Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 115

Văn bản gốc(Tây Tạng)

Trang 8 / 19 (50.000 ký tự/trang)
ོག་གི་དབང་པོའི་ངོ་བོ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་
མངོན་པར་འདུ་བྱས་པའི་དོན་གྱིས་ཡིན་ཞེས་བྱ་བ་ལ་སོགས་པ་ཡོད་ན་ཅིའི་ཕྱིར་ངོ་བོ་ཉིད་མ་བསྟན་ཞེ་ན། འཕྲལ་དུ་ཉེ་བར་གནས་པའི་གདུལ་བྱའི་བྱེ་བྲག་ལ་ལྟོས་པ་སྟེ། དེ་དག་ནི་ངོ་བོ་ཉིད་བཤད་པ་མེད་པར་ཡང་ལུས་ལ་སོགས་པའི་འདུ་བྱེད་རྣམས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པར་འགྱུར་བའམ།
སྔོན་ཉིད་དུ་མདོ་སྡེ་གཞན་ལས་ལུས་ལ་སོགས་པའི་འདུ་བྱེད་ཀྱི་ངོ་བོ་རྟོགས་པའི་ཕྱིར་རོ། །མ་འོངས་པའི་གདུལ་བྱ་ལ་ལྟོས་ནས་ཀྱང་བསྟན་ཏེ། མདོ་སྡེ་གཞན་གྱི་ཤུགས་ཉིད་ཀྱིས་དེའི་ངོ་བོ་ཁོང་དུ་ཆུད་པར་འགྱུར་བས་སོ། །ཇི་ལྟར་ཡིན་པ་དེ་འདིར་བསྟན་ཏེ། མདོ་སྡེ་གཞན་ལས་ཀྱང་དབུགས་
ཕྱི་ནང་དུ་རྒྱུ་བ་ནི་ལུས་ཀྱི་འདུ་བྱེད་དོ་ཞེས་རྒྱས་པར་འབྱུང་བ་ནི་བཙུན་པ་འདོད་པ་ཅན། འདུ་བྱེད་འདུ་བྱེད་ཅེས་བགྱི་བའི་འདུ་བྱེད་ཇི་ལྟ་བུ་ལགས། ཁྱིམ་བདག་འདུ་བྱེད་ཅེས་བྱ་བ་ནི་གསུམ་པོ་འདི་དག་སྟེ་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ། །བཙུན་པ་འདོད་པ་
ཅན་ལུས་ཀྱི་འདུ་བྱེད་ནས་ཡིད་ཀྱི་འདུ་བྱེད་ཀྱི་བར་དུ་གང་ལགས། ཁྱིམ་བདག་དབུགས་ཕྱི་ནང་དུ་རྒྱུ་བ་ནི་ལུས་ཀྱི་འདུ་བྱེད་ཅེས་བྱའོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ནི་ངག་གི་འདུ་བྱེད་ཅེས་བྱའོ། །འདུ་ཤེས་དང་སེམས་པ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱའོ། །བཙུན་པ་ཅིའི་ཕྱིར་དབུགས་
ཕྱི་ནང་དུ་རྒྱུ་བ་ནི་ལུས་ཀྱི་འདུ་བྱེད་ཅེས་བྱ་བ་ནས་འདུ་ཤེས་དང་སེམས་པ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱ་ཞེ་ན། ཁྱིམ་བདག་དབུགས་ཕྱི་ནང་དུ་རྒྱུ་བ་དེ་དག་ནི་ལུས་སུ་གཏོགས་པའི་ཆོས། ལུས་ཀྱི་རྗེས་སུ་འགྲོ་བ་ལུས་ལ་བརྟེན་པ། ལུས་དང་རྗེས་སུ་འབྲེལ་པ། ལུས་ལ་བརྟེན་ནས་འབྱུང་སྟེ། དེ་བས་

ན་དབུགས་ཕྱི་ནང་དུ་རྒྱུ་བ་ནི་ལུས་ཀྱི་འདུ་བྱེད་ཅེས་བྱའོ། །དེ་ལྟར་ན་འདིར་ལུས་ཀྱིས་མངོན་པར་འདུས་བྱས་པའི་དོན་གྱིས་ལུས་ཀྱི་འདུ་བྱེད་ཅེས་བྱ་བར་གྲུབ་པ་ཡིན་ནོ། །ཁ་ཅིག་ན་རེ་ལུས་ལ་འདུ་བྱེད་པས་ལུས་ཀྱི་འདུ་བྱེད་ཅེས་བྱ་སྟེ། ལུས་དང་དབུགས་ཕྱི་ནང་དུ་རྒྱུ་བ་
འབྲེལ་ཏེ། འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །བརྟགས་དཔྱད་ནས་ངག་བརྗོད་ཀྱི་མ་བརྟགས་མ་དཔྱད་པར་ནི་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ནི་ངག་གི་འདུ་བྱེད་དོ་ཞེས་བྱ་སྟེ། ངག་མངོན་པར་འདུ་བྱེད་པའི་དོན་གྱིས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདུ་ཤེས་དང་
སེམས་པ་ཡང་དེ་དག་སེམས་ལས་བྱུང་བའི་ཆོས་ཡིན་ཏེ། སེམས་ལ་གནས་པ། སེམས་ལ་བརྟེན་པ། སེམས་དང་འབྲེལ་པ། སེམས་ལ་བརྟེན་ནས་འབྱུང་ངོ་། །དེ་བས་ན་འདུ་ཤེས་དང་སེམས་པ་ནི་ཡིད་ཀྱི་འདུ་བྱེད་དོ་ཞེས་མདོ་སྡེ་འདིར། ཡིད་ཀྱིས་མངོན་པར་འདུས་བྱས་པའི་དོན་གྱིས།
ཡིད་ཀྱི་འདུ་བྱེད་དང་། ཡང་ན་ཡིད་མངོན་པར་འདུ་བྱེད་པ་ཡིན་པས་ཞེས་བསྟན་ཏེ། ལུས་གཡོ་བར་བྱེད་པ་ནི་ལུས་ཀྱི་འདུ་བྱེད་དོ། །ངག་ཀུན་ནས་སློང་བར་བྱེད་པ་ནི་ངག་གི་འདུ་བྱེད་དོ། །ཡིད་དང་མཚུངས་པར་ལྡན་པའི་འདུ་བྱེད་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱ་བའི་ཕྱིར་རོ། །དེ་དག་ཅི་འདིར་དེ་ཁོ་ན་
བཞིན་དུ་བལྟ་བར་བྱའམ། མ་ཡིན་ཞེ་ན་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདིར་རོ། །དེ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་དབུགས་ཕྱི་ནང་དུ་རྒྱུ་བ་ལ་སོགས་པ་ལ་བྱའོ། །སྨྲས་པ། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་བྱེ་བྲག་ལ་འདིར་ལུས་ལ་སོགས་
པའི་འདུ་བྱེད་དུ་བཞེད་དོ་ཞེས་བྱ་བ་ནི་འདུ་བྱེད་རྣམ་པ་གསུམ་ཆར་ཡང་། ཡང་སྲིད་མངོན་པར་འདུ་བྱེད་པའི་དོན་གྱིས་ཡིན་གྱི། ལུས་ལ་སོགས་པ་མངོན་པར་འདུ་བྱེད་པའི་དོན་གྱིས་སམ། མངོན་པར་འདུ་བྱེད་པའི་དོན་གྱིས་འདི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལས་ཀྱི་བྱེ་བྲག་སྨོས་སོ། །
ལས་སྨོས་པས་ནི་ཡང་སྲིད་ཀྱི་རྒྱུ་འདུ་བྱེད་གཞན་བསལ་ཏེ། བྱེ་བྲག་སྨོས་པས་ནི་ཟག་པ་མེད་པ་དང་ལུང་དུ་མ་བསྟན་པ་དང་། ཟག་པ་ཟད་པའི་རྒྱུ་ལས་དགེ་བ་ཟག་པ་དང་བཅས་པའི་ལས་ཡོད་པ་བསལ་ཏོ། །དེ་དག་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པས་ཡང་སྲིད་མངོན་པར་འདུ་

བྱེད་པའི་དོན་གྱི་ལུས་ལ་སོགས་པ་འདུ་བྱེད་སྒྲ་ཐོབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མངོན་པར་འདུས་བྱས་པའི་དོན་གྱིས་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་བྱེ་བྲག་གང་ཡིན་པ་དེ་འདིར་ལུས་ལ་སོགས་པའི་འདུ་བྱེད་དུ་དགོངས་པ་ཡིན་གྱི། དབུགས་ཕྱི་ནང་དུ་རྒྱུ་བ་ནི་མ་ཡིན་ནོ་
ཞེས་བྱ་བ་འདི་ཇི་ལྟར་མངོན་ཞེ་ན། དེའི་ཕྱིར་མདོ་སྡེ་དང་རིགས་པས་སོ་ཞེས་སྨྲས་སོ། །རེ་ཞིག་བུམ་པ་ལྟ་བུའི་མདོ་སྡེ་ལས། བཅོམ་ལྡན་འདས་ཀྱིས་ཞེས་རྒྱས་པར་འབྱུང་བ་དེར་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་
ཡིན་པར་གསུངས་སོ་བསྟན་གྱི། དབུགས་ཕྱི་ནང་དུ་རྒྱུ་བ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་ཡིན་པར་བཞེད་པ་མ་ཡིན་ཏེ། འབྱུང་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་དག་ཀྱང་གྲུབ་པའི་མཐའ་ལས་མ་བསྒྲིབས་ལ་ལུང་དུ་
མ་བསྟན་པ་ཡིན་པར་འབྱུང་ངོ་། །འོ་ན་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། འདུ་ཤེས་རྣམས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་མཚན་ཉིད་མ་ཡིན་པར་འགོག་པར་བྱེད་པ་གང་ཞེ་ན། འགོག་པ་འདི་ཉིད་ཡིན་ནོ། །ཇི་ལྟ་ཞེ་ན། ལུས་ཀྱི་ལས་ཀྱི་
བྱེ་བྲག་ནི་ལུས་ཀྱི་འདུ་བྱེད་ཀྱི་སྒྲར་བསྟན་ཏེ། ཡང་སྲིད་མངོན་པར་འདུ་བྱེད་པའི་དོན་གྱིས་སོ་ཞེས་བྱ་བས་དབུགས་ཕྱི་ནང་དུ་རྒྱུ་བ་གཉིས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལུས་ཀྱི་འདུ་བྱེད་དུ་བཀག་པ་ཡིན་པས་འདི་གྲུབ་པ་ཡིན་ནོ། །སེམས་པ་ཡང་གཙོར་སྲིད་པ་
མངོན་པར་འདུ་བྱེད་པ་ཡིན་ནོ། །ངག་དང་ཡིད་ཀྱི་འདུ་བྱེད་ཀྱི་སྒྲས་ནི་ངག་དང་ཡིད་ཀྱི་ལས་ཡིན་པར་བསྟན་པར་ངེས་པར་བྱའི། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་འདུ་ཤེས་ནི་མ་ཡིན་ནོ། །ཡང་བུམ་པ་ལྟ་བུའི་མདོ་དེ་ལས་གསུངས་པ་དེ་གལ་ཏེ་བསོད་ནམས་ཀྱི་འདུ་བྱེད་མངོན་པར་
འདུ་བྱེད་ན་ཞེས་རྒྱས་པར་འབྱུང་བ་དེར་ཡང་མ་རིག་པའི་རྐྱེན་དང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་གསུངས་ཏེ། བསོད་ནམས་ཀྱིས་ཉེ་བར་འགྲོ་བ་ནི་རྣམ་པར་ཤེས་པ་འདི་ཡིན་ནོ། །དེ་བཞིན་དུ་མི་གཡོ་བའི་བར་དུ་ཉེ་བར་འགྲོ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཇི་ལྟར་

