Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 115

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
་པ་ཕྱིའི་དངོས་པོ་ལ་ཅུང་ཟད་མངོན་པར་དགའ་ནས་དེར་སྐྱེ་བ་ཡིན་ནོ་ཞེ་ན། དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་རིགས་པ་མ་ཡིན་པ་ཁོ་ན་ཡིན་ཏེ། རེ་ཞིག་གལ་ཏེ་སྲིད་པ་བར་མའི་གཟུགས་ཏེ་སེམས་ཅན་གྱི་གྲངས་སུ་གཏོགས་
པ་ཡིན་ན་ནི་སེམས་ཅན་གཅིག་ལ་དུས་གཅིག་ཏུ་བསྐལ་པ་མི་འདྲ་བའི་ལུས་གཉིས་ཇི་ལྟར་འཐད་པར་འགྱུར། རགས་པ་དང་ཕྲ་བ་དང་། སྣང་བ་དང་མི་སྣང་བ་དང་། འགྲོ་བ་གཞན་དང་འགྲོ་བ་གཞན་གཉིས་ཀྱང་ཇི་ལྟར་རིགས་པར་འགྱུར་ཏེ། འཆི་ཀའི་སེམས་དང་སྲིད་པ་བར་མའི་གཟུགས་གཉིས་

གཅིག་ཏུ་ཚོགས་པར་འཐད་པ་མ་ཡིན་ནོ། །འོན་ཏེ་སེམས་ཅན་གྱི་གྲངས་སུ་གཏོགས་པ་མ་ཡིན་ན་ནི་ད་སྲིད་པ་བར་མ་ཉིད་ཡིན་པར་མི་རིགས་ཏེ། འདི་ལྟར་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་སྲིད་པ་བར་མ་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །འཆི་ཀའི་སེམས་དེ་ལ་མངོན་པར་
དགའ་བ་ཡང་གལ་ཏེ་ཤའི་མིག་གིས་མཐོང་ནས་ཡིན་ན་ནི་དེ་རིགས་པ་མ་ཡིན་ཏེ། དེའི་ཚེ་མིག་གི་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར་རོ། །སྲིད་པ་བར་མའི་གཟུགས་ཀྱང་ལྷའི་མིག་གི་ཡུལ་ཡིན་པའི་ཕྱིར་རོ། །འོན་ཏེ་རྨི་ལམ་བཞིན་དུ་ཡིད་ཀྱིས་བརྟགས་པ་ཡིན་ན་ནི། དེ་ལ་སྲིད་པ་བར་མ་དོའི་གཟུགས་
དགོས་པ་ཅི་ཞིག་ཡོད་དེ། སྐལ་བ་མི་འདྲ་བའི་ས་པ་གཉིས་ཡིན་ན་ཡང་འཆི་ཀའི་སེམས་དང་སྲིད་པ་བར་མའི་གཟུགས་གཉིས་གང་གི་ས་པ་ཡིན་ཡང་རུང་སྟེ། དེ་ལ་མངོན་པར་དགའ་བར་བྱེད་པ་མི་རིགས་སོ། །གཟུགས་མེད་པ་ན་ཡང་སྲིད་པ་བར་མ་ཉིད་ཡོད་པ་མ་ཡིན་པས་དེར་ཇི་ལྟ་བ་བཞིན་དུ་གཞན་དུ་ཡང་
མངོན་པར་འགྲུབ་པའི་རྒྱུ་སྲིད་པ་ཡིན་པར་ཅི་སྟེ་མི་འདོད། དེ་ལྟར་ན་རྟོག་པ་དེ་དག་ཐམས་ཅད་མི་རིགས་པ་ཁོ་ན་ཡིན་ནོ། །དེ་དག་ཐམས་ཅད་ཀྱི་ལུས་ལ་སྲེད་པ་མ་སྤངས་པ་ནི་ས་དེ་ལས་འདོད་ཆགས་དང་མ་བྲལ་བ་རྣམས་དེ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་སྐྱོན་མེད་པ་ཡིན་ནོ། །ཇི་ལྟར་མ་
སྤངས་པ་ཡིན་ཞེ་ན། དེའི་ཕྲ་རྒྱས་མ་བཅོམ་པའི་ཕྱིར་རམ། འཇིག་རྟེན་པའི་ལམ་གྱིས་ཉམས་མ་སྨད་པའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་གང་ཞིག་སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་མ་ཡིན་པའི་གང་ཟག་ནི་ཡོད་དེ། མུ་བཞིའོ་ཞེས་
གསུངས་པ་དེ་ལ་སྐྱེ་བ་ནི་གང་ཡིན། མངོན་པར་འགྲུབ་པ་ཡང་གང་ཡིན། དེ་གཉིས་ཀྱི་ཀུན་ཏུ་སྦྱོར་བ་ཡང་གང་ཡིན། གཅིག་སྤངས་པ་གང་གི་ཡིན། གཉིས་པ་གང་གི་ཡིན། གཉིས་ཀ་སྤངས་པ་གང་གི་ཡིན། གཉིས་ཀ་མ་ཡིན་པ་གང་གི་ཡིན་ཞེ་ན། དེ་ལ་འདི་སྐད་དུ་བརྗོད་དེ། སྐྱེ་བ་ནི་སྐྱེ་བའི་སྲིད་
པ་ཡིན་ནོ། །མངོན་པར་འགྲུབ་པ་ནི་སྲིད་པ་བར་མ་ཡིན་ཏེ་དེ་ལ་མངོན་དུ་ཕོགས་པ་ཡིན་པའི་ཕྱིར་རོ། །དེ་གཉིས་ལ་ཉོན་མོངས་པ་གང་གིས་སྦྱོར་བ་དེ་ནི་དེ་གཉིས་ཀྱི་ཀུན་ཏུ་སྦྱོར་བ་ཡིན་ནོ། །སྲིད་པ་བར་མར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་དེ་ནི་སྐྱེ་བའི་ཀུན་ཏུ་སྦྱོར་བ་སྤངས་པ་ཡིན་ནོ། །དེ་ཡང་གང་

གིས་སྐྱེ་བར་ཀུན་ཏུ་སྦྱོར་བ་དེ་ནི་འདིའི་སོ་སོར་མ་བརྟགས་པས་འགོག་པའི་ཚུལ་དུ་འགགས་ཏེ་དབང་པོ་རྣམས་ཡོངས་སུ་སྨིན་པ་ཡིན་པའི་ཕྱིར་ཏེ། སྲེད་པ་བར་མ་ཉིད་དེའི་གཉེན་པོ་ངེས་པར་སྐྱེ་བར་འགྱུར་བ་ཉིད་ཀྱི་ཚུལ་དུ་རྒྱུན་གནས་པས་ན་སྤངས་པ་ཞེས་བྱའོ། །སོ་སོར་བརྟགས་པས་འགོག་པ་
ཡོངས་དེ་པའི་ཉོན་མོངས་པ་སྲིད་པ་བར་མ་པར་གཏོགས་པ་ཡང་རུང་། སྐྱེ་བར་གཏོགས་པ་ཡང་རུང་ཐམས་ཅད་ཅིག་ཅར་འཐོབ་བོ། །གཟུགས་ལ་འདོད་ཆགས་དང་བྲལ་བའི་འཕགས་པ་གང་ཡིན་པ་དེས་ནི་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་སྤངས་པ་ཡིན་ནོ། །ཁམས་གསུམ་ལ་འདོད་ཆགས་དང་བྲལ་
བ་གང་ཡིན་པ་དེས་ནི་དེ་གཉིས་ཀ་སྤངས་པ་ཡིན་ནོ། །དེ་ལས་གཞན་གྱིས་ན་གཉིས་ཀ་མ་སྤངས་སོ། །འོ་ན་གང་ལས་སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་གསུངས་པ་དེར་ཡང་ཅིའི་ཕྱིར་སྲིད་པ་བར་མ་ཁོ་ན་མངོན་པར་འགྲུབ་པ་ཡིན་པར་མི་འདོད་ཅེ་ན། དེ་ལྟ་ཡིན་ན་ནི་སྲིད་པ་བར་མའི་རྒྱུ་སྲིད་
པ་ཁོ་ན་ཡིན་པར་འགྱུར་གྱི་ལས་མ་ཡིན་པར་འགྱུར་རོ། །དམྱལ་བ་ལ་སོགས་པའི་སྲིད་པ་བར་མ་ཐ་དད་པ་ཇི་ལྟར་འཐད་པར་འགྱུར། སྐྱེ་བའི་རྒྱུ་ཡང་ལས་ཉིད་ཡིན་པར་འགྱུར་གྱི་སྲིད་པ་ནི་མ་ཡིན་པར་འགྱུར་རོ། །འདོད་ཆགས་དང་བྲལ་བ་ཡང་གཟུགས་མེད་པར་སྐྱེ་བར་འགྱུར་རོ། །སྲིད་པ་བར་མར་
ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་འགྱུར་ཏེ། སྐྱེ་བའི་རྒྱུ་ལས་ཙམ་ཡིན་པའི་ཕྱིར་རོ། །དེ་བས་ནི་ཐམས་ཅད་ནི་སྲིད་པ་བར་མ་མངོན་པར་འགྲུབ་པ་ཁོ་ན་ཡིན་པར་འདོད་པ་མ་ཡིན་ནོ། །གཞན་དག་ན་རེ་ཁྲག་དང་ཁུ་བས་གྲོགས་བྱེད་པའི་ལས་ནི་འདིར་སྲིད་པ་ཡིན་པར་བསམས་སོ་ཞེ་ན། དེ་ནི་འདུ་བྱེད་ལ་
ཡང་དེ་དག་ཐལ་བར་འགྱུར་རོ། །སྲིད་པ་ནི་གསུམ་སྟེ་ཞེས་བྱ་བ་འདིར་གཉིས་ལ་འདིའི་དོན་ནི་མི་འཐད་པ་ཡིན་ནོ། །འདོད་པའི་སྲིད་པར་ཡང་རྫུས་ཏེ་འབྱུང་བ་རྣམས་ལའོ། །འདིར་རང་གི་རྒྱུད་ལ་ཡོད་པ་རྐྱེན་དུ་སྟོན་པ་ཡིན་གྱི་གཞན་གྱི་རྒྱུད་ལ་ཡོད་པ་ཁྲག་དང་ཁུ་བ་དེ་ནི་འདིར་གཞུག་པར་མི་རིགས་སོ། །ཇི་ལྟར་
ན་དེར་ལེན་པ་རྐྱེན་གྱི་དངོས་པོ་ཡིན། གཞན་ཡང་འདིར་ཁུངས་བརྗོད་པར་བྱ་དགོས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པ་ལས་སྲིད་པ་རྣམ་པར་དབྱེ་བའོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བཤད་པ། བམ་པོ་བཞི་པ་སྟེ་ཐ་མ། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་

བའི་སྐྱེ་བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག་གི་ཞེས་རྒྱས་པར་འབྱུང་བ་དེ་དག་གི་ནི་གང་དག་གི་དང་གང་དུ་དང་སྐྱེ་བའི་མཚན་ཉིད་ཇི་ལྟར་ཡིན་པ་དེ་བསྟན་ཏོ། །དེ་དང་དེ་དག་གི་ཞེས་བྱ་བ་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་དང་གནས་དང་། ལུས་ཀྱི་དངོས་པོ་དབྱེ་བ་ཐ་དད་པའི་
སེམས་ཅན་རྣམས་ཀྱིའོ། །མིང་དང་གཟུགས་དེ་འབྲེལ་པ་ནི་སེམས་ཅན་ཞེས་བྱ་སྟེ། ཆགས་པའི་དབང་གིས་འབྲེལ་པའི་རྒྱུན་གནས་པས་ཞེས་བྱ་བ་ནི་ངེས་ཚིག་ཡིན་པའི་ཕྱིར་རོ། །འབྲེལ་བའི་རྒྱུན་ཞེས་བྱ་བ་འདི་ཅི་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོ་འབྲེལ་པའི་རྒྱུན་ནི་འབྲེལ་བའི་རྒྱུན་ཞེས་བྱ་སྟེ། འདིར་
རྒྱུན་ནི་བྲེང་ཆགས་པ་ལ་བྱ་བར་འདོད་དོ། །དེ་ཡང་རྒྱུན་མ་ཆད་པའོ། །སེམས་ཅན་གྱི་རིས་དེ་དང་དེར་ཞེས་བྱ་བ་ནི་གང་ཞིག་གང་དང་འདྲ་བའི་སེམས་ཅན་གྱི་ཚོགས་ལ་བྱའོ། །སྐྱེ་བ་དང་ཤིན་ཏུ་སྐྱེ་བ་ཞེས་རྒྱས་པར་འབྱུང་བ་ནི་རྗེས་སུ་མཐུན་པར་རྣམ་པར་འཆད་པ་ནི། སྐྱེ་བའི་རྣམ་གྲངས་ཡིན་ཏེ། རྣམ་
གྲངས་གཞན་གྱིས་བསྟན་པ་རིགས་པ་ཡིན་ནོ། །གང་ཡང་སྐྱེ་བ་གང་ཞེ་ན། གང་སྐྱེ་བའོ་ཞེས་བྱ་བའི་ཚིག་གི་ལུགས་འདི་ནི་སྔོན་མ་བྱུང་ངོ་ཞེ་ན། འདི་སྔོན་མ་བྱུང་བ་མ་ཡིན་གྱི། དེ་དག་སྔོན་བྱུང་བ་ཡིན་ཏེ། བློ་སྔ་བའི་ཕྱིར་ཏེ། དེ་བཞིན་དུ་གཞན་རྣམས་ཀྱི་ཡང་དོན་ལ་ཁྱད་པར་མེད་པར་བསྟན་པའི་ཕྱིར་རོ། །
གནས་སྐབས་ཀྱི་བྱེ་བྲག་སྟོན་པའི་དོན་ནི་རྣམ་གྲངས་གཞན་ཡིན་ཏེ། ཇི་ལྟར་འཕངས་པ་བཞིན་དུ་མིང་དང་གཟུགས་ལ་སོགས་པ་མཐའ་ཚོར་བ་ལ་ཐུག་པའི་བར་གྱི་དངོས་པོ་འབྱུང་བ་ནི་སྐྱེ་བ་ཡིན་ཏེ། དེའི་ཚེ་སེམས་ཅན་གྱི་རིས་སྐལ་བ་འདྲ་བ་དེར་སྐྱེས་པའི་ཕྱིར་རོ། །སྐྱེས་ནས་ནི་མིང་དང་གཟུགས་ཡོངས་
སུ་རྫོགས་པ་ནི་ཤིན་ཏུ་སྐྱེ་བ་ཡིན་ནོ། །མིང་དང་གཟུགས་ཀུན་དུ་རྫོགས་པ་དབང་པོ་མ་ཚང་བ་མེད་པའི་གནས་སྐབས་སུ་འགྲོ་བ་ནི་འཕོས་པའོ། །འཕོས་ནས་སྐྱེ་མཆེད་དྲུག་མའི་མངལ་ནས་བྱུང་སྟེ། ཡུལ་ལ་དམིགས་པར་མངོན་དུ་ཕྱོགས་པས་འཇུག་པ་ནི་མངོན་པར་འབྱུང་བ་ཡིན་ཏེ། མངལ་གྱི་སྒོ་ནས་
འབྱུང་བ་ཡིན་ནོ། །བཙས་ཕྱིན་ཆད་འདུག་པ་ནི་རབ་ཏུ་བྱུང་བ་ཡིན་ནོ། །དེ་ལྟར་ན་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ཡོངས་སུ་རྫོགས་པའི་སྐྱེ་བས་བསྡུས་པ་ཡིན་ནོ། །སྔར་ཇི་ལྟར་འཕངས་པ་བཞིན་མིང་དང་གཟུགས་ནས་ཚོར་བ་ལ་ཐུག་པའི་བར་འདི་ནི་སྐྱེ་བའི་གནས་སྐབས་ཐ་དད་པའི་མཚན་ཉིད་

