Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 115

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
ོ་ཞེས་འབྱུང་བའི་མདོ་སྡེ་གཞན་དང་། དེ་བཞིན་དུ་གཉིས་པོ་འདི་ལ་བརྟེན་ནས་རེག་པའོ་ཞེས་འབྱུང་བ་སྤངས་པར་འགྱུར་རོ། །འོན་ཏེ་རེག་པ་ཁོ་ནར་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་ཡིན་ན་ནི། གཉིས་ལ་
བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་འབྱུང་བའི་མདོ་སྡེ་གཞན་སྤངས་པར་འགྱུར་རོ། །འོན་ཏེ་གཉིས་ཀ་ངེས་པ་ཡིན་ན་ནི་གཉིས་ཀའི་སྐྱོན་དེ་དག་ཁོ་ནར་འགྱུར་རོ། །འོན་ཏེ་མ་ངེས་པ་ཡིན་ན་ནི་བཤད་པ་དོན་མེད་པར་འགྱུར་རོ་ཞེ་ན། དོན་མེད་པར་མི་འགྱུར་ཏེ། གཙོ་བོའི་རྐྱེན་གྱིས་ཆད་པ་
ཡིན་པའི་ཕྱིར་རོ། །གཙོ་བོའི་རྐྱེན་ནི་སྐྱེ་མཆེད་དྲུག་ཡིན་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕྱིར་སྔ་མ་བཞིན་ཏེ། དེ་ཡོད་ན་ངེས་པར་ཡུལ་དང་རྣམ་པར་ཤེས་པ་དེ་གཉིས་ཀྱང་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ལས་མིག་ལ་སོགས་པའི་སྒོ་ནས་རེག་པ་བསྟན་པ་ཡིན་གྱི། གཟུགས་
ལ་སོགས་པའི་སྒོ་ནས་བསྟན་པ་སྟེ་རྔ་སྒྲ་བཞིན་ནོ། །སྒྲིབ་པའི་མདོ་སྡེ་ལས་གཉིས་པོ་འདི་ལ་བརྟེན་ནས་རེག་པ་ཞེས་གསུངས་ཏེ། རྟེན་དང་དམིགས་པ་ཐ་དད་པའི་སྒོ་ནས་རེག་པ་ཐ་དད་པར་རབ་ཏུ་བསྟན་པའི་ཕྱིར་རོ། །རྣམ་པར་ཤེས་པ་དང་བཅས་པའི་ལུས་ཀྱིས་ནི་དེར་ནང་གི་སྐྱེ་མཆེད་
བསྟན་ཏེ། ལུས་སྨོས་པས་ནི་ལྔ་ཆར་སྨོས་པ་ཡིན་ནོ། །འདི་ལྟར་དེ་ལ་བརྟེན་པའི་ཚོར་བ་ནི་ལུས་ཀྱི་ཞེས་སྟོན་པ་བཞིན་ནོ། །ཕྱི་རོལ་གྱི་མིང་དང་གཟུགས་ནི་ཕྱི་ཡིན་ཏེ། གཉིས་པོ་དེ་དག་ཉིད་ཀྱིས་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་རོ། །དེ་ལ་གསུངས་པ་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་གང་གིས་རེག་པའི་

བྱིས་པ་ཐོས་པ་དང་མི་ལྡན་པའི་སོ་སོའི་སྐྱེ་བོ་དག་བདེ་བ་དང་། སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ་ཞེས་འབྱུང་ན། སྐྱེ་མཆེད་དྲུག་དང་གཉིས་དང་རེག་པའི་སྐྱེ་མཆེད་གསུམ་ལ་བྱེ་བྲག་ཅི་ཡོད་ཅེ་ན། བྱེ་བྲག་ཅི་ཡང་མེད་དེ་དགོངས་པ་གང་གིས་བཤད་པ་དེ་དག་བདག་གིས་སྨྲས་ཟིན་ཏོ། །
མིང་དང་གཟུགས་ཀྱི་གནས་སྐབས་ན་རེག་པའམ་ཚོར་བ་ཡོད་པ་མ་ཡིན་ནམ། ཅི་གང་གི་ཕྱིར་སྐྱེ་མཆེད་དྲུག་གི་འོག་ཏུ་རྣམ་པར་གཞག་ཅེ་ན། མེད་པ་ནི་མ་ཡིན་ནོ། །ཇི་ལྟར་ལུས་དང་ཡིད་ཀྱི་སྐྱེ་མཆེད་གཉིས་དེའི་ཚེ་ཡོངས་སུ་རྫོགས་པའི་ཕྱིར་ཡན་ལག་གཞན་དུ་རྣམ་པར་མ་གཞག་པ་ལྟར་རེག་པ་དང་།
ཚོར་བ་ཡང་དེ་བཞིན་ནོ། །གལ་ཏེ་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཡིན་ན། རྒྱུ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་ཅིའི་ཕྱིར་མིང་དང་གཟུགས་རྐྱེན་དུ་གསུངས་ཤེ་ན། དེར་ནི་ཐོགས་པ་དང་ཚིག་བླ་དགས་འདུས་ཏེ་རེག་པ་གཉིས་བརྗོད་པར་བཞེད་པའི་ཕྱིར་རོ། །དེ་ལས་སྐྱེ་མཆེད་རྐྱེན་
ཉིད་ཡིན་པ་ཡང་བསྟན་ཟིན་ཏེ། མིག་གི་འདུས་ཏེ་རེག་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འོན་ཏེ་ཡང་གསུམ་འདུས་པ་ལས་རེག་པ་ཞེས་གསུངས་ན་འདུས་པ་ཞེས་བྱ་བ་དེ་ཅི་ཡིན། ཚོགས་ཡིན་ནོ་ཞེ་ན་ཡང་ཇི་ལྟར་དེ་དག་ཚོགས་པ་ཡིན། གལ་ཏེ་ལྷན་ཅིག་འབྱུང་བའི་ཕྱིར་རོ་ཞེ་ན་
ནི། དབང་པོ་དང་དོན་རྣམ་པར་ཤེས་པའི་རྒྱུ་མ་ཡིན་པར་འགྱུར་ཏེ། རྣམ་པར་ཤེས་པ་སྐྱེས་ཟིན་ན་ནི་དེ་གཉིས་ནུས་པ་དང་མི་ལྡན་པའི་ཕྱིར་རོ། །མ་སྐྱེས་པ་ཡིན་ན་ཡང་མེད་པའི་ཕྱིར་རོ། །གཅིག་ལ་གཅིག་རྒྱུ་ཉིད་ཡིན་ན་ཡང་། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་འབྱུང་
བའི་མདོ་སྡེ་དང་གཉིས་ཀ་ཡང་འགལ་བར་འགྱུར་རོ། །དྲུག་པའི་གསུམ་ཡང་དུས་ཐ་དད་པ་ཡིན་པའི་ཕྱིར་ཇི་ལྟར་ཚོགས་པ་ཡིན། ཚོགས་པ་ཞེས་བྱ་བ་ནི་ལྷན་ཅིག་ཏུ་འཇུག་པ་ཡིན་ནོ། །འོན་ཏེ་སྔར་སྐྱེས་པའི་དབང་པོ་དང་དོན་གཉིས་རྣམ་པར་ཤེས་པའི་ཚེ་གནས་པའི་ཕྱིར་གསུམ་ཚོགས་
པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་དབང་པོ་དང་དོན་གཉིས་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །དྲུག་པ་གསུམ་ལ་ཡང་རྣམ་པར་ཤེས་པ་གཉིས་ལྷན་ཅིག་ཚོགས་པ་ཡིན་པར་འགྱུར་རོ། །རྒྱུ་དང་འབྲས་བུའི་དངོས་པོར་གསུམ་ཚོགས་པ་ཡིན་ནོ་ཞེ་ན་ཡང་། ལྔའི་གསུམ་དག་ལྷན་

ཅིག་ཏུ་འབྱུང་བའི་ཕྱིར་དབང་པོ་དང་དོན་དང་། རྣམ་པར་ཤེས་པ་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་མི་རིགས་ཏེ་སྔ་མ་བཞིན་ནོ། །རིམ་གྱིས་བྱུང་བ་ཡིན་ན་ནི། ཐོག་མར་དབང་པོ་དང་དོན་གཉིས་དེ་ནས་རྣམ་པར་ཤེས་པ་དེ་ནས་རེག་པ་ཡིན་པས་རྣམ་པར་ཤེས་པ་ཁོ་ན་
རེག་པའི་རྒྱུའི་དངོས་པོར་འཐད་པ་ཡིན་གྱི། དབང་པོ་དང་དོན་གཉིས་མ་ཡིན་ཏེ། རྣམ་པར་ཤེས་པའི་དུས་ན་དེ་དག་མེད་པའི་ཕྱིར་རོ། །གསུམ་འདུས་པ་ལས་རེག་པ་འགྲུབ་པར་མི་འགྱུར་ཏེ། གཅིག་ཁོ་ན་དེ་ལ་ནུས་པ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་དང་རེག་པ་ལྷན་ཅིག་བྱུང་བ་ཡིན་ནོ་ཞེ་
ན་ཡང་རྣམ་པར་ཤེས་པ་ནི་རེག་པའི་རྒྱུ་ཡིན་པར་མི་འགྱུར་ཏེ། ཇི་སྐད་དུ་སྔར་བསྟན་པ་ཡིན་ནོ། །དེ་ལྟར་ན་ཡང་གསུམ་འདུས་པ་ལས་རེག་པ་འགྲུབ་པར་མི་འགྱུར་ཏེ། གཉིས་ཁོ་ན་དེ་ལ་ནུས་པ་ཡིན་པའི་ཕྱིར་རོ། །གང་དག་ཡང་གསུམ་འདུས་པ་ཁོ་ན་རེག་པ་ཡིན་ཏེ། ལྷན་ཅིག་འབྱུང་
བ་རྒྱུར་མི་འདོད་པ་དེའི་ཡང་དབང་པོ་དང་དོན་གཉིས་རྣམ་པར་ཤེས་པའི་ཚེ་འཕགས་པའི་ཕྱིར་ཚོར་བ་སྐྱེ་བའི་རྒྱུའི་དངོས་པོར་རིགས་པ་མ་ཡིན་པས་རེག་པའི་རྐྱེན་གྱིས་ཚོར་བ་འགྲུབ་པར་མི་འགྱུར་ཏེ། དེ་དག་གི་གསུམ་པོ་རྒྱུ་དང་འབྲས་བུར་གྱུར་པ་ནི་རེག་པ་ཡིན་གྱི་རྣམ་པར་ཤེས་
པ་འབའ་ཞིག་ནི་མ་ཡིན་པས་སོ། །དེ་བས་ན་ཚོགས་པ་ནི་འདུས་པ་ཡིན་པར་རིགས་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་ཡང་མ་ཡིན་པར་བརྗོད་པར་བྱའོ། །འདུས་པའི་དོན་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཁོ་ན་ཡིན་ལ། གསུམ་འདུས་པ་ཡང་ལྷན་ཅིག་པའམ། རིམ་གྱིས་དྲུག་པོའི་
གསུམ་རྣམས་ཇི་ལྟར་རེགས་པར་འབྱུང་བ་ཡིན་ན་ལྷན་ཅིག་འབྱུང་བ་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ། གཅིག་ལ་གཅིག་རྒྱུ་ཉིད་ཀྱང་མ་ཡིན་ཏེ། ཇི་ལྟར་གྲིབ་མ་དང་མྱུ་གུ་བཞིན་ནོ། །རིམ་གྱིས་བྱུང་བ་ཡང་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ཡིན། འབྲས་བུའི་དུས་ན་རྒྱུ་ཡོད་པ་མ་
ཡིན་ནོ་ཞེ་ན། ཇི་ལྟར་ས་བོན་དང་མྱུ་གུ་བཞིན་ནོ། །དེ་འགག་པ་དང་སྐྱེ་བ་གཉིས་དུས་མཚུངས་པ་ཡིན་པའི་ཕྱིར་ཏེ། སྲང་མདའི་མཐོན་དམན་བཞིན་ནོ། །དངོས་པོ་མེད་པ་སྔོན་དུ་སོང་བའི་འབྲས་བུ་ཡིན་པར་ཇི་ལྟར་མི་འགྱུར་ཞེ་ན། ཇི་ལྟར་རྒྱུ་མེད་པ་དེ་དང་འབྲས་བུ་དུས་མཉམ་པའི་ཕྱིར།

རེ་ཞིག་ཡིད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུའི་དངོས་པོ་ཡིན་པར་རིགས་ཏེ། ས་བོན་དང་མྱུ་གུ་བཞིན་ཡིན་ནོ། །གང་འདས་ནས་ཡུན་རིང་དུ་ལོན་པའམ། མ་འོངས་པའི་ཆོས་རྣམས་ལ་ཡིད་གཞན་དག་ཇི་ལྟར་རྒྱུའི་དང་པོར་འགྱུར་ཞེ་ན། དེའི་དབང་གིས་དེ་སྐྱེ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་
ཆོས་རྣམས་དེའི་དམིགས་པ་ཙམ་ཡིན་པར་འགྱུར་ཏེ། གལ་ཏེ་སྐྱེས་ལ་འགགས་པ་དང་ཕྱིས་འབྱུང་བར་འགྱུར་བ་དག་འབྱུང་བར་འགྱུར་བའི་རྐྱེན་རྙེད་པ་ཡོད་པ་མ་ཡིན་ན། དེ་དག་ལ་རྣམ་པར་ཤེས་པ་འདི་སྐྱེ་བར་མི་འགྱུར་རོ། །རྣལ་འབྱོར་པ་རྣམས་ཏིང་ངེ་འཛིན་གྱི་མཐུའི་བྱེ་བྲག་གིས་ས་གཞན་དག་
གི་དེ་ལས་སྐྱེས་པའི་རྣམ་པར་ཤེས་པས་བསྒོས་པའི་རྒྱུད་ཡོངས་སུ་འགྱུར་བའི་བྱེ་བྲག་ཅན་གྱིས་འདས་པ་རྣམས་དྲན་པའམ། མ་འོངས་པ་ལ་རྗེས་སུ་དཔོག་པ་དང་། མངོན་པར་འདོད་པ་སྔོན་མྱོང་བའི་རྗེས་སུ་དེ་དང་རིགས་གཅིག་པའི་རྗེས་སུ་དཔོག་པར་བྱེད་པ་དང་། མངོན་པར་འདོད་པས་ཀྱང་
སྔོན་དུ་མ་བྱས་ན། འདས་པ་དང་། མ་འོངས་པ་ལ་ཤེས་པ་སྐྱེ་བར་མི་འགྱུར་རོ། །འཇིག་རྟེན་ན་ཡང་དེའི་དབང་གིས་སྐྱེ་བ་མེད་པར་ཡང་རྒྱུ་ཡིན་པར་ཡང་སྒྲོགས་སོ། །རྒྱུ་ཅི་ཡིན་ཞེ་ན། གལ་ཏེ་ང་ཕྱུག་པོའི་བུ་ཡིན་ན་ཅིའི་ཕྱིར་སྤྲང་པོ་བྱེད། སྨྲས་པ་པ་ཤི་བ་རྒྱུ་ཡིན་ནོ་ཞེའོ། །དེ་སྤང་བ་ལ་ནི་དེ་
ཤི་བས་ནུས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །འདི་ལ་བསམ་པ་ཅི་ཡོད་ཅེ་ན། གལ་ཏེ་དེའི་ཕ་ཤི་བ་མ་ཡིན་ན་དེ་དག་དེ་འདྲ་བའི་གནས་སྐབས་སུ་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འདུས་པའི་རྣམ་པར་ངེས་པ་ནི་ཕྱིས་ཀྱང་བྱའོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །རྟེན་ཅིང་
འབྲེལ་པར་འབྱུང་བ་བཤད་པ་ལས་རེག་པ་རབ་ཏུ་དབྱེ་བ་རྫོགས་སོ།། །།རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བའི་ཚོར་བ་གང་ཞེ་ན། ཚོར་བ་རྣམ་པ་གསུམ་པ་སྟེ་ཞེས་རྒྱས་པར་འབྱུང་བ་དེ་དག་གིས་ནི་ཚོར་བའི་རབ་ཏུ་དབྱེ་བ་སྟོན་ཏོ། །བདེ་བའི་ཚོར་བ་གང་ཞེ་ན། གང་སྐྱེས་ན་མི་འབྲལ་བར་འདོད་
པ་འབྱུང་བའོ། །སྡུག་བསྔལ་གང་ཞེ་ན། གང་སྐྱེས་ན་བྲལ་བར་འདོད་པ་འབྱུང་བའོ། །སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་གང་ཞེ་ན། གང་སྐྱེས་ན་གཉིས་ཀ་མི་འབྱུང་བའོ། །འདིར་ཚིགས་སུ་བཅད་པ། གང་སྐྱེས་པ་ན་འབྲལ་མི་འདོད། །འབྲལ་བར་འདོད་དང་གཉིས་མིན་གྱི། །