གྱུར་ཞེ་ན། འདིར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་ཡང་གསུངས་ཏེ་ཞེས་རྒྱས་པར་སྨྲས་ཏེ། འདིར་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདིར་རོ། །དེ་བས་ན་གང་འདུ་བྱེད་ཀྱིས་ཉེ་བར་འགྲོ་བ་ཞེས་བྱ་བ་ནི་དེར་རྣམ་པར་ཤེས་པ་ཡིན་པར་
གསུངས་ལ། དེ་ནི་འདིར་འདུ་བྱེད་ཀྱི་རྐྱེན་ཅན་ཡིན་ནོ་ཞེས་ངེས་པར་གཟུང་ངོ་ཞེས་བྱ་བ་དེ་དག་གིས་ཅི་བསྒྲུབས་པ་ཡིན་ཞེ་ན། དེ་ཡང་བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པའི་འདུ་བྱེད་ཀྱིས་ཉེ་བར་འགྲོ་བ་ཡིན་པར་དེ་ལས་བསྟན་ལ། འདིར་ཡང་བསོད་ནམས་དང་བསོད་ནམས་
མ་ཡིན་པ་ལ་སོགས་པའི་འདུ་བྱེད་ཀྱི་རྐྱེན་ཅན་ཡིན་ནོ་ཞེས་གྲུབ་པ་ཡིན་གྱི། དབུགས་ཕྱི་ནང་དུ་རྒྱུ་བ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་ཡིན་པར་བཞེད་པ་ཡང་མ་ཡིན་ལ། འདིར་ལུས་ལ་སོགས་པའི་འདུ་བྱེད་ཀྱི་སྒྲས་དབུགས་ཕྱི་ནང་དུ་རྒྱུ་བ་ལ་སོགས་པ་ཡང་
མ་ཡིན་ནོ། །བསོད་ནམས་ཀྱིས་ཉེ་བར་འགྲོ་བ་ཞེས་བྱ་བའི་དོན་གང་ཞེ་ན། ཉེ་བར་འགྲོ་བར་བྱེད་པས་ཉེ་བར་འགྲོ་བའོ། །དེ་བས་ན་གང་བསོད་ནམས་ཀྱིས་འགྲོ་བ་གཞན་དུ་ཉེ་བར་འགྲོ་བ་དེ་ནི་བསོད་ནམས་ཀྱིས་ཉེ་བར་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བསོད་ནམས་མ་ཡིན་པས་ཉེ་བར་འགྲོ་བར་
དང་མི་གཡོ་བས་ཉེ་བར་འགྲོ་བ་ཡང་བརྗོད་པར་བྱའོ། །ཡང་གནོད་པ་དང་བཅས་པའི་ལུས་ཀྱི་འདུ་བྱེད་འདུས་བྱས་པས་ཞེས་རྒྱས་པར་འབྱུང་བ་ལ། དབུགས་ཕྱི་ནང་དུ་སྐྱེ་བའི་རྒྱུ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་རྣམས་གཅིག་ཁོ་ནར་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་
རོ། །རེ་ཞིག་མདོ་སྡེ་ལས་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ཅི་ཞེ་ན། དབུགས་ཕྱི་ནང་དུ་རྒྱུ་བ་ལ་སོགས་པ་ནི་འདིར་ལུས་ལ་སོགས་པའི་འདུ་བྱེད་ཀྱི་སྒྲས་བསྟན་པ་མ་ཡིན་ནོ། །དགྲ་བཅོམ་པ་ལ་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་མ་རིག་པ་མ་ལུས་པར་སྤངས་པའི་ཕྱིར་ཏེ། དབུགས་ཕྱི་ནང་
དུ་རྒྱུ་བ་འཇུག་པའི་རྒྱུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་དེའི་རྐྱེན་གྱིས་ཡང་སྲིད་པའི་རྣམ་པར་ཤེས་པ་ཡིན་ན་ནི་ཞེས་བྱ་བ་ནི་དབུགས་ཕྱི་ནང་དུ་རྒྱུ་བའི་རྐྱེན་གྱིས་ཡང་སྲིད་པ་པའི་ཞེས་བྱ་བ་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དགྲ་བཅོམ་པ་

ལ་ཡང་ཡོད་པར་འགྱུར་རོ་ཞེས་བྱ་བ་དེ་ལ་ཡང་དབུགས་ཕྱི་ནང་དུ་རྒྱུ་བ་ཡོད་པའི་ཕྱིར་རོ། །དེ་ལྟར་ནི་འདོད་པ་མ་ཡིན་ནོ། །ཅི་ཞེ་ན། འདི་ལྟ་སྟེ། དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའམ། ཡང་སྲིད་ཀྱི་རྣམ་པར་ཤེས་པ་ཡོད་པར་མི་འདོད་དོ། །དེ་དག་ནི་དགྲ་བཅོམ་པ་ལ་ཡང་མེད་པ་མི་ཡིན་ནོ་
ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་དེ་དག་གོ། །དབུགས་ཕྱི་ནང་རྒྱུ་བ་ལ་སོགས་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་ཉིད་དུ་ཟིན་ཀྱང་མ་རིག་པ་ཡང་སྤངས་པ་ཡིན་ནོ། །དེ་དག་ནི་ལུས་ལ་སོགས་པའི་ལས་མ་ཡིན་ནོ། །ཡང་སྲིད་པ་མངོན་པར་འདུ་བྱེད་པ་མ་ཡིན་
པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་ནི་དགྲ་བཅོམ་པའི་ལས་ལ་ཡོད་པ་མ་ཡིན་ཏེ། འདིར་ལུས་ལ་སོགས་པའི་ལས་ཙམ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བའི་སྒྲས་བསྟན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཡང་སྲིད་པ་མངོན་པར་འདུ་བྱེད་པ་ཡིན་ནོ། །དེ་བས་ན་དགྲ་བཅོམ་པའི་ལུས་ལ་སོགས་
པའི་ལས་ནི་དོན་འདིས་འདུ་བྱེད་ཀྱི་མིང་ཐོབ་པ་མ་ཡིན་གྱི་དེ་དག་ནི་མ་རིག་པ་ཡོད་པ་ཙམ་གྱིས་ཡིན་ནོ་ཞེས་བྱ་བར་རིགས་པ་ཡིན་ནོ། །དེ་ལྟ་བུ་ནི་དབུགས་ཕྱི་ནང་དུ་རྒྱུ་བ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་ཅི་ཞེ་ན། དགྲ་བཅོམ་པའི་ལུས་ལ་སོགས་པ་འདུ་བྱེད་ཀྱི་མིང་ཐོབ་པའོ། །ཅིའི་ཕྱིར་ཞེ་ན། ལུས་
མངོན་པར་འདུས་བྱས་པའི་དོན་གྱིས་ལུས་ཀྱི་འདུ་བྱེད་ཡིན་པར་མདོ་སྡེ་དེ་ལས་བསྟན་ཏེ། དགྲ་བཅོམ་པའི་ཡང་དེ་བཞིན་ནོ། །ངག་མངོན་པར་འདུ་བྱེད་པའི་དོན་གྱིས་ངག་གི་འདུ་བྱེད་ཡིན་ལ། དགྲ་བཅོམ་པའི་ཡང་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ནི་ངག་མངོན་པར་འདུ་བྱེད་པས་སོ། །
ཡིད་ཀྱིས་མངོན་པར་འདུ་བྱེད་པའི་དོན་གྱིས་ཡིད་ཀྱི་འདུ་བྱེད་ཡིན་པར་མདོ་སྡེ་དེ་ལས་བསྟན་ཏེ། དགྲ་བཅོམ་པའི་ཡང་དེ་བཞིན་ནོ། །ལུས་ཀྱིས་མངོན་པར་འདུ་བྱེད་པའི་དོན་གྱིས་ཀྱང་ལུས་ཀྱི་འདུ་བྱེད་ཅེས་བྱ་སྟེ། དེ་ལུས་ལ་རག་ལུས་པའི་ཕྱིར་རོ། །དགྲ་བཅོམ་པའི་ཡང་དེ་བཞིན་ནོ། །
དེའི་སྒོ་ནས་ལུས་ཀྱི་འདུ་བྱེད་ཅེས་མི་བྱའོ། །དེ་བཞིན་དུ་ཡིད་མངོན་པར་འདུ་བྱེད་པའི་དོན་གྱིས་ཡིན་ཏེ། དམིགས་པ་གཞན་ལ་ཡིད་མངོན་པར་འདུ་བྱེད་པའོ། །དགྲ་བཅོམ་པའི་ཡང་དེ་བཞིན་ཡིན་ན། འདིར་ཆོས་འདྲ་བ་ཅི་ཞིག་ཡོད། བསོད་ནམས་ཀྱང་ཅི་ཞིག་ཡིན། བསོད་ནམས་མ་