ཡིན་ནོ། །སྐྱེ་བའི་རང་གི་མཚན་ཉིད་ནི་སེམས་ཅན་རྣམས་ཀྱི་བདག་གི་དངོས་པོ་ཐོབ་པའོ། །བདག་གི་དངོས་པོ་ཐོབ་པ་དེ་སྟོན་པ་ནི་ཕུང་པོ་སོ་སོར་ཐོབ་པ་དང་། ཁམས་སོ་སོར་ཐོབ་པ་དང་། སྐྱེ་མཆེད་སོ་སོར་ཐོབ་པ་དང་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ན་སེམས་ཅན་རྣམས་ཀྱི་བདག་ཉིད་རྣམ་པ་གསུམ་སྟེ། ཕུང་
པོ་ལ་སོགས་པའི་རྒྱུན་ལ་སེམས་ཅན་དུ་འདུ་ཤེས་ཤིང་མངོན་པར་ཞེན་པའི་ཕྱིར་རོ། །གསུམ་སྨོས་པ་ནི་གཅིག་པུ་དང་ལུས་ཅན་དང་། ཡུལ་ལ་དམིགས་པར་བྱེད་པ་ཡང་བདག་གོ་ཞེས་བདག་ཏུ་རྟོག་པ་རྣམ་པ་གསུམ་བསལ་བའི་ཕྱིར་རོ། །སྤུངས་པའི་དོན་ནི་ཕུང་པོའི་དོན་ཡིན་པས་ཕུང་པོ་སྨོས་
པ་ནི་བདག་གཅིག་པུ་རྟོག་པ་བསྩལ་བའི་ཕྱིར་རོ། །ཆོས་ཙམ་སྲོག་ནི་ཁམས་སོ་ཞེས་བྱ་བ་ངེས་ཚིག་ཡིན་པའི་ཕྱིར་ཁམས་སྨོས་པ་ནི་ལུས་ཅན་བདག་ཡིན་པར་རྟོག་པ་བསལ་བའི་ཕྱིར་རོ། །མིག་ལ་སོགས་པ་ཡུལ་ལ་དམིགས་པར་བྱེད་པ་ནི་སྐྱེ་མཆེད་རྣམས་ཡིན་གྱི། དམིགས་པར་བྱེད་པའི་
བདག་ནི་གང་ཡང་ཡོད་པ་མ་ཡིན་པས་སྐྱེ་མཆེད་སྨོས་པ་ནི་བདག་ཏུ་རྟོག་པ་གསུམ་པ་བསལ་པའི་ཕྱིར་རོ། །དེ་ལྟར་གནས་སྐབས་དང་བཅས་པའི་སྐྱེ་བའི་མཚན་ཉིད་ཐ་དད་པ་རྒྱས་པར་བསྟན་ནས། ཡང་མདོར་སྟོན་པ་ནི་ཕུང་པོ་རྣམས་མངོན་པར་འགྲུབ་པ་དང་སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་ཞེས་བྱ་བ་ཡིན་
ནོ། །དེ་ལྟར་བྱས་ན་དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་བྱུང་བའི་སེམས་ཅན་རྣམས་ཀྱི་སྐྱེ་བའི་མཚན་ཉིད་ཀྱང་བསྟན་པ་ཡིན་ནོ། །དེ་ལ་གསར་དུ་བྱུང་བ་ནི་མངོན་པར་གྲུབ་པ་ཡིན་ནོ། །སྲོག་གི་དབང་པོ་ནི་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱིས་འཕངས་པ་སྐལ་བ་འདྲ་བའི་རྒྱུན་འབྲེལ་པར་བྱ་བ་ལ་ནུས་
པ་ཡོད་པ་གང་གིས་རིས་མཐུན་པ་དེར་མངོན་པར་བྱུང་སྟེ། ཕུང་པོའི་རྒྱུན་འཇུག་ཅིང་གནས་པ་སྟེ། གནས་པ་དེ་ཡང་སྲོག་ཅེས་བྱའོ། །དེ་ལྟར་ན་མདོར་ན་རིས་མཐུན་པར་མཚམས་སྦྱར་ནས་རྒྱུན་དང་བཅས་པ་ནི་སྐྱེ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྐྱེ་བ་རྣམ་པ་ལྔའི་ནང་ནས་དང་པོའི་སྐྱེ་བ་ནི་རེ་ཞིག་སྲིད་པའི་
རྐྱེན་གྱིས་ཡིན་པར་རིགས་ན་དེའི་འོག་མ་དག་ནི་འོག་མ་འོག་མ་རྐྱེན་ཡིན་ན་ཇི་ལྟར་སྲིད་པའི་རྐྱེན་གྱིས་ཡིན་ཞེས་བྱ་ཞེ་ན། སྲིད་པས་ནི་སྐྱེ་བ་དང་པོ་ལ་དེའི་ངོ་བོའི་ནུས་པ་ཡོད་པར་བྱས་ནས་དེའི་བྱེ་བྲག་ལས་གནས་སྐབས་གཞན་ལྷག་མ་རྣམས་ཀྱང་འོག་མ་འོག་མ་རྐྱེན་ཉིད་དུ་གྱུར་པ་ཡིན་ཏེ། དེ་རྩ་བ་ཡིན་པའི་ཕྱིར་

སྲིད་པའི་རྐྱེན་གྱིས་ཡིན་ནོ་ཞེས་བསྟན་ཏོ། །དང་པོའི་བྱེ་བྲག་རྣམ་པར་འབྱེད་པའི་མདོ་སྡེ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་དེ་ལྟར་དགེ་སློང་དག་རྣམ་པ་བཞིའི་མཚན་ཉིད་ཀྱི་སྐྱེ་བ་ནི་རིམ་པ་གང་གིས་སྐྱེ་བ་དང་། གང་སྐྱེ་བ་དང་ཇི་ལྟར་སྐྱེ་བ་དེ་ནི་འདིའི་སྐྱེ་བའི་མཚན་ཉིད་ཡིན་པར་རིག་པར་བྱའོ་
ཞེས་གསུངས་སོ། །རྣམ་པ་བཞིའི་མཚན་ཉིད་ནི་ཇི་ལྟར་འཕངས་པའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བའི་མཚན་ཉིད་དོ། །རིམ་པ་གང་གིས་སྐྱེ་བ་ནི་ས་བོན་བཏབ་པའི་སྐྱེ་བ་དང་། དེའི་འོག་ཏུ་དེའི་འཕེལ་བའི་སྐྱེ་བ་དང་། དེའི་འོག་ཏུ་བཅས་པའི་སྐྱེ་བ་དང་། དེའི་འོག་ཏུ་འཕེལ་
བའི་སྐྱེ་བ་དང་། འཕེལ་ནས་ལོངས་སྤྱོད་པ་དང་། ཐ་སྙད་ནུས་པ་ཐོབ་པའི་སྐྱེ་བ་སྟེ་རིམ་པ་འདིས་སྐྱེ་བ་ཡིན་ནོ། །སྐྱེ་བ་ཡང་གང་ཞེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྐྱེ་བ་ཡིན་གྱི་བདག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕུང་པོ་ལ་སོགས་པ་འཕེལ་བར་འགྲོ་བའི་ཕྱིར་རོ། །མི་
རྟག་པ་དང་སྲོག་གི་དབང་པོའི་དབང་གིས་དང་། དུས་དཔག་ཏུ་ཡོད་པར་གནས་པའི་ཆོས་ཉིད་ཡིན་པའི་ཡང་ཕྱིར། མི་རྟག་པ་སྐྱེ་བ་ཉིད་སྐྱེ་བ་ཡིན་ནོ། །དེ་ལྟར་བཤད་པ་ནི་གོ་རིམས་བཞིན་དུ་སྐྱེ་བའི་རྣམ་གྲངས་བཅུ་ཡིན་པར་བརྗོད་དོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་འདིར་རྐྱེན་དང་རྐྱེན་ཅན་གཉིས་
ངེས་པ་དང་མ་ངེས་པ་ལ་སྐྱོན་ཡོད་དེ། གལ་ཏེ་སྲིད་པ་ཁོ་ན་སྐྱེ་བའི་རྐྱེན་ཡིན་ན་ནི་གནས་གསུམ་ཚོགས་པས་མའི་མངལ་དུ་བུ་ཆགས་པར་འགྱུར་རོ་ཞེས་འབྱུང་བའི་མདོ་སྡེ་སྤངས་པར་འགྱུར་རོ། །འོན་ཏེ་སྐྱེ་བ་ཁོ་ན་རྐྱེན་ཡིན་ན་ནི་སྲིད་པར་གྱུར་པའི་ལས་ནི་རྒྱུ་མཐུན་པའི་འབྲས་བུའི་རྒྱུ་དང་རྐྱེན་མ་ཡིན་པར་འགྱུར་
བ་དང་། དེ་ལ་དམིགས་པའི་སེམས་དང་སེམས་ལས་བྱུང་བའི་དམིགས་པའི་རྐྱེན་མ་ཡིན་པར་འགྱུར་རོ། །འོན་ཏེ་གཉིས་ཀ་ངེས་པ་ཡིན་ན་ནི་སྐྱོན་རྣམ་པ་གཉིས་ཡོད་དོ། །འོན་ཏེ་མ་ངེས་པ་ཡིན་ན་ནི་བཤད་པ་དོན་མེད་པར་འགྱུར་རོ་ཞེ་ན་དོན་མེད་པར་མི་འགྱུར་ཏེ། རྐྱེན་གཙོ་བོ་འཆད་པའི་ཕྱིར་རོ། །སྲིད་པ་ནི་
རྐྱེན་གཙོ་བོ་ཉིད་ཡིན་ཏེ། དེ་མེད་པར་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དྲི་ཟ་ཡང་མེད་པར་འགྱུར་རོ། །གནས་རྣམ་པ་གསུམ་མེད་པ་ཡང་དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་རྣམས་དང་། གཟུགས་མེད་པ་རྣམས་སུ་ཇི་ལྟར་རིགས་པར་སྐྱེ་བ་ཡོད་པ་ཉིད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པ་ལས་

སྐྱེ་བ་རྣམ་པར་འབྱེད་པའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་རྒ་བ་གང་ཞེ་ན། གང་དེའི་སྤྱི་ཅེར་དང་། སྐྲ་དཀར་དང་ཞེས་རྒྱས་པར་འབྱུང་བའི་ཚིག་རྣམ་པ་བཅོ་བརྒྱད་ཀྱིས་ཡོངས་སུ་འགྱུར་བའི་མཚན་ཉིད་རྣམ་པ་བདུན་ནི་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་བསྟན་ཏོ། །གཟུགས་ཡོངས་
སུ་འགྱུར་བའི་མཚན་ཉིད་ནི་སྐྲ་བྱི་ཞིང་སྐྲ་མདོག་འགྱུར་བ་དང་། པགས་པ་འཁུམས་པ་དང་མདངས་ཡོངས་སུ་ཉམས་པ་དང་། ཤ་ལྷོད་པ་དང་། དཔེ་དང་བཅས་པའི་ལུས་ཀྱི་དབྱིབས་ཡོངས་སུ་གྱུར་པ་དང་མདོག་འགྱུར་བས་སོ། །སྟོབས་ཡོངས་སུ་འགྱུར་བའི་མཚན་ཉིད་ནི་སྒྲ་དང་བཅས་ཤིང་ཤིན་
ཏུ་དབུགས་རྒོད་པ་དང་། འགྲེང་བ་དང་འགྲོ་བའི་གནས་སྐབས་གཉིས་ན་འབུབ་པ་ལྟར་མངོན་དུ་ཕྱོགས་པའོ། །ཤེས་རབ་རྣམ་པར་འགྱུར་བའི་མཚན་ཉིད་ནི་བླུན་པ་ཉིད་ཀྱིས་ཡིན་ཏེ། ལེགས་པར་བཤད་པ་དང་། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་དང་། བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པའི་སྟོབས་
མེད་པའི་ཕྱིར་རོ། །དྲན་པ་རྣམ་པར་འགྱུར་བའི་མཚན་ཉིད་ནི་མྱུར་དུ་བརྗེད་པ་དང་། དྲན་པ་མི་གསལ་བའོ། །འཁྲིག་པ་དང་ཟས་ཀྱི་ལོངས་སྤྱོད་ཀྱི་བདེ་བ་རྣམ་པར་འགྱུར་བའི་མཚན་ཉིད་ནི་སྐྱེས་པ་ཉིད་ལ་གནོད་པར་གྱུར་པའི་ཕྱིར་དང་། འཇུག་པའི་མེ་ཞེན་པར་གྱུར་པས་སོ། །དབང་པོ་རྣམ་པར་འགྱུར་
བའི་མཚན་ཉིད་ནི་ཡུལ་ལ་དམིགས་པའི་སྟོབས་ཞན་པ་དང་ཉམས་པས་སོ། །ཚེ་རྣམ་པར་འགྱུར་བའི་མཚན་ཉིད་ནི་ཚེའི་འདུ་བྱེད་རྣམས་འཆི་བར་ཉེ་བར་གྱུར་པ་དང་ཡོ་བྱད་ཉུང་བར་མི་བཟོད་པས་སོ། །དང་པོའི་བྱེ་བྲག་རྣམ་པར་འབྱེད་པ་ལས་གསུངས་པ་དགེ་སློང་དག་སྐྱེ་བ་རྣམ་པ་བཞི་པོ་ཉིད་ཀྱི་
ཚེ་ཡོངས་སུ་འགྱུར་བས་བྱས་པའི་ཕོངས་པ་རྣམ་པ་ལྔ་ནི་རྒས་པ་ཞེས་བྱའོ། །ཕོངས་པ་རྣམ་པ་ལྔ་ལ་སྐྲས་ཕོངས་པ་ནི་བྱི་བ་དང་མདོག་གྱུར་པའི་ཕྱིར་རོ། །ལུས་ཕོངས་པ་ནི་དབྱིབས་དང་ཤ་དང་སྟོབས་དང་མདོག་གྱུར་བའི་ཕྱིར་རོ། །ལས་ཕོངས་པ་ནི་སྨྲ་བ་ན་ལུད་པ་ལུ་བ་དང་། དབུགས་རྒོད་པའི་ལུས་ཡིན་པའི་
ཕྱིར་རོ། །ལངས་པ་ན་གདུང་མ་གུག་པ་བཞིན་དུ་གུག་པོར་གྱུར་པའི་ཕྱིར་རོ། །འདུག་པ་ན་ལུས་མདུན་དུ་གུག་པའི་ཕྱིར་རོ། །འགྲོ་བ་ན་འཁར་བ་ལ་བརྟེན་པའི་ཕྱིར་རོ། །ཡིད་ཀྱི་ནི་ཤེས་རབ་རྨོངས་པ་དང་དྲན་པ་ཞན་པའི་ཡང་ཕྱིར་རོ། །ལོངས་སྤྱོད་ཕོངས་པ་ནི་ཡོ་བྱད་ལ་ལོངས་སྤྱོད་པ་ཞན་པའི་ཕྱིར་དང་།

རྩེད་མོ་དང་དགའ་བའི་ཡོ་བྱད་ལ་ཐམས་ཅད་ནས་ཐམས་ཅད་དུ་ལོངས་མི་སྤྱོད་པའི་ཕྱིར་དང་། དབང་པོ་གཟུགས་ཅན་རྣམས་རང་གི་ཡུལ་ལ་མི་གསལ་བར་རྒྱུ་བ་དང་མི་རྒྱུ་བའི་ཕྱིར་རོ། །སྲོག་གི་དབང་པོ་ཕོངས་པ་ནི་ཚེ་ཟད་པ་དང་ཤི་བ་དང་ཉེ་བ་དང་འཆི་བའི་རྐྱེན་ཅུང་ཟད་ཙམ་ཡང་མི་བཟོད་
པའི་ཕྱིར་རོ། །རྒས་པའི་རྣམ་གྲངས་བཅོ་བརྒྱད་པོ་དེ་དག་ནི་དེ་ལྟར་བཤད་དོ་ཞེས་བརྗོད་དོ། །འཆི་བ་གང་ཞེ་ན། སེམས་ཅན་གང་ཡིན་པ་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཕོས་པ་དང་འཕོ་བ་ཉིད་དང་ཞེས་བྱ་བ་རྒྱས་པར་རྣམ་གྲངས་བཅུ་འབྱུང་བ་ཡིན་ནོ། །དེ་ལ་འཕོས་པ་ནི་སེམས་ཅན་གྱི་
རིས་དེ་དང་བྲལ་བའོ། །འཕོ་བ་ཉིད་ནི་འཆི་བའི་གནས་སྐབས་ཏེ། གང་ཞིག་འཕོ་བ་དེ་འཕོ་བ་ཡིན་ལ། དེའི་དངོས་པོ་ནི་འཕོ་བ་ཉིད་དེ། འཕོ་བའི་གནས་སྐབས་གང་ཡིན་པའོ། །ཞིག་པ་ནི་གཟུགས་ཀྱི་ལུས་ལ་མིང་གི་ཚོགས་བྲལ་བའོ། །ནང་ཉམས་པ་ཉིད་ལས་གཟུགས་ཀྱི་ལུས་ལ་དབང་པོ་
གཟུགས་ཅན་རྣམས་རྒྱུན་ཆད་པའོ། །ཚེ་ཉམས་པ་དང་དྲོད་ཡལ་བ་ཞེས་བྱ་བ་གཉིས་ཀ་ཡང་གནས་པའི་རྒྱུ་སྔོན་གྱི་འཕེན་པ་དང་། ཉེ་བར་བསྟེན་པའི་ཟས་ཀྱང་ཟད་པའི་ཕྱིར་ཡིན་པར་སྟོན་ཏེ། མདོ་སྡེ་གཞན་ལས་ཇི་སྐད་དུ་ཟས་ནི་སེམས་ཅན་གནས་པའི་ཚེ་ན་ཟས་གནས་པའང་དེ་བཞིན་ནོ་ཞེས་གསུངས་
པས་ཚིག་གཉིས་གཉིས་ཀྱིས་འཕོས་པ་དང་། འཕོ་བ་ཉིད་ཡིན་པར་བསྟན་ཏོ། །དེ་ལྟར་རེ་ཞིག་ཚེ་ཟད་པ་རིམ་གྱིས་ཤི་བ་གང་ཡིན་པ་དང་། འཆི་བའི་གནས་སྐབས་གང་ཡིན་པ་དེ་གཉིས་ཀ་ཤི་བ་ཡིན་པར་བསྟན་ཏོ། །གང་ཡང་ཚེ་མ་ཉམས་པ་སྲོག་གི་དབང་པོ་དང་ལྡན་པ་ཡང་རིམ་གྱིས་མ་ཡིན་པར་
འཆི་བ་སྟེ། དེ་ནི་སྲོག་གི་དབང་པོ་འགགས་པ་དང་། ཕུང་པོ་རྣམས་འདོར་བ་དང་། ཤི་བ་ཞེས་བྱ་བ་ཡིན་ཏེ་མདོར་བསྟན་པ་ཡིན་ནོ། །སྲོག་གི་དབང་པོ་འགགས་པ་གང་ཞེ་ན། དུས་བྱེད་པའོ་ཞེས་སྨྲས་ཏེ། དུས་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་སྔོན་གྱི་ལས་ཀྱིས་འཕངས་པ་
གང་ཡིན་པ་སྐལ་བ་འདྲ་བའི་ཕུང་པོའི་རྒྱུན་གྱིས་གནས་པའི་དུས་དེའི་མཐར་ཐུག་པ་ནི་སྲོག་གི་དབང་པོ་འགགས་པ་སྟེ། སྲོག་གི་དབང་པོ་དོན་གཞན་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །དང་པོའི་བྱེ་བྲག་རྣམ་པར་འབྱེད་པ་ལས་དགེ་སློང་དག་སྐྱེ་བའི་མཚན་ཉིད་རྣམ་པ་བཞི་པོ་དག་ཉིད་ལ། འཆི་བའི་