རྒྱུ་གང་ཚོར་བར་ཤེས་བྱ་སྟེ། །དེ་ནི་བདེ་སོགས་གོ་རིམས་བཞིན། །ཞེས་བྱ་བ་ཡིན་ནོ། །འོ་ན་གང་སྡོམ་བརྩོན་རྣམས་མི་འདོད་བཞིན་དུ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་ནས་འདོད་ཆགས་ལས་སྐྱེས་པའི་བདེ་བ་འབྱུང་བ་ལ་འབྲལ་བར་འདོད་པ་གང་ཡིན་པ་འབྱུང་ངོ་ཞེ་ན། དེ་
ནི་དེ་ལས་སྐྱེས་པ་མ་ཡིན་ནོ། །འོ་ན་ཅི་ལས་ཤེ་ན། དེའི་བདེ་བ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་བར་དུ་གཅོད་པ་ཉིད་དུ་མཐོང་ནས་དེ་སུན་འབྱིན་པ་ལས་སོ། །གལ་ཏེ་ཚོར་བ་གསུམ་ཡིན་ན། མདོ་སྡེ་གཞན་ལས་བཅོམ་ལྡན་འདས་ཀྱིས་གང་ཅི་ཚོར་ཡང་རུང་སྟེ་དེ་ནི་འདིར་སྡུག་བསྔལ་བའོ་
ཞེས་གསུངས་པ་གང་ཡིན་པ་དེ་ལ་དགོངས་པ་གང་ཞེ་ན། མདོ་སྡེ་གཞན་ལས་གང་ཅི་ཚོར་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བ་འདི་ནི་ཀུན་དགའ་བོ་ངས་འདུ་བྱེད་མི་རྟག་པ་ཉིད་དང་། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་དགོངས་པ་ལུང་བསྟན་ཏོ། །དེ་ཡང་ཚོར་
བ་གཉིས་ལ་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བ་མེད་པས་ན། དགོངས་པ་ཅན་གྱི་སྡུག་བསྔལ་བ་ཉིད་ཡིན་པར་བསྟན་ཏོ། །འཕགས་པ་ཤཱ་རིའི་བུས་ཀྱང་ཚེ་དང་ལྡན་པ་ཚོར་བ་ནི་གསུམ་པོ་འདི་དག་སྟེ། མི་རྟག་པའི་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་
ཡིན་པའོ་ཞེས་གསུངས་ཏེ། གང་མི་རྟག་པ་དེ་སྡུག་བསྔལ་བའོ་ཞེས་རྟོགས་ན། ཚོར་བ་གཞལ་དུ་མེད་པ་དག་ལ་ཡང་དགའ་བ་དེ་གནས་པར་མི་འགྱུར་རོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡོངས་སུ་འགྱུར་བ་ཉིད་གསུངས་ཀྱི། འཕགས་པ་ཤཱ་རིའི་བུས་མ་ཡིན་ཞེ་ན། བཅོམ་ལྡན་
འདས་ཀྱིས་ནི་སྡུག་བསྔལ་རྣམ་པ་གསུམ་བསྟན་པ་ཡིན་ལ། འཕགས་པ་ཤཱ་རིའི་བུས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་ཏེ། དེ་ཁྱབ་པ་ཡིན་པའི་ཕྱིར་རོ། །གལ་ཏེ་གང་མི་རྟག་པ་དེ་སྡུག་བསྔལ་བ་ཡིན་ན་ནི་ལམ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་
དགོངས་ཏེ་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། འདུན་པ་དང་འདོད་ཆགས་ཀྱི་དངོས་པོ་གང་ཡིན་པ་དེ་ཉིད་ལ་མི་རྟག་པའི་འདུ་ཤེས་ཀྱིས་ནི་མི་མཐུན་པའི་འདུ་ཤེས་འདྲེན་པར་བྱའོ། །མི་མཐུན་པ་སྡུག་བསྔལ་བ་དེ་ལ་དགོངས་ནས་གང་མི་རྟག་པ་དེ་སྡུག་བསྔལ་བའོ་ཞེས་བསྟན་ཏོ། །དེ་བས་

ན་ལམ་ལ་ཐལ་བར་འགྱུར་བ་མེད་དོ། །འཕགས་པ་ཤཱ་རིའི་བུས་ཀྱང་དངོས་པོ་གང་དགའ་བའི་ཡུལ་དེ་མི་རྟག་པ་ཉིད་དུ་མཐོང་ན་མི་མཐུན་པར་འགྱུར་རོ། །དེ་བས་ན་གང་མི་རྟག་པ་དེ་སྡུག་བསྔལ་བའོ་ཞེས་རིག་ན་བདག་གི་བ་ནི་དེར་ཕྲ་རྒྱས་སུ་གནས་པར་མི་འགྱུར་རོ་ཞེས་བསྟན་ཏོ། །སྡུག་བསྔལ་ལ་སོགས་
པའི་ཚོར་བའི་གནས་སུ་གྱུར་པའི་དངོས་པོ་གང་ཡིན་པ་དེ་ནི་སྐྱེ་བ་དང་འཇིག་པ་གཉིས་དང་རྗེས་སུ་འབྲེལ་བའི་ཕྱིར་གོ་རིམས་བཞིན་དུ་མི་མཐུན་པ་ཡིན་ཏེ། དེ་ནི་ལུང་ལས་གང་མི་རྟག་པ་དེ་སྡུག་བསྔལ་བའོ་ཞེས་བསྟན་ཏོ། །ལམ་ནི་འདི་ལྟ་བུ་མ་ཡིན་པས་ལམ་ལ་ཐལ་བར་འགྱུར་བ་མེད་དོ། །གཞན་
དག་ན་རེ་ཚོར་བ་གསུམ་བསྟན་པ་དགོངས་པ་ཅན་ཡིན་གྱི་སྡུག་བསྔལ་ཉིད་ནི་ཚོར་བ་གཅིག་ཁོ་ན་ཡིན་ནོ་ཞེ་ན། དེ་ནི་འདི་ལ་ལོག་པར་བརྟགས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཉིད་ཡིན་པ་ནི་དགོངས་ཏེ་བཀའ་སྩལ་པ་ཡིན་ཏེ། ཀུན་དགའ་བོ་ངས་འདུ་བྱེད་མི་རྟག་པ་
ཉིད་དང་། འདུ་བྱེད་ཡོངས་སུ་འགྱུར་བ་ཉིད་ལ་དགོངས་ནས་བཀའ་སྩལ་པ། གང་ཅི་ཚོར་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཚོར་བ་གསུམ་བསྟན་པ་དགོངས་པ་ཅན་ཡིན་ན་ནི་ངས་འདི་ལ་དགོངས་ནས། ཚོར་བ་གསུམ་བཤད་དོ་ཞེས་གསུངས་པར་འགྱུར་
བའི་རིགས་སོ། །རེ་ཞིག་ཚོར་བ་གསུམ་བསྟན་པ་དགོངས་པ་ཅན་ཡིན་པར་བརྟགས་པ་གང་ཞེ་ན། སྡུག་བསྔལ་ཆུང་བའི་ཚོར་བ་ནི་བདེ་བ་ཞེས་བྱའོ། །ཆེན་པོ་ནི་སྡུག་བསྔལ་ཞེས་བྱའོ། །བར་མ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་བསྟན་ཏེ། འཇིག་རྟེན་དང་རྗེས་སུ་མཐུན་
པ་ཡིན་ཏེ། འཇིག་རྟེན་པ་རྣམས་ནི་དེ་དག་ལ་བདེ་བ་ལ་སོགས་པ་ཡིན་པར་རྟོགས་སོ། །སྡུག་བསྔལ་གྱི་ཚོར་བའི་མཚན་ཉིད་ཀྱང་ཅི་ཡིད། གང་གིས་ན་ཚོར་བ་ཐམས་ཅད་སྡུག་བསྔལ་ཡིན་པར་བསྟན། གལ་ཏེ་གང་སྐྱེས་ན་བྲལ་བར་འདོད་པ་འབྱུང་བ་དང་། གང་སྐྱེས་ན་མི་འབྲལ་བར་འདོད་
པའམ། གཉིས་ཀ་མ་ཡིན་པར་འདོད་པ་ཡིན་ན་ནི། དེ་སྡུག་བསྔལ་དུ་ཇི་ལྟར་འགྲུབ་པར་འགྱུར། འོན་ཏེ་གང་ལ་བརྟེན་ན་གནོད་པར་འགྱུར་བ་དེ་སྡུག་བསྔལ་ཡིན་ན་ནི། གང་ལ་བརྟེན་ན་ཕན་པར་འགྱུར་བ་དེ་ཇི་ལྟར་སྡུག་བསྔལ་ཡིན་པར་འགྱུར། འོན་ཏེ་ཇི་ལྟར་འཕགས་པས་སྡུག་བསྔལ་བར་གཟིགས་

པ་དེ་ཚོར་བ་སྡུག་བསྔལ་བའི་མཚན་ཉིད་ཡིན་ཏེ། འདུ་བྱེད་སྡུག་བསྔལ་བ་ཉིད་ཀྱི་ཚོར་བ་རྣམས་འཕགས་པས་སྡུག་བསྔལ་བར་གཟིགས་སོ་ཞེ་ན། དེ་ཡང་ཐ་དད་པ་མེད་པ་ཡིན་པས་ཇི་ལྟར་དེའི་སྒོ་ནས་ཚོར་བ་ལ་སྡུག་བསྔལ་ཆུང་བ་ཉིད་དང་། བར་མ་དང་། ཆེན་པོ་ཉིད་
འགྲུབ་པར་འགྱུར། གལ་ཏེ་ཡང་འདུ་བྱེད་སྡུག་བསྔལ་བ་ཉིད་ཁོ་ནས་ཚོར་བ་ཞེས་བྱ་བ་སྡུག་བསྔལ་བ་ཉིད་ཡིན་ན་ནི་སྡུག་བསྔལ་ཉིད་གསུམ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། ཡོངས་སུ་འགྱུར་བའི་སྡུག་བསྔལ་བ་ཉིད་དོ་ཞེས་བྱ་བའི་མདོ་སྡེ་ཡོད་པར་མི་འགྱུར་རོ། །བསམ་གཏན་གསུམ་ན་སྡུག་
བསྔལ་ཆུང་བའི་ཚོར་བ་ཡོད་པར་འགྲུབ་པར་འགྱུར་ཏེ། བདེ་བའི་ཚོར་བ་བསྟན་པའི་ཕྱིར་རོ། །དེའི་གོང་མར་བར་མ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་བསྟན་པའི་ཕྱིར་རོ། །ཇི་ལྟར་ཤིན་ཏུ་ཞི་བའི་སྙོམས་པར་ཞུགས་པ་ལ་སྡུག་བསྔལ་གྱི་ཚོར་བ་ལྷག་པར་ཡོད་པར་འཐད།
དེ་བས་ན་ཚོར་བ་གསུམ་བསྟན་པ་ནི་དགོངས་པ་ཅན་ཉིད་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ནོ། །འོན་ཀྱང་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་གང་ཡིན་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་གསུངས་པ་ཡང་སྡུག་བསྔལ་རྣམ་པ་གཉིས་ལ་དེ་སྡུག་བསྔལ་ཡིན་པར་མི་ཤེས་
ནས་གཅིག་ཁོ་ནར་བདེ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །འོན་ཀྱང་བདེ་བའི་ཚོར་བ་གང་ཡིན་པ་ནི་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་གསུངས་པ་ཡང་སྡུག་བསྔལ་ཉིད་གཉིས་ཡིན་པར་མཐོང་བ་ལ་སྦྱོར་བར་བྱ་བའི་ཕྱིར་ཏེ། དེ་ལ་ཆགས་པ་དང་བྲལ་བའི་ཐབས་ཡིན་
པའི་ཕྱིར་དང་། སྡུག་བསྔལ་མང་པོ་དང་ལྡན་པའི་ཕྱིར་སྲན་མ་ཤའི་ཕུང་པོ་བཞིན་ནོ། །བཙུན་པ་གཞོན་ནུ་ལེན་གྱིས་སྨྲས་པ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་དང་། སྡུག་བསྔལ་མང་པོས་བསྐྱེད་པའི་ཕྱིར་ཏེ། སྡུག་བསྔལ་ཡིན་པ་ལ་དེ་ཡིད་དུ་འོང་བར་ལྟ་ཞིང་། སྡུག་བསྔལ་ཡིན་ན་བདེ་
བ་ཡིན་པར་འཛིན་ཏོ། །བདེ་བའི་ཚོར་བ་ནི་ཡོད་པ་མ་ཡིན་ཏེ། བདེ་བའི་རྣམ་པར་མི་གནས་པའི་ཕྱིར་རོ། །བདེ་བའི་རྒྱུར་བརྟགས་པའི་བཏུང་བ་དང་། བཟའ་བ་དང་གོས་ལ་སོགས་པ་གང་ཡིན་པ་དེ་དག་ལས་དེ་དག་ཤིན་ཏུ་མང་བའམ། དུས་མ་ཡིན་པར་བསྟེན་ན་སྡུག་བསྔལ་བར་འགྱུར་ཏེ།

གང་གིས་བདེ་བའི་རྒྱུར་འགྱུར་བ་དེ་ཉིད་ཀྱིས་སྡུག་བསྔལ་དུ་འགྱུར་བར་འོས་པ་མ་ཡིན་ནོ། །དེ་བས་ན་དེ་དག་ནི་བདེ་བའི་རྒྱུ་མ་ཡིན་ནོ། །སྡུག་བསྔལ་གཞན་ཞི་བ་བདེ་བ་ཡིན་པར་སེམས་ཏེ། དཔེར་ན་མགོས་ཁུར་ཁྱེར་བ་སྤྱོད་ལམ་གཞན་དུ་སྤོས་ན་ཀླད་པ་ན་བ་ལ་སོགས་པ་ཞི་བ་
བཞིན་ནོ། །དེ་བས་ན་བདེ་བ་ནི་མེད་པ་ཁོ་ན་ཡིན་ཏེ། དེས་འདི་དག་མ་རྟོགས་ན་བདེ་བའི་རྒྱུ་དེ་དག་རྣམ་པར་གནས་པ་ཡིན་པར་རྟོགས་པར་བྱེད་དོ་ཞེ་ན། ཡུལ་གྱི་བྱེ་བྲག་འབའ་ཞིག་བདེ་བའི་རྒྱུ་ཡིན་པར་སེམས་ཀྱི་ནང་གི་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་ནི་མི་སེམས་ཏེ། དེ་གཉིས་
ཀ་འདུས་པ་བདེ་བའི་རྒྱུ་ཡིན་ནོ། །དེ་གཉིས་ཀ་གང་ཇི་ལྟ་བུས་བདེ་བར་འགྱུར་བར་རྟོགས་པ་དེ་ལྟ་བུས་ནི་ལན་འགའ་ཡང་སྡུག་བསྔལ་དུ་འགྱུར་བ་མ་ཡིན་ནོ། །བདེ་བའི་རྒྱུ་རྣམ་པར་མི་གནས་པ་མ་ཡིན་ཏེ། དཔེར་ན་མེ་དང་འབྲས་སཱ་ལུ་དང་། ནས་དང་ཚོད་སྔོན་དང་ཉ་ལ་སོགས་པ་གང་
འདྲ་བའི་གནས་སྐབས་གཞན་རྙེད་ན་རོ་ཞིམ་པོའི་རྒྱུར་འགྱུར་བ་དེ་འདྲ་བའི་གནས་སྐབས་གཞན་རྙེད་ན་འགའ་ཡང་རོ་མི་ཞིམ་པའི་རྒྱུར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་ནོ། །སྡུག་བསྔལ་གྱི་ཚོར་བ་ཉེ་བར་ཞི་ཡང་ལན་འགའ་ཞིག་ན་བདེ་བའི་ཚོར་བ་གཞན་ལས་ཡོངས་སུ་
གཅོད་དེ། དེར་ནི་བདེ་བ་ཁོ་ན་ལ་བདེ་བའི་བློ་འབྱུང་གི་སྡུག་བསྔལ་ཞི་བ་ལ་ནི་མ་ཡིན་ནོ། །དཔེར་ན་ངལ་བའི་ལུས་བསྐུ་མཉེ་བྱེད་པ་དང་། སྤྱོད་ལམ་གཞན་བྱེད་པ་གཉིས་ལྟ་བུའོ། །དེ་ལྟ་མ་ཡིན་ན་དུས་རིང་པོར་ཡང་ངལ་བ་ཞི་བ་དེ་འདྲ་བ་ཁོ་ནའི་བདེ་བའི་བློ་འབྱུང་བར་འགྱུར་གྱི། ལེན་
འགའ་ཡང་བདེ་བ་ལ་ཡོངས་སུ་སྤྱོད་པར་མི་འགྱུར། སྡུག་བསྔལ་ལ་ཡོངས་སུ་སྤྱོད་པར་ཡང་མི་འགྱུར་རོ། །དེ་ནི་སྡུག་བསྔལ་དང་བྲལ་བ་ཙམ་ལ་བདེ་བ་ཉེ་བར་བཏགས་པ་ཡིན་ནོ། །བདེ་བའི་བློ་ཡང་མ་ཡིན་ཏེ། ཚོར་བ་གཞན་ལ་ཡོངས་སུ་མི་སྤྱོད་པའི་ཕྱིར་རོ། །འདིར་ནི་དེ་
ལྟ་བུ་ཁོ་ན་ཡིན་ཏེ། གང་ཕལ་ཆེར་བཟའ་བ་དང་། བཏུང་བ་འབད་དེ་ཞིམ་པོ་ཚོལ་བར་བྱེད་དེ་འབྲས་ཆན་ཕལ་པ་དང་། འབྲས་ཀུ་པ་མ་ས་དང་། རྩབ་མོ་དང་ཆུ་ཙམ་གྱིས་ཀྱང་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་ཞི་བར་མི་འགྱུར་བ་ནི་མ་ཡིན་ནོ། །གང་གི་ཚེ་བཀྲེས་པ་དང་སྐོམ་