ཡིན་པ་ཡང་ཅི་ཡིན། མི་གཡོ་བ་ཡང་ཅི་ཡིན་ཞེས་བྱ་བ་འབྲེལ་པ་གང་ཡིན་ཞེ་ན། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ནི་ལུས་ལ་སོགས་པའི་འདུ་བྱེད་ཡིན་པར་བུམ་པ་ལྟ་བུའི་མདོ་སྡེ་ལ་བརྟེན་ནས་དེ་མ་རིག་པའི་རྐྱེན་གྱིས་བསོད་ནམས་ཀྱི་འདུ་བྱེད་
མངོན་པར་འདུ་བྱེད་པ་ཞེས་རྒྱས་པར་བསྟན་ཟིན་ཏེ། དེ་གལ་ཏེ་བསོད་ནམས་ཀྱི་འདུ་བྱེད་མངོན་པར་འདུ་བྱེད་ན་བསོད་ནམས་ཀྱིས་ཉེ་བར་འགྲོ་བ་ནི་རྣམ་པར་ཤེས་པ་འདི་ཡིན་ནོ་ཞེས་རྒྱས་པར་བྱས་ནས་དེ་ནི་འདིར་འདུ་བྱེད་ཀྱི་རྐྱེན་ཅན་ཡིན་ནོ་ཞེས་ངེས་པར་གཟུང་ངོ་ཞེས་བྱ་བའི་བར་དུ་གསུངས་
པའི་ཕྱིར་རོ། །འདི་སྐད་དུ་བརྗོད་དེ་ཞེས་བྱ་བ་ནི་རྣམ་པར་སྨྲ་བ་ལ་སོགས་པ་འཆད་པར་བྱེད་པ་ཡིན་ནོ་ཞེས་སྟོན་ཏོ། །འདོད་པ་ན་སྤྱོད་པའི་དགེ་བའི་ལས་ནི་བསོད་ནམས་སོ་ཞེས་བྱ་བ་ལ། དགེ་བ་སྨོས་པ་ནི་མི་དགེ་བ་བསལ་བའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་སྨོས་པ་ནི་གཟུགས་དང་གཟུགས་
མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་བསལ་བའི་ཕྱིར་རོ། །མི་དགེ་བ་ནི་བསོད་ནམས་མ་ཡིན་པའོ་ཞེས་བྱ་བ་ནི་དེ་ཡང་འདོད་པའི་ཁམས་ཁོ་ན་ན་ཡོད་ཀྱི་གཞན་ན་མེད་དོ། །དེ་བས་ན་འདོད་པ་ན་སྤྱོད་ཅེས་མ་སྨོས་སོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ནི་མི་གཡོ་བ་ཞེས་བྱའོ་ཞེས་
བྱ་བ་ལ། དགེ་བ་སྨོས་པ་ནི་ཉོན་མོངས་པ་ཅན་དང་མ་བསྒྲིབས་ལ་ལུང་དུ་བསྟན་པ་བསལ་བའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་སྨོས་པ་ནི་འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་བསལ་བའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ལ། ཅིའི་ཕྱིར་མི་གཡོ་བ་
ཞེས་བྱ་ཞེ་ན། དེའི་ཕྱིར་གཡོ་བ་ནི་འགུལ་བ་སྟེ། རང་བཞིན་གཞན་དུ་འགྱུར་བར་འདོད་པར་བྱའོ་ཞེས་སྨྲས་ཏེ། སྐད་ཀྱི་བྱིངས་བརྗོད་པ་ལས་གཡོ་བ་ནི་འགུལ་བ་ཡིན་ནོ་ཞེས་བྱ་བ་འདི་སྐད་ཀྱི་བྱིངས་ལ་ཡོད་དེ། དེ་ནི་གཡོ་བར་གྱུར་པ་ལ་བྱའོ། །དེའི་ཕྱིར་རང་བཞིན་གཞན་དུ་འགྱུར་བར་འདོད་
པར་བྱའོ་ཞེས་སྨྲས་སོ། །དེ་ནི་མི་གཡོ་བའི་ངོ་བོ་ཡིན་པས་མི་གཡོ་བ་ཅན་ཏེ། བསམ་གཏན་དང་གཟུགས་མེད་པ་དག་འདིས་གཡོས་པར་མི་ནུས་པས་མི་གཡོ་བ་ཡིན་ཏེ། ས་འོག་མ་པའི་མི་མཐུན་པའི་ཕྱོགས་དེས་མི་བསྒལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ས་འོག་མ་པའི་ཉོན་མོངས་པས་ཞེས་བྱ་བའི་

ཐ་ཚིག་སྟེ། བསམ་གཏན་དང་གཟུགས་མེད་པ་ནི་ས་འོག་མ་པའི་ཉོན་མོངས་པ་རྣམས་ཀྱི་ནི་གཉེན་པོ་ཡིན་ལ། ས་འོག་མའི་ཉོན་མོངས་པ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །དེར་འབྱུང་བའི་ལས་ནི་མི་གཡོ་བ་ཡིན་ནོ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པ་དེར་
ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་ས་དེ་ལས་གང་གི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་མི་གཡོ་བ་ཡིན་ནོ་ཞེའོ་ཞེས་རྒྱས་པར་འབྱུང་བ་ལ། ས་དེ་ལས་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ས་ལས་ཞེས་བྱ་བའི་དོན་གང་ཡིན་པའོ། །སྨོན་ལམ་ལ་སོགས་པའི་རྐྱེན་གཞན་གྱིས་ཡོངས་སུ་ཟིན་
པས་ཞེས་བྱ་བ་ལ་སོགས་པའི་སྒྲས་རྒྱུད་ཀྱི་བྱེ་བྲག་རྐྱེན་གཞན་ཡོངས་སུ་བཟུང་བས་ཏེ། རྒྱུད་ཀྱི་བྱེ་བྲག་ཁ་ཅིག་ནི་གཉེན་པོ་དང་བཅས་པ་མ་ཡིན་ནོ། །ཁ་ཅིག་ནི་གཉེན་པོ་དང་བཅས་པ་ཡིན་ནོ། །ཇི་སྐད་དུ་མི་སྐལ་བ་མེད་པ་ལ་སོགས་པ་དང་ལན་ཚྭ་སྲང་གཅིག་ལྟ་བུ་དང་རྣ་རིགས་ཞེས་བྱ་བའི་མདོ་སྡེ་ལས་
གསུངས་ཏེ། རེ་ཞིག་མི་སྐལ་བ་མེད་པའི་མདོ་སྡེ་ལས་ནི་དགེ་སློང་དག་འདི་ནི་ཁ་ཅིག་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཅུང་ཟད་ཙམ་བྱས་ཤིང་བསགས་པ་དང་། ཚུལ་ཁྲིམས་ལས་བྱུང་བ་ཅུང་ཟད་ཙམ་བྱས་ཀྱི་བསྒོམས་པ་ལས་བྱུང་བ་ནི་ཡོད་པ་མ་ཡིན་ལ་མི་སྐལ་བ་མེད་པ་
ཡང་འདིས་མཐོང་སྟེ། དེ་འདི་སྙམ་དུ་ཀྱེ་མ་བདག་ནི་སྐལ་བ་ཆུང་བའི་མི་དང་སྐལ་བ་མཉམ་པར་སྐྱེའོ་སྙམ་ནས་དེ་སེམས་དེ་བསྟེན། བསྒོམས་ལན་མང་དུ་བྱས་སོ། །དེ་སེམས་དེ་བསྟན་ཅིང་བསྒོམས་ལན་མང་དུ་བྱས་པས་དམན་པར་འདུག་འདུག་པ་ལས་གོང་དུ་འཕོའོ། །དེ་ཉིད་མ་བསྒོམས་
ཡིད་ལ་མ་བྱས་པ་ནི་མི་སྐལ་བ་ཆུང་བ་དང་སྐལ་བ་མཉམ་པར་སྐྱེ་བ་གང་ཡིན་པའི་གནས་ཡོད་པ་ཡིན་ནོ། །དེ་ལ་འདི་དག་ནི་མི་སྐལ་བ་ཆུང་བ་ཡིན་ཏེ། འདི་ལྟ་སྟེ་རིགས་ངན་ནམ་གདོལ་པའི་རིགས་སམ་ཤིང་རྟ་བྱེད་པའི་རིགས་སོ། །གཞན་ཡང་དམན་པ་སྨད་པ་འོག་མ་ངན་པ་བྱེད་པ་
ཆུང་བ་ཟས་སྐོམ་མེད་པ་དེ་འདྲའི་རིགས་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་དག་ནི་སྐལ་བ་ཆུང་བའི་མིའི་མདོ་ལས་ཡིན་ནོ། །སྐལ་བ་ཅན་གྱི་མིའི་མདོ་ལས་ཀྱང་། དགེ་སློང་དག་འདི་ན་ཁ་ཅིག་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཅུང་ཟད་ཙམ་བྱས་ཤིང་བསགས་པ་དང་།

ཚུལ་ཁྲིམས་ལས་བྱུང་བ་ཅུང་ཟད་ཙམ་བྱས་ཀྱི་བསྒོམས་པ་ལས་བྱུང་བ་ནི་ཡོད་པ་མ་ཡིན་ལ། མི་སྐལ་བ་ཅན་ཡང་འདིས་མཐོང་སྟེ། དེ་འདི་སྙམ་དུ་ཀྱེ་མ་བདག་ནི་མི་སྐལ་བ་ཅན་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་སྙམ་ནས་དེའི་སེམས་བསྟེན་ཅིང་བསྒོམས་ལན་མང་དུ་
བྱས་སོ། །དེའི་སེམས་བསྟེན་ཅིང་བསྒོམས་ལན་མང་དུ་བྱས་པ་དམན་པར་འདུག་ཅིང་དམན་པར་ཤིན་ཏུ་འདུག་པ་ལས་གོང་དུ་ཤིན་ཏུ་འཕོའོ། ཤིན་ཏུ་ཚད་མེད་པར་བསྒོམས་ཤིང་ལན་མང་དུ་བྱས་པ་ནི་གང་མི་སྐལ་བ་ཅན་རྣམས་དང་། སྐལ་བ་མཉམ་པར་སྐྱེ་བའི་གནས་ཡོད་པ་ཡིན་ནོ། །དེ་
ལ་འདི་དག་ནི་མི་སྐལ་བ་ཅན་ཡིན་ཏེ། འདི་ལྟ་སྟེ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། གང་གཞན་ཡང་ཤིན་ཏུ་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་དང་ནོར་མང་པོ་ཡོད་པ་ལ་དབང་བྱེད་པ་
དང་། ནོར་དང་ཡོ་བྱད་མང་པོ་དང་། ནོར་དང་འབྲུ་དང་། མཛོད་དང་། བང་བ་ལ་སོགས་པ་ཚོགས་མང་བ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་མང་བ་དང་། མཛའ་བཤེས་དང་། བློན་པོ་དང་། གཉེན་དང་། སྤུན་ཚན་རབ་ཏུ་མང་བ་ལྟ་བུ་དེའི་རིགས་དང་སྐལ་བ་
མཉམ་པར་སྐྱེ་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་དག་འདིར་ཁ་ཅིག་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཆུང་བ་ཡང་ཞེས་སྔ་མ་བཞིན་དུ་བྱས་ནས་ཐོས་པ་ཡང་ཡོད་ཅིང་འདིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བར་དུ་འགྱུར་རོ། །འདི་སྙམ་དུ་སེམས་
ཏེ། ཀྱེ་མ་བདག་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་སྙམ་ནས་དེའི་སེམས་བརྟེན་ཅིང་བསྒོམ་མོ་ཞེས་སྔ་མ་བཞིན་ནོ། །ལན་ཚྭ་སྲང་གཅིག་ལྟ་བུ་ལས་ཀྱང་རྒྱས་
པར་གསུངས་ནས། དགེ་སློང་དག་འདི་ལ་ཁ་ཅིག་གིས་རེ་ཞིག་མི་དགེ་བའི་ལས་བྱས་ཤིང་བསགས་པ་གང་ཡིན་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལས་དམྱལ་བ་མྱོང་བར་འགྱུར་བར་གྱུར་ཏོ། །དགེ་སློང་དག་གང་ཟག་ཇི་ལྟ་བུས་རེ་ཞིག་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་