རབ་ཏུ་དབྱེ་བ་རྣམ་པ་དྲུག་ཡོད་པར་རིག་པར་བྱ་སྟེ། རྫོགས་པར་ཤི་བ་དང་། མ་རྫོགས་པར་ཤི་བ་དང་། ཤི་བའི་རང་གི་མཚན་ཉིད་དང་། མ་རྫོགས་པར་འཆི་བའི་རྣམ་པར་དབྱེ་བ་དང་། རྫོགས་པར་ཤི་བའི་རྣམ་པར་དབྱེ་བ་དང་། དུས་མ་ཡིན་པ་དང་དུས་སུ་ཤི་བའོ། །དགེ་སློང་དག་དེ་ལ་ཤི་བའི་རང་
གི་མཚན་ཉིད་ནི་ལུས་ལས་རྣམ་པར་ཤེས་པ་བྲལ་ཞིང་འཇིག་པ་དང་། དབང་པོ་གཟུགས་ཅན་རྣམས་ནུབ་པར་གྱུར་པ་ལས་རིག་པར་བྱའོ་ཞེས་གསུངས་ཏེ། དེ་དག་ནི་ཤི་བའི་རྣམ་གྲངས་རྣམ་པ་བཅུ་པོ་དེ་དག་གི་དོན་བསྟན་པ་ཡིན་ནོ་ཞེས་བརྗོད་དོ། །བསྟན་པ་ལས་ཅིའི་ཕྱིར་མྱ་ངན་ལ་སོགས་པ་གསུངས་ལ་རྣམ་པར་
དབྱེ་བ་ལས་མ་ཕྱེ་ཞེ་ན། རྒ་ཤི་ནི་སྲིད་པའི་ཡན་ལག་ཉིད་དུ་བརྗོད་པར་བཞེད་པའི་ཕྱིར་རོ། །འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན། མ་རིག་པ་ནས་རྒ་ཤིའི་བར་ཡིན་ནོ་ཞེས་མདོ་སྡེ་གཞན་ལས་གསུངས་ཀྱི། མྱ་ངན་ལ་སོགས་པ་ནི་མ་ཡིན་ནོ། །ལུང་ལས་བཟློག་ལ་བརྟག་པའི་
ཚེ་ཡང་གང་ཞིག་མེད་ན་རྒ་ཤི་མི་འབྱུང་བ་ཡིན་ཞེས་གསུངས་ཀྱི་མྱ་ངན་ལ་སོགས་པ་མ་ཡིན་ནོ། །འོ་ན་ཅི་དེ་དག་ཁས་མི་ལེན་ཏམ་ཞེ་ན། གོ་རིམས་མ་ངེས་པའི་ཕྱིར་དང་། གཅིག་ཏུ་ཆད་པ་མེད་པའི་ཕྱིར་རོ། །དེ་དག་ལ་གོ་རིམས་ངེས་པ་ནི་ཡོད་པ་མ་ཡིན་ཏེ། རྒ་བའི་སྔ་རོལ་ལམ་ཕྱི་ནས་ཀྱང་ཡིན་ནོ། །
གདོན་མི་ཟ་བར་མྱ་ངན་ལ་སོགས་པ་ཡང་ཡོད་པ་མ་ཡིན་ཏེ། འབྱོར་པ་དང་ལྡན་པ་ཡིད་བདེ་བ་མང་བ་ཁོ་ན་དག་དུས་བྱེད་པ་དམིགས་པའི་ཕྱིར་རོ། །རྒ་ཤི་ནི་གདོན་མི་ཟ་བར་འབྱུང་བ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །འབྱུང་བ་ནི་སྐྱེ་བ་ཡིན་ནོ། །འཇིག་པ་ནི་འཆི་བ་ཡིན་ནོ། །གནས་པ་
གཞན་དུ་འགྱུར་བ་ཉིད་ནི་རྒ་བ་ཡིན་ནོ། །གནས་པ་ཞེས་བྱ་བ་ནི་རྒྱུན་ཡིན་པར་བསྟན་ཏོ། །དེའི་སྔ་ཕྱིའི་བྱེ་བྲག་ནི་གཞན་དུ་འགྱུར་བ་ཉིད་ཡིན་ནོ། །ཀུན་རྫོགས་པ་ལ་ཡོངས་སུ་ཉམས་པའི་རྒ་བ་ཡོད་པར་མདོ་སྡེ་འདི་ལས་བསྟན་ཏོ། །གལ་ཏེ་གནས་པ་གཞན་དུ་འགྱུར་བ་རྒ་བ་ཡིན་ན་ཅིའི་ཕྱིར་བར་དུ་བསྟན་
ཞེ་ན། འདི་ཉིད་གོ་རིམས་ཡིན་ནོ། །འདུས་བྱས་ཀྱི་མཚན་ཉིད་ལ་ཅིའི་ཕྱིར་དེ་ལྟར་མ་ཡིན་ཞེ་ན། སྐྱེ་བ་དང་འཇིག་པའི་བྱེ་བྲག་ཉིད་གནས་པ་གཞན་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གཉིས་ཀྱིས་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པའི་མི་རྟག་པ་ཉིད་སྟོན་ཏོ། །གཅིག་གིས་ནི་དངོས་པོ་རྣམ་པར་འགྱུར་

བའི་མི་རྟག་པ་ཡིན་པས་དེ་ལས་ནི་གོ་རིམས་ཇི་ལྟ་བུ་ཡིན་ནོ། །འོ་ན་བསྟན་པ་ལས་ཅིའི་ཕྱིར་མྱ་ངན་ལ་སོགས་པ་བསྟན་ཞེ་ན། སྐྱེ་བ་ཡོད་ན་ཉེས་པ་དེ་དག་འབྱུང་བར་འགྱུར་རོ་ཞེས་ཉེས་དམིགས་ཕལ་ཆེ་བ་ཉིད་ཡིན་པར་བསྟན་པའི་ཕྱིར་དང་ཡིད་འབྱུང་བར་བྱ་བའི་ཕྱིར་རོ། །དེ་དག་ཅིའི་ཕྱིར་མྱ་ངན་
ལ་སོགས་པ་ཞེས་བྱ་ཞེ་ན། སྡུག་པ་དང་བྲལ་བ་ན་ལོག་པར་ཅལ་ཅོལ་སྨྲ་བའི་རྒྱུ་རྣམ་པར་རྟོག་པ་ནི་མྱ་ངན་ནོ། །ལོག་པར་ཅལ་ཅོལ་སྨྲ་བ་དེ་ཉིད་སྨྲེ་སྔགས་འདོན་པ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ན་ལུས་ཀྱིས་མི་འདོད་པ་མྱོང་བ་ནི་སྡུག་བསྔལ་ཡིན་ནོ། །སེམས་ལས་བྱུང་བ་ནི་ཡིད་མི་བདེ་བ་ཡིན་ནོ། །ཚོལ་བ་དང་
ཀུན་ཏུ་བསྲུང་བའི་དུས་ན་འབད་པར་བྱེད་པའི་ངལ་བ་ནི་འཁྲུག་པ་ཡིན་ནོ། །སྡུག་པ་དང་བྲལ་བ་ཉིད་ན་བྲང་བརྡུང་བ་ལ་སོགས་པས་ལུས་གདུང་བ་ནི་སྡུག་བསྔལ་ལོ། །ཅལ་ཅོལ་སྨྲ་བ་བཏང་བ་ན་བར་སྐབས་སུ་སེམས་ལ་གདུང་བ་དྲག་པོ་འབྱུང་བ་ནི་ཡིད་མི་བདེ་བའོ། །དེ་དང་བྲལ་བ་ནས་མི་གསལ་བའི་གནས་
སྐབས་སུ་ཉིན་ཞག་ཁ་ཅིག་ཏུ་ཟླ་ལ་ཡིད་མི་བདེ་བ་བྱེད་པ་ནི་འཁྲུག་པའི་རྣམ་གྲངས་ཡིན་ནོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་ལས་སྡུག་པའི་རིགས་ཅན་གྱི་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་བར་འགྱུར་རོ་ཞེས་གང་གསུངས་པ་དེ་རིགས་པ་ཡིན་ནོ། །གལ་
ཏེ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཡིན་ན་སྐྱེས་ཙམ་ཉིད་ན་རྒས་པའམ་འཆི་བར་འགྱུར་རོ་ཞེ་ན། འདིར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་དང་པོ་ཁོ་ན་སྐྱེ་བ་ཡིན་ནོ་ཞེས་དེ་སྐད་གསུངས་པ་ཡིན་ཏེ། ཇི་ལྟར་ནུར་ནུར་པོ་ལ་སོགས་པའི་རྐྱེན་གྱིས་ནར་ནར་པོ་ལ་སོགས་པ་ཡིན་ནོ། །དེ་མ་ཐག་ཏུ་ནི་མ་ཡིན་པས་དཔེ་སྔར་
བསྟན་པ་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་ནི་རྣམ་པ་དེ་དག་གིས་སོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུན་ནོ། །ཆེན་པོ་ཞེས་བྱ་བ་ནི་ཐོག་མ་མེད་པ་དང་ལྡན་པའོ། །འདི་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་ཤི་ལ་སོགས་པའམ་འདུ་བྱེད་ལ་སོགས་པའོ། །འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་
གི་དང་བྲལ་བའོ། །འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བའོ། །ཇི་སྐད་དུ་རེག་པ་དེ་དང་དེ་ཀུན་འབྱུང་བ་ནས་ཚོར་བ་དེ་དང་དེ་ཀུན་འབྱུང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འཕགས་པའི་བདེན་པ་ལས་ནི་སྡུག་བསྔལ་གྱི་རྒྱུ་ལས་སྡུག་བསྔལ་ཀུན་འབྱུང་བ་ཞེས་བསྟན་ཏེ་འདིས་སམ་འདི་ལས་ཀུན་འབྱུང་བས་ན་ཞེས་བྱས་

པ་ཡིན་པའི་ཕྱིར་རོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་འདིར་རྐྱེན་དང་རྐྱེན་ཅན་གཉིས་ངེས་པ་དང་མ་ངེས་པ་ལ་སྐྱོན་ཡོད་དོ། །གལ་ཏེ་སྐྱེ་བ་ཁོ་ན་རྒ་ཤིའི་རྐྱེན་ཡིན་ན་ནི་ལམ་གྱིས་དུབ་པ་དང་ནད་དང་མྱ་ངན་དང་ཡ་ང་བ་མ་སྤངས་པ་དང་གཞན་གྱིས་བྱས་པ་དག་གིས་ཤིན་ཏུ་མྱུར་བར་རྒས་ཤིང་ཤི་བར་མི་འགྱུར་
བར་ཐལ་བར་འགྱུར་རོ། །འོན་ཏེ་རྒ་ཤི་ཁོ་ནའི་རྐྱེན་སྐྱེ་བ་ཡིན་ན་ནི་སྐྱེ་བས་བྱེ་བྲག་ཏུ་བྱས་པ་གཞན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་པའི་ཆོས་ཀུན་དུ་འབྱུང་བ་མེད་པར་ཐལ་བར་འགྱུར་བ་དང་། བདེ་བ་དང་ཚོར་བ་བར་མ་དང་མྱ་ངན་ལ་སོགས་པ་ཡང་མེད་པར་ཐལ་བར་འགྱུར་རོ། །འོན་ཏེ་གཉིས་ཀ་ངེས་པ་
ཡིན་ན་ནི་སྐྱོན་གཉིས་པོ་དེ་དག་ཉིད་ཡིན་ནོ། །འོན་ཏེ་མ་ངེས་པ་ཡིན་ན་ནི་འཆད་པ་དོན་མེད་པར་འགྱུར་རོ་ཞེ་ན། དོན་མེད་པ་ཡང་མ་ཡིན་ཏེ། རྐྱེན་གཙོ་བོ་འཆད་པའི་ཕྱིར་རོ། །རྐྱེན་གཙོ་བོ་ཉིད་ནི་སྐྱེ་བ་ཡིན་ཏེ། མ་སྐྱེས་པ་རྒ་ཤི་མེད་པའི་ཕྱིར་དང་། ལམ་གྱིས་དུབ་པ་ལ་སོགས་པ་མེད་པར་ཡང་ཡོད་པའི་ཕྱིར་རོ། །
འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དབྱེ་བ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཡན་ལག་རྣམ་པར་འབྱེད་པ་རྫོགས་པར་སྟོན་པ་ཡིན་ནོ་ཞེས་ངས་སྨྲས་པ་གང་ཡིན་པ་དེའི་ཆེད་དུ་ངས་སྨྲས་པ་འདི་དག་ཡིན་ནོ་ཞེས་བྱ་བ་ནི་དེ་དག་སོ་སོ་དང་དེ་དག་གི་ཆེད་དུ་དེ་དག་གི་དབང་དུ་བྱས་ཏེ་དེ་ལྟ་བུ་དེ་དག་ངས་སྨྲས་སོ་ཞེས་བྱ་བའི་
དོན་ཏོ། །དེ་དག་གི་ནི་སྔར་དོན་དང་ཡི་གེ་ཐུགས་སུ་ཆུད་པ་ཉིད་དང་ཤིན་ཏུ་ལྡན་ཏེ་བརྗོད་པ་བདག་ཉིད་ཡིན་ནོ་ཞེས་སྟོན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པ་ལས་རྒ་ཤི་རྣམ་པར་འབྱེད་པ་རྫོགས་སོ།། །།ཁ་ཅིག་ན་རེ་འདིར་མ་རིག་པ་ལ་སོགས་པ་བསྟན་པའི་ཕྱིར་མ་རིག་པ་ལ་སོགས་པ་
ཁོ་ན་ཡན་ལག་ཉིད་ཡིན་པར་རིག་པར་བྱ་བ་ནི་མ་ཡིན་གྱི་དེར་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་ཡང་གདོན་མི་ཟ་བར་དེ་དང་ལྷན་ཅིག་བྱེད་པ་ཡོད་པ་ཡིན་ཏེ། ཕུང་པོ་ལྔ་པའི་གནས་སྐབས་བཅུ་གཉིས་པོ་དེ་དག་ལ་ཡན་ལག་བཅུ་གཉིས་ཞེས་བྱ་བའོ། །ཅིའི་ཕྱིར་མ་རིག་པ་ལ་སོགས་
པ་ཉིད་མདོ་སྡེ་ལས་བསྟན་ཞེ་ན། གནས་སྐབས་དེ་དང་དེ་དག་གི་ནང་ན་གཙོ་བོ་ཡིན་པའི་ཕྱིར་རོ་ཞེའོ། །གལ་ཏེ་མ་རིག་པ་ལ་སོགས་པ་དག་འདུ་བྱེད་ལ་སོགས་པའི་རྐྱེན་གྱི་གཙོ་བོ་ཡིན་པར་ཇི་ལྟར་བསྟན་པར་མི་འདོད་ན་དེའི་གནས་སྐབས་ན་མ་རིག་པ་ལ་སོགས་པ་གཙོ་བོ་ཉིད་ཡིན་པ་ཅི་ཞིག་