པ་དང་བྲལ་ནས་རོ་ཞིམ་པའམ་སྣ་ལ་དྲི་ཞིམ་པའི་རྫས་གཞན་ཤིན་ཏུ་ཞིམ་པ་དང་། ཤིན་ཏུ་ཆེས་ཞིམ་པའི་ཁྱད་པར་ལས་བདེ་བའི་ཁྱད་པར་གྱི་བློ་སྐྱེ་བར་འགྱུར་བ་དེའི་ཚེ་སྡུག་བསྔལ་གཞན་ཞི་བ་གང་ཞིག་ཡིན། རྣ་བས་ཀྱང་ཡིད་དུ་འོང་བ་སྙན་པ་སྣ་ཚོགས་པའི་སྒྲ་
རྣམས་ལ་ཉན་པར་བྱེད་པའི་ཕྱིར་རོ། །དེ་བས་ན་སྡུག་བསྔལ་ཉིད་ཀྱི་ཚོར་བ་ལ་སྡུག་བསྔལ་གཞན་ཞི་བའི་ཕྱིར་བདེ་བའི་བློ་འབྱུང་བར་འགྱུར་བ་མ་ཡིན་ནོ། །སྡུག་བསྔལ་གཞན་ཉེ་བར་ཞི་བ་འབའ་ཞིག་ལ་མ་ཡིན་པར་ནི་ལུང་དང་རིགས་པས་ཀྱང་གྲུབ་པ་ཡིན་ཏེ། རེག་པའི་རྐྱེན་གྱིས་ཚོར་བ་ནི་
གསུམ་མོ་ཞེས་འབྱུང་ངོ་། །འདིར་ཡང་རྐྱེན་དང་རྐྱེན་ཅན་གཉིས་ངེས་པ་དང་། མ་ངེས་པ་གཉིས་ལས་མ་ངེས་པ་ཉིད་ལ་བརྟེན་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཚོར་བའི་རྐྱེན་ངེས་པ་ཡིན་ན་ནི་རྒྱུ་གཞན་དང་དེ་མ་ཐག་པ་དང་། དམིགས་པ་རྣམས་རྐྱེན་ཡིན་པར་མི་འགྱུར་རོ། །མདོ་སྡེ་དང་འགལ་བར་
འགྱུར་ཏེ། སེམས་ཅན་རྣམས་ཀྱི་ཚོར་བ་སྐྱེ་བ་གང་ཅི་ཡང་རུང་། ཐམས་ཅད་དེ་ལ་བརྟེན་ནས་ཡིན་གྱི་མ་བརྟེན་པར་ནི་མ་ཡིན་ནོ། །ཅི་ལ་བརྟེན་ནས་ཤེ་ན། མོས་པ་ལ་བརྟེན་ནས་དང་། རྣམ་པར་རྟོག་པ་ལ་བརྟེན་ནས་དང་། རེག་པ་ལ་བརྟེན་ནས་འབྱུང་ངོ་ཞེས་འབྱུང་བ་དང་། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་སྡུག་
བསྔལ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱི་འབྱུང་གནས་ཕུང་པོ་ཡིན་ནོ་ཞེས་འབྱུང་ངོ་། །རྐྱེན་ཅན་ངེས་པ་ཡིན་ན་ནི་རེག་པའི་རྐྱེན་གྱིས་གཞན་སེམས་ལས་བྱུང་བའི་ཆོས་རྣམས་མ་ཡིན་པར་འགྱུར་རོ། །གཉིས་ཀ་ངེས་པ་ཡིན་ན་ནི་ཇི་སྐད་དུ་སྨྲས་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེ་བས་ན་མ་ངེས་པ་ཁོ་
ན་ལ་བརྟེན་པར་བྱ་བ་ཡིན་ནོ། །འཆད་པ་དོན་མེད་པར་ཡང་མི་འགྱུར་ཏེ། གཙོ་བོའི་རྐྱེན་སྟོན་པ་ཡིན་པའི་ཕྱིར་རོ། །རེག་པ་གཙོ་བོའི་རྐྱེན་ཉིད་ཡིན་པར་ཡང་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་རེག་པ་ཐ་དད་པས་བདེ་བ་ལ་སོགས་པའི་ཚོར་བ་སྐྱེ་བའི་ཕྱིར་རོ། །འདི་ལྟར་དེ་སྐྱེས་པ་ན་རྐྱེན་
གཞན་དང་འདུན་པ་དང་། རྣམ་པར་རྟོག་པ་ལ་སོགས་པ་ཡང་རེག་པ་ལ་ལྟོས་པ་ཡིན་གྱི། རེག་པ་ནི་ངེས་པར་དེ་དག་ལ་ལྟོས་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པ་ལས། ཚོར་བ་རྣམ་པར་དབྱེ་བ་རྫོགས་སོ།། །།ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བའི་སྲེད་

པ་གང་ཞེ་ན། སྲེད་པ་གསུམ་སྟེ་ཞེས་རྒྱས་པར་འབྱུང་བ་དེ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་འདོད་པ་དང་གཟུགས་དང་། གཟུགས་མེད་པ་ཐ་དད་པས་སྲེད་པའི་རབ་ཏུ་དབྱེ་བ་གསུངས་ཀྱི། ངོ་བོ་ཉིད་ནི་མ་ཡིན་ཏེ། གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་ཏེ་སྔ་མ་བཞིན་ནོ། །དེ་ལ་འདོད་པ་ན་སྤྱོད་པའི་
སྲེད་པ་ནི་འདོད་པའི་སྲེད་པ་སྟེ། ཚིག་བར་མ་མི་མངོན་པ་ཡིན་ཏེ། ཁྱིའི་སྦྲང་བུ་བཞིན་དང་། གྲོང་གི་ཕག་པ་བཞིན་ནོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་སྲེད་པ་ཅི་རིགས་པར་རིག་པར་བྱ་སྟེ། དེ་དག་ཉིད་ཁམས་གསུམ་པའི་སྲེད་པ་ཡིན་པར་བསྟན་ཏོ། །དེ་ལ་ཡང་འདོད་པ་དང་
གཟུགས་མེད་པའི་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་གོ་རིམས་བཞིན་ཏེ། ཉོན་མོངས་པ་ཅན་ཚོལ་བ་དང་ཆགས་པ་དང་ཞེན་པ་གང་ཡིན་པའོ། །ས་གང་ཡིན་པའི་ཚོར་བ་གང་ཡིན་པ་དེ་ཡང་ས་དེ་ཉིད་ཀྱི་སྲེད་པའི་རྐྱེན་ཡིན་ནོ། །སྡུག་བསྔལ་གྱི་ཚོར་བ་ལ་ཡང་ཇི་ལྟར་སྲེད་ཅེ་ན། དེ་ཉིད་
ལ་སྲེད་དོ་ཞེས་ནི་མི་བརྗོད་དོ། །འོན་ཀྱང་བདེ་བའི་ཚོར་བ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྐྱེན་ཡིན་ནོ། །སྡུག་བསྔལ་ནི་དེ་དང་མི་ལྡན་ཞིང་འབྲལ་བར་སྲེད་པའི་རྐྱེན་ཡིན་ནོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་དེའི་གནས་སྐབས་ལ་མངོན་པར་དགའ་བའི་སྲེད་
པའི་རྐྱེན་ཡིན་ནོ། །བསམ་གཏན་ཁ་ཅིག་ཏུ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྐྱེན་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་སྡུག་བསྔལ་གྱི་ཚོར་བས་རིག་པ་དང་། འདོད་པའི་བདེ་བ་ལ་མངོན་པར་དགའ་བའོ་ཞེས་གསུངས་ཏེ། སྡུག་བསྔལ་གྱི་ཚོར་བ་ཡང་བདེ་བ་ལ་སྲེད་པའི་རྐྱེན་
ཡིན་ནོ། །གཞན་ཡང་ཚོར་བ་གསུམ་དང་། སྤྱི་དྲིལ་དུ་ཕུང་པོའི་རྒྱུན་ལ་བྱེ་བྲག་མེད་པར་བདག་ཏུ་སྲེད་པ་དང་། བདག་ཏུ་ལྟ་བ་ལྷན་ཅིག་སྐྱེས་པ་དང་ལྷན་ཅིག་འབྱུང་སྟེ། དེ་ཡང་ཚོར་བའི་སྒོ་ནས་འབྱུང་ངོ་། །ཚོར་བའི་རྒྱུན་ནི་དེ་ཐམས་ཅད་ཀྱི་བདག་པོའི་རྐྱེན་ཡིན་ནོ། །རྒྱུ་ཆེན་པོའི་
ཆོས་ཀྱི་རྣམ་གྲངས་ལས་ཇི་སྐད་དུ། ཀུན་དགའ་བོ་གང་ལ་ཚོར་བ་མེད་ཅིང་ཚོར་བ་པོ་ཡང་མི་དམིགས་ན། འོན་ཀྱང་དེ་ལ་བདག་གོ་སྙམ་བྱེད་དམ་ཞེས་གསུངས་སོ། །ཁ་ཅིག་ན་རེ་དེ་དག་དབྱེ་བ་མེད་པར་འབྱུང་བ་ན་བདག་གི་དངོས་པོར་སྲེད་པ་ལ་བརྟེན་ནས་ཡོངས་སུ་བརྟགས་པའི་བདག་ཏུ་

ལྟ་བ་འབྱུང་བར་འགྱུར་རོ་ཞེའོ། །དེ་དག་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེའོ། །དེ་ལས་འདུ་བྱེད་དེ་དག་གོ། །དེ་ཡང་འདི་ནི་བདག་ཏུ་སྨ་བ་ཉེ་བར་ལེན་པ་ཡིན་པར་གཞག་གོ། །དེ་མ་
ཡིན་ན་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཇི་ལྟར་སྲེད་པའི་རྐྱེན་གྱིས་འགྲུབ་པར་འགྱུར། འོ་ན་གལ་ཏེ་ཚོར་བ་གསུམ་གྱི་རྐྱེན་གྱིས་སྲེད་པ་ཡིན་ན། ཅིའི་ཕྱིར་བདེ་བའི་ཚོར་བ་ལ་འདོད་ཆགས་ཕྲ་རྒྱས་སུ་འགྱུར་བར་བཤད་ཅེ་ན། རང་གི་རྒྱུད་ཀྱི་བདེ་བའི་དབང་དུ་བྱས་ནས་དེ་ལ་དམིགས་པ་དང་དེ་དང་
མཚུངས་པར་ལྡན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན་ན་ཚོར་བ་ཐམས་ཅད་ལ་ཡོད་པས་དགྲ་བཅོམ་པ་ལ་ཡང་སྲེད་པ་ཡོད་པར་ཐལ་བར་འགྱུར་རོ། །ངེས་པར་འབྱུང་བ་ལ་བརྟེན་པའི་ཡིད་བདེ་བ་ལ་སོགས་པ་ཡང་མེད་པར་ཐལ་བར་འགྱུར་རོ་ཞེ་ན། གང་དག་
སྤྲིན་གྱི་ཆར་པ་ཞེས་སྟོན་ན་ཅི་སྤྲིན་ཡོད་ན་གདོན་མི་ཟ་བར་ཆར་པ་འབབ་པ་ཡིན་ནམ། དེ་བཞིན་དུ་ཚོར་བ་ཡོད་ཀྱང་གདོན་མི་ཟ་བར་སྲེད་པ་འབྱུང་བ་མ་ཡིན་ནོ། །ཅིའི་ཕྱིར་མི་འབྱུང་ཞེ་ན། གཉེན་པོའི་བྱེ་བྲག་དང་ལྡན་པའི་ཕྱིར་རོ། །འདིའི་ས་བོན་ཉིད་གནས་ནས་སྟོན་པའམ་མནན་པ་
ཡིན་ཏེ། གང་གི་ཕྱིར་རྐྱེན་ཡོད་དུ་ཟིན་ཀྱང་ས་བོན་མེས་མནན་ན་མི་སྐྱེ་བ་ཡིན་ནོ། །དཔེར་ན་ཞིང་དང་ཆུ་ལ་སོགས་པའི་རྐྱེན་ཡོད་དུ་ཟིན་ཀྱང་ས་བོན་མེད་པའམ་མནན་པ་ནི་མྱུ་གུ་འབྱུང་བར་མི་འགྱུར་བ་བཞིན་ནོ། །གཞན་ལས་བཅོམ་ལྡན་འདས་ཀྱིས་བྱེ་བྲག་ཏུ་བྱས་པ་ཡོད་དེ། དེ་མ་རིག་པའི་
འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེས་སོ་ཞེས་བྱ་བ་དང་། དེ་བཞིན་དུ་བདེ་བའི་ཚོར་བ་མྱོང་བ་ན་ཚོར་བ་རྣམས་མ་ཤེས་པས་འདོད་ཆགས་ཕྲ་རྒྱས་སུ་འགྱུར་ཞིང་ངེས་པར་མི་འབྱུང་བར་འགྱུར་རོ། །དེ་བས་ན་ལོག་པར་རྟོག་པའི་ཚོར་བ་ནི་སྲེད་པའི་རྐྱེན་ཡིན་གྱི་ཐམས་ཅད་ནི་
མ་ཡིན་ནོ། །འོ་ན་འདིར་ཡང་དེ་བཞིན་དུ་ཅིའི་ཕྱིར་བྱེ་བྲག་ཏུ་མ་བྱས་ཤེ་ན། མ་རིག་པ་ནི་འདུ་བྱེད་ཀྱི་སྤྱིའི་རྐྱེན་ཉིད་ཡིན་ཏེ། དེའི་དོན་བསྟན་ཟིན་པའི་ཕྱིར་རོ། །ཁ་ཅིག་ཏུ་ནི་སྲེད་པའི་རྐྱེན་ནི་མ་རིག་པ་ཁོ་ན་ཡིན་པར་བསྟན་ཏེ། དགེ་སློང་དག་མ་རིག་པ་ནི་སྲེད་པའི་རྒྱུ་ཡིན་ནོ། །མ་རིག་པ་ནི་སྲེད་