པ་དག་འདི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི་དམྱལ་བ་མྱོང་བར་འགྱུར་བར་གྱུར་ཞེ་ན། འདི་ལ་དགེ་སློང་དག་གང་ཟག་ཁ་ཅིག་ནི་ལུས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། སེམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཞེས་བྱ་བ་དེ་ལྟ་བུ་གང་ཟག་
རྒྱས་པར་བྱས་ནས་ཅུང་ཟད་ཅིག་བྱས་པ་ལ་ཡང་ཆེན་པོ་ཁོ་ནར་སྣང་བའོ། །རྣ་རིགས་ཀྱི་མདོ་ལས་ཀྱང་རྒྱས་པར་སྨྲས་ནས། བྲམ་ཟེ་དག་འདིས་ཁ་ཅིག་ནི་སྲོག་གཅོད་པ་ཡིན་པ་ནས་ལོག་པར་ལྟ་བ་པོའི་བར་དུ་ཡིན་ནོ། །དགེ་སྦྱོང་བྲམ་ཟེ་དག་ལ་སྦྱིན་པ་ཡང་བྱིན་པ་ཡིན་ཏེ་ཞེས་རྒྱས་པར་
སྨྲས་ནས། གང་ཟག་དེ་ཚུལ་ཁྲིམས་འཆལ་པ་ཡིན་ལ། ལས་དེའི་རྣམ་པར་སྨིན་པས་གླང་པོ་ཆེ་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་སྦྱིན་པ་བྱིན་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་ནི་གླང་པོ་ཆེར་གྱུར་ན་ཡང་། བཟའ་བ་དང་བཏུང་བ་ནས། གླང་པོ་ཆེའི་རྒྱན་གྱི་བར་དུ་
རྙེད་པར་འགྱུར་རོ་ཞེས་རྒྱས་པར་བྱས་ནས་བྲམ་ཟེ་འདིར་ཁ་ཅིག་དག་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་ནས་ཡང་དག་པར་ལྟ་བའི་བར་དུ་ཡིན་ནོ། །སྦྱིན་པ་ཡང་དགེ་སློང་ངམ་བྲམ་ཟེ་དག་ལ་བྱིན་ཏེ་ཞེས་རྒྱས་པར་བྱས་ནས་དེ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། དེའི་ལས་
ཀྱི་རྣམ་པར་སྨིན་པས་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །གང་སྦྱིན་པ་དེ་བྱིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ནི་ལྷར་གྱུར་པ་ན་ཡང་བཟའ་བ་དང་བཏུང་བ་ནས་ལྷ་རྣམས་ཀྱི་རྒྱན་རྣམ་པ་སྣ་ཚོགས་ཀྱི་བར་དུ་རྙེད་པར་འགྱུར་རོ། །དེ་བཞིན་དུ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་
འགྱུར་རོ། །དེའི་ལས་ཀྱི་རྣམ་པར་སྨིན་པས་ནི་མིར་གྱུར་པ་ན་ཡང་བཟའ་བ་དང་བཏུང་བ་ནས་མིའི་རྒྱན་སྣ་ཚོགས་ཀྱི་བར་དུ་རྙེད་པར་འགྱུར་རོ། །དེ་ལྟར་ན་མདོ་སྡེ་དེ་དག་ལས། འདོད་པ་ན་སྤྱོད་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་གཡོ་བར་བསྟན་པ་ཡིན་ནོ། །བསོད་ནམས་ཟད་ནས་ཞེས་བྱ་བ་འདིར་
དཔེ་ནི་ཇི་ལྟར་གཟུགས་ན་སྤྱོད་པའི་དགེ་བའི་ལས་ལ་བསོད་ནམས་ཞེས་བྱ་བ་བཞིན་ནོ། །བསོད་ནམས་དེ་ནི་ཡོད་དེ་ཞེས་བྱ་བ་ནི་འོད་གསལ་བ་དེའི་དགེ་བའི་ལས་ནི་འབྲས་བུ་ཡིད་དུ་འོང་བ་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་བརྗོད་པར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་ས་དེ་ལས་ལས་ཀྱི་རྣམ་

པར་སྨིན་པ་མི་གཡོ་བ་ཡིན་ནོ་ཞེས་འདིའི་ཁྱད་པར་དུ་བརྗོད་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བ་ལ་སོགས་པ་བཞིན་ཏེ་ཞེས་བྱ་བ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་བཞིན་ཏེ། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དེ་
དག་རྒྱུན་དུ་ཞུགས་པ་མ་ཡིན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པའི་ལས་ཀྱི་རྒྱུན་དེ་ནས་སོང་བའི་ཕྱིར། དེ་དག་ནི་དེར་ཞུགས་ཤིང་ཐོབ་པ་ཡིན་པས་རྒྱུན་དུ་ཞུགས་པ་ཡིན་ཡང་། ཁྱད་པར་གྱི་མིང་གིས་བསྟན་ཏེ། རྒྱུན་དུ་ཞུགས་པ་ལས་འབྲས་བུ་ཐོག་མ་ལ་གནས་པ་དང་
འབྲས་བུ་ཇི་ལྟ་བུ་ཞེ་ན། དེ་ནི་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བསྟན་ཏོ། །ལན་ཅིག་ཕྱིར་འོང་བ་ནི་འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་སྡུག་བསྔལ་གྱི་ཐ་མ་བྱེད་པར་འགྱུར་བའོ། །ལན་ཅིག་ཕྱིར་མི་འོང་བ་ནི་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་འཇིག་རྟེན་འདིར་
འོང་བར་མི་འགྱུར་བའོ། །དགྲ་ཞེས་བྱ་བ་ནི་ཁམས་གསུམ་པའི་ཉོན་མོངས་པ་ལ་བྱ་སྟེ། དེ་དག་དེས་མ་ལུས་པར་བཅོམ་པས་དགྲ་བཅོམ་པ་ཞེས་བྱ་སྟེ། དེ་དག་བཞིན་ནོ། །བདེ་བ་མྱོང་བར་འགྱུར་བའི་ལས་ནི་བསོད་ནམས་སོ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་ནི་འདོད་པའི་ཁམས་དང་། བསམ་
གཏན་གསུམ་པའི་བར་དུའོ། །དེའི་ཕྱིར་བསམ་གཏན་གསུམ་པའི་བར་དུ་དགེ་བའི་ལས་ནི་བསོད་ནམས་ཡིན་པར་བསྟན་ཏོ་ཞེས་གསུངས་སོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ནི་མི་གཡོ་བ་སྟེ་ཞེས་བྱ་བ་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་
པའི་ཚོར་བ་ནི་བསམ་གཏན་བཞི་པ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་དུའོ། །དེ་ལྟར་བྱས་ན་བསམ་གཏན་བཞི་པའི་ས་པའི་དགེ་བའི་ལས་དང་། གཟུགས་མེད་པ་ན་སྤྱོད་པའི་ཐམས་ཅད་ནི་མི་གཡོ་བ་ཞེས་བྱའོ། །དེ་བས་ན་བསམ་གཏན་གསུམ་པའི་གོང་མའི་འོ་ཞེས་སྨྲས་སོ། །འདིར་ཁུངས་
ཅི་ཡོད་ཅེ་ན། དེ་ལྟར་ནི་བཅོམ་ལྡན་འདས་ཀྱིས་བསམ་གཏན་གསུམ་པོ་འདི་ན་ནི་འཕགས་པ་འདི་དག་གཡོ་བ་ཡིན་ནོ་ཞེས་གསུངས་སོ། །བསམ་གཏན་བཞི་པ་འདིར་ནི་འཕགས་པ་འདི་དག་མི་གཡོ་བ་ཡིན་པར་གསུངས་སོ་ཞེའོ། །ཇི་ལྟ་ཞེ་ན། དགེ་སློང་འཆར་ཀ་འདི་ལྟར་འདོད་པ་ལས་

རྣམ་པར་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྣམ་པར་རྟོག་པ་དང་བཅས་ཤིང་། རྣམ་པར་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་འདིར་འཕགས་པ་རྣམས་གཡོ་བ་ཡིན་
པར་བསྟན་ཏོ། །ཅིའི་ཕྱིར་འདིར་འཕགས་པ་རྣམས་གཡོ་བ་ཡིན་པར་བསྟན་ཞེ་ན། འདིར་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་གང་ཡིན་པ་སྟེ། འདི་ནི་འདིར་འཕགས་པ་རྣམས་གཡོ་བ་ཡིན་པར་བསྟན་ཏོ། །དགེ་སློང་འཆར་ཀ་གཞན་ཡང་། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་
ཉེ་བར་ཞི་ནས་ནང་ཡོངས་སུ་དང་བས་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པའི་ཕྱིར་རྣམ་པར་རྟོག་པ་མེད་ཅིང་། རྣམ་པར་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་འདིར་འཕགས་པ་དག་གཡོ་བ་ཡིན་པར་
བསྟན་ཏོ། །ཅིའི་ཕྱིར་འདིར་འཕགས་པ་དག་གཡོ་བ་ཡིན་པར་བསྟན་ཞེ་ན། འདིར་གང་བདེ་བ་དང་མ་བྲལ་བ་གང་ཡིན་པ་སྟེ། འདི་ནི་འདིར་འཕགས་པ་དག་གཡོ་བ་ཡིན་པར་བསྟན་ཏོ། །གཞན་ཡང་དགེ་སློང་འཆར་ཀ་དགའ་བའི་འདོད་ཆགས་དང་བྲལ་ཏེ། བཏང་སྙོམས་སུ་གནས་
པ་དྲན་པ་དང་ཤེས་བཞིན་ཅན་བདེ་བ་ལུས་ཀྱིས་སོ་སོར་མྱོང་བ་གང་འཕགས་པ་རྣམས་ཀྱིས་བཀའ་སྩལ་པ་གང་ཡིན་པ་སྟེ། བཏང་སྙོམས་ཅན་དྲན་པ་དང་ལྡན་ཞིང་བདེ་བ་ལ་གནས་པ་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་འདིར་འཕགས་པ་རྣམས་གཡོ་བ་ཡིན་པར་
བསྟན་ཏོ། །ཅིའི་ཕྱིར་འཕགས་པ་རྣམས་གཡོ་བར་བསྟན་ཞེ་ན། འདི་ལྟ་སྟེ་འདི་ནི་བདེ་བའོ། །འདི་ནི་བདེ་བའོ་ཞེས་སེམས་ཀྱིས་རྩོལ་བ་ཡིན་ཏེ། འདི་ནི་འདིར་འཕགས་པ་རྣམས་གཡོ་བ་ཡིན་པར་བསྟན་ཏོ། །དགེ་སློང་འཆར་ཀ་གཞན་ཡང་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཏེ། ཡིད་བདེ་
བ་དང་། ཡིད་མི་བདེ་བ་ནི་སྔ་ནས་མེད་ཅིང་། བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་ཅིང་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་ཅིང་། བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ནས་གནས་ཏེ། འདི་ནི་འདིར་འཕགས་པ་རྣམས་མི་གཡོ་བ་ཡིན་པར་བསྟན་ཏོ། །གལ་ཏེ་ས་འོག་མ་མི་གཡོ་

