི་ཕྱིར་སྲིད་པ་བར་མའི་མིང་དང་གཟུགས་ཀྱི་རྐྱེན་དུ་རྣམ་པར་ཤེས་པ་མི་གཞག །འདུ་བྱེད་རྣམས་ནི་སྐྱེ་བའི་ཆེད་དུ་བྱས་ཏེ། འཇུག་པ་ཡིན་པའི་ཕྱིར་ཞ