པའི་རྐྱེན་ཡིན་ནོ། །མ་རིག་པ་ནི་འབྱུང་བའི་གནས་ཡིན་ནོ་ཞེའོ། །དེ་བཞིན་དུ་དགེ་སློང་དག་སྲེད་པའི་ཟས་གང་ཞེ་ན། མ་རིག་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཁ་ཅིག་ཏུ་ནི་རེག་པ་ཁོ་ན་ཡིན་པར་གསུངས་ཏེ། སྲེད་པའི་ཚོགས་དྲུག་ནི་མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་སྲེད་པའོ་
ཞེས་རྒྱས་པར་འབྱུང་ངོ་། །དེ་བཞིན་དུ་ཚོར་བའི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་ཅི་ཡང་རུང་བ་དེ་ཐམས་ཅད་རེག་པ་ལ་བརྟེན་ནས་ཞེས་འབྱུང་ངོ་། །འདིར་ནི་ཚོར་བ་རྐྱེན་ཉིད་དུ་བསྟན་ཏོ། །ཇི་ལྟར་མདོ་སྡེ་དང་མི་འགལ་ཞེ་ན། དགོངས་པ་ཐ་དད་པའི་ཕྱིར་རོ། །མ་རིག་པ་
ནི་སྲེད་པའི་སྤྱིའི་རྐྱེན་ཡིན་པར་དགོངས་ནས་གསུངས་སོ། །རེག་པ་ཡང་དེ་བཞིན་ནོ། །ཚོར་བ་ནི་ཁྱད་པར་དུ་རྐྱེན་ཡིན་ཏེ། ཁམས་གསུམ་ཆར་ན་ཡང་ཀུན་ཏུ་རྨོངས་པའི་ཚོར་བ་ས་གང་ཡིན་པ་ནི་ས་དེའི་སྲེད་པ་ཀུན་དུ་འབྱུང་བར་བྱེད་པའི་ཕྱིར་རོ། །ས་གཅིག་ན་ཡང་མ་རིག་པ་འདྲ་བ་
ལས་དེའི་ཚོར་བ་ཆེ་ཆུང་གི་བྱེ་བྲག་གིས་སྲེད་པའི་བྱེ་བྲག་ཀུན་ཏུ་འབྱུང་བའི་ཕྱིར་དང་། སྲེད་པ་ཀུན་དུ་འབྱུང་བར་བྱ་བའི་ཕྱིར་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་རེག་པའི་ཚོར་བའི་བྱེ་བྲག་ལ་ལྟོས་པའི་ཕྱིར་རོ། །དེ་བས་ན་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ་འགལ་བ་
མེད་དོ། །འདིར་རྐྱེན་ངེས་པ་ཡིན་ན་ནི་ཇི་སྐད་དུ་བསྟན་པའི་སྐྱོན་ཡིན་པར་ཐལ་བར་འགྱུར་རོ། །རྒྱུ་གཞན་དང་དེ་མ་ཐག་པ་དང་དམིགས་པའི་རྐྱེན་རྣམས་སྲེད་པའི་རྐྱེན་ཡིན་པར་མི་འགྱུར་རོ། །རྐྱེན་ཅན་ངེས་པ་ཡིན་ན་ནི་ཚོར་བ་ནི་ཆོས་གཞན་དག་གི་རྒྱུ་དང་མཚུངས་པ་དེ་མ་ཐག་པ་
དང་དམིགས་པའི་རྐྱེན་མ་ཡིན་པར་འགྱུར་རོ། །མདོ་སྡེ་ལས་སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བ་ཕྲ་རྒྱས་སུ་འགྱུར་རོ་ཞེས་རྒྱས་པར་འབྱུང་བ་དང་། བདེ་བ་དང་ལྡན་ན་སེམས་མཉམ་པར་འཇོག་གོ། །བདེ་བ་དང་ལྡན་ན་ཆོས་མངོན་པར་བརྗོད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང་
འགལ་བར་འགྱུར་རོ། །གཉིས་ག་ངེས་པ་ཡིན་ན་སྐྱོན་གཉིས་ཀར་ཐལ་བར་འགྱུར་རོ། །མ་ངེས་ན་ནི་བཤད་པ་དོན་མེད་པར་འགྱུར་རོ་ཞེ་ན། འདིར་ངེས་པ་མ་ཡིན་ཡང་བཤད་པ་དོན་མེད་པར་མི་འགྱུར་ཏེ། སྲེད་པའི་རྐྱེན་གྱི་བྱེ་བྲག་བསྟན་པའི་ཕྱིར་དང་། དེ་བཞིན་དུ་བཤད་

པའི་ཕྱིར་ཏེ་སྔ་མ་བཞིན་ནོ། །ཚོར་བ་ནི་གཙོ་བོའི་རྐྱེན་ཡིན་ཏེ། འདི་ལྟར་བདེ་བ་ལ་སོགས་པའི་ཚོར་བ་དང་ལྡན་པ་ལ་སོགས་པའི་སྒོ་ནས་སྲེད་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པ་ལས་སྲེད་པ་རྣམ་པར་དབྱེ་བ་རྫོགས་སོ།། །།སྲེད་
པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བའི་ལེན་པ་གང་ཞེ་ན། ལེན་པ་ནི་བཞི་སྟེ་ཞེས་རྒྱས་པར་འབྱུང་བ་དེ་ལ་འདོད་པ་ཉེ་བར་ལེན་པ་ནས་བདག་ཏུ་སྨྲ་བ་ཉེ་བར་ལེན་པའི་བར་དུ་ཡིན་ནོ། །འདིར་ཚིག་སྦྱར་བ་ནི་ཅི་གཟུགས་ལ་མཐོང་བ་བཞིན་དུ་རིག་པར་བྱའམ། འོན་ཏེ་གཟུགས་ཀྱི་སྐྱེ་མཆེད་བཞིན་དུ་ཡིན། དེ་ལས་ཅིར་
འགྱུར། གཟུགས་ལ་མཐོང་བ་བཞིན་དུ་ཡིན་ན་ནི་འདོད་པ་ལ་སོགས་པ་ལ་ཉེ་བར་ལེན་པ་ཞེས་བྱ་སྟེ། ཉེ་བར་བླང་བ་ཐ་དད་པའི་སྒོ་ནས་ཉེ་བར་ལེན་པའི་རབ་ཏུ་དབྱེ་བ་ཁོ་ན་བསྟན་པ་ཡིན་གྱི་ངོ་བོ་ཉིད་ནི་མ་ཡིན་ནོ། །དེ་ལ་འདོད་པ་ལ་སོགས་པ་ཡང་གང་ཡིན། དེ་དག་གི་ཉེ་བར་ལེན་པ་ཡང་གང་ཞིག་ཡིན་
པར་བསྟན་པར་བྱ། གཟུགས་ཀྱི་སྐྱེ་མཆེད་བཞིན་ནོ་ཞེ་ན། འདོད་པ་ལ་སོགས་པ་ཉིད་ཉེ་བར་ལེན་པ་ཡིན་པས་ཉེ་བར་ལེན་པའི་རང་གི་ངོ་བོ་དང་རབ་ཏུ་དབྱེ་བ་ཡང་བསྟན་པར་བྱས་པ་ཡིན་ན་ནི་འདོད་པ་ལ་སོགས་པ་གང་ཞིག་ཡིན། ཉེ་བར་ལེན་པ་ཡིན་པར་ཇི་ལྟར་བསྟན་པར་བྱ་ཞེ་ན། གཟུགས་ལ་
མཐོང་བ་བཞིན་ནོ་ཞེས་ཚིག་སྦྱར་བ་འདི་བྱའོ། །རབ་ཏུ་དབྱེ་བ་ཁོ་ནས་ཀྱང་ཁ་ཅིག་གིས་རང་གི་ངོ་བོ་རྟོགས་པར་འགྱུར་རོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ལ་འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་པར་འདིར་དགོངས་སོ། །གཞན་ནས་ཇི་སྐད་དུ་འདོད་པ་ཅན་འདོད་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་དེ་
དག་གི་ཚིག་བླ་དགས་ཡིན་ནོ། །དེ་བཞིན་དུ། གལ་ཏེ་འདོད་པ་ཚོལ་བྱེད་ཅིང་། །འདོད་པ་སྐྱེས་པའི་ལུས་ཅན་དེ། །འདོད་པ་དེ་དག་མ་འབྱོར་ན། །ཟུག་རྔུ་ཟུག་བཞིན་གནོད་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །ལྟ་བའི་ཚིག་སྦྱོར་བ་ནི་ཡོད་པར་ལྟ་བ་དང་། རྣམ་པར་འཇིག་པར་ལྟ་བའོ། །དེའི་སྒོ་
ནས་ལྟ་བ་གཞན་དུ་སོང་བ་ཡང་ཡིན་ནོ། །དེ་དང་འབྲེལ་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་སོ། །དེ་ལ་བྱ་བ་མ་ཡིན་པ་ལས་ལྡོག་པར་དམ་བཅས་པ་ནི་ཚུལ་ཁྲིམས་སོ། །ཆ་ལུགས་དང་། བཏུང་བ་དང་། བཟའ་བ་དང་། ཁྲུས་དང་སྤྱོད་པ་དྲག་པོ་ལ་སོགས་པའི་

ཁྱད་པར་དམ་བཅས་པ་ནི་བརྟུལ་ཞུགས་སོ། །བདག་གོ་ཞེས་ལྟ་བ་ནི་བདག་ཏུ་སྨྲ་བ་སྟེ། དེའི་སྒོ་ནས་བདག་གོ་ཞེས་སྨྲ་བའི་ཕྱིར་བདག་ཏུ་ལྟ་བ་ཅན་ནི་བདག་ཏུ་སྨྲ་བར་འགྱུར་རོ། །སྨྲ་བ་ཉིད་ཀྱིས་ཅི་བསྟན་ཞེ་ན། དེའི་སྒོ་ནས་སྨྲ་བ་ཉི་ཚེ་བྱེད་པར་ཟད་ཀྱི་དྲིས་ན་ནི་མི་ཤེས་ཏེ། བདག་ཏུ་ལྟ་བ་ནི་གཞི་
ཅན་མ་ཡིན་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གོ་ཞེས་སྨྲ་ཞིང་མངོན་པར་ཞེན་པ་ཡིན་ནོ། །གཞན་དག་ན་རེ་བདག་ཏུ་ལྟ་བ་ནི་སྨྲ་བ་མ་ཡིན་ནོ་ཞེའོ། །མདོ་སྡེ་གཞན་ལས་ཇི་སྐད་དུ་དགེ་སློང་དག་ཇི་ལྟར་ན་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་མི་མཁས་པ་མ་རིག་པའི་དབང་དུ་
སོང་བ་དག །ཉེ་བར་ལེན་པའི་ཕུང་པོ་འདི་ལ་བདག་ཏུ་སྨྲ་བ་མངོན་པར་ཞེན་པའི་ཕྲ་རྒྱས་སེམས་ལ་འབྲེལ་ཅིང་ཡོངས་སུ་ཞེན་པར་འགྱུར་ཞེ་ན། དགེ་སློང་དག་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་དག་གཟུགས་ལ་བདག་གོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་རྒྱས་པར་གསུངས་སོ། །
དེ་ལ་གལ་ཏེ་བདག་ཏུ་ལྟ་བ་ནི་བདག་ཏུ་སྨྲ་བ་ཡིན་ནོ་ཞེ་ན་ནི་མངོན་པར་ཞེན་པ་གཞན་གང་ཞིག་ཡིན། དེ་བས་ནི་ཚིག་ཐ་མ་མི་མངོན་པར་བྱས་པའི་ཕྱིར་བདག་ཏུ་སྨྲ་བ་སྟེ། བདག་ཏུ་སྨྲ་བ་མངོན་པར་ཞེན་པ་ཡིན་པར་བསྟན་ཏེ། དཔེར་ན་ཚིག་ཕྱེད་སྨྲ་བར་བྱེད་པ་ལ་སོགས་པ་ལ་ཚིག་ཕྱེད་སྨྲ་བ་
ཞེས་བྱ་བ་བཞིན་ནོ། །སྨྲ་བ་ཅིའི་ཕྱིར་སྨོས་ཤེ་ན། སྨྲ་བ་ཙམ་ན་མངོན་པར་ཞེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། ཇི་སྐད་དུ་དགེ་སློང་དག་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་དག་གིས་བདག་དང་བདག་གི་ཞེས་བྱ་བ་ནི་བརྟགས་པ་ཡིན་གྱི། བདག་གིར་བྱ་བ་དེ་ལ་ནི་མ་ཡིན་ནོ་ཞེས་གསུངས་
སོ། །གཞན་དག་ན་རེ་འདི་ལ་བདག་གོ་ཞེས་སྨྲ་བས་བདག་ཏུ་སྨྲ་བ་ཡིན་ཏེ། ལུས་ཀྱི་དངོས་པོ་གང་ལ་བདག་གོ་ཞེས་བརྟགས་པ་ཡིན་ནོ་ཞེའོ། །འོ་ན་དེ་ལྟ་ན་ཕུང་པོ་ཉིད་ལ་བདག་ཏུ་སྨྲ་བ་ཡིན་པར་འགྱུར་ན། གང་ཕུང་པོ་དེ་དག་ལ་བདག་ཏུ་སྨྲ་བར་མངོན་པར་ཞེན་པ་ཕྲ་རྒྱས་སུ་འགྱུར་རོ་ཞེས་
གསུངས་པས་དེ་ཇི་ལྟར་རུང་བར་འགྱུར་ཞེ་ན། དེར་ནི་ཚིག་སྦྱར་བ་གཞན་དུ་བྱ་ཞིང་འདིར་ཡང་གཞན་དུ་ཡིན་པས་འདིར་མི་རུང་བ་ཅི་ཞིག་ཡོད། འདོད་པ་ལ་སོགས་པ་གསུངས་པ་དེ་དག་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་ཉེ་བར་ལེན་པ་ཡིན་ཏེ། ཇི་སྐད་དུ་མདོ་སྡེ་གཞན་ལས་གང་ལ་འདུན་པ་

དང་། འདོད་ཆགས་པ་དེ་ནི་འདིར་ཉེ་བར་ལེན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ལྡན་པར་མངོན་པར་འདོད་པ་ནི་འདུན་པའོ། །དེ་དང་ལྡན་པ་དེ་ལ་མངོན་པར་དགའ་བ་ནི་འདོད་ཆགས་སོ། །ཇི་ལྟར་ན་འདུན་པ་དང་འདོད་ཆགས་ཉེ་བར་ལེན་པ་ཡིན་ཞེ་ན། དེས་འདོད་པ་ལ་སོགས་པ་
དེ་དག་ལེན་པར་བྱེད་དོ། །དེ་སྐྱེས་ན་དེའི་ཡིད་ལེན་པ་པོ་ཡིན་པར་འགྱུར་རོ། །གལ་ཏེ་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་འདུན་པ་དང་། འདོད་ཆགས་ཡིན་ནོ། །མི་སྡུག་པའི་མདོ་སྡེ་ལས་དགེ་སློང་དག་དེ་ལ་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་རྟག་པ་དང་ཐེར་ཟུག་པ་དང་གཞི་མ་དང་ཡོངས་སུ་མི་འགྱུར་བའི་ཆོས་ཅན་
དང་། ཡང་དག་པ་དེ་བཞིན་དུ་གནས་པ་དག་ཉེ་བར་བླངས་སམ་ཞེས་གང་གསུངས་པ་དེ་དག་ཇི་ལྟར་རུང་བར་འགྱུར། དེ་ལ་བདག་ཏུ་སྨྲ་བས་གང་ལ་བདག་ཏུ་བརྟགས་པའི་དངོས་པོ་གང་བླངས་པ་དེ་བདག་ཏུ་སྨྲ་བ་ཉེ་བར་ལེན་པར་བསྟན་ཏེ། གལ་ཏེ་འདུན་པ་དང་འདོད་ཆགས་དག་ཉེ་བར་ལེན་པ་ཡིན་ན་ནི་
སྲེད་པའི་རྐྱེན་གྱིས་ལེན་པའི་རྣམ་གྲངས་སྲེད་པ་ཉིད་སྨྲས་པར་གྱུར་པ་མ་ཡིན་ནམ་ཞེ་ན། གལ་ཏེ་ཚོར་བ་ལ་སྲེད་པ་ནི་འདོད་པ་ལ་སོགས་པ་ལ་སྲེད་པའི་རྣམ་གྲངས་ཀྱི་རྐྱེན་ཡིན་པར་བསྟན་ན་དེ་ལ་ཉེས་པ་ཅི་ཡོད། དེ་ལྟར་མ་བསྟན་ན་ཡང་འདི་ཇི་ལྟར་ཤེས་པར་བྱས་པ་ཡིན། ཚོར་བ་ལ་སྲེད་པས་ནི་ཇི་
ལྟར་རིགས་པར་ཁམས་གསུམ་པའི་བདེ་བ་ལ་སོགས་པའི་ཚོར་བ་དང་ལྡན་པ་ལ་སོགས་པའི་རྒྱུ་མཚན་དུ་འདོད་པ་ཚོལ་ཞིང་དེ་དག་ལ་ཆགས་པར་བྱེད་དོ། །གཞན་དག་གཟུགས་ཀྱི་སྐྱེ་མཆེད་བཞིན་དུ་ཚིག་སྦྱོར་བར་བྱེད་པ་དེར་འདོད་པ་རྣམས་ནི་ཚིགས་སུ་བཅད་པ་ལས་ཇི་སྐད་དུ། འཇིག་རྟེན་དག་ན་སྣ་
ཚོགས་གང་ཡིན་དེ་དག་འདོད་པ་མིན། །ཀུན་ཏུ་རྟོག་པའི་འདོད་ཆགས་སྐྱེས་བུ་རྣམས་ཀྱི་འདོད་པ་ཡིན། །ཞེས་གསུངས་སོ། །གང་གིས་འདོད་པར་བྱེད་པ་དེ་དག་ནི་གཅིག་ཁོ་ནར་འདོད་པ་ཡིན་ནོ། །གང་ལ་འདོད་པ་གཟུགས་ལ་སོགས་པ་སྣ་ཚོགས་དག་ནི་འདོད་ཆགས་དང་བཅས་པས་འདོད་པར་
བྱ་བ་ཡིན་གྱི། འདོད་ཆགས་དང་བྲལ་བས་ནི་མ་ཡིན་པས། དེ་དག་གི་འདོད་པ་ནི་གཅིག་ཁོ་ནར་མ་ངེས་པ་ཡིན་ནོ། །དོན་དེ་ཉིད་ཕྱེད་འོག་མས་སྟོན་པར་བྱེད་དེ། འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་པ་ཡིན། །འོན་ཀྱང་བསྟན་རྣམས་དེ་ལ་འདུན་པ་འདུལ། །ཞེའོ། །དེ་བས་ན་ཀུན་དུ་རྟོག་