བ་ཡིན་ན་ནི་ས་གོང་མ་འདི་དག་མི་གཡོ་བ་ཡིན་པར་འགྲུབ་སྟེ། གཟུགས་མེད་པའི་ས་རྣམས་མི་གཡོ་བ་ཡིན་པར་བསྟན་ཏོ། །དེ་ལྟ་ན་འོག་མ་རྣམས་ཀྱི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་བསམ་
གཏན་བཞི་པ་ལས་འོག་མ་ན་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་མི་གཡོ་བའི་ལས་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་བསམ་གཏན་གཞན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པར་འདོད་པ་ཡང་ཡིན་ནོ། །མདོ་སྡེ་
དང་ཡང་འགལ་བར་འགྱུར་ཏེ་ཞེས་རྒྱས་པར་འབྱུང་བ་ལས། བསོད་ནམས་ཟད་ནས་ཞེས་བྱ་བ་འདི་ནི་བསམ་གཏན་གསུམ་པའི་གོང་མ་ན་ཡང་བསོད་ནམས་ཡོད་དོ་ཞེས་བྱ་བའི་དཔེར་འདི་ཡིན་ནོ། །བསམ་གཏན་བཞི་པ་ན་ནི་རང་གི་ས་པའི་གཡོ་བ་མེད་པས་མི་གཡོ་བ་ཡིན་པར་བསྟན་ཏོ་ཞེས་
བྱ་བ་ནི་རྐྱེན་བརྒྱད་སྤངས་པའི་ཕྱིར་ཏེ། དེ་དག་ཀྱང་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་བདེ་བ་དང་སྡུག་བསྔལ་བ་དང་ཡིད་བདེ་བ་དང་དབུགས་རྔུབ་པ་དང་དབུགས་འབྱུང་བ་ཡིན་ནོ། །བསམ་གཏན་གཞན་དག་ཀྱང་མི་གཡོ་བ་མེད་པ་ནི་མ་ཡིན་ཏེ། ས་འོག་མའི་གཡོ་བ་མེད་པའི་ཕྱིར་རོ་ཞེས་
བྱ་བ་ལ། བསམ་གཏན་དང་པོ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་མི་བསྐྱོད་པ་ཡིན་པས་མི་གཡོ་བའོ། །བསམ་གཏན་གཉིས་པ་ནི་བསམ་གཏན་དང་པོར་གཏོགས་པའི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པས་མི་གཡོས་པ་ཡིན་པའི་ཕྱིར་མི་གཡོ་བའོ། །བསམ་
གཏན་གསུམ་པ་ནི་བསམ་གཏན་གཉིས་པར་གཏོགས་པའི་དགའ་བ་གང་ཡིན་པས་མི་གཡོས་པའི་ཕྱིར་མི་གཡོ་བ་ཡིན་ནོ། །རྣམ་གྲངས་ཀྱིས་མི་གཡོ་བ་ཡིན་པར་བརྗོད་པར་རིགས་ཏེ་ཞེས་བྱ་བ་ནི་གཡོ་བ་དང་བཅས་པ་ཡིན་དུ་ཟིན་ཀྱང་། རྣམ་པ་གཞན་གྱི་སྒོ་ནས་བསྟན་ཏོ། །ཇི་ལྟ་ཞེ་ན།
དེའི་ཕྱིར། དེའི་ཡན་ལག་གིས་མྱ་ངན་ལས་འདས་པ་ཞེས་བྱ་བ་བཞིན་ཞེས་བྱ་བ་སྨྲས་ཏེ། ས་འོག་མ་པའི་ཉོན་མོངས་པ་དེ་དག་གི་ཡན་ལག་གིས་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་ཡན་ལག་གིས་མྱ་ངན་ལས་འདས་པ་ཞེས་བྱ་བ་གང་ཡིན་པ་བཞིན་ནོ། །དེའི་ཡན་ལག་གིས་མྱ་ངན་ལས་འདས་

པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་རྒྱས་པར་བསྟན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དེའི་ཡན་ལག་གིས་མྱ་ངན་ལས་འདས་པ་ཞེས་བསྟན་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དེའི་ཡན་ལག་གིས་མྱ་ངན་ལས་འདས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ལགས། ཚེ་དང་ལྡན་པ་དགེ་སློང་
འདོད་པ་ཅན་འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་རྣམ་པར་དབེན་པ་རྣམ་པར་རྟོག་པ་དང་བཅས། རྣམ་པར་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནི་དེའི་ཡན་ལག་གིས་
མྱ་ངན་ལས་འདས་པ་ཡིན་པར་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་ཀྱིས་བསྟན་ཏོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱས་ནས་འདི་ནི་རྣམ་གྲངས་ཀྱིས་དེའི་ཡན་ལག་གིས་མྱ་ངན་ལས་འདས་པ་ཡིན་པར་བཅོམ་ལྡན་
འདས་ཀྱིས་བསྟན་ཏོ། །ཚེ་དང་ལྡན་པ་དགེ་སློང་འདོད་པ་ཅན་གཞན་ཡང་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་དུ་བྱས་ནས་ཉེ་བར་གནས་སོ། །འདིས་ཤེས་རབ་ཀྱིས་ཀྱང་ཟག་པ་རྣམས་
ཟག་པ་མཐོང་སྟེ། ཡོངས་སུ་ཟད་པ་འདི་ནི་དེའི་ཡན་ལག་གིས་མྱ་ངན་ལས་འདས་པ་རྣམ་གྲངས་མེད་པར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །ནུས་པ་ཞེས་བྱ་བ་དེ་ཆོས་གང་ཞེ་ན། རྒྱུའི་དངོས་པོ་ཡིན་ནོ་ཞེས་བྱ་བ་ནི་རྒྱུའི་དངོས་པོ་ནི་འབྲས་བུ་བསྐྱེད་པས་རྣམ་པར་ཕྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་
དཔེར་ན་འབྲུའི་འབྲས་བུ་ནི་རྐྱེན་གྱི་བྱེ་བྲག་ས་གཞི་དང་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །འདིར་འདི་དཔྱད་པར་བྱ་སྟེ། རྒྱུའི་དངོས་པོ་འདི་ཅི་ཡིན། དངོས་པོ་ལས་གཞན་མ་ཡིན་པ་ཡིན། ཅི་ཉེས་གལ་ཏེ་གཞན་ཡིན་ན་ནི་ས་བོན་ལ་སོགས་པའི་ཆོས་ནི་འདི་མ་ཡིན་པར་འགྱུར་རོ། །གལ་ཏེ་གཞན་
མ་ཡིན་པ་ཡིན་ན་ནི་རྒྱུའི་དངོས་པོ་དུ་མ་ལས་རྣམ་པར་མ་ལོག་པ་གཅིག་ཡིན་པར་ཇི་ལྟར་འགྲུབ་པར་འགྱུར། ཡང་རྒྱུ་ཞེས་བྱ་བའི་དངོས་པོ་དག་གང་ལས་རྣམ་པར་ལོག་ཅིང་རྫས་སུ་ཡོད་པའི་ཆོས་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཡང་རྣམ་པར་ལོག་པའམ། མ་ལོག་པ་ཡང་རུང་སྟེ།

ས་བོན་ལ་སོགས་པ་ཡིན་པ་བརྗོད་པའི་དངོས་པོ་དེ་ནི་རྒྱུ་དུ་མ་གཞན་དང་གཞན་སྔ་བ་ཡིན་པ་ལས་དེ་ལྟར་མངོན་པར་གྲུབ་པ་ཡིན་ཏེ། དཔེར་ན་རྐྱེན་ལ་ལྟོས་ནས་དེའི་འབྲས་བུ་འགྲུབ་པ་གཞན་ནོ། །ལུས་གང་ཡིན་ལས་ཅི་ཡིན་ཅིའི་ཕྱིར་ན་ལུས་ཞེས་བྱ་བ་རྒྱས་པར་འབྱུང་བ་
དང་། དེ་བཞིན་དུ་ཡིད་ཀྱི་ལས་ཀྱི་བར་དུའོ་ཞེས་བྱ་བ་ནི་ཇི་ལྟར་ལུས་ལས་ཅི་ཡིན་ཅིའི་ཕྱིར་ན་ལུས་ཞེས་བྱ། ལས་ཞེས་བྱ་བ་ཡང་གང་ཡིན་ཞེས་བྱ་བ་དེ་བཞིན་དུ་ངག་གང་ཡིན། ཅིའི་ཕྱིར་ངག་ཅེས་བྱ་བ་དང་། ངག་གི་ལས་ཀྱང་གང་། ཡིད་ཀྱི་ལས་ཅི་ཡིན་ཅིའི་ཕྱིར་ན་ཡིད་ཀྱི་ལས་ཞེས་བྱ།
ཡིད་ཀྱི་ལས་ཀྱང་གང་ཡིན་ཞེས་བྱའོ། །དེ་བས་ན་དེ་དག་ནི་གྲུབ་པ་ལས་གཟུང་བར་བྱ་སྟེ། ལས་གྲུབ་པ་ལས་ལུས་ལ་སོགས་པ་ཡང་ཇི་ལྟར་བསྟན་ཞེ་ན། ལུས་ནི་དབང་པོ་དང་བཅས་པའི་ལུས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པའི་བྱེ་བྲག་གོ། །བསགས་པའི་དོན་གྱིས་ལུས་ཞེས་
བྱ་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་སྨད་པའི་དོན་གྱིས་ཡིན་ཏེ། མི་གཙང་བའི་རྫས་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་ལྷའི་ལུས་ལུས་མ་ཡིན་པར་འགྱུར་རོ། །ངེས་པའི་ཚིག་གི་ཚུལ་གྱི་བྱེད་
པ་པོ་ཡིད་ཀྱིས་མངོན་པར་འདུ་བྱེད་པ་ནི་ལས་ཡིན་པ་དང་། ལུས་སྐྱོབ་པར་བྱེད་པའི་ལས་ནི་ལུས་ཀྱི་ལས་ཞེས་བྱ་བ་ལ། སེམས་པ་ཡང་རྣམ་པ་གསུམ་སྟེ། ཤིན་ཏུ་བསྐྱོད་པ་དང་། ངེས་པ་དང་བསྐྱོད་པ་སྟེ་གང་གིས་ལུས་སྐྱོད་པར་བྱེད་པ་དེ་ནི་དེའི་རྒྱུན་ཡུལ་གཞན་དུ་འབྱུང་བར་བྱེད་པའི་
རྒྱུ་རླུང་སྒྲུབ་པར་བྱེད་པའི་ཕྱིར་ཏེ། དེ་ནི་ལུས་ཀྱི་ལས་ཞེས་བྱ་སྟེ། ཚིག་བར་མ་མི་མངོན་པར་བྱས་པའི་ཕྱིར་འབྲུ་མར་གྱི་སྟོབས་དང་རླུང་གི་རྡུལ་བཞིན་ནོ། །ལས་ཀྱི་ལམ་ལ་ནི་ལས་རྣམ་པ་གསུམ་ཡིན་པར་འདོད་པ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལོག་པར་
སྤྱོད་པ་ཡིན་ན་སེམས་པ་ལ་དེ་དག་ཇི་ལྟར་བརྗོད་པར་བྱ་ཞེ་ན། དེས་ཤིན་ཏུ་གསོད་པ་དང་ལེན་པ་དང་ལོག་པར་སྤྱོད་པའི་ཕྱིར་དང་། དེས་བསྐྱོད་པའི་ལུས་ཀྱི་རྒྱུན་བྱས་པ་ནི་དེས་བྱས་པ་ཞེས་བྱ་སྟེ། དཔེར་ན་རྐུན་པོས་གྲོང་བསྲེགས་པ་དང་། རྩྭས་འབྲས་ཆན་ཚོས་པ་བཞིན་ནོ། །ཇི་ལྟར་