ཡོད། དེ་དག་ཡན་ལག་ཉིད་ཡིན་པར་ཡང་ཇི་ལྟར་ཁས་མ་བླངས་པ་ཡིན། ཐམས་ཅད་ཀྱང་ཕུང་པོ་ལྔ་པ་ཡིན་ན་ཅིའི་ཕྱིར་མིང་དང་གཟུགས་འབའ་ཞིག་ཕུང་པོ་ལྔ་པར་བསྟན་པ་གཞན་མ་ཡིན། དེ་བས་ན་འདུ་བྱེད་ལ་སོགས་པའི་རྐྱེན་གཙོ་བོ་རེ་རེ་ཉིད་ཡན་ལག་ཡིན་པར་བཅོམ་
ལྡན་འདས་བཞེད་པ་ཡིན་ཏེ། མུ་བཞི་བརྟགས་པས་ཇི་སྐད་བསྟན་པ་ཡིན་ནོ། །ཡན་ལག་བཅུ་གཉིས་བསྟན་པ་འདིས་མདོར་ཅི་བསྟན་ཞེ་ན། དང་པོའི་བྱེ་བྲག་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལ་བརྟེན་པ་བྱས་ནས་ཇི་ལྟར་ཁོང་དུ་ཆུད་པ་མདོར་བསྟན་པར་བྱའོ། །གང་གིས་ཇི་ལྟར་ཅི་ཞིག་འཕེན་པ་དང་
འཕངས་པ་དེ་ཉིད་གང་གིས་ཇི་ལྟར་མངོན་པར་སྒྲུབ་པ་དང་། མངོན་པར་གྲུབ་པ་གང་ཡིན་པ་དེ་དང་། དེའི་ཉེས་དམིགས་གང་ཡིན་པ་དེ་དག་བསྟན་ཏོ། །གང་གིས་འཕངས་ཤེ་ན། མ་རིག་པའི་རྐྱེན་ཅན་འདུ་བྱེད་ཀྱིས་སོ། །ཇི་ལྟར་འཕངས་ཤེ་ན། རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་པའི་ཕྱིར་རོ། །ཅི་
ཞིག་འཕེན་ཞེ་ན། ཡང་སྲིད་པ་པའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་སྟེ་ཅི་རིགས་པར་མཐར་གྱིས་དང་ཅིག་ཅར་འབྱུང་བར་བྱ་བའི་ཕྱིར་རོ། །འཕངས་པ་དེ་གཉིས་གང་ཞེ་ན། རྣམ་པར་ཤེས་པ་ལ་དེའི་ས་བོན་ཡོངས་སུ་བརྟས་པ་དེ་ཉིད་འཕངས་པ་ཡིན་ནོ། །གང་གིས་མངོན་
པར་སྒྲུབ་པར་བྱེད་ཅེ་ན། ཇི་སྐད་དུ་བསྟན་པའི་རིམ་གྱིས་སྔོན་འཕངས་པས་འདིར་སྐྱེས་པའི་ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེས་པ་གང་ཡིན་པ་དང་། དེའི་རྐྱེན་གྱིས་ལེན་པའོ། །ཇི་ལྟར་དེ་གཉིས་ཀྱིས་མངོན་པར་སྒྲུབ་ཅེ་ན། རྣམ་པར་ཤེས་པ་དེ་ལ་ལས་ཀྱི་བག་ཆགས་གནས་པ་དག་དེས་སྲིད་པ་བྱེད་པའི་ཕྱིར་རོ། །
རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་རྣམ་པ་མང་དུ་ཡོད་དེ། འདུ་བྱེད་སྣ་ཚོགས་ཀྱིས་ཡོངས་སུ་བསྒོས་པ་ཡིན་པའི་ཕྱིར་རོ། །ལེན་པའི་བྱེ་བྲག་གིས་ཡོངས་སུ་ཟིན་པ་གང་གིས་འདི་ནས་གཉིས་པར་ཡང་སྲིད་འབྱུང་བར་བྱེད་པ་དེ་འདིར་སྲིད་པ་ཞེས་བྱའོ། །མངོན་པར་གྲུབ་པ་དེ་གང་ཞེ་ན། མིང་དང་གཟུགས་
ལ་སོགས་པ་འཕངས་པ་གང་ཡིན་པ་དེ་མ་འོངས་པ་ན་སྐྱེ་བའོ། །དེ་ཡོད་ན་ཉེས་དམིགས་གང་ཞེ་ན། རྒ་ཤི་ཡིན་ཏེ། ཡིད་དུ་འོང་བའི་ལང་ཚོ་དང་སྲོག་ཞིག་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་འཕེན་པ་དང་། སྲེད་པའི་རྐྱེན་གྱིས་ལེན་པས་མངོན་པར་གྲུབ་པ་ཡིན་པ་འདི་ཇི་ལྟར་ཡིད་ཆེས་པར་བྱ་

ཞེ་ན། འདི་ལྟར་བདེན་པ་མཐོང་ན་ཡང་སྲིད་པ་འཕེན་པ་ཡོད་པ་མ་ཡིན་ཏེ། འཕགས་པའི་བདེན་པ་ལ་རིག་པ་སྐྱེས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ལ་ཡང་སྔོན་གྱི་འཕེན་པ་ཡོངས་སུ་ཟིན་ཀྱང་ཡང་སྲིད་མངོན་པར་སྒྲུབ་པ་མ་ཡིན་ནོ། །དོན་དེ་ཉིད་བསྡུ་བའི་ཕྱིར་ཚིགས་སུ་བཅད་
པ་ལྔ་སྟེ། གང་གིས་འཕེན་དང་ཇི་ལྟར་གང་། །དེ་སྒྲུབ་བྱེད་པའང་དེ་ལ་ཡང་། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །གཉིས་ཀྱི་ཡན་ལག་གཅིག་གིས་དང་། །རྣམ་པ་བཞི་དང་གཉིས་ཀྱིས་དང་། །གཅིག་གིས་གཅིག་དང་གཅིག་གིས་ནི། །དོན་བདུན་
དག་ཏུ་རབ་ཏུ་བསྟན། །བདེན་པ་ཇི་བཞིན་མི་ཤེས་ཕྱིར། །ལས་ཀྱིས་སེམས་ལ་བསྒོས་ཕྱིར་དང་། །ཡན་ལག་བཞི་ནི་རིམ་གྱིས་འཕེན། །དེ་ཡི་ས་བོན་ཡོངས་བརྟས་ཕྱིར། །འཕངས་པ་བཞིན་དུ་སྐྱེས་པ་ཡི། །ཚོར་བས་སྐྱེད་པའི་སྲེད་པ་ལས། །ལེན་པ་འབྱུང་བས་དེ་ཡི་ལས། །བསྒོས་པ་སྔོན་དུ་གྱུར་པ་
ཡིན། །གྲུབ་པ་སྐྱེ་ཡིན་དེ་ལ་ཡང་། །རྒས་སྩོགས་ཉེས་དམིགས་གང་གི་ཕྱིར། །བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་པ་བྲལ་ན་འབྱུང་བ་མེད། །ཅིའི་ཕྱིར་བདེན་པ་མཐོང་བ་ལ་མ་རིག་པ་མེད་པ་ཡིན། གང་གི་ཕྱིར་འདིའི་ལས་ཀྱིས་ཡང་སྲིད་འཕེན་པར་མི་བྱེད། གང་དག་གི་ཡང་སྲིད་འཕེན་པར་
བྱེད་པའི་ལས་ལ་དབང་བྱེད་པ་ནི་མེད་པ་མ་ཡིན་ནོ་ཞེ་ན། དེ་དབང་བྱེད་པ་གང་ཞེ་ན། རིག་པ་མེད་པས་མ་རིག་པ་གང་ཡིན་པའོ། །དེ་གང་ཞེ་ན། བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་གང་ཡིན་པའོ། །སྲེད་པ་ཡང་དེ་བཞིན་དུ་ཅིའི་ཕྱིར་མི་འདོད། །བདེན་པ་མཐོང་བ་གང་ཡིན་པའི་མི་མཐུན་པའི་
ཕྱོགས་དེ་ནི་དེ་ལ་དབང་བྱེད་པ་ཡིན་ནོ་ཞེ་ན། མི་མཐོང་བ་ནི་མཐོང་བ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཡིན་པར་རིགས་པ་ཡིན་ཏེ། སྒྲིབ་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དཔེར་ན་སྣང་བའི་མུན་པ་ལྟ་བུའོ། །སྲེད་པ་ནི་མ་ཡིན་ཏེ། ཆགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །བདེན་པ་མཐོང་བའི་ཡུལ་
ལ་ཁྱབ་པར་བྱེད་པ་ཡང་མ་རིག་པ་ཡིན་པས་དེ་ནི་མི་མཐུན་པའི་ཕྱོགས་ཡིན་པར་རིགས་ཀྱི་སྲིད་པ་ནི་མ་ཡིན་ཏེ། འགོག་པ་དང་ལམ་གྱི་བདེན་པ་གཉིས་ལ་དེ་མེད་པའི་ཕྱིར་རོ། །སྲེད་པ་མེད་པར་ཡང་མ་རིག་པ་ནི་བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ཡིན་པར་གྲུབ་པ་ཡིན་ཏེ། འགོག་པ་དང་ལམ་

གྱི་བདེན་པ་གཉིས་ལ་མ་འདྲེས་པ་ཡོད་པ་ཡིན་གྱི། སྲེད་པ་ནི་མ་རིག་པ་མེད་པར་མ་ཡིན་ནོ། །བདེན་པ་མཐོང་བས་སྤང་བར་བྱ་བ་ཡང་མ་རིག་པ་དམིགས་པ་ཡོངས་སུ་ཤེས་པས་ཡོངས་སུ་འགྱུར་གྱི། སྲིད་པ་ནི་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པས་སྤོང་བ་ཡིན་པས་འདི་ནི་
བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་མ་ཡིན་ནོ། །འོ་ན་དེའི་གཉེན་པོ་བདེན་པ་མཐོང་བ་ཇི་ལྟར་ཡིན་ཞེ་ན། མ་རིག་པ་མེད་པར་སྲེད་པ་མི་སྐྱེ་བའི་ཕྱིར་དང་། དེ་ཡང་དེས་རྒྱུན་གཅོད་པའི་ཕྱིར་རོ། །དཔེར་ན་སྐྱོན་གྱི་གཉེན་པོ་གང་ཡིན་པ་དེ་ནི་དེ་ལས་བྱུང་བའི་ནད་ཀྱི་ཡང་གཉེན་པོ་ཡིན་པ་བཞིན་ནོ། །གལ་ཏེ་
ཡང་སྲེད་པ་ནི་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པ་ཡིན་ན་ནི་བདེན་པ་རྣམས་ལ་རྨོངས་པ་གང་ཞིག་སྲིད་པ་རྒྱུན་ཆད་པར་འདོད་ན་དེའི་ཡང་སྲིད་འཕེན་པར་བྱེད་པ་མ་ཡིན་པར་འགྱུར་ཏེ། སྲེད་པ་ལ་ཞེ་སྡང་ཞིང་ཡང་སྲིད་མེད་པར་སྲེད་པའི་དབང་གིས་ཡང་སྲིད་འཕེན་པར་རིགས་པ་མ་ཡིན་ནོ། །རེ་ཞིག་བསོད་
ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་ལ་སྲེད་པས་དབང་བྱེད་པ་ཡིན་ཏེ། འདོད་པའི་སྲེད་པས་དེ་ལྷག་པར་སྤྱོད་པའི་ཕྱིར་རོ། །མི་གཡོ་བ་ལ་ནི་ཇི་ལྟར་ཡིན། བསམ་གཏན་ནམ་གཟུགས་མེད་ལ་མ་བསྐྱེད་པར་ནི་དེ་ལ་དམིགས་པའི་སྲེད་པ་སྐྱེ་བའི་སྐབས་ཡོད་པ་མ་ཡིན་ནོ། །འདི་ལྟར་སྲེད་པ་ནི་རང་གི་
ཁམས་དང་། ས་ལ་དམིགས་པ་ངེས་པ་ཡིན་ན། མ་རིག་པ་ནི་དེ་ལྟ་བུ་མ་ཡིན་ནོ། །དེ་བས་ན་མ་རིག་པ་ཁོ་ན་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པར་རིགས་པ་ཡིན་གྱི་སྲེད་པ་ནི་མ་ཡིན་ནོ། །ཡང་སྲིད་འཕངས་པ་ལ་ཡང་ས་གང་བར་གཏོགས་པའི་སྲེད་པ་འཇུག་པ་རྙེད་པས་ས་དེ་པར་གཏོགས་
པ་མངོན་པར་སྒྲུབ་པར་བྱེད་པ་དེ་ལ་དབང་བྱེད་པ་ཡིན་ནོ། །འོ་ན་གང་དག་རང་གི་ས་ལ་དམིགས་པར་ངེས་པ་མ་ཡིན་གྱི་སྐལ་བ་མི་འདྲ་བ་དང་། ཁམས་ཐམས་ཅད་དུ་འགྲོ་བ་དག་དེ་དག་གི་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་བྱེད་པ་ཡིན་པར་ཅིའི་ཕྱིར་མ་བསྟན་ཞེ་ན། མ་རིག་པ་ཁོ་ན་དེ་ལ་གཙོ་བོ་ཡིན་ཏེ།
བདེན་པ་མཐོང་བའི་ཡུལ་ལ་ཁྱབ་པ་ཡིན་པའི་ཕྱིར་དང་། དེ་དག་མེད་པར་ཡང་མཐུ་ཡོད་པའི་ཕྱིར་རོ། །མ་རིག་པ་མེད་པར་དེ་དག་མེད་དོ། །དེ་བས་ན་དོན་བདུན་གྱི་དབང་དུ་བྱས་ཏེ་ཡན་ལག་བཅུ་གཉིས་འཆད་པ་དེ་དག་འཐད་པ་ཡིན་ནོ། །གཞན་དུ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་རིམ་གྱིས་ཡང་

སྲིད་སྐྱེ་བར་འཆད་པ་ལ་ཡན་ལག་དུ་ཞིག་གིས་རྫོགས་པར་འགྱུར་ཞེ་ན། ཇི་སྲིད་ཀྱིས་རྒྱུ་དང་བཅས་པའི་ཡང་སྲིད་བསྟན་པར་ནུས་པའོ། །བདུན་ནམ་ལྔས་ཡིན་ནོ་ཞེ་ན། གལ་ཏེ་བདུན་ཁོ་ན་འཆད་པར་བྱེད་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ལས་མིང་དང་གཟུགས་
ལ་སོགས་པའི་རིམ་གྱིས་མ་འོངས་པ་ན་ཡང་སྲིད་འབྱུང་བར་འགྱུར་རོ་ཞེས་སྨྲས་པར་འགྱུར་རོ། །དེ་ཡང་སྲིད་པའི་རྐྱེན་གྱིས་ལེན་པའི་བྱེ་བྲག་གི་འབྲས་བུ་འབྱིན་པར་བྱ་བའི་ཕྱིར་སྔོན་དུ་གྱུར་པ་ལས་བྱུང་ངོ་ཞེས་མ་སྨྲས་པར་འགྱུར་རོ། །དེ་དག་མེད་པར་དགྲ་བཅོམ་པ་ཡང་ཡང་སྲིད་འགྲུབ་པར་ཐལ་བར་འགྱུར་ཏེ།
མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ཡོད་པའི་ཕྱིར་རོ། །མ་རིག་པ་ནི་ཡང་སྲིད་མངོན་པར་འགྲུབ་པའི་རྒྱུ་ཡིན་པར་བསྟན་པ་ཡང་མ་ཡིན་ན་གང་གི་ཕྱིར་དེ་སྤངས་པས་དེ་མི་འབྱུང་བར་འགྱུར། འདུ་བྱེད་ཀྱི་རྐྱེན་དེ་ནི་སྔར་ཀུན་དུ་འབྱུང་ངོ་། །འོན་ཏེ་ལྔ་ཁོ་ན་འཆད་པར་
བྱེད་ན་ནི་སྲིད་པའི་རྐྱེན་གྱིས་ལེན་པས་ཀུན་ནས་བསླང་བའི་ལས་ཀྱིས་ཡང་སྲིད་འབྱུང་བར་འགྱུར་རོ་ཞེས་སྨྲས་པར་གྱུར་པ་ཡིན་གྱི། དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པས་འཕངས་པའི་མིང་དང་གཟུགས་ལ་སོགས་པའི་རིམ་གྱིས་འབྱུང་ངོ་ཞེས་སྨྲས་པ་མེད་
པར་འགྱུར་རོ། །དེ་མེད་པར་བདེན་པ་མཐོང་བ་ལ་ཡང་བདེན་པ་མ་མཐོང་བ་བཞིན་དུ་གསར་དུ་ཡང་སྲིད་འཕེན་པ་ཡོད་པར་ཐལ་བར་འགྱུར་རོ། །ལས་ཟད་ན་ཡང་སྲིད་ག་ལས་ཡོད་པ་དང་། རང་གི་ངོ་བོ་ཅི་ཡིན་པ་དང་། ཡོངས་སུ་རྫོགས་པ་གང་ཡིན་པ་དང་། ལོངས་སྤྱོད་པ་ཅི་ཡིན་པ་ཤེས་པར་
མ་བྱས་པར་འགྱུར་རོ། །སྲིད་པའི་རྐྱེན་ཀྱང་མ་བསྟན་པར་འགྱུར་རོ། །དེ་བས་ཡན་ལག་བཅུ་གཉིས་བཤད་པ་མེད་པར་ཡང་སྲིད་ཀྱི་བཤད་པ་རྫོགས་པ་མ་ཡིན་ནོ། །སྐྱེ་བར་བྱེད་པའི་རྒྱུ་ནི་ལས་ཇི་ལྟ་བ་བཞིན་ཡིན་ཏེ། མིང་དང་གཟུགས་ལ་སོགས་པའི་རྣམ་པར་དབྱེ་བ་ཐ་དད་པའི་ལུས་ཀྱི་དངོས་
པོ་འཕེན་པ་ལ་དབང་བྱེད་པའི་ཕྱིར་རོ། །མངོན་པར་འགྲུབ་པར་བྱེད་པའི་རྒྱུ་ནི་སྲེད་པ་ཇི་ལྟ་བ་བཞིན་ཡིན་ཏེ། རང་གི་ཁམས་སུ་འཕངས་པའི་ཡང་སྲིད་མཚམས་སྦྱོར་བ་ལ་དབང་བྱེད་པའི་ཕྱིར་རོ། །དེ་ལྟར་ནི་ཡན་ལག་བདུན་དང་ལྔས་བསྟན་པ་ཡིན་ནོ། །དེ་བས་ན་ལུང་ལས་ཡན་ལག་བཅུ་