པའི་འདོད་ཆགས་ཉིད་འདིར་འདོད་པ་ཡིན་ལ། དེ་ཉིད་ཉེ་བར་ལེན་པ་ཡིན་ནོ། །ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་བདག་ཏུ་སྨྲ་བ་ཡང་དེ་བཞིན་ཏེ། དང་པོ་ཇི་ལྟར་བསྟན་པ་བཞིན་ཏེ། དེ་དག་ཉིད་ལེན་པ་ཡིན་ནོ། །འདོད་པ་ཡུལ་ལ་ཡིན་པར་འདོད་པ་རྣམས་ཀྱི་ཉེ་བར་ལེན་པ་
གང་ཞིག་ཡིན། ཐམས་ཅད་ཀྱིས་ཀྱང་ཡང་སྲིད་དོ། །དེ་དག་གིས་ཇི་ལྟར་ཡང་སྲིད་པ་ལེན་པར་བྱེད་ཅེ་ན། དེ་ཐ་དད་པས་ཡང་སྲིད་པར་འགྱུར་བའི་ལས་རྣམས་སྲིད་པར་འགྱུར་བར་བྱེད་པའི་ཕྱིར་རོ། །ཡང་ན་འདོད་པ་ལ་སོགས་པ་དེ་དག་ཉིད་ཚོར་བ་ལ་སྲེད་པ་རྣམས་ཀྱིས་དེ་དང་ལྡན་པ་ལ་
སོགས་པའི་རྒྱུ་མཚན་དུ་མངོན་པར་ཞེན་པའི་ཚུལ་གྱིས་ལེན་པས་ན་ལེན་པ་ཞེས་བྱའོ། །དཔེར་ན་སྦྱིན་པའི་སྦྱིན་པ་པོ་ཡིན་ནོ་ཞེས་བྱ་བ་ནི་འདིར་གང་སྦྱིན་པ་དེ་སྦྱིན་པ་ཞེས་སྟོན་པ་བཞིན་ནོ། །རབ་ཏུ་བྱེད་པ་དག་འདོན་པ་ན་འདོད་པ་ཉེ་བར་ལེན་པ་གང་ཞེ་ན། འདོད་པ་དང་རབ་ཏུ་ལྡན་པའི་ལྟ་བ་དང་།
ཚུལ་ཁྲིམས་དང་། བརྟུལ་ཞུགས་མ་གཏོགས་པ་གང་དེ་ལས་གཞན་པ་འདོད་པ་དང་། རབ་ཏུ་ལྡན་པའི་ཀུན་ཏུ་སྦྱོར་བ་དང་འཆིང་བ་དང་། ཕྲ་རྒྱས་དང་ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་དང་། འདི་དག་ནི་འདོད་པའི་ཉེ་བར་ལེན་པ་ཞེས་བྱའོ། །ལྟ་བ་བཞི་ནི་ལྟ་བའི་ཉེ་བར་ལེན་
པ་སྟེ། འཇིག་ཚོགས་ལ་ལྟ་བ་ནས་ལྟ་བ་མཆོག་ཏུ་འཛིན་པའི་བར་དུ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་གང་ཞེ་ན། ཇི་ལྟར་ཡང་དེ་དག་ཁ་ཅིག་ནི་ཚུལ་ཁྲིམས་ལ་མཆོག་ཏུ་འཛིན་ཅིང་ཚུལ་ཁྲིམས་ཀྱིས་དག་པ་དང་གྲོལ་བ་དང་། ངེས་པར་འབྱིན་པ་དང་བདེ་བ་དང་སྡུག་
བསྔལ་ལས་རྣམ་པར་འདས་པར་འགྱུར་རོ། །བདེ་བ་དང་སྡུག་བསྔལ་ལས་རྣམ་པར་གྲོལ་བ་འཐོབ་པར་འགྱུར་རོ། །བརྟུལ་ཞུགས་ལ་མཆོག་ཏུ་འཛིན་ཅིང་བརྟུལ་ཞུགས་ཀྱིས་དག་པ་དང་གྲོལ་བ་དང་། ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཚུལ་ཁྲིམས་དང་། བརྟུལ་
ཞུགས་གཉིས་ཀ་ལ་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་དེ་གཉིས་ཀས་དག་པར་འགྱུར་ཞེས་བྱ་བ་སྔ་མ་བཞིན་ཏེ། དེ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ཞེས་བྱའོ། །བདག་ཏུ་སྨྲ་བ་ཉེ་བར་ལེན་པ་གང་ཞེ་ན། གཟུགས་དང་གཟུགས་མེད་པ་དང་། རབ་ཏུ་ལྡན་པའི་ལྟ་

བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མ་གཏོགས་པར་གང་དེ་ལས་གཞན་པ་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཀུན་ཏུ་སྦྱོར་བ་དང་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་དང་ཀུན་ནས་དཀྲིས་པ་རྣམས་ཏེ། འདི་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་
ཞེས་བྱའོ། །དེ་ལ་འདོད་པ་དང་རབ་ཏུ་ལྡན་པའི་ཉེ་བར་ལེན་པ་ནི་འདོད་པ་ཉེ་བར་ལེན་པ་ཞེས་བྱ་སྟེ། གཟུགས་ཀྱི་སྐྱེ་མཆེད་བཞིན་དུ་ཚིག་སྦྱར་བ་འགྲུབ་པར་འགྱུར་ཏེ། ཚིག་བར་མ་མི་མངོན་པར་བྱས་པའི་ཕྱིར་འབྲུ་མར་གྱི་སྟོབས་བཞིན་ནོ། །རབ་ཏུ་ལྡན་པ་ནི་རབ་ཏུ་འབྲེལ་ཞེས་བྱ་བའི་དོན་ཏོ། །
ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ནི་ལྟ་བ་དང་ཚུལ་ཁྲིམས་དང་། བརྟུལ་ཞུགས་དེ་དག་ཉིད་ཡིན་ན། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་གོ་མི་ཤེས་ན་ཅི་གཟུགས་དང་གཟུགས་མེད་པ་ཉིད་བདག་ཏུ་སྨྲ་བ་ཡིན་ནམ། དེ་དང་རབ་ཏུ་ལྡན་པའི་ཉེ་བར་ལེན་པ་རྣམས་བདག་ཏུ་སྨྲ་བ་ཉེ་བར་ལེན་
པ་ཡིན་ནམ། འོན་ཏེ་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཀུན་ཏུ་སྦྱོར་བ་ལ་སོགས་པ་དེ་དག་ཡིན་ཏེ་བདག་ཏུ་སྨྲ་བ་ཡང་ཡིན་ལ་ཉེ་བར་ལེན་པ་ཡང་ཡིན་ནམ། ཇི་ལྟར་དེ་དང་དེ་དག་ལ་བདག་ཏུ་སྨྲ་བ་ཞེས་བྱ། ཅི་དེ་ལས་གཞན་མ་མིང་བདག་ཏུ་སྨྲ་བ་ཞེས་བརྗོད་པ་ཞིག་ཡིན་པར་ཁྱེད་
ཀྱིས་བརྗོད་པར་བྱ་དགོས་སོ། །སྦྱོར་བ་ནི་བཅོམ་ལྡན་འདས་ཉིད་ཀྱིས་མདོ་སྡེ་གཞན་ལས་འདོད་པའི་སྦྱོར་བ་གང་ཞེ་ན། དགེ་སློང་དག་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་འདོད་པ་ནི་ཀུན་འབྱུང་བ་ཡང་ཡིན། ནུབ་པ་ཡང་ཡིན་ནོ་ཞེས་རྒྱས་པར་བྱས་ནས། འདོད་པ་རྣམས་ལས་འདོད་པའི་
འདུན་པ་དང་འདོད་པའི་དགའ་བའི་བར་དུ་འདིའི་འབྱུང་བར་འགྱུར་རོ། །འདོད་པའི་ལྷག་པར་ཞེན་པའི་བར་དུ་འདིའི་སེམས་མཐར་ཐུག་པར་གནས་ཏེ། འདི་ནི་འདོད་པའི་སྦྱོར་བ་ཞེས་བྱའོ། །འདོད་པའི་སྦྱོར་བ་ཇི་ལྟ་བར་སྲིད་པའི་སྦྱོར་བ་དང་ལྟ་བའི་སྦྱོར་བ་ཡང་དེ་བཞིན་ནོ་ཞེས་བསྟན་ཏོ། །རབ་ཏུ་བྱེད་
པ་བདག་དེ་ལ་སྒྲོ་འདོགས་པར་བྱེད་པ་འདོད་པ་དང་རབ་ཏུ་ལྡན་པའི་ལྟ་བ་དང་། མ་རིག་པ་མ་གཏོགས་པར་གང་དེ་ལས་གཞན་པ་འདོད་པ་དང་རབ་ཏུ་ལྡན་པའི་ཀུན་ཏུ་སྦྱོར་བ་དང་འཆིང་བ་དང་ཕྲ་རྒྱས་དང་ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་འདི་དག་ནི་འདོད་པའི་སྦྱོར་བ་ཞེས་བྱའོ། །གཟུགས་དང་

གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ལྟ་བ་དང་། མ་རིག་པ་མ་གཏོགས་པར་གང་དེ་ལས་གཞན་པ་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཀུན་ཏུ་སྦྱོར་བ་དང་འཆིང་བ་དང་། ཕྲ་རྒྱས་ལ་སོགས་པ་འདི་ནི་སྲིད་པའི་སྦྱོར་བ་ཞེས་བྱའོ། །ལྟ་བ་ལྔ་ནི་ལྟ་བའི་སྦྱོར་བ་ཡིན་ནོ། །མ་རིག་པའི་སྦྱོར་བ་ནི་
ཁམས་གསུམ་པའི་མི་ཤེས་པའོ་ཞེའོ། །དེ་བས་ན་ཉེ་བར་ལེན་པ་ལ་ཡང་སྒྲོ་བཏགས་པ་བྱས་པར་སྲིད་པ་ཡིན་ནོ། །ཉེ་བར་ལེན་པ་རྣམས་དང་པོར་ཇི་ལྟར་བསྟན་པ་དེ་ལྟར་ནི་སྒྲོ་བཏགས་པ་ཡང་མ་ཡིན་ལ་གང་འདིར་འདུན་པ་དང་འདོད་ཆགས་འདི་ནི་འདིར་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བའི་ཉེ་བར་ལེན་པའི་
མཚན་ཉིད་འདི་ནི་མདོ་སྡེ་གཞན་དང་ཡང་རྗེས་སུ་མཐུན་པ་ཡིན་ནོ། །འདོད་པ་ལ་སོགས་པའི་སྦྱོར་བ་ཡང་འདོད་པ་ལ་སོགས་པའི་ཉེ་བར་ལེན་པ་དང་ཤིན་ཏུ་མཐུན་པར་བྱས་པ་ཡིན་ནོ། །འདི་ཡང་ཡེ་ཤེས་ལ་འཇུག་པ་ལས་འབྱུང་བ་དང་ཤིན་ཏུ་མཐུན་པར་བྱས་པ་ཡིན་ནོ། །ཅིའི་ཕྱིར་གཞན་མུ་སྟེགས་ཅན་
སྤྱོད་པ་པ་དང་ཀུན་དུ་རྒྱུ་བ་དག་འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་ཉེ་བར་ལེན་པའི་སྤོང་བ་དང་ཡོངས་སུ་ཤེས་པ་འཆད་པར་བྱེད་ཀྱི། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ནི་མ་ཡིན་ཞེ་ན། སྨྲས་པ་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་ཀུན་ཏུ་རྒྱུ་བ་དག་ཡུན་
རིང་པོར་བདག་ཏུ་མངོན་པར་ཞེན་ཅིང་སེམས་ཅན་དང་འགྲོ་བ་པོ་དང་། གསོ་བ་པོ་དང་། གང་ཟག་ཏུ་མངོན་པར་ཞེན་ཏེ། དེ་དག་བདག་ཏུ་མངོན་པར་ཞེན་པ་དང་སེམས་ཅན་དང་སྲོག་དང་འགྲོ་བ་པོ་དང་། གསོ་བ་པོ་དང་གང་ཟག་ཏུ་མངོན་པར་ཞེན་པ་དང་བྲལ་བ་མ་ཡིན་ནོ། །བརྡ་སྤྲོད་པ་པ་དག་ནི་བདག་
གི་བདག་གང་ཡིན་པ་ནི་ཡོད་པ་ཡིན་ཏེ། དེའི་སྤོང་པ་དང་། ཡོངས་སུ་ཤེས་པ་བཤད་པར་བྱའོ་ཞེའོ། །གཞུང་དེ་དག་ནི་བདག་ཏུ་སྨྲ་བ་ལ་འདུན་པ་དང་འདོད་ཆགས་ནི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་བདག་ཏུ་མངོན་པར་ཞེན་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་དང་ཤིན་ཏུ་མཐུན་པ་ཡིན་གྱི་གཟུགས་དང་
གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཀུན་དུ་སྦྱོར་བ་ལ་སོགས་པ་དང་ནི་མ་ཡིན་ནོ། །ཅིའི་ཕྱིར་ལེན་པ་རྣམ་པ་བཞིར་གཞག་ཅེ་ན། ཁྱིམ་པའི་ཕྱོགས་དང་རབ་ཏུ་བྱུང་བའི་ཕྱོགས་ལས་བརྩམས་ཏེ། ཁྱིམ་པ་རྣམས་ནི་ཕལ་ཆེར་འདོད་པ་ཉེ་བར་ལེན་པ་ཡིན་ནོ། །རབ་ཏུ་བྱུང་བ་འདི་ལས་ཕྱི་རོལ་པ་

ཕལ་ཆེར་ནི་དེ་ལས་གཞན་པ་སྟེ། འདི་ལྟ་སྟེ་དེ་དག་འདོད་པ་རྣམས་སྤངས་ནས་རབ་ཏུ་འབྱུང་སྟེ་མ་འོངས་པ་ན། འདོད་པ་དང་མི་འདོད་པ་མྱོང་བ་རྣམས་ལྡན་པ་དང་བྲལ་བར་འདོད་པས་ཡོད་པར་བྱ་བའི་ཕྱིར་རམ་མེད་པར་བྱ་བའི་ཕྱིར་རབ་ཏུ་འབྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་བསམ་
གཏན་དང་། རྟོགས་པའི་བྱེ་བྲག་ལ་བརྟེན་ནས་རྟག་པར་ལྟ་བའམ། ཆད་པར་ལྟ་བར་འགྱུར་རོ། །དེ་དག་ཀྱང་གོ་རིམས་བཞིན་དུ་ཡོད་པར་ལྟ་བ་ལ་བརྟེན་པའམ། མེད་པར་ལྟ་བ་ལ་བརྟེན་པ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱང་དེ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་
ཀྱིས་འཇིག་རྟེན་སོ་སོའི་ལྟ་བ་ལ་བརྟེན་པ་གང་ཡང་རུང་བ་དེ་དག་ཐམས་ཅད་ལྟ་བ་གཉིས་པ་སྟེ། ཡོད་པར་ལྟ་བ་དང་མེད་པར་ལྟ་བ་ཡིན་ནོ། །བདག་ཏུ་སྨྲ་བ་ཡང་གཉིས་ལ་བརྟེན་པ་ཡིན་ཏེ། མ་འོངས་པ་ན་བདག་ཡོད་པ་དང་མེད་པར་ཡོངས་སུ་རྟོག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདག་ཏུ་
ལྟ་བ་ནི་ལྟ་བ་ཉེ་བར་ལེན་པའི་ནང་དུ་འདུས་པ་ཡིན་ཏེ། འདི་ལས་ཕྱི་རོལ་པ་ཐམས་ཅད་ཀྱིས་དེ་ཉེ་བར་ལེན་པའི་ཕྱིར་རོ། །ལྟ་བ་གཞན་ནི་ཐམས་ཅད་ཀྱི་ནང་ནས་འགའ་ཙམ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་ངམ། བྲམ་ཟེ་གང་དག་འདོད་པ་ཉེ་བར་ལེན་པ་དང་ལྟ་བ་
ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པའི་སྤང་བ་དང་ཡོངས་སུ་ཤེས་པ་འཆད་པ་ནི་འགའ་ཙམ་ཡོད་ཀྱི་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ནི་ཡོད་པ་མ་ཡིན་ནོ། །སྲེད་པ་ནི་གསུམ་དུ་བསྟན་ལ་ཉེ་བར་ལེན་པ་ནི་བཞི་ཡིན་ན་གང་ཞིག་གང་གི་རྐྱེན་གྱིས་ཡིན་ཞེ་ན། འདོད་པའི་སྲེད་
པའི་རྐྱེན་གྱིས་འདོད་པའི་ཉེ་བར་ལེན་པ་ཡིན་ཏེ། མཐོང་བའི་ཆོས་ཁོ་ན་ལ་བདེ་བ་དང་སྡུག་བསྔལ་དང་ལྡན་པ་དང་བྲལ་བར་འདོད་པ་རྣམས་ཀྱི་ནི་འདོད་པ་ན་སྤྱོད་པའི་སྲེད་པ་གང་ཡིན་པ་དེ་ལ་བརྟེན་ནས་དེ་འབྱུང་བ་ཡིན་ནོ། །གང་དག་མ་འོངས་པ་ན་འདོད་པ་དང་མི་འདོད་པ་མྱོང་བ་རྣམས་དང་ལྡན་པ་དང་བྲལ་
བར་འདོད་པ་རྣམས་ཀྱི་ནི་འདོད་པ་ན་སྤྱོད་པ་ཉིད་ཀྱི་ཡོད་པར་སྲིད་པ་དང་མེད་པར་སྲེད་པ་རྣམས་དང་། གང་ཡང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྟེ། དེ་དེ་དག་གི་རྐྱེན་གྱིས་ནི་གཞན་ཡིན་ནོ། །སྲེད་པ་གང་གི་རྐྱེན་གྱིས་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡིན་ཞེ་ན། ས་གང་ཡིན་པའི་ཚོར་བ་ལ་སྲེད་པ་ཀུན་