སེམས་པ་ལས་ཀྱི་ལམ་ཡིན་ཞེ་ན། དེ་ནི་ལས་ཀྱང་ཡིན། ངན་འགྲོ་རྣམས་ཀྱི་ལས་ཀྱང་ཡིན་པས་ལས་ཀྱི་ལམ་ཡིན་པའམ། ལུས་སྐྱོད་པར་བྱེད་པའི་སེམས་པ་ཞེས་བྱ་བ་རྣམ་པ་གསུམ་ཆར་ཡང་ལས་ཀྱི་ལམ་ཡིན་ནོ། །དེ་གང་ཞེ་ན། དེའི་དབང་གིས་འཇུག་པའི་ཕྱིར་དང་། དེས་སྲོག་ལ་
སོགས་པ་གཅོད་པ་དང་། ལེན་པ་དང་། ལོག་པར་སྤྱོད་པའི་ཕྱིར་རོ། །འཇིག་རྟེན་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེ་ནི་ལུས་ཀྱི་ལས་ཡིན་ནོ་ཞེས་ཀྱང་སྟོན་ཏོ། །དགེ་བ་དང་མི་དགེ་བ་ཉིད་ནི་དེ་མ་ཡིན་ནོ། །གདགས་ན་ནི་སེམས་པ་དེའི་སྒོ་ནས་འཇིག་རྟེན་པའི་འཇུག་པ་དང་ལྡོག་པ་
ཤིན་ཏུ་སྦྱོར་བའི་ཕྱིར་རོ། །གལ་ཏེ་སེམས་པ་ཁོ་ན་དགེ་བ་དང་མི་དགེ་བའི་ལས་ཡིན་ན་ནི་མདོ་སྡེ་ལས་བསམས་ནས་བྱས་པའི་ལུས་ཀྱི་ལས་རྣམ་པ་གསུམ་བྱས་ཤིང་ཉེ་བར་བསགས་པའི་མི་དགེ་བ་སྡུག་བསྔལ་འབྱུང་བར་བྱེད་པ་རྣམ་པར་སྨིན་པ་སྡུག་བསྔལ་བའོ་ཞེས་བྱ་བ་ཅིའི་ཕྱིར་གསུང་
བར་འགྱུར་སྒོ་དེ་ནས་བྱས་པའི་ཕྱིར་རོ་ཞེས་དགོངས་པའོ། །དེ་ལས་གཞན་པའི་སེམས་པ་ནི་ཡིད་ཀྱི་ལས་ཡིན་ནོ་ཞེས་བསྟན་ཏེ། ཡིད་དང་མཚུངས་པར་ལྡན་པའི་ཕྱིར་དང་། ལུས་དང་ངག་འཇུག་པར་མི་བྱེད་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་སེམས་པའི་ལས་དང་བསམས་པའི་ལས་
ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཤེ་ན། སྔར་སེམས་པ་རྣམ་པ་གསུམ་བསྟན་པ་དེ་ལ་གཉིས་ནི་བསམས་ནས་སོ། །གསུམ་པས་ནི་འཇུག་པར་བྱེད་པ་ཡིན་ཏེ། འདི་ཡང་བསམས་པའི་ལས་ཞེས་བྱའོ། །ཚིག་ནི་ངག་ཡིན་ཏེ། བརྗོད་པ་གང་གིས་དོན་ཁོང་དུ་ཆུད་པར་བྱེད་
པའི་ལས་ཏེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་ནི་ཡི་གེའི་རྣམ་པ་དང་ལྡན་པའི་ངག་གི་ལས་ཡིན་ཏེ་སྔ་མ་བཞིན་ནོ། །ངག་ཀུན་ནས་སློང་བར་བྱེད་པའི་ལས་ནི་ངག་གི་ལས་ཞེས་བྱ་སྟེ། ཚིག་བར་མ་མི་མངོན་པར་བྱས་པ་སྔ་མ་བཞིན་ནོ། །ཡིད་ནི་རྣམ་པར་ཤེས་པ་ལ་བྱ་སྟེ། མཉམ་པར་
མ་བཞག་པ་ཡིན་པའི་ཕྱིར་དང་། སྐྱེ་གནས་གཞན་དང་། ཡུལ་ལ་འདུད་པར་བྱེད་པའི་ཕྱིར་རོ། །ཡིད་ཀྱི་ལས་ནི་དེ་དང་མཚུངས་པར་ལྡན་པའི་སེམས་པ་ཡིན་ཏེ། ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་

ཅེས་བྱ་བ་འདིར་རྐྱེན་དང་རྐྱེན་ཅན་གཉིས་ངེས་པ་དང་མ་ངེས་པ་ལ་སྐྱོན་ཡོད་པ་ཡིན་ཏེ་ཞེས་བྱ་བ་ལ་རྐྱེན་དང་རྐྱེན་ཅན་ངེས་པ་ལ་སྐྱོན་ཡོད་པ་དང་། གཉི་ག་ངེས་པ་ལ་སྐྱོན་ཡོད་པ་དང་མ་ངེས་པ་ལ་སྐྱོན་ཡོད་པའོ། །ཇི་ལྟ་ཞེ་ན། གལ་ཏེ་མ་རིག་པ་ཁོ་ན་འདུ་བྱེད་ཀྱི་རྐྱེན་ཡིན་ན་
ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དགེ་བ་དང་མི་དགེ་བ་དང་འདུན་པ་དང་རྩོལ་བ་ལ་སོགས་པ་མེད་པར་ཡང་ཞེས་བྱ་བ་ནི་དགེ་བ་དང་འདུན་ཅིང་ལུས་དང་ངག་དགེ་བའི་རྩ་བ་ལ་རྩོལ་བ་དང་། མི་དགེ་བ་དང་འདུན་ཅིང་ལུས་དང་ངག་མི་དགེ་བའི་རྩ་བ་རྩོལ་བ་དང་། དགེ་བའི་རྩ་བ་
དང་འདུན་ཅིང་ལུས་དང་ངག་དགེ་བའི་ལས་ལ་རྩོལ་བ་མེད་པར་ཡང་། མ་རིག་པ་ཙམ་ལས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་རྒྱུན་དུ་འབྱུང་བར་ཐལ་བར་འགྱུར་རོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །ཡང་མདོ་སྡེ་གཞན་ལས་དགེ་བའི་རྩ་བ་
ཡང་གསུམ་མོ། །མི་དགེ་བའི་རྩ་བ་ཡང་གསུམ་སྟེ། གསུམ་པ་ནི་ལས་ཀྱི་གཞི་དང་ཀུན་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ཆགས་པ་ནི་ལས་ཀྱི་གཞི་དང་ཀུན་འབྱུང་བ་ཡིན་ཏེ། ཞེ་སྡང་དང་རྨོངས་པ་ཡང་ཡིན་ནོ། །ཆགས་པ་མེད་པ་ལ་སོགས་པ་ཡང་དེ་བཞིན་ནོ། །དེ་ལ་སོགས་པ་དང་
འགལ་བར་འགྱུར་རོ་ཞེས་བྱ་བ་ནི་མ་རིག་པ་ཁོ་ན་དེ་དག་གི་རྐྱེན་ཡིན་ན་དགེ་བའི་རྩ་བ་ལ་སོགས་པ་དག་འདུ་བྱེད་རྣམས་ཀྱི་རྐྱེན་ཡིན་པར་འབྱུང་བ་དང་འགལ་བར་འགྱུར་རོ། །དེ་བཞིན་དུ་རེག་པ་ནི་སེམས་པའི་རྐྱེན་ཡིན་པར་འབྱུང་བ་དང་འགལ་བར་འགྱུར་རོ། །རྣམ་པར་རྟོག་པ་ཡང་རྣམ་
པར་དཔྱོད་པ་གཉིས་ངག་གི་རྐྱེན་ཡིན་པར་འབྱུང་བ་ལ་སོགས་པ་དང་འགལ་ལོ། །དེ་ལྟར་ན་རེ་ཞིག་མ་རིག་པ་ཁོ་ན་འདུ་བྱེད་དེ་དག་གི་རྐྱེན་ཡིན་ན་ནི་དེ་དག་གི་རྐྱེན་མ་རིག་པ་ཡིན་པས་རྐྱེན་ངེས་པར་བྱས་ན་སྐྱོན་ཡོད་པ་ཡིན་ནོ། །འོན་ཏེ་འདུ་བྱེད་ཁོ་ནའི་རྐྱེན་མ་རིག་པ་ཡིན་ཏེ་ཞེས་བྱ་བ་ནི་རྐྱེན་ཅན་
ངེས་པར་བྱས་ན་སྐྱོན་ཡོད་པ་ཡིན་ནོ། །རྐྱེན་ཅན་ངེས་པ་ཡིན་ན་ནི། མ་རིག་པའི་རྣམ་པར་སྨིན་པའི་འབྲས་བུ་མེད་པར་འགྱུར་རོ། །འོན་ཏེ་མ་ངེས་པ་ཡིན་ན་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བརྗོད་པ་ཇི་ལྟར་དོན་མེད་པར་མི་འགྱུར་ཏེ། གལ་ཏེ་རེ་ཞིག་འདུ་བྱེད་ཀྱི་རྒྱུ་བརྗོད་པར་

འདོད་དེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་འདི་སྨྲས་པ་ཡིན་ན་ནི་འདུ་བྱེད་ཐམས་ཅད་ཀྱི་རྒྱུ་ཡིན་པར་བརྗོད་པར་བྱ་དགོས་སོ། །འོན་ཏེ་མ་རིག་པའི་འབྲས་བུ་བརྗོད་པར་འདོད་ན་ནི་མ་རིག་པའི་འབྲས་བུ་ཐམས་ཅད་བརྗོད་པར་བྱ་དགོས་སོ། །འོན་ཏེ་རྒྱུ་བརྗོད་པར་བྱ་བའི་ཕྱིར་ཡང་
མ་ཡིན་ནོ། །འབྲས་བུ་བརྗོད་པར་བྱ་བའི་ཕྱིར་ཡང་མ་ཡིན་ན་ནི་འོ་ན་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་འཆད་པ་འདི་དོན་མེད་པར་འགྱུར་རོ་ཞེ་ན། འདིར་ངེས་པ་དང་མ་ངེས་པ་གཉི་ག་ཡིན་ན་ཡང་བཤད་པ་དོན་མེད་པར་མི་འགྱུར་ཏེ། དེ་བཞིན་དུ་བསྟན་པ་ནི་འདུ་བྱེད་རྣམས་ཀྱི་རྐྱེན་གྱི་
གཙོ་བོ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་འདི་སྐད་བསྟན་ཏེ། རྐྱེན་བསྟན་པའི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་དེ་བཞིན་དུ་བསྟན་དུ་ཟིན་ཀྱང་རྐྱེན་ཐམས་ཅད་བསྟན་པའི་ཕྱིར་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཙོ་བོའི་རྐྱེན་བརྗོད་པར་བྱ་བའི་ཕྱིར་རོ། །དེ་བས་ན་སྟོན་པ་དོན་མེད་པ་མ་ཡིན་
ནོ། །བསོད་ནམས་ལ་སོགས་པའི་ལས་རྣམས་འདུ་བྱེད་ཉིད་ཡིན་པར་ནི་དེའི་དབང་གིས་ཡིན་པའི་ཕྱིར་དང་ཞེས་བྱ་བ་ལ་དེའི་དབང་གིས་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་རྣམས་ཀྱིས་ཡང་སྲིད་པ་མངོན་པར་འདུ་བྱེད་པ་ནི་མ་རིག་པའི་
དབང་གིས་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཁོང་དུ་ཆུད་པར་བྱེད་པ་སྨྲས་པ་ནི་འདི་ལྟ་སྟེ་རིག་པ་དེ་མ་སྐྱེས་ན་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པ་ཡིན་གྱི་རིག་པ་སྐྱེས་ན་ནི་མ་ཡིན་ནོ་ཞེས་བྱ་བ་དང་། ཀུན་ནས་འབྱུང་བ་ན་ཡང་ཅིའི་རྐྱེན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཅི་ཞེ་ན། བསོད་
ནམས་ལ་སོགས་པའི་ལས་ཀྱི་གཙོ་བོའི་རྐྱེན་ནི་མ་རིག་པ་ཡིན་ནོ་ཞེས་བྱ་བའོ། །ཇི་ལྟར་ཀུན་ནས་འབྱུང་བ་ན་མ་རིག་པའི་སྤྱིའི་རྐྱེན་ཡིན་པ་དེ་བཞིན་དུ་སྟོན་པ་ནི་བསོད་ནམས་མ་ཡིན་པའི་འདུ་བྱེད་རྣམས་ཀུན་ནས་འབྱུང་བ་ན་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་སྤྱིའི་རྐྱེན་ཡིན་
ནོ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་བསྒྲུབས་པའི་ལས་ཀུན་ནས་འབྱུང་བ་ན་ཉོན་མོངས་པའི་ས་ཆེན་པོ་པ་ཡིན་པའི་ཕྱིར་མ་རིག་པ་ནི་སྤྱིའི་རྐྱེན་ཡིན་ནོ། །གང་དུ་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ལས་དེའི་རྐྱེན་ནི་ཞེ་