གཉིས་འཆད་པ་ཉིད་ལེགས་པ་ཡིན་ནོ། །དེ་ལྟར་ན་བསྟན་བཅོས་དང་འགལ་བ་མ་ཡིན་ནམ། ཇི་སྐད་དུ་ཡེ་ཤེས་ལ་འཇུག་པ་ལས་གང་གསུངས་པ་གང་ཟག་གཅིག་གི་སྐྱེ་བ་འདི་ལ་འདས་པ་ནི་དུ་ཞིག་ཅེ་ན་སྨྲས་པ་གཉིས་ཏེ། མ་རིག་པ་དང་འདུ་བྱེད་དོ། །མ་འོངས་པ་དུ་ཞིག་
ཅེ་ན་སྨྲས་པ། གཉིས་ཏེ་སྐྱེ་བ་དང་རྒ་ཤིའོ། །ད་ལྟར་བྱུང་བ་དུ་ཞིག་ཅེ་ན། སྨྲས་པ། བརྒྱད་དེ་རྣམ་པར་ཤེས་པ་ནས་སྲེད་པའི་བར་རོ་ཞེས་བྱ་བའོ་ཞེ་ན། དེ་ལྟར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང་། ལེན་པའི་རྐྱེན་གྱིས་སྲིད་པ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན་སྨྲས་པ། སྔོན་གྱི་ཚེ་རབས་གཞན་ལ་
ལས་གང་བྱས་ཤིང་བསྩགས་པ་དང་། ལས་གང་གི་རྣམ་པར་སྨིན་པས་ཚེ་འདི་ལ་སྲེད་པ་རྙེད་པར་བྱེད་པ་དང་། ལས་གང་གིས་སྐྱེས་པ་ན་རྣམ་པར་སྨིན་པོ་སོ་སོར་མྱོང་བར་བྱེད་པའི་ལས་དེ་ཉོན་མོངས་པ་གཅིག་གི་རྐྱེན་གྱིས་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ་མ་རིག་པ་སྟེ། འདི་ནི་མ་རིག་པའི་
རྐྱེན་གྱིས་འདུ་བྱེད་ཅེས་བྱའོ། །ལས་གང་ཞིག་སྐྱེ་བ་འདི་ནི་བྱེད་ཅིང་བསྩགས་པ་དང་། ལས་གང་གིས་རྣམ་པར་སྨིན་པ་མ་འོངས་པ་ན་ཡིན་པ་ཕྱིས་སྲིད་པར་མཚམས་སྦྱོར་བར་བྱེད་པ་དང་། ལས་གང་གིས་སྐྱེས་པ་ན་རྣམ་པར་སྨིན་པ་ཕྱིས་སོ་སོར་མྱོང་བར་འགྱུར་བར་བྱེད་པའི་ལས་དེ་ནི་ཉོན་མོངས་པ་ཐམས་
ཅད་ཀྱི་རྐྱེན་གྱིས་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ་ལེན་པ་སྟེ། འདི་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ་ཞེས་སྟོན་ཏེ། དེ་དག་ནི་དུམ་བུ་གསུམ་རྣམ་པར་གཞག་པ་ཐ་དད་པ་ཡིན་ཏེ། དེ་ལྟར་ན་བསྟན་བཅོས་འདི་དང་འགལ་བ་ཡོད་པ་ཇི་སྐད་དུ་སྔར་བསྟན་པ་དེ་བཞིན་དུ་མདོ་སྡེ་ལ་བརྟེན་པའོ། །
བསྟན་བཅོས་དང་འགལ་བ་ནི་ཚོད་ཡོད་ཀྱི་མདོ་སྡེ་དང་འགལ་ན་མི་རུང་ངོ་། །དུམ་བུ་གསུམ་དུ་རྣམ་པར་འཇོག་པ་འདི་ལ་བརྗོད་པར་བྱ་བ་མང་དུ་འབྱུང་སྟེ། རྒྱུ་དང་བཅས་པའི་སྐྱེ་བ་རིམ་གྱིས་ཡིན་པར་འཆད་པ་དང་། རྒྱུ་ཁྱད་པར་ཅན་ལས་སྐྱེ་བ་རིམ་གྱིས་འཆད་པ་ལ་དགོས་པ་ཅི་ཡོད། འདས་པའི་ལས་
ལས་འདིར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཇི་ལྟར་འབྱུང་། བསྟན་བཅོས་ལས་ནི་དེ་ཉོན་མོངས་པ་ཅན་ཁོ་ནར་འདོད་དོ། །ཇི་ལྟར་དེ་འདུ་བྱེད་ཀྱི་རྐྱེན་གྱིས་ཡིན་པར་རུང་། རྣམ་པར་ཤེས་པ་དང་མིང་དང་གཟུགས་གཉིས་ཀྱི་གནས་སྐབས་གཉིས་ལ་ཡང་བྱེ་བྲག་ཅི་ཡོད། འགག་པའི་རིམ་པ་ལ་ཡང་

མ་རིག་པ་ལ་སོགས་པ་འགག་པ་གལ་ཏེ་རྣམ་པར་ཞིག་པ་ཡིན་ན་ནི། དེས་རྒྱུ་རྣམ་པར་ཞིག་པ་ལས་འབྲས་བུ་རྣམ་པར་ཞིག་པ་ཁས་བླངས་པའི་ཕྱིར་སྐད་ཅིག་མ་འཇིག་པ་ལ་གནོད་པར་འགྱུར་རོ། །སྐད་ཅིག་མ་འཇིག་པའི་རྒྱུ་དང་། བར་མ་ཆད་པར་འབྲས་བུ་སྐྱེ་བའི་ཕྱིར་རོ། །རྒྱུ་རྣམ་པར་འཇིག་པའི་དུས་ཁོ་ན་ནི་
འབྲས་བུ་སྐྱེ་བ་ཡིན་ན་ནི་ཇི་ལྟར་ན་རྒྱུ་རྣམ་པར་འཇིག་པ་ལས་འབྲས་བུ་རྣམ་པར་འཇིག་པ་འགྲུབ་པར་འགྱུར། སྔོན་གྱི་སྐྱེ་བ་རྣམ་པར་འཇིག་པ་ན་ཡང་དེའི་རྒྱུ་ཅན་སྐྱེ་བ་ཕྱི་མ་མི་གནས་པའི་ཕྱིར་དང་། སྐྱེ་བ་ཡང་མ་ཡིན་ནོ་སྙམ་དུ་འཇུག་པར་ཡང་འགྱུར་རོ། །འོན་ཏེ་འགག་པ་ཞེས་བྱ་བ་སྤངས་པ་ཡིན་ན་ནི་དེས་ན་མ་
རིག་པ་དང་། སྲེད་པ་དང་ལེན་པ་རྣམས་ཅིག་ཅར་དུ་སྤངས་པའི་ཕྱིར་དང་། དེ་དག་སྤངས་ན་ཡང་གཞན་སྤངས་པར་རྣམ་པར་འཇོག་པའི་ཕྱིར་རིམ་པས་འགག་པར་སྟོན་པ་རིགས་པ་མ་ཡིན་ནོ། །སྤངས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་རྣམས་ཀྱི་ཐོབ་པ་རྒྱུན་ཆད་པའོ། །དེ་ལས་གཞན་པ་ཡང་དེ་ལ་དམིགས་
པའི་ཉོན་མོངས་པའི་ཐོབ་པ་རྣམས་རྒྱུན་ཆད་པའོ། །གང་ཞིག་མིག་ལ་འདུན་པ་དང་འདོད་ཆགས་སྤངས་ན། འདུན་པ་དང་འདོད་ཆགས་སྤངས་པ་དེ་དག་ཉིད་ཀྱིས་ཁྱོད་ཀྱིས་མིག་སྤངས་པ་ཡིན་ནོ་ཞེས་མདོ་སྡེ་ལས་གསུངས་པའི་ཕྱིར་རོ། །འོན་ཏེ་འགག་པ་ཞེས་བྱ་བ་མ་སྐྱེས་པ་ཡིན་ན་ནི་འདས་པ་དང་། ད་
ལྟར་བྱུང་བའི་སྐྱེ་བས་བསྡུས་པའི་ཡན་ལག་རྣམས་སྐྱེས་པ་ཡིན་པར་ཇི་ལྟར་རུང་བ་ཡིན། དེ་ལྟ་ན་མི་རྟག་པའི་འགོག་པ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་སྐྱོན་དུ་འགྱུར་རོ། །རྣམ་གྲངས་ཀྱིས་དེ་འཆད་པའི་ཕྱིར་རོ། །འོན་ཏེ་ཡང་འགག་པའི་རིམ་
པ་འཆད་པ་ལ་འདི་ལྟར་རྟོགས་པར་བྱེད་དེ། སྐྱེ་བ་དེ་ཉིད་ལ་མ་རིག་པ་མ་སྐྱེས་པས་འདུ་བྱེད་རྣམས་མི་སྐྱེད་པ་ཡིན་ནོ། །དེ་ནས་སྐྱེ་བ་གཉིས་པ་ལ་ཡང་རྣམ་པར་ཤེས་པ་མ་སྐྱེས་པ་ཞེས་རྒྱས་པར་བྱས་ནས་སྲིད་པའི་བར་དུ་མ་སྐྱེས་པའི་ཕྱིར་སྐྱེ་བ་གསུམ་པའི་སྐྱེ་བ་མ་སྐྱེས་པ་དང་། དེ་ལ་རྒ་ཤིའོ་ཞེ་ན།
དེ་ལྟར་སྐྱེ་བ་གསུམ་པ་མ་སྐྱེས་པའི་རིམ་པས་འཆད་པ་ནི་དོན་མེད་པར་འགྱུར་བའམ། ཧ་ཅང་ཐལ་བར་ཡང་འགྱུར་རོ། །གང་གི་ཚེ་ལུགས་ལས་བཟློག་པའི་འགོག་པ་སྟོན་ཏེ། སྐྱེ་བ་མེད་ན་རྒ་ཤི་མེད་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་བརྟེན་པ་ཡིན་ན་ནི། དེའི་ཚེ་གལ་ཏེ་མ་འོངས་པ་སྐྱེ་བ་གསུམ་

པའི་སྐྱེ་བ་ལ་རྟོག་ན་ནི་སྐྱོན་དེ་དག་ཉིད་དུ་འགྱུར་རོ། །འོན་ཏེ་སྐྱེ་བ་གཉིས་པ་ལ་རྟོག་ན་ནི་རྒྱུ་དང་བཅས་པ་ད་ལྟར་གྱི་སྐྱེ་བ་ལ་མ་སྐྱེས་པའི་རིམ་པ་སྟོན་པ་རིགས་པ་མ་ཡིན་ཏེ། དེ་སྐྱེས་པ་ཡིན་པའི་ཕྱིར་དང་། དགོས་པ་ཡང་མེད་པའི་ཕྱིར་རོ། །དེ་བས་ན་དུས་ཐ་དད་པའི་སྒོ་ནས་ཡན་
ལག་བཅུ་གཉིས་རྣམ་པར་འཇོག་པ་ལ་འགོག་པའི་རིམ་པ་འཆད་པ་ནི་ཐམས་ཅད་དུ་སྦྱར་བར་ནུས་པ་མ་ཡིན་ནོ། །སྔར་ཡན་ལག་རྣམ་པར་གཞག་པ་ལ་གང་སྐྱེས་པས་གང་སྐྱེ་བའམ། འཕེན་པའམ། འཕངས་པའམ། མངོན་པར་སྒྲུབ་པར་བྱེད་པ་ལ་ནི་དེ་མ་སྐྱེས་པས་དེ་མི་སྐྱེ་བའམ། མི་འཕེན་པའམ།
འཕངས་པ་མེད་པའམ། མངོན་པར་སྒྲུབ་པར་བྱེད་པ་མེད་དོ་ཞེས་བསྟན་པའི་ཕྱིར་འགོག་པའི་རིམ་པ་འཆད་པ་ནི་རིགས་པ་ཡིན་ནོ། །ཚེ་འདི་ལ་ཚོར་བ་དག་ཡོད་བཞིན་དུ་ཚོར་བ་མ་སྐྱེས་པས་སྲེད་པ་མ་སྐྱེས་པར་ཇི་ལྟར་རུང་བར་འགྱུར། ཚོར་བ་གང་ཡིན་པ་ནི་སྲེད་པའི་རྐྱེན་ཡིན་ཏེ། དེ་མ་སྐྱེས་པའི་ཕྱིར་རོ། །དེའི་
རྐྱེན་ཡང་གང་ཞིག་ཅེ་ན། སྲེད་པའི་ས་བོན་གང་ཡིན་པ་དེ་ཡིན་ཏེ། མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པ་ཡིན་ནོ། །དེ་ནི་རྣམ་པར་འབྱེད་པ་བསྟན་པ་ལས་ཤེས་པར་བྱས་ཟིན་ཏོ། །འདིར་ཡང་དུམ་བུ་གསུམ་རྣམ་པར་གཞག་པ་བླངས་ཏེ། འགའ་ཞིག་ལན་འདེབས་པ་དུས་གསུམ་ལ་རྨོངས་པ་བཟློག་པའི་
ཕྱིར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་དུམ་བུ་གསུམ་བསྟན་ཏེ། འདི་ལྟར་མདོ་སྡེ་གཞན་ལས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཁོ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་ན། དེ་ནི་ཅི་
བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ་ཞེས་རྒྱས་པར་བྱས་ཏེ་སྔོན་གྱི་མཐའི་རྗེས་སུ་མི་འབྲང་ངོ་། །ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བ་ཞིག་གམ་ཞེས་རྒྱས་པར་བྱས་ཏེ་མ་འོངས་པའི་མཐའི་རྗེས་སུ་ཡང་མི་འབྲང་ངོ་། །བདག་གི་ལུས་ལ་ཐེ་ཚོམ་ཟ་སྟེ། ཅི་སྟེ་བདག་འདི་ཡིན་ནམ། ཇི་ལྟར་
འདི་བདག་ཡིན་ཞེས་རྒྱས་པར་གསུངས་སོ། །སྔོན་གྱི་མཐར་ཡང་མ་རིག་པའི་སྒོ་ནས་སྲེད་པ་དང་ལེན་པ་ཡང་བསྟན་ཏེ། ཉོན་མོངས་པ་ཐམས་ཅད་མ་རིག་པ་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ། །ལས་གང་གིས་སྐྱེ་བ་བྱས་པ་ནི་འདུ་བྱེད་ཀྱི་སྒྲས་བསྟན་ཏོ། །གང་ལས་སྐྱེ་བ་གཞན་འབྱུང་བར་འགྱུར་བ་དེ་ནི་སྲིད་པའི་