ཏུ་བྱུང་ན་ས་དེ་པའི་ལུས་ལ་བྱིས་པ་རྣམས་བདག་ཏུ་མངོན་དུ་ཞེན་ཅིང་མངོན་པར་དགའ་བ་དེ་ལ་ཆགས་པར་བྱེད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ས་འོག་གི་མདོ་སྡེ་ལས་འཇིག་ཚོགས་ལ་ལྟ་བ་བསྟན་ནས་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའི་རྐྱེན་གྱིས་སྲེད་པའོ། །དེ་ལས་འདུ་
བྱེད་དེ་དག་གོ་ཞེས་གསུངས་སོ། །འོ་ན་ཆོས་འདི་པ་བདག་མེད་པར་ལྟ་བ་རྣམས་ཀྱི་ཉེ་བར་ལེན་པ་གང་ཞེ་ན། འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་ནི་འདོད་པ་ཉེ་བར་ལེན་པའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་ནི་ཉེ་བར་ལེན་པ་གཞན་ཡིན་ཏེ། ཇི་སྐད་དུ་སྨྲས་པ་དེ་ལྟ་བུ་ནི་མ་ཡིན་ནོ། །ཅིའི་ཕྱིར་
ཞེ་ན། དེ་དག་ལ་ལྟ་བའི་ཉོན་མོངས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་དེ་དག་ནི་ལྟ་བའམ་ཚུལ་ཁྲིམས་སམ་བརྟུལ་ཞུགས་སམ། བདག་ཏུ་སྨྲ་བར་མངོན་པར་ཞེན་པས་མངོན་པར་ཆགས་པར་བྱེད་པ་ནི་མ་ཡིན་ནོ། །དེ་དག་ལ་སྲེད་པའི་ཉོན་མོངས་པ་ནི་ཡོད་དེ། ས་གང་ལ་འདོད་ཆགས་དང་མ་བྲལ་
བ་དེ་ལ་འདུན་པ་དང་འདོད་ཆགས་ཉེ་བར་ལེན་པ་ཡིན་ནོ། །ཉོན་མོངས་པ་ཡོངས་སུ་རྫོགས་པའི་གང་ཟག་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཉེ་བར་ལེན་པ་འདི་བཞི་གསུངས་པ་ཡིན་ནོ། །གཞན་དུ་ནི་ཐ་དད་པ་མེད་པར་གསུངས་ཏེ་ཉེ་བར་ལེན་པ་མེད་པར་གྱུར་པའི་ཆོས་རྣམས་གང་ཞེ་ན།
མིག་དང་གཟུགས་དང་ཞེས་རྒྱས་པར་འབྱུང་བ་དང་ཉེ་བར་ལེན་པ་གང་ཞེ་ན། གང་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་སྟེ་འདི་ནི་འདིར་ཉེ་བར་ལེན་པ་ཡིན་ནོ། །གཞན་དག་ན་རེ་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡང་དེ་དག་ལ་ཡོད་པ་ཡིན་ཏེ་ལུས་ལ་བདག་གོ་སྙམ་པའི་འདུན་པ་དང་འདོད་ཆགས་གང་
ཡིན་པའོ་ཞེའོ། །སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་འདིར་གལ་ཏེ་རྐྱེན་ངེས་པ་ཡིན་ན་ནི། སྲེད་པ་ཉིད་ཉེ་བར་ལེན་པའི་རྐྱེན་ཡིན་གྱི་གཞན་མ་ཡིན་པས་གཞན་རྒྱུ་དང་དེ་མ་ཐག་པ་དང་དམིགས་པའི་རྐྱེན་རྣམས་ཉེ་བར་ལེན་པ་ཡིན་པར་འགྱུར་རོ། །མདོ་སྡེ་གཞན་ཡང་ཡོངས་སུ་སྤངས་པ་ཡིན་ཏེ། མ་
རིག་པའི་རྒྱུས་ཀུན་ཏུ་འདོད་ཆགས་པ་དང་ཀུན་དུ་ཞེ་སྡང་བ་དང་ཀུན་དུ་གཏི་མུག་པའོ་ཞེས་འབྱུང་བ་དང་། དེ་བཞིན་དུ་གང་ཅུང་ཟད་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་འབྱུང་བ་དེ་དག་ཐམས་ཅད་ནི་མ་རིག་པའི་རྒྱུ་ཅན་ནས་མ་རིག་པའི་རྐྱེན་ཅན་གྱི་བར་དུ་འབྱུང་བ་དང་། དེ་བཞིན་དུ་འདུ་བྱེད་གང་ཡིན་

པ་དེ་དག་ཐམས་ཅད་རེག་པ་ལ་བརྟེན་ནས་ཞེས་པ་ལ་སོགས་པ་སྤངས་པར་འགྱུར་རོ། །གལ་ཏེ་རྐྱེན་ཅན་ངེས་པ་ཡིན་ན་ནི། ཉེ་བར་ལེན་པ་ཁོ་ནའི་རྐྱེན་སྲིད་པ་ཡིན་གྱི་གཞན་གྱི་མ་ཡིན་པས་ཆོས་གཞན་གྱི་རྒྱུ་དང་དེ་མ་ཐག་པ་དང་། དམིགས་པ་དང་བདག་པོའི་རྐྱེན་དུ་སྲེད་པ་ཡིན་
པར་མི་འགྱུར་རོ། །དགེ་སློང་དག་ལས་ཀྱི་རྒྱུ་ནི་སྲེད་པ་རྐྱེན་ནི་སྲེད་པ་འབྱུང་ཁུངས་ནི་སྲེད་པ་ཞེས་བྱ་བའི་མདོ་སྡེ་གཞན་ཡང་ཡོངས་སུ་སྤངས་པར་འགྱུར་རོ། །གཉིས་ཀ་ངེས་པ་ཡིན་ན་ནི་ཇི་སྐད་དུ་སྨྲས་པའི་སྐྱོན་གཉིས་ཀར་འགྱུར་རོ། །མ་ངེས་པ་ཡིན་ན་ནི་བཤད་པ་དོན་མེད་པར་འགྱུར་ཏེ། དེ་བས་ན་
ངེས་པ་ཡོད་པ་མ་ཡིན་ནོ་ཞེ་ན། ངེས་པ་མེད་ཀྱང་བཤད་པ་དོན་མེད་པ་མ་ཡིན་ཏེ། གཙོ་བོའི་རྐྱེན་བསྟན་པའི་ཕྱིར་དང་། དེ་བཞིན་དུ་བཤད་པའི་ཕྱིར་རོ། །འདི་ལྟར་ཚོར་བ་ལ་སྲེད་པས་དེ་དང་ལྡན་པ་དང་བྲལ་བར་བྱ་བའི་ཕྱིར་འདོད་པ་ལ་སོགས་པ་ཉེ་བར་ལེན་པའི་རྐྱེན་ཡིན་ནོ། །ཉེ་བར་ལེན་པ་ཐ་དད་
པ་སོ་སོ་ནི་མ་རིག་པ་ལ་སོགས་པ་དང་། ཚོར་བའི་སྲེད་པ་ལ་ལྟོས་པ་ཡིན་གྱི། དེ་ལ་མ་རིག་པ་ལ་སོགས་པ་ནི་མ་ཡིན་ནོ། །ཉེ་བར་ལེན་པ་རྣམ་པར་ངེས་པ་ནི་ཤིན་ཏུ་འཕྲོས་པ་ཡིན་པས་འཕྲོས་པ་གཞག་གོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པ་ལས་ལེན་པ་རྣམ་པར་དབྱེ་བ་རྫོགས་སོ།། །།
ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བའི་སྲིད་པ་གང་ཞེ་ན། སྲིད་པ་གསུམ་སྟེ་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་གཟུགས་མེད་པའི་སྲིད་པའོ་ཞེས་བྱ་བ་འདིར་ཡང་ཚིག་སྦྱར་ན་ཐལ་བར་འགྱུར་བ་སྔ་མ་བཞིན་དུ་གནས་ཏེ། དེ་བས་ན་འདིའི་ཚིག་སྦྱར་བ་ཇི་ལྟར་བརྗོད་པར་བྱ་ཞེ་ན། འདོད་པ་དང་
རབ་ཏུ་ལྡན་པའི་སྲིད་པ་ནི་འདོད་པའི་སྲིད་པའོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་ཚིག་བར་མ་མི་མངོན་པའི་ཕྱིར་སྦྲང་རྩིའི་ཆུ་ལྟ་བུ་དང་བུ་རམ་འོ་མ་བཞིན་ནོ། །སྲིད་པ་ཡང་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་མདོ་སྡེ་གཞན་ལས་བཅོམ་ལྡན་འདས་ཀྱིས་ཐ་དད་པ་མེད་པར་གསུངས་སོ། །
དེ་དག་ཀྱང་ཁམས་གསུམ་དུ་ཇི་ལྟར་རིགས་པས་རིག་པར་བྱའོ། །དེ་ལྟར་ན་འོ་ན་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་སྐྱེ་བ་གཞན་གང་ཞིག་སྲིད་པའི་རྐྱེན་གྱིས་ཡིན་ཞེ་ན། སྲིད་པ་གསུམ་པོ་དེ་དག་ཉིད་མདོ་སྡེ་གཞན་ལས་སྲིད་པ་བདུན་དུ་གསུངས་ཏེ། དམྱལ་བའི་སྲིད་པ་དང་བྱོལ་སོང་གི་སྲིད་པ་དང་ཡི་

དགས་ཀྱི་སྲིད་པ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ལས་ཀྱི་སྲེད་པ་དང་། བར་མ་དོའི་སྲིད་པ་རྣམས་ཇི་ལྟར་རིགས་པར་ཡིན་ཏེ། སེམས་ཅན་རྣམས་གང་དུ་གང་གིས་འབྱུང་བ་དེ་སྲིད་པ་ཡིན་པའི་ཕྱིར་རོ། །གང་གིས་ཞེས་བྱ་བ་ནི་རྒྱུ་གང་གིས་དང་རིམ་པ་གང་གིས་ཤེས་པར་བྱ་བའོ། །
དེ་བས་ན་མདོ་སྡེ་དེ་ལས་ནི་ལས་ཀྱི་སྲིད་པས་བསྡུས་པ་ནི་སྲིད་པ་གསུམ་ཡིན་པར་རིག་པར་བྱའོ། །མདོ་སྡེ་གཞན་ལས་ཀྱང་ཀུན་དགའ་བོ་མ་འོངས་པ་ན་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་པ་ཡིན་དུ་ཟིན་ཀྱང་འདིར་ནི་སྲིད་པ་འདི་ཡིན་ནོ་ཞེས་རྒྱས་པར་གསུངས་སོ། །རབ་ཏུ་དབྱེ་བ་ལས་ཀྱང་འདོད་པའི་སྲིད་
པ་གང་ཞེ་ན། ལས་གང་ཞིག་འདོད་པ་དང་རབ་ཏུ་ལྡན་པའི་ཉེ་བར་ལེན་པའི་རྐྱེན་ཅན་མ་འོངས་པ་ན་མངོན་པར་འགྲུབ་པར་མངོན་དུ་ཕྱོགས་པ་དང་། ལས་དེའི་རྣམ་པར་སྨིན་པ་གང་ཡིན་པའོ། །གཟུགས་ཀྱི་སྲིད་པ་གང་ཞེ་ན། ལས་གང་ཞིག་གཟུགས་དང་རབ་ཏུ་ལྡན་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །གཟུགས་
མེད་པའི་སྲིད་པ་གང་ཞེ་ན། གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། །འདིར་ཡང་ལས་གང་ཞིག་སྲིད་པ་ཡིན་པར་བསྟན་པ་དེའི་རྐྱེན་གྱིས་སྐྱེ་བ་ཡིན་པར་དགོངས་པ་ཡིན་གྱི། དེའི་རྣམ་པར་སྨིན་པའི་རྐྱེན་གྱིས་མ་ཡིན་ནོ། །འོན་ཀྱང་དེ་ནི་སྲིད་པ་ཡིན་ནོ། །དེ་བས་ན་ལས་ཀྱི་
སྲིད་པ་ཁོ་ན་དེར་ཁམས་གསུམ་པའི་འདོད་པ་ལ་སོགས་པའི་སྲིད་པ་ཡིན་པར་དགོངས་པ་སྟེ། འདིས་བར་མ་ཆོད་པར་ཡང་སྲིད་པ་འབྱུང་བར་བྱེད་པས་སྲིད་པ་ཞེས་བྱའོ། །དཔེར་ན་འདིས་དེད་པར་བྱེད་པས་དེད་པ་ཞེས་བྱ་བ་བཞིན་ནོ། །དེ་ལྟ་ན་འོ་ན་འདུ་བྱེད་རྣམས་དང་སྲིད་པ་ལ་བྱེ་བྲག་ཅི་ཡོད། །དེ་གཉིས་
ཀ་ཡང་ལས་ཀྱི་མིང་ཐོབ་པར་འགྱུར་རོ་ཞེ་ན། ལས་ནི་གནས་སྐབས་གཉིས་ཏེ། རང་གི་ངོ་བོའི་གནས་སྐབས་དང་བག་ཆགས་ཀྱི་གནས་སྐབས་སོ། །སེམས་ཀྱི་རྒྱུན་ལ་བག་ཆགས་ཀྱི་བྱེ་བྲག་དེ་ལས་སྐྱེས་པ་ཡོད་པ་ཡང་ལས་ཀྱི་མིང་འཐོབ་སྟེ། དཔེར་ན་སྨན་བཅུད་ཀྱིས་ལེན་གྱིས་སྐྲ་དཀར་བཅོམ་པ་
དང་། དེ་ལས་སྐྱེས་པ་ལུས་ཡོངས་སུ་འགྱུར་བའི་བྱེ་བྲག་ཀྱང་བཅུད་ཀྱིས་ལེན་གྱི་མིང་འཐོབ་པ་བཞིན་ནོ། །དེ་ལ་གང་གི་ཚེ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བརྗོད་པ་དེའི་ཚེ་ནི་ལས་ཀྱི་རང་གི་ངོ་བོའི་གནས་སྐབས་ཀྱི་འདུ་བྱེད་ཀྱི་མིང་འཐོབ་པ་ཡིན་ཏེ། ནུས་པའི་བྱེ་བྲག་དང་ལྡན་པའི་རྣམ་