སྡང་མ་ཡིན་ནོ། །ཞེ་སྡང་གིས་ཀུན་ནས་བསླང་བའི་ལས་དེའི་རྐྱེན་ནི་འདོད་ཆགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཇི་ལྟར་ཉོན་མོངས་པ་ཐམས་ཅད་མ་རིག་པའི་རྐྱེན་གྱིས་ཀུན་ནས་བསླང་བ་དེ་བཞིན་དུ་དེ་དང་མཚུངས་པར་ལྡན་པ་སེམས་པ་རྣམས་ཀྱི་ཡང་
ཡིན་ནོ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་རྣམས་ཀྱི་ཡང་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པ་ཐམས་ཅད་ཀུན་ནས་འབྱུང་བའི་རྐྱེན་མ་རིག་པ་ཇི་ལྟར་ཡིན། །ཅི་ཟག་པ་ཀུན་དུ་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སམ་ཞེ་ན། མ་རིག་པ་ཀུན་
འབྱུང་གིས་ཟག་པ་ཀུན་འབྱུང་སྟེ། ཇི་སྐད་དུ་རྨོངས་པ་ཁོ་ནས་དེ་དག་སྐྱེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རེ་ཞིག་བསོད་ནམས་མ་ཡིན་པ་ནི་དེ་ལྟ་བུ་ཡིན་ནོ། །བསོད་ནམས་ཀྱི་འདུ་བྱེད་རྣམས་ཀྱི་ཡང་རྐྱེན་ཡིན་ཏེ། སྲིད་པ་དང་ལོངས་སྤྱོད་ཐ་དད་པ་མངོན་པར་སྒྲུབ་པ་དང་རྗེས་སུ་མཐུན་
པ་ཀུན་ནས་དབྱུང་བ་ན་ཡང་ཞེས་རྒྱས་པར་འབྱུང་བ་དེ་ལ་སྲིད་པ་ནི་ལྷ་དང་མི་ལ་སོགས་པའི་ལུས་ལ་བྱའོ། །ལོངས་སྤྱོད་ནི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་སོ། །སྲིད་པ་དང་ལོངས་སྤྱོད་དེ་དག་གི་དབྱེ་བ་ནི་སྲིད་པ་དང་ལོངས་སྤྱོད་དབྱེ་བ་ཐ་དད་པའོ། །མངོན་པར་སྒྲུབ་པ་དེ་འདུ་བྱེད་གང་ཡིན་པ་དེ་
དག་གི་རྒྱུ་བྱེད་པ་ལ་རྗེས་སུ་མཐུན་པ་ཞེས་བྱ་བ་ཡིན་པས་དེ་ནི་སྲིད་པ་དང་ལོངས་སྤྱོད་དབྱེ་བ་ཐ་དད་པ་མངོན་པར་སྒྲུབ་པ་དང་རྗེས་སུ་མཐུན་པ་ཞེས་བྱའོ། །དེ་དག་ཀུན་ནས་འབྱུང་བ་ན་ཡང་དེ་དག་དང་ལྷན་ཅིག་འབྱུང་བའི་མ་རིག་པ་ནི་སྤྱིའི་རྐྱེན་ཡིན་ཞེས་བྱ་བ་དེ་ལ་མངོན་པར་སྒྲུབ་པ་ནི་འདོད་པ་སྟེ། ལྷར་
ཤོག་ཤིག །མིར་ཤོག་ཤིག །བདག་གི་ལོངས་སྤྱོད་ཀྱང་ཁྱད་པར་ཅན་དུ་ཤོག་ཤིག་ཅེས་བྱ་བ་ཡིན་ནོ། །མངོན་པར་སྒྲུབ་པ་དེ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི་དེ་དག་དང་ལྷན་ཅིག་འབྱུང་བ་ཡིན་ནོ། །ས་དེར་ངེས་པར་འབྱུང་བར་ལྟ་བས་ཀུན་ནས་བསླང་བ་མི་གཡོ་བ་རྣམས་ཀྱི་ཡང་ཞེས་
རྒྱས་པར་འབྱུང་བ་ལ་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོའི་བར་དུ་ས་དེར་ཐར་པར་འདོད་པས་ངེས་པར་འབྱུང་བར་ལྟ་བ་ནི་ས་དེར་ངེས་པར་འབྱུང་བར་ལྟ་བའོ། །ས་དེར་ངེས་པར་འབྱུང་བར་ལྟ་བས་ཀུན་ནས་བསླང་བ་ནི་ས་དེར་ངེས་པར་འབྱུང་བས་ཀུན་ནས་བསླང་བའོ། །ས་དེར་ངེས་པར་འབྱུང་བས་

ཀུན་ནས་བསླང་བ་མི་གཡོ་བའི་འདུ་བྱེད་དེ་དག་གི་ཡང་དེ་དག་དང་ལྷན་ཅིག་འབྱུང་བར་ལྟ་བ་དེ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི་ཅི་ཞེ་ན། སྤྱིའི་རྐྱེན་ཡིན་ནོ་ཞེས་བྱའོ། །དོན་དེ་དག་ཉིད་ཚིགས་སུ་བཅད་དེ་བརྗོད་པ་ཞེས་རྒྱས་པར་འབྱུང་བ་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པའི་
མ་རིག་པ་ཡང་འདུ་བྱེད་ཀྱི་རྐྱེན་ཡིན། མཚུངས་པར་ལྡན་པ་མ་ཡིན་པ་ཡང་གཙོ་བོའི་རྐྱེན་ཡིན་ནོ་ཞེས་བསྟན་མ་ཐག་པ་རྣམས་ཚིགས་སུ་བཅད་པས་བརྗོད་པ་ནི། འདུ་བྱེད་རྣམས་ཀྱི་རྐྱེན་ཉིད་དུ། །མ་རིག་བསྟན་པ་རྣམ་གཉིས་ཏེ། །ཞེས་བྱ་བ་ནི་རྣམ་པ་གཉིས་ནི་རྣམ་གཉིས་སོ། །ཇི་ལྟ་ཞེ་ན།
དེའི་ཕྱིར། ཉོན་མོངས་གཞན་ལྡན་སྤྱི་ཡི་རྐྱེན། །དེ་མེད་པ་ནི་གཙོ་བོའི་རྐྱེན། །ཅེས་སྨྲས་ཏེ། ཅི་ཞེ་ན། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་མ་ཡིན་པ་ནི་གཙོ་བོའི་རྐྱེན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་དག་གི་རྐྱེན་ཀྱང་མ་རིག་པ་ཡིན་པའི་ཕྱིར་ཞེས་རྒྱས་པར་འབྱུང་བ་ནི་གལ་
ཏེ་ཉོན་མོངས་པ་དེ་དག་གི་རྐྱེན་ཡང་མ་རིག་པ་ཡིན་བཞིན་དུ་མ་རིག་པའི་ཡན་ལག་ཁོ་ན་བསྟན་གྱི། ཉོན་མོངས་པ་གཞན་མ་ཡིན་ན་གོ །མ་རིག་པ་ནི་ཉོན་མོངས་པ་རྣམས་ཀྱི་རྐྱེན་ཡིན་ལ། ཉོན་མོངས་པ་ཡང་འདུ་བྱེད་རྣམས་ཀྱི་ཡིན་པས། ཡན་ལག་ལྟག་པར་ཇི་ལྟར་ཐལ་བར་མི་འགྱུར་ཞེས་རྒོལ་
བ་ནི་གླགས་མི་ཐོད་པ་ཡིན་ཏེ། གཙོ་བོའི་རྐྱེན་བརྗོད་པར་བཞེད་པའི་ཕྱིར་རོ། །མ་རིག་པ་ལས་གཞན་པའི་ཉོན་མོངས་པ་ནི་འདུ་བྱེད་རྣམས་ཀྱི་རྐྱེན་ཡིན་དུ་ཟིན་ཀྱང་གཙོ་བོའི་རྐྱེན་མ་ཡིན་ནོ། །འདུ་བྱེད་རྣམས་ཀྱིས་བསྡུས་པའི་དོན་རྣམ་པར་གཞག་པ་འདིར་རྣམ་པ་བཅུར་རིག་པར་བྱ་སྟེ།
རབ་ཏུ་དབྱེ་བ་རྣམས་པར་གཞག་པ་ནི་ཇི་སྐད་དུ་འདུ་བྱེད་ནི་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །བྱ་བ་བྱེད་པའི་མཚན་ཉིད་རྣམ་པར་གཞག་པ་ནི། ཇི་སྐད་དུ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་བྱེ་བྲག་ནི་འདིར་
ལུས་ལ་སོགས་པའི་འདུ་བྱེད་ཡིན་པར་དགོངས་པའོ། །འདི་ཇི་ལྟར་མངོན་ཞེ་ན། མདོ་སྡེ་དང་རིགས་པ་ལས་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །བྱེ་བྲག་རྣམ་པར་གཞག་པ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་ཞེས་བྱ་བའོ། །འདུ་བྱེད་ཀྱི་