སྒྲའོ། །འདས་པའི་ལས་ཀྱང་ཡོད་པ་ཉིད་ཡིན་ཏེ། དེ་ལས་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འབྱུང་བ་ཡིན་གྱི། ལས་ཀྱིས་ཡོངས་སུ་བསྒོས་པའི་སྔོན་གྱི་སྐྱེ་བའི་རྣམ་པར་ཤེས་པའི་རྒྱུན་ལས་ནི་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་དག་ཐམས་ཅད་ཀྱིས་ནུས་པ་མ་ཡིན་ཏེ། གང་ཞིག་ལས་དང་ཉོན་མོངས་
པ་ལས་སྐྱེ་བ་འབྱུང་བར་ཤེས་པ་དེ་ན་དུམ་བུ་གསུམ་བསྟན་པ་མེད་པར་ཡང་སྔོན་གྱི་མཐའ་ལ་སོགས་པ་ལ་མ་རྨོངས་པ་མི་འབྱུང་བ་ཡིན་ན། སྔོན་གྱི་མཐའ་ལ་སོགས་པའི་རྗེས་སུ་འབྲང་བར་ལྟ་ག་ལ་འགྱུར། གལ་ཏེ་ཡང་མ་རིག་པའི་སྒོ་ནས་སྲེད་པ་དང་ལེན་པ་ཡང་བསྟན་པ་ཡིན་ན། བསྟན་བཅོས་འདི་དང་
ཇི་ལྟར་འགལ་བར་མི་འགྱུར་ཏེ། དེའི་ལས་ནི་ཉོན་མོངས་པ་གཅིག་གི་རྐྱེན་གྱིས་ཡིན་ཏེ་འདི་ལྟ་སྟེ་མ་རིག་པའི་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྔོན་གྱི་མཐར་སྲེད་པ་དང་ལེན་པ་ཡང་མ་རིག་པའི་སྒོ་ནས་བསྟན་པ་ཡིན་ན། ཅིའི་ཕྱིར་དབུས་ཀྱི་མཐར་མ་ཡིན། གལ་ཏེ་འདས་པའི་དུས་ལ་
མུན་པའི་རྣམ་པར་གྱུར་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་འདི་གཉིས་ཤིན་ཏུ་རྣམ་པར་ཕྱེ་སྟེ་བརྗོད་པར་བྱ་དགོས་སོ། །འོན་ཏེ་ད་ལྟར་བྱུང་བས་འདས་པ་གྲུབ་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དེ་མི་བསྟན་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་དབུས་ཀྱི་མཐར་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་གསུངས་ལ་
སྔོན་གྱི་མཐར་མ་ཡིན། ལས་གང་གིས་སྐྱེ་བ་བྱས་པ་དེ་ནི་འདི་འདུ་བྱེད་ཡིན་ལ། གང་བྱེད་པར་འགྱུར་བ་དེ་འདུ་བྱེད་མ་ཡིན། གང་ལས་སྐྱེས་པར་གྱུར་པ་དེ་ནི་སྲེད་པ་ཡིན་ལ། གང་ལས་སྐྱེ་བར་འགྱུར་བ་དེ་སྲིད་པ་མ་ཡིན་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད། འདས་པའི་ལས་ཡོད་པ་ཁོ་ནའོ་ཞེས་བྱ་བ་
འདིས་ནི་ཐམས་ཅད་བརྒྱན་ཏོ། །གང་རང་གི་མཚན་ཉིད་ཀྱིས་ཡོད་པ་ཁོ་ན་ཡིན་ན་ཇི་ལྟར་དེ་འདས་པ་ཡིན། མ་འོངས་པ་དེ་ཡང་ཡོད་པ་ཁོ་ནར་འགྱུར་རོ། །འདས་པ་གང་ཡིན་པ་ཡོད་དོ་ཞེས་བྱ་བས་གང་དུ་གང་ལ་ཅི་ཞིག་ནུས་པ་ཡོད་ན་གང་གིས་འདི་ནི་འདིའི་རྐྱེན་ཡིན་ནོ་ཞེས་རྣམ་པར་གཞག་པར་འགྲུབ་
པར་འགྱུར། གང་ཡང་ད་ལྟར་བྱུང་བ་ལ་གནས་སྐབས་གཞན་གཉིས་པོ་བྱེ་བྲག་ཡོད་པ་མ་ཡིན་པ་དང་། དེ་ཉིད་དེ་དང་ལྡན་པ་ཡིན་ན་ཅིའི་ཕྱིར་མ་བྱུང་བ་ལས་བྱུང་བ་དང་། འབྱུང་ནས་མེད་པར་ཡང་མི་འདོད། དེ་བས་ན་ལས་ཡོངས་སུ་བསྒོས་པའི་སྔོན་གྱི་སྐྱེ་བའི་རྣམ་པར་ཤེས་པ་ལས་འདིར་ཉིང་

མཚམས་སྦྱོར་བ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །དེ་ལྟ་ཡིན་ན་ཡང་རྣམ་པར་ཤེས་པ་ད་ལྟར་བྱུང་བའི་ཡན་ལག་ཡིན་པར་ཇི་ལྟར་འགྲུབ་པར་འགྱུར། ཅི་དུམ་བུ་གསུམ་རྣམ་པར་གཞག་པ་མེད་པ་ཁོ་ན་ཡིན་ནམ། ཡོད་པ་ཡིན་ཏེ། གཞན་དུ་ཡིན་ནོ། །ཇི་ལྟར་གཞན་དུ་ཡིན་ཞེ་ན། གང་
གིས་ཇི་ལྟར་གང་འཕངས་པ་དེ་ནི་འཕངས་པའི་དུམ་བུ་གཅིག་པ་ཡིན་ནོ། །གང་གིས་ཇི་ལྟར་གང་མངོན་པར་འགྲུབ་པ་དེ་ནི་མངོན་པར་འགྲུབ་པ་དུམ་བུ་གཉིས་པ་ཡིན་ནོ། །དེ་མངོན་པར་འགྲུབ་ན་ཉེས་དམིགས་གང་ཡིན་པ་དེ་ནི་ཉེས་དམིགས་དུམ་བུ་གསུམ་པ་ཡིན་ནོ། །དུས་གསུམ་དུ་དབྱེ་བ་ཉིད་ཀྱིས་གཞན་དུ་
དུམ་བུ་གསུམ་རྣམ་པར་གཞག་པ་ལས་བརྩམས་པའི་ལུང་ནི་འདི་ལྟ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལས་ཡན་ལག་དུ་ཞིག་འདས་པ་ལགས། བཀའ་སྩལ་པ། གཉིས་ཏེ། མ་རིག་པ་དང་འདུ་བྱེད་དོ། །སྐྱེས་པ་འགགས་པའི་དོན་དང་། སྐྱེ་བ་སྔ་མ་པ་མ་ཡིན་པའི་
དོན་གྱིས་སོ། །མ་འོངས་པའི་དུ་ཞིག །བཀའ་སྩལ་པ། གཉིས་ཏེ། སྐྱེ་བ་དང་རྒ་ཤིའོ། །ཡན་ལག་བཞི་པ་ཅན་གྱི་སྐྱེ་བ་ཉེས་དམིགས་དང་བཅས་པར་མ་ཆད་པར་མངོན་པར་འགྲུབ་པ་འཐོབ་པའི་དོན་གྱིས་དང་། ལན་གྲངས་གཞན་མ་ཡིན་པའི་དོན་གྱིས་སོ། །ད་ལྟར་བྱུང་བ་དུ་ཞིག །
བཀའ་སྩལ་པ། བརྒྱད་དེ་རྣམ་པར་ཤེས་པ་ནི་ནུས་པ་ཡོངས་སུ་འཛིན་པ་ད་ལྟར་བྱུང་བ་ཡིན་པའི་དོན་གྱིས་སོ། །མིང་དང་གཟུགས་ལ་སོགས་པ་ནི་ས་བོན་གྱི་མཚན་ཉིད་ད་ལྟར་བྱུང་བ་ཡིན་པའི་དོན་གྱིས་སོ། །སྲེད་པ་ལ་སོགས་པ་ནི་ལས་བྱེད་པ་ད་ལྟར་བྱུང་བ་ཡིན་པའི་དོན་གྱིས་ཏེ། དེ་ལ་སྲེད་པ་དང་ལེན་
པའི་ཡན་ལག་ནི་སྲིད་པར་བྱེད་པའི་ལས་ཅན་ནོ། །སྲིད་པའི་ཡན་ལག་ནི་སྐྱེ་བའི་གནས་བྱེད་པའི་ལས་ཅན་ནོ། །དེ་ལྟར་ན་དེ་དག་ནི་རིགས་པ་དང་ལུང་ལ་བརྟེན་ནས་བདག་གིས་བསྟན་ཏོ། །བཙུན་པས་སྟོན་པའི་མདོ་སྡེ་ལས་བྱུང་བ་དུས་གསུམ་ལས་མ་རིག་པ་དང་འདུ་བྱེད་ནི་འདས་པའི་དུས་སོ། །རྣམ་པར་ཤེས་
པ་ནས་སྲིད་པའི་བར་དུ་ནི་ད་ལྟར་བྱུང་བའི་དུས་སོ། །སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་དུས་སོ། །ཡང་མདོ་སྡེ་གཞན་ལས་གསུངས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་ཆོས་དེ་དག་ནི་གནས་སྐབས་ལྔར་རིག་པར་བྱ་སྟེ། མ་རིག་པ་དང་འདུ་བྱེད་ནི་བྱེད་པ་པོའི་གནས་སྐབས་སོ། །རྣམ་པར་ཤེས་པ་

དང་མིང་དང་གཟུགས་ནི་མངལ་གྱི་གནས་སྐབས་སོ། །སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་ནི་ཡུལ་ལ་འཇུག་པའི་གནས་སྐབས་སོ། །སྲེད་པ་དང་ལེན་པ་དང་སྲིད་པ་ནི་འབྱུང་བར་བྱེད་པའི་གནས་སྐབས་སོ། །སྐྱེ་བ་དང་རྒ་ཤི་ནི་རྣམ་པར་སྨིན་པའི་གནས་སྐབས་ཡིན་ནོ། །ཡང་ཕལ་དགུ་ནི་མདོ་སྡེ་ལས་རྣམ་པར་ཤེས་པ་
ཟས་ཡིན་ཏེ། མ་འོངས་པ་ན་ཡང་སྲིད་མངོན་པར་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །བདག་འདྲ་བདག་དེ་ལྟ་བུ་ལ་རབ་ཏུ་སྤྲོ་བ་ཡོད་པ་མ་ཡིན་ཏེ། ཉི་ཚེ་བའི་མདོ་སྡེ་བསྡུས་པ་རྣམས་ལེགས་པར་གསུངས་པ་མ་ཡིན་ནོ་སྙམ་སེམས་པར་འགྱུར་བ་འདི་དག་ལ་དགོངས་པ་ཅི་ཡོད་ཅེས་འདི་ལ་འབད་པར་བྱ་
དགོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་རང་གི་དགོངས་པ་ཐ་དད་པ་མཐའ་ཡས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་མོས་པ་དང་། ཁམས་དང་གཉེན་པོ་སྣ་ཚོགས་ལ་ལྟོས་ནས་དེ་འཇུག་པའི་ཕྱིར་རོ། །འདི་བརྗོད་པར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་ཇི་ལྟར་མདོ་
སྡེ་འདི་ལས་འབྱུང་བ་འདི་ཁོ་ན་ལྟ་བུ་ཡིན་ན་ནི་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་ལས་གང་གསུངས་པ། དགེ་སློང་དག་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པའི་རྒྱུ་ཅན་ནི་མ་རིག་པའོ། །མ་རིག་པའི་རྒྱུ་ཅན་ནི་སྲེད་པའོ། །སྲེད་པའི་རྒྱུ་ཅན་ནི་ལས་སོ། །ལས་
ཀྱི་རྒྱུ་ཅན་ནི་མིག་ནས་ཡིད་ཀྱི་བར་དུ་ཡིན་ནོ་ཞེས་འབྱུང་བ་འགལ་བར་འགྱུར་རོ། །འོན་ཏེ་རིམ་པ་དེ་ཁོ་ན་ལྟ་བུ་ཡིན་ན་ནི་མདོ་སྡེའི་འགལ་བར་འགྱུར་རོ་ཞེ་ན་འགལ་བ་མེད་དེ། དེ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །དེར་ནི་སྲེད་པ་དང་ལེན་པ་དག་ཡན་ལག་གཅིག་ཏུ་བྱས་ཏེ་བསྟན་ཏེ། འདོད་
པ་ལ་སོགས་པ་ལ་འདུན་པ་དང་། འདོད་ཆགས་ལ་ནི་སྲེད་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། །སྲིད་པའི་གནས་སྐབས་ཀྱི་ལས་ནི་ལས་སུ་གསུངས་སོ། །སྐྱེ་མཆེད་དྲུག་གི་གནས་སྐབས་ཀྱི་སྐྱེ་བ་ནི་སྐྱེ་མཆེད་དྲུག་ཏུ་གསུངས་ཏེ། དེ་ལྟར་ན་མངོན་པར་འགྲུབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དགོངས་
ནས་དེ་སྐད་གསུངས་ཀྱི། འཕེན་པར་བྱེད་པ་ལ་ནི་མ་ཡིན་ནོ། །མ་རིག་པའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ནི་སྲེད་པ་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཉིད་ལ་དགོངས་ཏེ་གསུངས་སོ། །འདིར་ནི་ཚོར་བའི་བྱེ་བྲག་གིས་སྲེད་པའི་བྱེ་བྲག་བསྟན་པའི་ཕྱིར་ཏེ། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ནི་རྐྱེན་བྱེ་བྲག་ཏུ་

གྱུར་པ་ལ་དགོངས་ཏེ་གསུངས་སོ། །དེར་ཡང་མ་རིག་པའི་རྗེས་སུ་འཇུག་པའི་དོན་གྱིས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་རྐྱེན་ཡིན་པར་གསུངས་ཀྱི་རབ་ཏུ་འཇུག་པ་ནི་མ་ཡིན་ཏེ། དེ་མ་རིག་པ་སྐྱེད་པའི་ཕྱིར་ཏེ། རྨོངས་པ་ཡོད་ན་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཡིན་གྱི། མ་
རྨོངས་པར་མ་ཡིན་ནོ། །དེ་སྐད་དུ་དེ་ཉིད་ལས་མིག་དང་གཟུགས་ལ་བརྟེན་ནས་ལོག་པར་ཡིད་ལ་བྱེད་པ་ནི་རྨོངས་པ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །ཡན་ལག་བཅུ་གཉིས་ལས་ནི་རབ་ཏུ་འཇུག་པ་རྐྱེན་དུ་བསྟན་ཏོ། །དེ་བས་ན་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ནི་མ་རིག་པའི་རྐྱེན་དུ་མ་གསུངས་ཏེ་
སྔར་ཡང་ཤེས་པར་བྱས་ཟིན་ཏོ། །དེ་བས་ན་འགལ་བ་མེད་དོ། །གདུལ་བྱའི་སྐྱེ་བོའི་བྱེ་བྲག་ལ་ལྟོས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དང་། ནག་པོ་དང་དཀར་པོའི་ཕྱོགས་དང་། ཚང་བ་དང་ཡན་ལག་མ་ཚང་བ་ལ་སོགས་པར་འཆད་པ་ཐ་དད་པ་རྟེན་
ཅིང་འབྲེལ་བར་འབྱུང་བ་སྟོན་པའི་མདོ་སྡེ་གཞན་རྣམ་པ་མང་པོ་ལ་བདག་གིས་བརྗོད་པའམ་བརྟག་པར་ལྟ་ག་ལ་ནུས། རྟེན་ཅིང་འབྲེལ་པར་འབྱུང་བའི་བྱེ་བྲག་མ་ལུས་པར་མཁྱེན་པ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་མཁྱེན་པ་མཐར་ཕྱིན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་
ཀྱི་ཡན་ལག་རེ་རེ་ལ་ཡང་རྣམ་པར་ངེས་པ་ཐ་དད་པ་མཐའ་ཡས་པ་དག་བདག་གིས་ག་ལ་རྟོགས། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་འབྱེད་པ་གཉིས་པ་བསྟན་པ་རྫོགས་སོ།། །།དེ་ནས་གཞན་ཡང་གསེབ་ནས་ཕྱོགས་འགའི་རྣམ་པར་ངེས་པ་ཅུང་ཟད་བསྟན་པར་བྱའོ། །མདོ་སྡེའི་དོན་
སྟོན་པ་རྩོམ་པའི་ཚེ་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་ན། བསྟོད་པ་དང་ཚད་ཀྱི་སྒོ་ནས་བྱེད་པ་དེ་ཡང་ཅིའི་ཕྱིར་ཞེ་ན། སྟོན་པ་པོ་དང་བསྟན་པ་དང་སློབ་མའི་ཡོན་ཏན་ཕུན་སུམ་ཚོགས་པ་བརྗོད་པས་མདོ་སྡེ་འདི་ལ་གུས་པའི་བྱེ་བྲག་སྐྱེད་པའི་ཕྱིར་ཏེ། ཁ་ཅིག་དེའི་འཕྲོ་ལུས་པ་དང་དེ་ལ་ཞུགས་པ་དང་།
དེ་འདོར་བ་དག་ཀྱང་ཡོད་པའི་ཕྱིར་རོ། །སངས་རྒྱས་ལ་བསྟོད་པས་ཡོན་ཏན་ཕུན་སུམ་ཚོགས་པ་དུ་ཞིག་བརྗོད་ཅེ་ན། ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །སྤངས་པ་ཕུན་སུམ་ཚོགས་པ་སྟེ། ཉོན་མོངས་པའི་ཕྲ་རྒྱས་ཐམས་ཅད་བག་ཆགས་དང་