པར་ཤེས་པའི་རྒྱུན་ནི་དེའི་རྐྱེན་གྱིས་ཡིན་པའི་ཕྱིར་རོ། །གང་གི་ཚེ་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བརྗོད་པ་དེའི་ཚེ་ནི་བག་ཆགས་ཀྱི་གནས་སྐབས་ལ་སྲིད་པའི་མིང་འཐོབ་པ་ཡིན་ནོ། །གལ་ཏེ་དེའི་བག་ཆགས་དེ་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་པ་ཡིན་ན་འཇུག་པ་རྙེད་
པ་ཡིན་ནོ། །འཇུག་པ་མ་རྙེད་པ་ཡིན་ན་ནི་ལས་ཀྱི་མིང་དང་འདུ་བྱེད་ཀྱི་མིང་འཐོབ་པ་ཡིན་ནོ། །འདུལ་བ་ལས་ཇི་སྐད་དུ། ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །བསྐལ་པ་དག་ནི་བརྒྱ་ན་ཡང་། །ཚོགས་ཤིང་དུས་དང་ལྡན་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །ཞེས་གསུངས་པ་ཡིན་
ནོ། གང་ཟག་གཅིག་ལ་དུས་གཅིག་ཏུ་བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམ་པ་གསུམ་ཡོད་པར་ཁས་བླངས་སུ་ཟིན་ཀྱང་མིང་སྲིད་པ་མ་ཡིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ཡོད་དུ་ཟིན་ཀྱང་རེས་འགའ་ཡང་སྲིད་པ་མངོན་པར་འགྲུབ་པར་མི་བྱེད་དེ། དཔེར་ན་འདོད་ཆགས་དང་
བྲལ་བ་རྣམས་ཀྱིས་ས་འོག་མར་མ་ཡིན་པ་དང་། འདོད་ཆགས་དང་མ་བྲལ་བ་རྣམས་ཀྱིས་ས་གོང་མར་མ་ཡིན་པ་དང་། བདེན་པ་མཐོང་བ་རྣམས་ཀྱིས་ངན་སོང་དུ་མ་ཡིན་པ་དང་། གནས་གཙང་མ་རྣམས་ཀྱིས་གནས་མི་གཙང་བར་མ་ཡིན་པ་དང་། དགྲ་བཅོམ་པ་རྣམས་ཀྱིས་ཁམས་གསུམ་དུ་མ་ཡིན་
པ་བཞིན་ནོ། །དེ་བས་ན་གནས་སྐབས་ཐམས་ཅད་དུ་འདུ་བྱེད་དེ་སྲིད་པར་འདོད་པ་མ་ཡིན་ནོ། །དེ་ཡང་ཉེ་བར་ལེན་པ་ཡོད་ན་སྲིད་པའི་གནས་སྐབས་ཡིན་པར་འགྲོ་བར་འགྱུར་གྱི་མེད་ན་ནི་མ་ཡིན་པས་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བསྟན་ཏོ། །འདི་ལྟར་གང་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡོད་པ་ཡང་འདུན་
པ་དང་འདོད་ཆགས་དེས་འཕངས་པའི་ཡང་སྲིད་དང་རྗེས་སུ་མཐུན་པ་མ་ཡིན་ན་དེར་ནི་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་པ་མ་ཡིན་ནོ། །ལས་སྔ་མ་རྣམས་རང་གི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པ་ཡིན་དུ་ཟིན་ཀྱང་བག་ཆགས་ཡོངས་སུ་གྱུར་པའི་བྱེ་བྲག་ལས་སྟོབས་ཇི་ལྟ་བ་བཞིན་དུ་ཕྱིས་འབྲས་བུ་
སྦྱིན་པར་བྱ་བའི་ཕྱིར་ཉེ་བར་གནས་པ་ཡིན་པ་དེ་ལྟར་ཅིའི་ཕྱིར་མི་འདོད་ཅེ་ན། བདེན་ཏེ་སྟོབས་ཇི་ལྟ་བ་བཞིན་དུ་གནས་པ་ཡིན་ནོ། །ས་གང་ལ་འདུན་པ་དང་འདོད་ཆགས་པ་ནི་དེས་འཕངས་པའི་ཡང་སྲིད་དང་རྗེས་སུ་མཐུན་པ་ཡིན་པ་དེར་ནི་དེ་ལྟ་བུ་ཁོ་ན་ཡིན་གྱི་གཞན་དུ་ནི་མ་ཡིན་པས་ལེན་པའི་རྐྱེན་གྱིས་སྲིད་པ་

ཞེས་བསྟན་ཏོ། །འདོད་ཆགས་དང་བྲལ་བ་གང་ཞིག་ས་འོག་མར་སྐྱེ་བས་འོག་མ་དེ་ལ་འདུན་པ་དང་འདོད་ཆགས་དག་ཇི་ལྟར་ཡང་སྲིད་དང་རྗེས་སུ་མཐུན་པ་ཡིན་ཞེ་ན། འཆི་བའི་གནས་སྐབས་ན་དེའི་བག་ཆགས་རྣམས་འཇུག་པ་རྙེད་པའི་ཕྱིར་རོ། །འདོད་ཆགས་དང་མ་བྲལ་བ་རྣམས་བདེན་པ་མཐོང་
ན་ངན་སོང་དུ་སྐྱེ་བར་མི་འགྱུར་ན་ཅི་དེའི་ལེན་པ་དག་མེད་པ་ཡིན་ནམ་ཞེ་ན། ངན་སོང་དང་རྗེས་སུ་མཐུན་པ་མ་ཡིན་ཏེ། མཐོང་བས་སྤང་བར་བྱ་བའི་འདུན་པ་དང་། འདོད་ཆགས་སྤངས་པའི་ཕྱིར་རོ། །དེ་ལས་གཞན་པ་ཡང་ཕྱིས་འཇོམས་པའི་ཕྱིར་རོ། །འོ་ན་གནས་སྐབས་གང་གི་ཚེ་ལེན་པ་དང་
བཅས་པའི་ལས་རྣམས་སྟོབས་ཇི་ལྟ་བ་བཞིན་དུ་གདོན་མི་ཟ་བར་སྲིད་པ་ཡིན་པར་འགྱུར་ཞེ་ན། འཆི་བའི་ཚེ་གདོན་མི་ཟ་བར་འགྱུར་རོ། །ལས་ངེས་པ་གང་ཡིན་པ་ནི་དུས་སྔར་ཡང་ཡིན་ཏེ། སྐྱེས་ནས་མྱོང་བར་འགྱུར་བའི་ལས་མཚམས་མེད་པ་ལ་སོགས་པའོ། །གལ་ཏེ་དེའི་ཚེ་སྲིད་པར་འགྱུར་བ་ཡིན་
ན་ཅིའི་ཕྱིར་དེ་མ་ཐག་ཏུ་ཡང་སྲིད་མངོན་པར་འགྲུབ་པར་མི་བྱེད་ཅེ་ན། སྔོན་གྱི་ཚེའི་ལས་ཀྱི་རྣམ་པར་སྨིན་པ་རིས་མཐུན་པར་སྐལ་བ་མཉམ་པའི་ལྷག་མ་དང་འབྲེལ་བ་ཡིན་པའི་ཕྱིར་རོ། །སྲིད་པར་གྱུར་པའི་ལས་རྣམས་གང་ཡན་ཆད་དུ་སྲིད་པ་ཉིད་ཡིན་པར་རྗེས་སུ་འབྲང་ཞེ་ན། ཅི་ཙམ་ན་སྐྱེ་བའི་སྲིད་པ་ཡིན་
པ་དེའི་བར་དུ་ལྡོག་པ་མེད་དོ། །ལུང་ལས་སྲིད་པ་ནི་གཉིས་ཏེ། གཞོལ་བའི་སྲིད་པ་ནི་སྐྱེ་བར་མ་ཞུགས་པ་སེམས་གཞོལ་བ་ལ་ཡོད་པའོ། །ཞུགས་པའི་སྲིད་པ་ནི་སྐྱེ་བར་ཞུགས་པ་བར་མའི་གནས་སྐབས་ཀྱི་སེམས་ལ་ཡོད་པའོ། །དེ་གཉིས་ཀ་གཅིག་ཏུ་བསྡུས་ཏེ་སྲིད་པ་ཞེས་བརྗོད་དོ། །འོ་ན་བར་
མ་དོའི་སྲིད་པའི་རྐྱེན་གང་ཞེ་ན། རྐྱེན་ནི་གཞོལ་བའི་སྲིད་པ་ཡིན་ནོ། །དེ་ཡང་ལས་ཀྱི་སྲིད་པ་གཙོ་བོ་ཡིན་གྱི་རྣམ་པར་སྨིན་པ་ནི་གཙོ་བོ་མ་ཡིན་ཏེ། སྐྱེས་པ་ན་རྣམ་པར་སྨིན་པ་ནས་འཕངས་པ་ཡོངས་སུ་རྫོགས་པའི་ཕྱིར་དང་། སྐྱེ་བར་བྱ་བའི་ཕྱིར་ཡང་ལས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །སྲིད་
པ་ཉིད་ནང་དུ་གཏོགས་པར་བྱས་པ་སྐྱེ་བའི་ནང་དུ་མ་ཡིན་ནོ། །ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་འདིར་གལ་ཏེ་རྐྱེན་ངེས་པ་ཡིན་ན་ནི་ལེན་པ་ཉིད་སྲིད་པའི་རྐྱེན་ཡིན་པས་ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་སྡེ་ལས་ཇི་སྐད་དུ་གང་ལ་ཡང་སྲོག་གཅོད་པ་དང་བྲལ་བ་མ་ཡིན་ནོ་ཞེས་བྱ་བ་ནས་འདི་

ལ་ཡང་དགའ་བ་མ་ཡིན་ཞིང་སྤོང་བ་མ་ཡིན་པ་དག་ནི་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷའི་ནང་དུ་སྐྱེ་བར་འགྱུར་བ་དེ་ནི་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་དེས་སྔོན་དགེ་བའི་ལས་བྱས་ཤིང་
བསགས་པ་ཡོད་དོ། །སྔོན་བྱས་པ་དེའི་རྐྱེན་ཡང་འདི་ལྟ་སྟེ་འཆི་བའི་དུས་ཀྱི་ཚེ་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཐོབ་པ་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་དེའི་རྒྱུ་དེའི་རྐྱེན་གྱིས་ལུས་དེ་ཤི་ནས་ཞེས་རྒྱས་པར་གསུངས་པ་དེ་ཡོངས་སུ་སྤངས་པར་འགྱུར་རོ། །དེ་དག་གི་དེ་ལ་ལན་
གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་སྔོན་བྱས་པ་སེམས་ཀྱི་རྒྱུད་ལ་བག་ཆགས་སུ་གནས་པ་སྲིད་པར་འགྱུར་བ་ནི་དེའི་རྐྱེན་གྱིས་ཡིན་ནོ། །འོན་ཏེ་འདི་འཆི་བའི་དུས་ཀྱི་ཚེ་དགེ་བའི་སེམས་པ་མཚུངས་པར་ལྡན་པ་དང་བཅས་པ་དེ་ཉིད་སྲིད་པ་ཡིན་ནོ་ཞེས་དེ་ལྟར་རྟོག་པར་བྱེད་ན། དེ་ལྟ་ན་དེ་ཡང་སྔོན་བྱས་
པ་ཡོད་པ་དེའི་རྐྱེན་ཡང་འདི་ལྟ་སྟེ་འཆི་བའི་དུས་ཀྱི་ཚེ་ཞེས་འབྱུང་བ་དང་འགལ་བར་འགྱུར་རོ། །གཤེད་མ་པ་དབུགས་ཞེས་བྱ་བས་གནས་བརྟན་ཤཱ་རིའི་བུ་ལ་གང་སེམས་དང་བ་དེ་ནི་གཞན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་བའི་ལས་སྲིད་པ་ཉིད་དུ་བྱེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་དང་། བསམ་གཏན་བཞི་པ་
ཐོབ་པའི་དགེ་སློང་མངོན་པའི་ང་རྒྱལ་ཅན་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་ཡོངས་སུ་འཛིན་པ་དག་དམྱལ་བར་སྐྱེ་བར་འགྱུར་བའི་ལས་ཞེས་འབྱུང་བ་འདི་ཉིད་ཀྱིས་མདོ་སྡེའི་རྗེས་སུ་འབྲངས་ནས་རིག་པར་བྱ་སྟེ་དེ་དང་ཡང་འགལ་བར་འགྱུར་རོ། །གལ་སྟེ་རྐྱེན་ཅན་ངེས་པ་ཡིན་ན་ནི་
ལེན་པའི་རྐྱེན་གྱིས་སྲིད་པ་ཁོ་ན་ཡིན་གྱི་གཞན་མ་ཡིན་པས་ལེན་པའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དང་། བདག་པོའི་འབྲས་བུ་གཞན་མེད་པར་འགྱུར་རོ། །གཉིས་ཀ་ངེས་པ་ཡིན་ན་ནི་ཕྱོགས་གཉིས་ཀའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེ་བས་ན་འདིར་མ་ངེས་པ་ཁོ་ན་ལ་བརྟེན་པ་ཡིན་ལ་འཆད་པ་
དོན་མེད་པ་ཡང་མ་ཡིན་ཏེ། རྐྱེན་གཙོ་བོ་འཆད་པའི་ཕྱིར་རོ། །ལེན་པ་ནི་སྲིད་པའི་རྐྱེན་གྱི་གཙོ་བོ་ཡིན་ཏེ། ས་གང་བའི་ལེན་པ་ཡིན་པས་ནི་ས་དེ་པ་ཁོ་ནའི་ལས་དག་སྲིད་པར་བྱེད་པའི་ཕྱིར་རོ། །ས་གང་བའི་དགེ་བའི་སེམས་དང་སེམས་ལས་བྱུང་བ་ནི་འཆི་བའི་ཚེ་མ་ཡིན་ནོ། །འོ་ན་དགེ་བའི་

སེམས་ཀྱི་ལས་གང་དག་འཆི་བའི་ཚེ་སྲིད་པ་ཡིན་པར་འགྱུར་བ་དེ་དག་ཇི་ལྟར་ཉེ་བར་ལེན་པའི་རྐྱེན་གྱིས་ཡིན་ཞེ་ན། གལ་ཏེ་དེའི་ཚེ་རྣམ་པར་ཤེས་པ་ལ་ལེན་པ་མེད་པར་ཡང་གྱུར་ན། དེའི་ལས་དག་སྲིད་པ་ཡིན་པར་མི་འགྱུར་ཏེ། ཇི་ལྟར་དགྲ་བཅོམ་པ་བཞིན་ནོ། །དེ་ལྟ་ཡིན་ན་དགེ་སློང་དག་ས་
བོན་གྱི་རིགས་ལྔ་ནི་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་ཡིན་ནོ་ཞེས་འབྱུང་བའི་མདོ་སྡེ་འདི་དང་འགལ་བར་འགྱུར་རོ། །ཇི་ལྟར་ན་དགེ་བའི་རྣམ་པར་ཤེས་པ་ལེན་པ་དང་བཅས་པ་ཡིན་ཞེ་ན། ལེན་པས་གྲོགས་བྱས་ཏེ་འབྲས་བུ་སྦྱིན་པའི་ཕྱིར་དེ་ལེན་པ་དང་བཅས་བ་ཡིན་གྱི།
དེ་ས་བོན་ཡིན་པར་དགོངས་པ་ནི་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ས་བོན་ཡིན་ཏེ་དེ་ལ་ལེན་པ་གང་ཡིན་པའི་བག་ཆགས་ཡོངས་སུ་ཤིན་ཏུ་བརྟས་པར་གྱུར་ན། དེས་ནི་དེ་ལེན་པ་དང་བཅས་པ་ཡིན་ཏེ། མ་འོངས་པ་ན་ཡང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པའི་ས་བོན་ཡིན་ནོ། །ས་གོང་བའི་
ལེན་པ་དེ་ཡོངས་སུ་ཤིན་ཏུ་བརྟས་པར་གྱུར་ན། དེས་ནི་དེ་ལེན་པ་དང་བཅས་པ་ཡིན་ཏེ་མ་འོངས་པ་ཡང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པའི་ས་བོན་ཡིན་ནོ། །ས་གང་པའི་ལེན་པ་དེ་ཡོངས་སུ་ཤིན་ཏུ་བརྟས་ཤིང་རྒྱས་པར་གྱུར་ན་ནི་དེའི་སྒོ་དེ་ནས་ས་དེ་པ་ཉིད་ཀྱི་ལས་ཀྱི་བག་ཆགས་བསྩགས་པའི་གནས་
སྐབས་དག་དེ་མ་ཐག་ཏུ་ཚེ་གཞན་མངོན་པར་འགྲུབ་པར་བྱ་བའི་ཕྱིར། འཇུག་པ་རྙེད་པ་ཡིན་པས་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བསྟན་ཏོ། །འཇུག་པ་ཞེས་བྱ་བ་དེ་ཅི་ཡིན་ཞེ་ན། གང་ལ་ལས་ཀྱི་བག་ཆགས་ཡོངས་སུ་འགྱུར་བའི་བྱེ་བྲག་ཡོད་པ་རང་གི་འབྲས་བུ་མངོན་པར་འགྲུབ་པར་བྱེད་པ་དེ་ནི། འདིའི་
འཇུག་པ་ཞེས་བྱའོ། །དཔེར་ན་མ་དུ་ལུང་གའི་མེ་ཏོག་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བསྒོས་པ་བཞིན་ནོ། །ཅིའི་ཕྱིར་སྲེད་པ་ཁོ་ན་སྲིད་པའི་རྐྱེན་ཡིན་པར་མི་འདོད་ཅེ་ན། ཚོར་བ་ལ་སྲེད་པ་ནི་གདོན་མི་ཟ་བར་དེ་དང་ལྡན་པ་དང་བྲལ་བར་བྱ་བའི་ཕྱིར་འདོད་པ་ལ་སོགས་པ་ལེན་པར་བྱེད་ལ་ལེན་པ་མེད་པར་ཡང་ལས་
རྣམས་སྲིད་པར་འགྱུར་བ་མ་ཡིན་ཞིང་འདོད་པ་ལ་སོགས་པ་ལེན་པ་མེད་པར་ཡང་ཚོར་བ་ཙམ་ལ་སྲེད་པས་ནི་ལས་སྣ་ཚོགས་ཀུན་ནས་སློང་བར་བྱེད་པ་མ་ཡིན་ལ་འདོད་པ་ལ་སོགས་པ་ལ་འདུན་པ་དང་འདོད་ཆགས་ཀྱི་སྒོ་ནས་ཀུན་ནས་བསླང་བའི་ལས་ནི་སྒོ་དེ་ཁོ་ནས་ཕྱིས་སྲིད་པ་ཡིན་པར་འགྱུར་རོ། །ངན་

སོང་གི་འགྲོ་བས་སྐྲག་པ་དང་། བདེ་འགྲོ་འདོད་པ་རྣམས་ཀྱི་འགྲོ་བ་དེ་དང་མི་མཐུན་པའི་སྲེད་པ་ནི་ངན་སོང་དུ་འགྲོ་བའི་ལས་རྣམས་སྲིད་པར་བྱེད་པའི་རྐྱེན་དུ་འཐད་པ་མ་ཡིན་ནོ། །བདེ་འགྲོའི་ཚོར་བ་ལ་སྲེད་པ་སྔོན་དུ་འགྲོ་བའི་འདོད་པ་ལ་སོགས་པ་ལ་འདུན་པ་དང་འདོད་ཆགས་ནི་
འཐད་པ་ཡིན་ནོ། །གང་དག་གི་སྲེད་པ་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང་ཡང་སྲིད་དང་མི་མཐུན་པར་བྱེད་པ་དེ་དག་གི་ནི་དེའི་རྐྱེན་གྱིས་ཇི་ལྟར་ལས་དག་སྲིད་པར་འགྲུབ་པར་འགྱུར། དེ་བས་ན་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ། །འོ་ན་གང་བཅོམ་ལྡན་
འདས་ཀྱིས་གཞན་ནས་དགའ་བ་ཉིད་ལེན་པ་ཡིན་པར་གསུངས་ལ། དེའི་རྐྱེན་གྱིས་ཀྱང་སྲིད་པ་ཡིན་པར་ཚོར་བའི་མདོ་སྡེ་ལས་དགེ་སློང་དག་བྱིས་པ་ཐོས་པ་དང་མི་ལྡན་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཚོར་བ་གང་ཅི་མྱོང་ཡང་རུང་ཞེས་རྒྱས་པར་བྱས་ནས་ཚོར་བ་གང་ཡིན་པ་དེ་ལ་དགའ་བ་དེ་ནི་ལེན་
པ་ཡིན་ནོ། །ལེན་པ་དེའི་རྐྱེན་གྱིས་སྲིད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་ལ། ཡང་འབྱུང་བ་པའི་སྲེད་པ་དགའ་བ་འདོད་ཆགས་དང་མཚུངས་པར་ལྡན་པའོ་ཞེས་འབྱུང་བས་མདོ་སྡེའི་ཚིག་འདི་དག་སྲེད་པ་ཡིན་པར་རུང་ལ། དེར་ཡང་ལྷ་རྣམས་མགུ་བ་ནི་དགའ་བ་ལ་བརྟེན་པ་ཡིན་ནོ་ཞེས་
ཀྱང་གསུངས་སོ་ཞེ་ན། སྲེད་པ་དང་འདོད་ཆགས་མཚུངས་པར་ལྡན་པ་སྲེད་པ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །དགའ་བ་ཡང་དགའ་བར་བྱེད་པ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་དགའ་བ། བདེ་བའི་ཚོར་བའི་བྱེ་བྲག་ཡིན་ནོ། །ཚོར་བ་ནི་ལེན་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་རིགས་པ་མ་ཡིན་ཏེ།
མདོ་སྡེའི་ཚིག་འདི་ནི་དགོངས་པ་ཅན་ཡིན་ནོ། །འདི་ལ་དགོངས་པ་ཅན་གང་ཞེ་ན། ཚོར་བ་ལ་དགའ་བ་ནི་སྲིད་པའི་རྒྱུ་ཡིན་ནོ། །དེ་ཡང་ལེན་པའི་ཡིན་ཏེ་རྒྱུའི་རྒྱུ་ལ་དེའི་ལེན་པ་ཡིན་ནོ་ཞེས་བསྟན་ཏེ། ཚོར་བ་ལ་དགའ་བ་མང་བ་རྣམས་ཡིད་འབྱུང་བ་བསྐྱེད་པའི་ཕྱིར་རོ། །དཔེར་ན་བུད་མེད་ནི་
ཚངས་པར་སྤྱོད་པའི་དྲི་མའོ་ཞེས་བྱ་བ་བུད་མེད་དྲི་མ་མ་ཡིན་གྱི་བུད་མེད་མཐོང་ན་དེ་ལ་ཚུལ་མ་ཡིན་པའི་མཚན་མ་བཟུང་ནས་འདོད་ཆགས་སྐྱེ་བར་འགྱུར་རོ། །འདོད་ཆགས་ནི་ཚངས་པར་སྤྱོད་པའི་དྲི་མ་ཡིན་ཏེ། དེས་དེ་ལ་བར་ཆད་བྱེད་པའི་ཕྱིར་རོ། །དྲི་མ་བརྒྱུད་པའི་རྒྱུ་ཡིན་པས་བུད་མེད་

ལ་དྲི་མ་ཞེས་ཉེ་བར་གདགས་ཏེ། དཔེར་ན། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བའོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འོ་ན་ཅིའི་ཕྱིར་མདོ་སྡེ་གཞན་ལས་སྲེད་པ་ཉིད་ཀུན་འབྱུང་བའི་བདེ་བར་གསུངས་ཤེ་ན། ལས་ཀྱིས་འཕངས་པའི་ཡང་སྲིད་པ་མངོན་པར་
འགྲུབ་པ་ལ་སྲེད་པ་རྩ་བ་ཡིན་པས་རྩ་བ་བཅད་པའི་ཕྱིར་དེ་སྐད་དུ་གསུངས་སོ། །ཡང་ན་ལེན་པ་དང་ལྷན་ཅིག་པ་དེ་ལ་བསྟན་ཏེ། ཡང་འབྱུང་བའི་སྲེད་པ་དགའ་བ་འདོད་ཆགས་དང་ལྡན་པ་དེ་དང་དེ་ལ་མངོན་པར་དགའ་བར་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཐ་དད་པ་མེད་པར་སྲིད་པ་འདོད་
པ་ནི་ཡང་འབྱུང་བ་ཡིན་ནོ། །ཐོབ་པའི་དངོས་པོ་ལ་དམིགས་པའི་དགའ་བ་དང་འདོད་ཆགས་གཉིས་འདྲེས་པའི་ཕྱིར་དགའ་བ་འདོད་ཆགས་དང་ལྡན་པ་ཡིན་ནོ། །མ་ཐོབ་པའི་ལོངས་སྤྱོད་སྣ་ཚོགས་དང་། ལུས་ཀྱི་དངོས་པོ་སྣ་ཚོགས་དེ་དང་དེ་ལ་མངོན་པར་དགའ་བར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །
ཐོབ་པ་དང་མ་ཐོབ་པའི་ལུས་ཀྱི་དངོས་པོ་གཉིས་དང་ཡུལ་གཉིས་ལ་དེ་ལྟར་སྲེད་པ་རྣམ་པ་བཞི་གོ་རིམས་བཞིན་རིག་པར་བྱའོ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་དག་གོ། །དེ་བས་ན་ལེན་པའི་མཚན་ཉིད་འདུན་པ་དང་འདོད་ཆགས་ཀྱང་འདིར་འདུས་པ་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ལས་ནི་ཞིང་
སྲེད་པ་ནི་རླན། རྣམ་པར་ཤེས་པ་ནི་ས་བོན། མ་རིག་པ་མུན་པའི་རྣམ་པ་སྟེ། སེམས་ཅན་དེ་དག་གི་མ་རིག་པ་མུན་པར་གྱུར་པ་ནི་སེམས་པ་དམན་པ་ལ་རྣམ་པར་ཤེས་པ་གནས་པ་ཡིན་ཏེ། འདི་ལྟ་སྟེ་འདོད་པའི་སྲེད་པའོ་ཞེས་རྒྱས་པར་གསུངས་པ་དེ་དག་མདོ་སྡེ་འདི་ལ་ཇི་ལྟར་རིག་པར་བྱ་ཞེ་ན།
སྲིད་པའི་གནས་སྐབས་ཀྱི་ལས་ནི་ཞིང་ཡིན་ནོ། །དེར་ཉེ་བར་འགྲོ་བའི་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ནི་ས་བོན་ཡིན་ནོ། །ལེན་པ་ཉིད་རླན་ཡིན་ནོ། །རྣམ་པ་དེ་གསུམ་ནི་ཡང་སྲིད་པའི་མྱུ་གུ་སྐྱེ་བའི་རྒྱུ་ཡིན་ནོ། །མ་རིག་པ་ནི་རླན་མི་ཟད་པའི་རྒྱུ་ཡིན་པར་བསྟན་པའི་ཕྱིར་འདིའི་ནང་ནས་འབྱུང་བ་
ཡིན་ཏེ། དཔེར་ན་ལུད་ཀྱིས་གཡོགས་པའི་ས་བོན་ལ་རླན་མི་སྐམ་པ་ཡིན་ནོ། །དེ་བཞིན་དུ་མ་རིག་པའི་མུན་པའི་རྣམ་པས་རྣམ་པར་ཤེས་པའི་ས་བོན་གཡོགས་པ་ནི་སྲེད་པའི་རླན་མི་སྐམ་པ་ཡིན་ནོ། །ཅིའི་ཕྱིར་འདིར་བཅོམ་ལྡན་འདས་ཀྱིས་ལས་ཁོ་ན་ཞིང་དུ་གསུངས་ལ། གཞན་ལས་ནི་རྣམ་

གྲངས་ཀྱིས་རྣམ་པར་ཤེས་པའི་གནས་བཞི་སྟེ། དགེ་སློང་དག་རྣམ་པར་ཤེས་པའི་གནས་བཞི་ཞེས་བྱ་བ་ནི་སའི་ཁམས་དེའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་སོ། །ཡུལ་གང་ལ་དགའ་བ་དང་འདོད་ཆགས་པ་ནི་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་རླན་པར་བྱེད་དོ། །
མིང་དང་གཟུགས་དེ་ནི་དེའི་ཞིང་ཡིན་པར་འདིར་གསུངས་སོ། །ལས་ཀྱི་སྲིད་པ་ལ་མ་བརྟེན་པར་རིས་མཐུན་པའི་སྐལ་བ་མཉམ་པ་གཞན་དུ་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་བས་ལས་ནི་ཞིང་ཡིན་ནོ། །གལ་ཏེ་ལེན་པའི་རྐྱེན་གྱིས་ལས་ཀྱི་སྲེད་པ་ལས་ཡང་སྲིད་པ་མངོན་པར་འགྲུབ་པ་ཡིན་ནོ། །གང་མདོ་
སྡེ་གཞན་ལས་སྐྱེ་བའི་རྒྱུ་ནི་ལས་ཡིན། མངོན་པར་འགྲུབ་པའི་རྒྱུ་ནི་སྲིད་པ་ཡིན་ནོ་ཞེས་གསུངས་ན་འདི་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཡོད། ཇི་ལྟར་ན་ལས་དང་སྲེད་པ་དེ་གཉིས་རྒྱུ་ཡིན་ཞེ་ན། སེམས་ཅན་གྱི་རིས་དེ་དང་དེར་རིས་འདྲ་བར་འགྲོ་བའམ། གང་ཡང་ལས་དང་རྗེས་སུ་མཐུན་པར་འགྲོ་བ་
ནི་སྐྱེ་བ་ཡིན་ལ། དེའི་རྒྱུ་ནི་ལས་ཡིན་ཏེ་ལས་སྣ་ཚོགས་ཡིན་པའི་ཕྱིར་དང་། རྣམ་པར་སྨིན་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་དེ་བས་ནི་བདག་ནི་སེམས་ཅན་རྣམས་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་ཡིན་པར་སྨྲའོ་ཞེས་གསུངས་སོ། །དེ་བཞིན་དུ་དེ་གལ་ཏེ་བསོད་ནམས་ཀྱི་འདུ་བྱེད་མངོན་པར་
འདུ་བྱེད་པ་རྣམ་པར་ཤེས་པ་བསོད་ནམས་སུ་ཉེ་བར་འགྲོ་བ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་དང་། དེ་བཞིན་དུ་ལས་ནི་སེམས་ཅན་མཐོན་པོ་དང་། དམའ་བ་དང་ངན་པ་དང་། གྱ་ནོམ་པ་རྣམ་པར་འབྱེད་པ་ཡིན་ནོ་ཞེས་གསུངས་སོ། །ཐ་དད་པ་མེད་པར་སྲེད་པ་ནི་མངོན་པར་འདོད་པ་ཡིན་ནོ། །མངོན་པར་
འགྲུབ་པ་ནི་འགྲུབ་པ་ཡིན་ནོ། །རིས་མཐུན་པའི་སྐལ་བ་དང་འདྲ་བ་ཐམས་ཅད་དུ་ཕུང་པོ་གཞན་འབྱུང་བ་ཙམ་སྟེ། དེའི་རྒྱུ་ནི་སྲེད་པ་ཡིན་ནོ། །ལུས་ཐ་དད་པ་མེད་པར་ཆགས་ཤིང་ཕྱིས་ཀྱང་ཡོད་པར་འདོད་པ་སྟེ། དེ་ལ་ཐ་དད་པ་མེད་པའི་ཕྱིར་དང་རྣམ་པར་སྨིན་པ་མེད་པའི་ཕྱིར་ཏེ། འདི་ལྟར་དེ་ནི་
བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ། །དམིགས་ཀྱིས་ཕྱེ་བའི་དངོས་པོ་པ་ནི་འདོད་པ་ན་སྤྱོད་པའི་དགེ་བ་ཡིན་ནོ། །སྤྱིར་འཇུག་པ་ནི་གལ་ཏེ་འདོད་ཆགས་དང་བྲལ་བ་མ་ཡིན་ན། གང་དུ་སྐྱེས་བ་ས་དེ་པའི་ཡིན་པ་རྣམ་པར་གཞག་གོ། །ལས་མེད་པར་ནི་ལུས་སྣ་ཚོགས་པར་མི་འགྱུར་ལ། སྲེད་པ་

མེད་པར་ནི་མངོན་པར་གྲུབ་པ་ཉིད་དུ་མི་འགྱུར་རོ། །དཔེར་ན་ས་བོན་ཐ་དད་པ་མེད་པར་མྱུ་གུ་རྣམས་ཐ་དད་པ་དང་། ཆུ་མེད་པར་མངོན་པར་གྲུབ་པར་མི་འགྱུར་བ་ནི་དཔེ་ཡིན་ནོ། །ཡང་དཔེར་ན་ཆུས་བརླན་པའི་འཇིམ་པ་ལས་རྒྱའི་འབུར་འབྱུང་གི་སྐམ་པོ་ལས་ནི་མ་ཡིན་ནོ། །དེ་ཡང་བརྐོས་པ་དང་རྗེས་
སུ་མཐུན་པ་ཡིན་ནོ། །དེ་བཞིན་དུ་སྲེད་པ་དང་བཅས་པའི་རྣམ་པར་ཤེས་པ་ལས་ཡང་སྲིད་འབྱུང་བ་ཡིན་གྱི་སྲེད་པ་མེད་པ་ལས་མ་ཡིན་ནོ། །དེ་ཡང་ལས་དང་རྗེས་སུ་མཐུན་པ་ཞེས་བྱ་བ་འདི་ཡང་དཔེ་གཞན་ཡིན་ནོ། །འོ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་འདིར་ཅིའི་ཕྱིར་སྲེད་པ་དང་སྲིད་པ་
གཉིས་ཀྱི་བར་དུ་ལེན་པ་བཅུག་ཅེ་ན། དེའི་བྱེ་བྲག་གིས་ལས་བྱེ་བྲག་ཏུ་སྲིད་པ་ཡིན་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །གང་དག་འབྱུང་བ་མེད་པར་སྲེད་པར་བྱེད་པ་དེ་དག་ནི་མངོན་པར་འགྲུབ་པ་གང་གི་རྒྱུ་ཞེ་ན། དེ་དག་གི་ཡང་ཕུང་པོ་ལ་སྲེད་པ་ཡོད་པ་ཁོ་ན་ཡིན་ཏེ། བདག་ཏུ་ལྟ་བར་ཞེན་པའི་
ཕྱིར་རོ། །གནམ་ལྕགས་ཀྱི་སྒྲ་ལ་སོགས་པས་སྐྲག་པ་དང་འཆི་བ་རྣམས་ཀྱང་ལུས་ལ་མངོན་པར་དགའ་བའི་ཕྱིར་ཏེ། དེ་ཉིད་དེ་དག་གི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་ནས་དེ་ལུས་རྒྱུན་ཆད་པར་འདོད་པ་ནི་ལུས་ལ་ཡང་དག་པ་ཇི་ལྟ་བ་བཞིན་ཡིད་འབྱུང་བར་
ཡོངས་སུ་མི་ཤེས་པའི་ཕྱིར་རོ། །གཞན་དག་ནི་མངོན་པར་འགྲུབ་པའི་རྒྱུ་ཇི་ལྟར་སྲེད་པ་ཡིན་ཞེས་བྱ་བ་ལ་འདི་ལྟར་རྟོག་པར་བྱེད་དེ། འཆི་ཀའི་སེམས་དང་སྲིད་པ་བར་མའི་གཟུགས་གཉིས་གཅིག་ཏུ་ཚོགས་པར་འབྱུང་ལ། སྲིད་པ་བར་མའི་གཟུགས་དེ་ལ་མངོན་པར་དགའ་ནས་དེ་ལ་སེམས་
འཇུག་པར་བྱེད་དོ། །སྲིད་པ་བར་མའི་སེམས་ཀྱིས་ཀྱང་ཁྲག་དང་ཁུ་བ་ལ་སོགས