བཅས་ཏེ་སྤངས་པའི་ཕྱིར་རོ། །ཐུགས་རྗེ་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་པ་རྣམས་འཁོར་བའི་མི་བདེ་བ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །མི་ཟད་པ་ཕུན་སུམ་ཚོགས་པ་ནི་འཁོར་བའི་མཐར་ཐུག་པར་མངའ་བའི་ཕྱིར་རོ། །འཇིག་པས་ན་འཇིག་རྟེན་ཞེས་བྱ་སྟེ། དེའི་མཐའ་ལས་འདས་
པའོ། །མཚུངས་པ་མེད་པ་ཉིད་ཕུན་སུམ་ཚོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དེ་ལྟར་ལེན་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཆོས་དང་ཟང་ཟིང་གི་སྦྱིན་པས་ནི་གཞན་མཐའ་དག་ལ་ཕན་གདགས་པར་ནུས་པའི་བྱ་བ་ཉིད་དང་། དེ་བྱ་བར་འདོད་པ་ཉིད་དང་། རྟག་པའི་གནས་ཐོབ་པ་ཉིད་
དང་། གཅིག་ཏུ་སྐྱབས་སུ་གྱུར་པ་བརྗོད་པ་ཡིན་ནོ། །ཆོས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པར་བརྗོད་པ་གང་ཞེ་ན། ཆོས་ལ་བསྟོད་པ་འདིར་རྣམ་པ་གསུམ་སྟེ། འབྲས་བུའི་ཆོས་འདི་མྱ་ངན་ལས་འདས་པའོ། །སྒྲུབ་པའི་ཆོས་འདི་ལམ་མོ། །བཤད་པའི་ཆོས་ནི་དེ་འཆད་པའོ། །དེ་དེ་ལ་དང་པོ་ཡོན་
ཏན་ཕུན་སུམ་ཚོགས་པ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ཤིན་ཏུ་ཞི་བའི་ཕྱིར་ཞི་བ་ཉིད་དང་། གནས་པ་ཉིད་དེ་ལས་མི་གཡོས་པའི་ཕྱིར་རོ། །དེ་ལྟར་ན་དེ་ནི་དགེ་བ་ཉིད་དང་། རྟོག་པ་ཉིད་དུ་བརྗོད་པ་ཡིན་ནོ། །གཉིས་པའི་ནི་དེ་འཐོབ་པར་བྱེད་པ་ཉིད་དོ། །གསུམ་པའི་ནི་དེ་དག་གསལ་
བར་བྱེད་པ་ཉིད་དོ། །གསུམ་ཆར་གྱི་ཡང་དེ་ལ་དམིགས་པའི་ཤེས་པ་ནི་འཁོར་བ་དང་མི་མཐུན་པ་ཉིད་ཡིན་ནོ། །དགེ་འདུན་གྱི་ཡོན་ཏན་ཕུན་སུམ་ཚོགས་པར་བརྗོད་པ་གང་ཞེ་ན། མདོར་ན་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པས་བཅིངས་པ་ལས་གྲོལ་བ་ཉིད་དང་། དགེ་
འདུན་གཞན་ལས་ཁྱད་པར་དུ་གྱུར་པ་ཉིད་དོ། །རྒྱས་པར་བྱས་ན་ཡང་མི་སློབ་པའི་དགེ་འདུན་གྱི་ནི་ཡན་ལག་བཅུ་དང་ལྡན་པ་ཉིད་དེ། རིག་པ་དང་ཞབས་སུ་ལྡན་པ་ཉིད་དང་། དེའི་འབྲས་བུ་རྣམ་པར་གྲོལ་བ་ཉིད་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །སློབ་
པའི་དགེ་འདུན་གྱི་ཡན་ལག་བརྒྱད་དང་ལྡན་པ་ཉིད་ཡིན་ཏེ། རིག་པ་དང་ཞབས་སུ་ལྡན་པ་ཡིན་པའི་ཕྱིར་རོ། །གཉིས་ཀའི་ནི་ཡན་ལག་དེའི་གནས་སྐབས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཇི་ལྟར་རིགས་པར་འབྲས་བུ་བཞིའི་ལམ་དང་། ལམ་བཞིའི་འབྲས་བུའི་སྒོ་ནས་ཕུན་སུམ་ཚོགས་པ་བརྒྱད་དོ། །

ཅིའི་ཕྱིར་འདི་བཤད་ཅེ་ན། མདོ་སྡེ་མང་པོ་བཤད་པའི་དགོས་པ་ནི་ཡང་དག་པར་བསྟན་པ་དང་། གདམས་པ་དང་། གཟེངས་བསྟོད་པ་དང་ཡང་དག་པར་དགའ་བར་བྱ་སྟེ། གདུལ་བྱ་ཀུན་དུ་རྨོངས་པ་དང་། །བག་མེད་པ་དང་ཀུན་ཏུ་ཞུམ་པ་དང་། ཡང་དག་པར་ཞུགས་པ་རྣམས་ལས་
གཉིས་སམ་གསུམ་མམ་བཞིའི་བྱེ་བྲག་ཐ་དད་པའི་ཕྱིར་ཏེ། གཅིག་པུ་ཡང་དོན་ཁ་ཅིག་ལ་ཀུན་དུ་རྨོངས་པ་ནས་ཁ་ཅིག་ལ་ཡང་དག་པར་ཞུགས་པའི་བར་དུ་འགྱུར་རོ། །འདི་ལྟར་མདོ་སྡེ་གཞན་ལས་བཅོམ་ལྡན་འདས་ཀྱིས་གང་ཟག་དེ་དང་དེའི་ཆེད་དུ་སྟོན་པར་མཛད་འདོམས་པར་མཛད་གཟེངས་
བསྟོད་པར་མཛད་ཡང་དག་པར་དགའ་བར་མཛད་ཅེས་གསུངས་སོ། །དེ་ལ་དགོས་པའི་དགོས་པ་ཡང་མང་སྟེ། ཡིད་འབྱུང་བར་བྱ་བའམ། རབ་ཏུ་དང་བར་བྱ་བའམ། སེར་སྣ་ལ་སོགས་པའི་ཉེས་པ་བཟློག་པའམ། དེའི་གཉེན་པོ་ཡོན་ཏན་གྱི་ཁྱད་པར་སྒྲུབ་པའམ། དེའི་རྗེས་སུ་འཇུག་པ་སྟེ་
དེ་ལ་སོགས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་འདི་ལ་ཁ་ཅིག་རྒོལ་བར་བྱེད་པ་པོ་མཐུན་པ་ཅན་གྱི་བྱ་བ་བྱེད་པ་གཉིས་ལས་བྱ་བ་བྱེད་པ་སྔ་མ་ལ་སྟེ་ཞེས་བྱ་བ་ཡོད་པ་མཐོང་སྟེ། དཔེར་ན་ལངས་ཏེ་འགྲོ་བ་དང་འདུག་སྟེ་ཟ་བ་ལྟ་བུའོ། །གང་སྔར་རྟེན་ཏེ་ཕྱིས་སྐྱེ་བར་འགྱུར་བ་སྐྱེ་བའི་སྔ་
རོལ་ན་དེ་ཡོད་པ་མ་ཡིན་ནོ། །དེ་བས་རྟེན་ཏེ་འབྲེལ་པར་འབྱུང་བ་ཞེས་བྱ་བ་འདི་ནི་སྦྱོར་བ་ལེགས་པ་མ་ཡིན་ནོ་ཞེའོ། །དེ་ལ་གཞན་དག་ལན་འདེབས་པ་འདི་ལ་སྟེ་ཞེས་བྱ་བ་ཡོད་པ་མ་ཡིན་པར་རིག་པར་བྱ་སྟེ། རྟེན་ཏེ་འབྲེལ་པར་འབྱུང་བ་ཞེས་བྱ་བ། པྲ་ཏཱི་ཏྱ་ས་མུཏྤཱ་ད་ལ་པྲ་ཞེས་བྱ་བ་ནི་མང་བའི་དོན་
ཏོ། །ཨི་ཏྱ་ཞེས་བྱ་བ་ནི་གང་འཇིག་པ་ཞིག་པར་འགྱུར་བ་སྐྱེས་པ་མི་གནས་པ་རྣམ་པར་འཇིག་པ་ཞེས་བྱ་བའི་དོན་ཏོ། །སམ་ཞེས་བྱ་བ་ནི་འདུ་བའི་དོན་ཏོ། །འདི་སྐད་བསྟན་ཏེ། རྒྱུ་དེ་དང་དེ་དག་ཚོགས་པ་དང་འཇིག་པ་རྣམས་འདུ་བའི་ཚུལ་གྱིས་སྐྱེ་བ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཞེས་བྱའོ། །དེའི་ནི་དེ་དག་
ལན་དུ་རུང་ན་མིག་དང་གཟུགས་ལ་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་འདི་ནི་མི་རུང་ངོ་། །གཞན་དག་ན་རེ་རྟེན་ཏེ་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་སྟེ་ཞེས་བྱ་བ་ཡོད་པ་འདི་ནི་ཕ་རོལ་དང་ཚུ་རོལ་སྦྱོར་བ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་ཆུ་བརྒལ་ཏེ་རི་ཡོད་པ་དང་། དབྱར་འདས་ཏེ་

སྟོན་བྱུང་བ་ལྟ་བུ་ཡིན་པས་དེ་དག་གིས་མིག་དང་གཟུགས་ལ་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་པ་འདི་ཡང་ཕ་རོལ་དང་ཚུ་རོལ་སྦྱོར་བ་ཙམ་ཡིན་པར་མངོན་གྱི། རྒྱུ་དང་འབྲས་བུའི་དངོས་པོ་ནི་མ་ཡིན་ནོ་ཞེས་ཟེར་ན། མིག་གི་རྣམ་པར་ཤེས་པའི་རྐྱེན་དང་དམིགས་པ་འདས་པ་ཡིན་པར་ཐལ་
བར་འགྱུར་རོ། །དེ་ལ་ཡང་འདུས་པ་བརྟག་པ་ལས་སྐྱོན་བསྟན་ཟིན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་བྱེ་བྲག་མེད་པར་བསྟན་པ་ལ་ཕ་རོལ་ཉིད་གང་ལ་རྟེན་ཏེ་འབྲེལ་པར་འབྱུང་བ་བཅོམ་ལྡན་འདས་ཀྱིས་བསྟན། དེ་བས་ན་འདི་ཡང་ལེན་དུ་མི་རུང་ངོ་། །ཏེ་ཞེས་བྱ་བ་ཡོད་པ་ནི་རྒྱུའི་དོན་ལ་
མཐོང་ངོ་ཞེས་སྔར་བསྟན་ཟིན་ཏོ། །བྱེད་པ་པོ་མི་མཐུན་པ་ལ་ཡང་མཐོང་སྟེ། འཇིག་རྟེན་ན་མར་འཐུངས་ཏེ་སྟོབས་ཡོད་དོ་ཞེས་བྱ་བ་དང་། སེང་གེ་མཐོང་སྟེ་འཇིགས་སོ་ཞེས་བྱ་བ་དང་། བྷ་ར་ཏ་ལས་ཀྱང་འདྲོ་ནའི་བུ་ངོ་མཚར་ཆེར་འགྱུར་བའི་བྲོས་པ་མཐོང་སྟེ། ཤིན་ཏུ་མིའི་ལས་ཀྱིས་ཡིན་ནོ་ཞེས་ཁྱོད་ང་ལ་
འཇིགས་པ་ཆེན་པོ་བྱུང་ངོ་ཞེས་བྱ་བ་ལྟ་བུའོ། །སྒྲ་ལ་འཆེལ་བ་ཁ་ཅིག་དག་ན་རེ་བྱེད་པ་པོ་མི་མཐུན་པ་ལ་སྟེའི་དོན་ཡོད་པ་ནི་རྒྱུའི་དོན་ཡིན་པར་སྔོན་གྱི་སློབ་དཔོན་དག་སྨྲ་བ་བྱ་ཊཱི་སོའུ་ན་ག་ལ་སོགས་པ་ལྟ་བུའོ་ཞེས་ཟེར་རོ། །དུས་མཐུན་པར་བྱ་བ་བྱེད་པ་ལ་ཡང་མཐོང་སྟེ། ཁ་གདངས་ཏེ་ཉལ་བ་
དང་། མིག་ཟློག་སྟེ་ཉལ་བ་ལྟ་བུའོ། །འདི་ཅི་ཞེ་ན། ཁ་གདངས་པའམ་མིག་ཟློག་སྟེ་དུས་ཕྱིས་ཉལ་བ་མ་ཡིན་ནོ། །སྔར་ཁ་གདངས་སམ། མིག་ཟློག་སྟེ་ཕྱིས་ཉལ་བ་དེ་ལྟར་ནི་འདིར་དོན་འདི་རྟོགས་པར་བྱ་བ་མ་ཡིན་གྱི། འོན་ཀྱང་གཉིད་ལོག་པ་ཉིད་ཁ་གདངས་པ་དང་མིག་ཟློག་པར་རྟོགས་པར་
བྱའོ། །དུས་ཕྱིས་བྱ་བ་བྱེད་པ་ལ་ཡང་མཐོང་སྟེ་རྔའི་བྱེད་པ་ལ་བརྟེན་ཏེ་དབྱུ་གུ་རྡེག་པ་ལྟ་བུ་སྟེ། རྔ་ནི་སྔར་བྱེད་ལ་ཕྱིས་དབྱུ་གུ་རྡེག་པ་ནི་མ་ཡིན་ནོ། །དུས་མཉམ་པ་ཡང་མ་ཡིན་ཏེ། སྒྲ་ནི་བརྡབས་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་ནི་ཕ་རོལ་དང་ཚུ་རོལ་བ་ཞེས་ཟེར་བ་པ་ཎི་ནི་བདག་ཀྱང་འདོད་པ་མ་
ཡིན་ནོ། །ཀྱང་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན་འཇིག་རྟེན་དང་། བྷ་ར་ཏ་དང་སྒྲ་ལ་འཆེལ་བ་བྱ་ཊཱི་སོའུ་ན་ག་ལ་སོགས་པས་ཀྱང་བསྟན་བཅོས་འདིའི་རྗེས་སུ་འཇུག་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་དག་གིས་ཀྱང་ངེས་པ་ཁོ་ནར་འདི་འདོད་པར་བྱ་དགོས་སོ། །འཇིག་རྟེན་པ་ཡང་ཐ་སྙད་བྱེད་པའི་ཚེ་

སངས་རྒྱས་པའི་རྗེས་སུ་འཇུག་པ་ཡིན་གྱི། རིག་བྱེད་པ་དག་གི་ཡང་མ་ཡིན་ན་རིག་བྱེད་ཀྱི་ཡན་ལག་དང་། བྱཱ་ཀ་ར་ཎ་པ་དག་གི་ལྟ་ག་ལ་ཡིན། སངས་རྒྱས་རྣམས་ནི་དེ་ལ་གནས་པར་མི་བྱེད་དེ། བསྙེམས་པ་དག་གིས་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྒྲའི་ཚུལ་
བཀོད་པ་དེ་དག་ཀྱང་སངས་རྒྱས་ཀྱི་རྗེས་སུ་འཇུག་པར་བྱ་དགོས་པར་འགྱུར་རོ། །རེ་ཞིག་སྒྲ་ལ་འཆེལ་བ་དེ་དག་ལ་འདི་འདྲི་བར་བྱ་སྟེ། ཆོས་ཀྱི་གནས་སྐབས་སྐྱེ་བ་ཅི་བདག་ཉིད་ཐོབ་པའམ་འོན་ཏེ་མ་ཐོབ་པ་ཡིན། གལ་ཏེ་བདག་ཉིད་ཐོབ་པ་ཡིན་ན་དེ་སྐྱེས་པ་ཁོ་ན་ཡིན་པའི་ཕྱིར་ཅི་ཞིག་བྱ་བ་བྱེད་ན་སྐྱེ་བ་
ཡིན་ནོ་ཞེས་བརྗོད་འོན་ཏེ་བདག་ཉིད་མ་ཐོབ་པ་ཡིན་ན་དེའི་ཚེ་ཡོད་པ་མ་ཡིན་པས་མེད་པ་ཡིན་ན་ཇི་ལྟར་བྱེད་པ་པོ་ཉིད་ཡིན་པར་འགྲུབ། འོན་ཏེ་མེད་པ་ཡང་བྱེད་པ་པོ་ཉིད་ཡིན་པར་བརྟག་པར་བྱ་ན། གང་སྔར་བསྟན་ནས་ཕྱིས་སྐྱེའོ་ཞེས་བྱ་བར་སྐྱེ་བའི་སྔ་རོལ་ན་དེ་ཡོད་པ་མ་ཡིན་ནོ་ཞེས་ཇི་ལྟར་རྩོད་པ་འདི་
བྱེད། འདི་ཡང་འདི་ལ་དྲི་བར་བྱ་སྟེ། འབྱུང་ཞེས་བྱ་བའི་དོན་གང་ཡིན། སྐྱེ་ཞེས་པའི་དོན་ཡིན་ནོ། །སྐྱེ་བ་གང་ཡིན་པ་དེ་ཅི་ཞིག་བྱེད་ན་འདི་ལྟར་བྱེད་པ་པོ་ཞེས་བརྗོད། སྐྱེ་བ་ལ་བྱེད་དོ་ཞེ་ན་ནི། གལ་ཏེ་སྐྱེ་ཞེས་བྱ་བ་སྐྱེ་བཞིན་པའི་བདག་ཉིད་དུ་གྱུར་པ་ཡིན་ན་ནི་ཇི་ལྟར་བདག་ཉིད་ལ་བྱེད་པར་རུང་། འོན་ཏེ་
བདག་ཉིད་དུ་གྱུར་པ་མ་ཡིན་ན་ནི་དེ་ལས་གཞན་དུ་མི་དམིགས་སོ། །བྱེད་ཅེས་བྱ་བའི་དོན་ཡང་འཇིག་རྟེན་ན་རྣམ་པ་མང་དུ་སྣང་སྟེ། བདེ་བ་བྱེད་དོ་ཞེས་བྱ་བ་ནི་སྐྱེད་པར་བྱེད་དོ་ཞེས་བྱ་བར་མངོན་པ་ཡིན་ནོ། །ཨག་ཙོམ་བྱེད་དོ་ཞེས་བྱ་བ་ནི་འཆར་བར་བྱེད་དོ་ཞེས་བྱ་བར་མངོན་པ་ཡིན་ནོ། །རྒྱབ་བྱེད་དོ་ཞེས་བྱ་
བ་ནི་འཚིར་རོ་ཞེས་བྱ་བར་མངོན་པ་ཡིན་ནོ། །བྲན་བྱེད་དོ་ཞེས་བྱ་བ་ནི་བྲན་སྦྱིན་པའི་གསོལ་བ་བྱེད་དོ་ཞེས་བྱ་བར་མངོན་པ་ཡིན་ནོ། །སྐོན་པར་འབྲུ་བར་བྱེད་དོ་ཞེས་བྱ་བ་ནི་འཇོག་པར་བྱེད་དོ་ཞེས་བྱ་བར་མངོན་པ་ཡིན་ནོ། །ཕའི་ཚིག་བྱེད་དོ་ཞེས་བྱ་བ་ནི་དེས་བསྟན་པའི་ཚིག་རྗེས་སུ་སྒྲུབ་པོ་ཞེས་བྱ་བར་མངོན་
པ་ཡིན་ནོ། །གོ་སྐབས་བྱེད་དོ་ཞེས་བྱ་བ་ནི་སྒྲིབ་པ་སེལ་ཏོ་ཞེས་བྱ་བར་མངོན་པ་ཡིན་ནོ། །དེ་བས་ན་སྐྱེ་བ་བྱེད་པ་པོ་བྱེད་དོ་ཞེས་བྱ་བའི་དོན་བརྗོད་པར་བྱ་དགོས་ཏེ། གལ་ཏེ་སྐྱེ་བར་བྱེད་པ་ཡིན་ནོ་ཞེ་ན་ནི་སྐྱེ་བ་དག་ཡང་སྐྱེ་བར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལས་ཀྱང་གཞན་སྐྱེ་བར་ཐལ་བར་འགྱུར་བས་ཐུག་པ་

མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་བྱ་བ་བྱེད་པ་མེད་པར་ཡང་བདག་ཐོབ་པ་ཙམ་ལ་བྱེད་པ་པོ་བཞིན་དུ་སྐྱེ་བར་བྱེད་དོ་ཞེས་བསྟན་ཏོ། །རྐྱེན་ཡོད་པ་ཙམ་ལ་ཡང་རྟེན་ཏེ་ཞེས་བྱ་བ་ཡིན་གྱི། འདི་ལ་བྱ་བ་བྱེད་པ་ནི་གང་ཡང་མེད། བྱེད་པ་པོ་ཡང་གང་ཡང་མེད་ན་འདི་གཉིས་བྱེད་པ་པོ་དང་ལྷན་ཅིག་པ་
ལྟ་ག་ལ་ཡོད། དེ་བས་ན་རྟེན་ཏེ་འབྱུང་ཞེས་བྱ་བའི་སྦྱོར་བ་འདི་ནི་རིགས་པ་ཡིན་ནོ། །འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་བར་མེད་ཅིང་མ་ཆོད་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ཡིན་དང་འདས་པ་ལས་གང་ཡང་སྐྱེ་བ་མེད་པར་བསྟན་པ་ཡིན་ནོ། །གང་ཡང་མདོ་སྡེ་གཞན་ལས་གང་འདིར་ཆོས་ཉིད་དང་། ཆོས་གནས་པ་ཉིད་
དང་། ཆོས་ངེས་པ་ཉིད་ཅེས་རྒྱས་པར་བྱས་ནས་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ་ཞེས་གསུངས་པ་ལ། ཆོས་ཉིད་ཅེས་བྱ་བ་གང་ཞེ་ན། གང་ཆོས་རྣམས་ཀྱི་བདག་ཉིད་ཁོ་ན་ཡིན་ཏེ། འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་ཞེས་བྱ་བ་གང་ཡིན་པའོ། །སྐྱེ་བ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་བདག་ཉིད་ཐོབ་པའོ། །ཆོས་ཉིད་ཇི་ལྟར་
སྐྱེ་བ་ཡིན་ཞེ་ན། ཆོས་དེ་ཆོས་གཞན་ལ་བརྟེན་ནས་བདག་ཉིད་ཐོབ་པའོ། །ད་ལྟར་བྱུང་བའི་དུས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པས་དུས་གསུམ་པའི་ཤེས་པར་བྱ་བའི་ཕྱིར་ཆོས་ཉིད་བསྟན། ཆོས་གནས་པ་ཉིད་གང་ཞེ་ན། ཆོས་ཉིད་དེ་ཉིད་ལ་བྱའོ། །ཅིའི་ཕྱིར་ཞེ་ན། བཅོས་མ་མ་ཡིན་པའི་དོན་གྱིས་ཏེ། ཇི་སྐད་དུ་བཅོམ་ལྡན་
འདས་ཀྱིས་དགེ་སློང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ངས་བྱས་པ་མ་ཡིན་གཞན་གྱིས་ཀྱང་བྱས་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་ཉིད་འདི་ནི་ཡེ་ནས་གནས་པ་སྟེ། ཆོས་གནས་པ་ཉིད་དབྱིངས་ཡིན་ནོ་ཞེས་གསུངས་སོ། །དབྱིངས་ཞེས་བྱ་བ་འདི་ཅི་ཞེ་ན། བྱེ་བྲག་གང་གིས་གཞན་
དག་གཞན་གྱི་རྒྱུར་འགྱུར་བ་ཡིན་ནོ། །ངེས་པའི་ཚིག་ཏུ་ན་འདིས་རྒྱུ་ཉིད་འཛིན་པས་དབྱིངས་ཞེས་བྱའོ། །ཆོས་ཉིད་ངེས་པ་ཉིད་གང་ཞེ་ན། ཆོས་ཉིད་གང་ཡིན་པ་དེ་ཉིད་འཁྲུལ་པ་མེད་པ་གང་ཡིན་པའོ། །དེ་ལྟར་ན་ཆོས་ཉིད་ཀྱི་ཚིག་གཉིས་ཀྱིས་ནི་གཏན་དུ་བ་གང་ཡིན་པ་དང་། གཅིག་ཁོ་ནར་ངེས་པ་ཉིད་གང་ཡིན་པ་
བསྟེན་ཏོ། །དེ་ལས་གཞན་པའི་ཚིག་རྣམས་ནི་རྗེས་སུ་འབྲེལ་པར་འཆད་པ་ཡིན་པར་རིག་པར་བྱའོ། །ཡང་ན་དུམ་བུ་གསུམ་པའོ། །གལ་ཏེ་རིག་པའི་མི་མཐུན་པའི་ཕྱོགས་ཆོས་གཞན་མ་རིག་པ་ཡིན་ན་འདི་ལྟར་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ། ཡི་གེ་འདྲི་བ་དང་བསྟན་བཅོས་དང་། བཟོ་དང་ནད་དང་ནད་གཞི་

དང་། སྨན་ལ་སོགས་པ་དང་སངས་རྒྱས་རྣམས་ཀྱི་ཡུལ་མི་ཤེས་པ་ནི་དགྲ་བཅོམ་པ་རྣམས་ལ་ཡང་དངོས་སུ་ཡོད་པའོ། །དེ་དག་ཅི་ཤེས་པ་དེའི་མི་མཐུན་པའི་ཕྱོགས་ཆོས་གཞན་ཞིག་ཡིན་ནམ། འོན་ཏེ་ཤེས་པ་མེད་པ་ཙམ་ཡིན། ཅི་ཉེས་གལ་ཏེ་ཤེས་པའི་མི་མཐུན་པའི་ཕྱོགས་ཆོས་གཞན་ཞིག་ཡིན་ན། དེ་ཅི་གཅིག་པོ་ཁོ་ན་
ཤེས་པ་དེ་དག་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་ཡིན་ནམ། འོན་ཏེ་ཤེས་པ་སོ་སོའི་གཞན་ཡིན། གལ་ཏེ་གཅིག་ཁོ་ན་ཡིན་ན་ནི་གཅིག་ལ་ཤེས་པ་སྐྱེས་ན་ཐམས་ཅད་ལ་མི་ཤེས་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར། འོན་ཏེ་ཤེས་པ་སོ་སོའི་གཞན་ཡིན་ན་ནི་དེས་ན་སེམས་གཅིག་ལ་མི་ཤེས་པ་མཐའ་མེད་པ་དང་མཚུངས་པར་ལྡན་པར་
འགྲུབ་པར་འགྱུར་རོ། །ལྷན་ཅིག་ཏུ་མ་རིག་པ་དུ་མའི་རྫས་ཡོད་པར་རུང་བ་མ་ཡིན་ཏེ། དཔེར་ན་ཚོར་བ་ལ་སོགས་པའི་རྫས་བཞིན་ནོ། །རྫས་མཐའ་ཡས་པ་དེ་དག་སེམས་ཅན་གྱི་རྒྱུད་ཀྱི་སྐད་ཅིག་མ་གཅིག་ཡིན་པར་ཡང་རིགས་པ་ཡིན་ནོ། །འོན་ཏེ་ཤེས་པའི་དངོས་པོ་མེད་པ་ཙམ་དེ་མི་ཤེས་པ་ཤེས་པ་ཡིན་ན་ནི་མི་ཤེས་པ་ཐམས་ཅད་
ཀྱང་དེ་བཞིན་དུ་ཅིའི་ཕྱིར་མི་འདོད། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་དེ་ཡང་བདག་གིས་མ་ཤེས་ཏེ། དེ་ལྟར་བྱས་སོ་ཞེས་ཡ་ང་བ་མ་སྤངས་པའི་རྒྱུ་ཉིད་ཡིན་པར་ཉེ་བར་བརྟགས་པ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན་ན་ནི་མི་ཤེས་པ་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་ཞོག །ཉོན་མོངས་པ་ཅན་གྱི་མ་རིག་པ་ནི་རིག་པའི་དངོས་པོ་མེད་པ་
ཙམ་མ་ཡིན་པར་དེ་ལྟར་སྔར་ཤེས་པར་བྱས་ཟིན་ཏོ། །གང་དག་ཡང་མི་ཤེས་པ་ཐམས་ཅད་ནི་ཤེས་པའི་མཐུན་པའི་ཕྱོགས་ཆོས་གཞན་ཡིན་ཞེས་སྨྲ་བ་དེ་དག་ནི་མ་རིག་པ་ནི་རྣམ་པ་གཉིས་སུ་སྨྲ་སྟེ། རྟག་ཏུ་ཀུན་དུ་འབྱུང་བར་སྨྲ་བ་དང་ཡིད་ལ་བྱེད་པ་ན་ཀུན་དུ་འབྱུང་བར་སྨྲ་བའོ། །དེ་ལ་དང་པོ་ནི་མི་ཤེས་པ་གཅིག་ཁོ་ན་ཡིན་ཏེ། ཤེས་
བྱ་ཐམས་ཅད་ལ་ཤེས་པའི་མི་མཐུན་པའི་ཕྱོགས་སྐད་ཅིག་རེ་རེ་ལ་འབྱུང་བ་ནི་ཡིན་པར་འཇོག་གོ། །རྐྱེན་གྱི་བྱེ་བྲག་ཉེ་བར་གྱུར་པའི་ཕྱིར་ཡུལ་གང་ལ་ཤེས་པ་སྐྱེས་པ་ན་དེའི་བག་ཆགས་བརྟས་པ་ཡོད་པའི་ཕྱིར་ཇི་ཙམ་དུ་ཤེས་པ་དེ་མེད་པར་མ་གྱུར་གྱི་བར་དུ་དེ་ལས་གཞན་པའི་དངོས་པོ་ལ་ཁྱབ་པར་བྱེད་པའི་མི་ཤེས་པ་
གཞན་གཅིག་ཅིག་འབྱུང་བར་འགྱུར་རོ། །ཤེས་པ་དེ་མེད་པར་གྱུར་ན་ཡང་སྔོན་ཇི་ལྟ་བ་བཞིན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཡུལ་གང་དང་གང་ལ་ཤེས་པ་སྐྱེས་པ་ན་ཇི་སྲིད་དུ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་ཡུལ་དེ་དང་དེ་ལས་གཞན་པའི་ཤེས་བྱ་ལ་ཤེས་པའི་མི་མཐུན་པའི་ཕྱོགས་མི་ཤེས་

པ་གཅིག་འབྱུང་བར་འགྱུར་རོ། །དཔེར་ན་ཁང་མིག་གཅིག་ན་མུན་རུམ་ཡོད་པའི་ནང་དུ་གཟུགས་གཅིག་ཅིག་ཡོད་ན་ཡུལ་དེ་ཐམས་ཅད་ཀྱི་མུན་པ་ནི་རང་གི་ངང་གིས་འགགས་ཏེ། འདུ་བྱེད་ཐམས་ཅད་སྐད་ཅིག་མ་ནི་འཇིག་པ་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་ངོས་གང་དུ་རྩིག་པའི་འོག་གི་བུ་ག་
ནས་སྣང་བ་བྱུང་བ་ནི་ཇི་སྲིད་དུ་སྣང་བ་མེད་པར་མ་གྱུར་གྱི་བར་དུ་དེ་ལས་གཞན་པའི་ཡུལ་ལྷག་མ་དེ་དག་ཉིད་དུ་མུན་པ་འབྱུང་བར་འགྱུར་རོ། །སྣང་བ་ནུབ་ན་ཡང་དུས་མཉམ་དུ་སྔོན་ཇི་ལྟ་བ་དེ་བཞིན་དུ་ཡང་མུན་པ་འབྱུང་བར་འགྱུར་ཏེ་འདི་ནི་དཔེ་ཙམ་དུ་ཟད་དོ། །འོ་ན་ད་མི་ཤེས་པའི་རྫས་གཅིག་པུ་འདི་ཇི་ལྟར་ན་ཉོན་
མོངས་པ་ཅན་ཡིན་ལ། ཉོན་མོངས་པ་མ་ཡིན་པ་ཡང་ཡིན། ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡང་ཡིན་ལ། མཚུངས་པར་མི་ལྡན་པ་ཡང་ཡིན། མི་དགེ་བ་ཡང་ཡིན་ལ། མི་དགེ་བ་མ་ཡིན་པ་ཡང་ཡིན། མཐོང་བས་སྤང་བར་བྱ་བ་ཡང་ཡིན་ལ། དེས་སྤང་བར་བྱ་བ་མ་ཡིན་པ་ཡང་ཡིན་པར་རུང་བར་འགྱུར། ཇི་ལྟར་ཉོན་མོངས་
པ་དེའི་གཉེན་པོ་བདེན་པ་ཤེས་པའི་མི་མཐུན་པའི་ཕྱོགས་སུ་འདུག་པ་ནི་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་འགྱུར་བ་དེ་ལྟར་ཉོན་མོངས་པ་ཡིན་པར་རྣམ་པར་གཞག་སྟེ། སེམས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་དེ་ལས་གཞན་པའི་ཤེས་པའི་མི་མཐུན་པའི་ཕྱོགས་སུ་འདུག་པ་ན་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་མི་འགྱུར་བ་དེ་ལྟར་
ཉོན་མོངས་པ་ཡིན་པར་རྣམ་པར་མི་གཞག་གོ། །དམིགས་པ་གང་ལ་ཉོན་མོངས་པ་སྐྱེ་བའི་ཡུལ་དེ་ལ་ཤེས་པ་འབྱུང་བ་ལ་སྒྲིབ་པའི་དངོས་པོར་འདུག་པ་ནི་ཉོན་མོངས་པ་དང་ཡུལ་མཚུངས་པ་ཡིན་པའི་ཕྱིར་ཉོན་མོངས་པ་མཚུངས་པར་ལྡན་པ་ཡིན་པར་གཞག་གོ། །ཡུལ་དེ་ལས་གཞན་ལ་ཤེས་པའི་སྒྲིབ་པའི་དངོས་པོར་
འདུག་པ་ནི་ཉོན་མོངས་པ་དང་ཡུལ་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་ཉོན་མོངས་པ་དང་མཚུངས་པར་ལྡན་པ་མ་ཡིན་པར་རྣམ་པར་གཞག་གོ། །དགེ་བ་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་མི་དགེ་བ་ཡིན་པར་རྣམ་པར་གཞག་སྟེ། དེའི་གཉེན་པོར་ཤེས་པ་ཐོབ་པར་བྱ་ལ་གུས་པ་བསྐྱེད་པའི་ཕྱིར་རོ། །དེ་ལས་གཞན་པ་
ལ་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་མི་དགེ་བ་ཡིན་པར་རྣམ་པར་མི་གཞག་གོ། །མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར། མཐོང་བས་སྤང་བར་བྱ་བ་ཡིན་ནོ། །བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །བསམ་

པ་ཐ་དད་པའི་དབང་གིས་རྣམ་པར་གཞག་པ་ན་ལོག་པར་རྣམ་པར་གཞག་པ་ཡང་མ་ཡིན་ཏེ། དཔེར་ན་ལུས་དང་ངག་གཡོ་བ་དང་། ཐ་སྙད་གཉིས་བསམ་པའི་དབང་གིས་དགེ་བ་དང་། མི་དགེ་བ་རྣམ་པར་གཞག་པ་བཞིན་ཏེ། སྒོ་དེ་ནས་དེ་ཀུན་ནས་སློང་བར་བྱེད་པའི་སེམས་འཇུག་པ་དང་ལྡོག་པར་
ཀུན་དུ་སྦྱོར་བའི་ཕྱིར་དང་། སངས་རྒྱས་ཀྱི་སྤྲུལ་པ་དག་སོ་སོར་བཤད་ཅིང་། སངས་རྒྱས་ཉིད་ད