མཚན་ཉིད་རྣམ་པར་གཞག་པ་ནི། ཇི་སྐད་དུ་ལས་ཀྱི་བྱེ་བྲག་དབྱེ་བའི་ཕྱིར་འདུ་བྱེད་སྨོས་ཏེ། ལས་གང་ཡང་སྲིད་པ་མངོན་པར་འདུ་བྱེད་པ་དེ་ཉིད་ཇི་ལྟར་ཤེས་པར་འགྱུར་བ་དེ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡང་སྲིད་མངོན་པར་འདུ་བྱེད་པ་རྣམ་པར་
གཞག་པ་ནི་ཇི་སྐད་དུ་མ་བཏབ་པ་དེ་འདེབས་པ་སྟེ། རྣམ་པར་ཤེས་པའི་རྒྱུད་ལ་ཐོག་མ་ཉིད་དུ་དེ་ས་བོན་གཞག་པའི་ཕྱིར་རོ་ཞེས་བསྟན་པའོ། །རྗེས་སུ་འབྲེལ་པ་རྣམ་པར་དབྱེ་བ་རྣམ་པར་གཞག་པ་ནི། ཇི་སྐད་དུ་ས་བོན་ཞེས་བྱ་བ་འདི་ཅི་ཡིན་ནུས་པའི་བྱེ་བྲག་གོ། །ནུས་པ་ཞེས་
བྱ་བ་དེ་ཆོས་གང་ཞེ་ན་ཞེས་རྒྱས་པར་བསྟན་པའོ། །མཐར་ཐུག་པར་རྣམ་པར་གཞག་པ་ནི་ཇི་སྐད་དུ་ས་བོན་རྒྱས་པ་དེ་སེམས་ཀྱི་རྒྱུད་ལ་ཡུན་ཇི་སྲིད་ཅིག་ཏུ་གནས་ཤེ་ན། ཇི་སྲིད་འབྲས་བུ་མ་སྐྱེས་པའི་བར་དུའོ་ཞེས་བསྟན་ཏོ། །རང་གི་མཚན་ཉིད་རྣམ་པར་གཞག་པ་ནི་ཇི་སྐད་དུ་དེ་བས་ན་
དེ་དག་ནི་ལས་གྲུབ་པ་ལས་གཟུང་བར་བྱའོ། །དེ་ལས་ཀྱང་སེམས་པའི་རང་གི་མཚན་ཉིད་ནི་ལས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བྱེད་པ་རྣམ་པར་གཞག་པ་ནི་དེ་ཉིད་ལས་ཇི་སྐད་དུ་ལུས་སྐྱོད་པར་བྱེད་པའི་ལས་ནི་ལུས་ཀྱི་ལས་སོ། །ངག་ཀུན་ནས་སློང་བར་བྱེད་པའི་ལས་ནི་ངག་གི་ལས་སོ། །བྱེད་
པ་པོ་ཡིད་ཀྱི་མངོན་པར་འདུ་བྱེད་པ་ནི་ཡིད་ཀྱི་ལས་སོ་ཞེས་བསྟན་པའོ། །གཙོ་བོའི་རྐྱེན་རྣམ་པར་གཞག་པ་སྟེ། ཇི་སྐད་དུ། འདུ་བྱེད་རྣམས་ཀྱི་རྐྱེན་ཉིད་དུ། །མ་རིག་བསྟན་པ་རྣམ་གཉིས་ཏེ། །ཉོན་མོངས་གཞན་ལྡན་སྤྱི་ཡི་རྐྱེན། །དེ་མེད་པ་ནི་གཙོ་བོའི་རྐྱེན། །ཅེས་བསྟན་པའོ། །
འདུ་བྱེད་རྣམ་པར་དབྱེ་བ་རྫོགས་སོ།། །།རྣམ་པར་ཤེས་པ་གང་ཞེ་ན་ཞེས་བྱ་བ་མདོ་སྡེ་གཞན་ལས་ནི་རྣམ་པར་ཤེས་པའི་ཚོགས་དྲུག་ལ་བྱ་བར་གྲགས་སོ། །འདིར་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པར་གསུངས་ཏེ་དེའི་ཕྱིར་གཏན་ལ་དབབ་པར་བྱ་སྟེ། ཅི་འདུ་བྱེད་
ཀྱི་རྐྱེན་གྱིས་ཐམས་ཅད་ཡིན་ནམ། འོན་ཏེ་འགའ་ཞིག་ཡིན་ཞེ་ན། དེའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ་ཞེས་བྱ་བ་འདི་བསྟན་ཏོ། །དེ་ནི་རེ་ཞིག་རྣམ་པར་ངེས་པ་དང་བཅས་པ་རྒྱས་པར་བཤད་པ་བྱས་ན་ཤུགས་ཀྱིས་ཞེས་བྱ་བ་ནི་རྣམ་པར་ངེས་པའི་ཤུགས་ནི་རྣམ་པར་ངེས་པའི་ཤུགས་

སོ། །རྣམ་པར་ངེས་པ་དང་བཅས་པའི་ཤུགས་ཞེས་བྱ་བ་ནི་རྣམ་པར་ངེས་པ་དང་ལྷན་ཅིག་པའི་ཤུགས་ཏེ། དེའི་དོན་རྒྱས་པར་བཤད་པར་བྱས་ན་རྒྱས་པའི་ཤུགས་ཀྱིས་ཕྱིས་དགོངས་པའི་དོན་གྱིས་དེ་ཁོ་ན་ཉིད་ལེགས་པར་ཁོང་དུ་ཆུད་པར་འགྱུར་ཏེ། ཤུགས་ཀྱི་ཚུལ་གྱིས་ཀུན་གཞིའི་རྣམ་པར་ཤེས་པ་
ཡིན་ནོ། །གདུལ་བྱ་གནས་པའི་བྱེ་བྲག་ལ་ལྟོས་ནས་ཞེས་བྱ་བ་ནི་དེའི་ཚེའི་གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་ནི་དེ་དག་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའི་རང་གི་ངོ་བོ་ལ་ཐེ་ཚོམ་ཟ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཅི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཐམས་ཅད་ཡིན་ནམ། འོན་ཏེ་
འགའ་ཞིག་ཡིན་ཐེ་ཚོམ་ཟ་བའོ། །མ་འོངས་པའི་གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་ཀྱང་ངོ་བོ་ཉིད་ནི་གསུངས་པ་མ་ཡིན་ཏེ། ངོ་བོ་ཉིད་བསྟན་པའི་སྐབས་སུ་མ་བབ་པའི་ཕྱིར་རོ། །འདིར་དགོས་པ་ནི་འདི་ཡིན་ནོ་ཞེས་བྱ་བར་ཇི་ལྟར་མངོན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ་ཁ་ཅིག་ཏུ་ནི་རྣམ་པར་
དབྱེ་བ་ཡང་མི་སྟོན་ཏོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མདོ་སྡེ་གཞན་ལས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་གནས་པའི་བྱེ་བྲག་ལ་སྟོས་ནས་རྣམ་པར་ཤེས་པ་གནས་པའི་བྱེ་བྲག་ཀྱང་མ་གསུངས་ཀྱི་བསྟན་པ་ཙམ་ཁོ་ན་ཞིག་གསུངས་ཏེ། དཔེར་ན་དགེ་སློང་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་
བ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་བཤད་པར་བྱ་སྟེ། ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་བཤད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་
རྣམས་གང་ཞེ་ན། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་རྒྱས་པར་འབྱུང་བའོ། །དེ་བཞིན་དུ་དགེ་སློང་དག་བྱེད་ལ་ཆོས་རྣམས་ཀྱི་འདུ་བ་དང་བྲལ་བ་ཡང་བཤད་པར་བྱའོ། །ཆོས་རྣམས་ཀྱི་འདུ་བ་གང་ཞེ་ན། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་སྔ་མ་བཞིན་ཏེ་དེ་ལ་
སོགས་པའོ། །ཚོགས་ཀྱི་སྒྲས་ནི་དམིགས་པ་ལ་འཇུག་པའི་དབྱེ་བ་ཡང་བསྟན་པ་ཡིན་ཏེ་ཞེས་རྒྱས་པར་འབྱུང་བ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་ཅེས་བྱ་བའི་ཚོགས་ཀྱི་སྒྲས་འདིས་གཟུགས་ལ་སོགས་པའི་དམིགས་པ་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་གི་འཇུག་པའི་དབྱེ་བ་ཡང་

བསྟན་པ་ཡིན་ནོ། །ཇི་ལྟར་བྱས་ནས་ཤེ་ན། ཚོགས་ཀྱི་སྒྲས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རེ་རེ་ཡང་རྣམ་པ་མང་བར་བསྟན་པ་ཡིན་ཏེ། དེ་ལ་སྔོན་པོ་ལ་སོགས་པའི་དམིགས་པ་ཐ་དད་པའི་ཕྱིར་ཚོགས་ཀྱི་སྒྲས་མིག་གི་རྣམ་པར་ཤེས་པ་རྣམ་པ་མང་བར་
བསྟན་ཏོ། །དེ་ལ་སྔོན་པོ་ལ་སོགས་པའི་དམིགས་པ་ཐ་དད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་རྣམ་པ་མང་བ་དེ་བཞིན་དུ་ཆོས་ཐ་དད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་ཚོགས་ཀྱི་སྒྲས་དམིགས་པ་ལ་འཇུག་པའི་དབྱེ་བ་མི་སྟོན་ན་ནི། རྣམ་
པར་ཤེས་པ་དྲུག་ཅེས་དེ་ཙམ་ཞིག་གསུངས་པར་འགྱུར་ཏེ། ཚོགས་ཀྱི་སྒྲ་དགོས་པ་མེད་པའི་ཕྱིར་རོ། །ཚོགས་ཀྱི་སྒྲའི་དོན་བྱས་ཟིན་པའི་ཕྱིར་དང་ཞེས་བྱ་བ་ནི་ཚོགས་ཀྱི་སྒྲ་ཁོ་ནས་དམིགས་པ་ལ་འཇུག་པའི་དབྱེ་བ་བསྟན་ཟིན་པའི་ཕྱིར་རོ། །རྣམ་པར་
ཤེས་པ་ལས་གཞན་ཚོགས་ཞེས་བྱ་བ་མེད་པར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་བསྟན་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འཆད་པར་བྱེད་པ་ནི་མིག་གི་རྣམ་པར་ཤེས་པ་ལས་གཞན་ཚོགས་མེད་པ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་སྟོན་པ་ཡིན་ནོ། །
དེ་ལྟ་མ་ཡིན་ན་རྣམ་པར་ཤེས་པའི་ཚོགས་དྲུག་འཆད་པར་བྱེད་པ་ཁོ་ན་ཡིན་པར་གཟུང་བར་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་ཡང་གང་ཞེ་ན། མིག་ལ་བརྟེན་ཅིང་གཟུགས་སོ་སོ་རྣམ་པར་རིག་པ་ནི་མིག་གི་རྣམ་པར་ཤེས་པའོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཅི་
རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་རྣ་བ་ལ་བརྟེན་ཅིང་སྒྲ་སོ་སོ་རྣམ་པར་རིག་པ་ནི་རྣ་བའི་རྣམ་པར་ཤེས་པའོ། །སྣ་ལ་བརྟེན་ཅིང་དྲི་སོ་སོ་རྣམ་པར་རིག་པ་ནི་སྣའི་རྣམ་པར་ཤེས་པའོ། །ལྕེ་ལ་བརྟེན་ཅིང་རོ་སོ་སོ་རྣམ་པར་རིག་པ་ནི་ལྕེའི་རྣམ་པར་ཤེས་པའོ། །ལུས་ལ་བརྟེན་ཅིང་
རེག་བྱ་སོ་སོ་རྣམ་པར་རིག་པ་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །ཡིད་ལ་བརྟེན་ཅིང་ཆོས་སོ་སོ་རྣམ་པར་རིག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ཡིན་ནོ། །མིག་ནི་འདིའི་རྟེན་ཡིན་པས་འདི་ནི་མིག་ལ་བརྟེན་ཅིང་གཟུགས་སོ་སོ་རྣམ་པར་རིག་པའོ། །ཐུན་མོང་དང་ཐུན་མོང་མ་

ཡིན་པའི་རྒྱུ་ཉིད་གྱིས་གཙོ་བོའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་སྟོན་པའོ། །གཟུགས་ཀྱི་གཟུགས་བརྙན་ལྟ་བུའི་མིག་གི་རྣམ་པར་ཤེས་པ་ནི་གཟུགས་སྣང་བའི་དོན་གྱིས་གཟུགས་སོ་སོ་རྣམ་པར་རིག་པའོ་ཞེས་བསྟན་ཏོ། །སོ་སོ་རྣམ་པར་རིག་པ་མིག་གི་རྣམ་པར་ཤེས་པ་ཡིན་ནོ་
ཞེས་སྨྲས་ན་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྨྲས་པར་འགྱུར་གྱི་བྱེ་བྲག་གི་མཚན་ཉིད་ནི་མ་ཡིན་པར་འགྱུར་རོ། །གཟུགས་སོ་སོ་རྣམ་པར་རིག་པ་ཡིན་ནོ་ཞེས་སྨྲས་ན་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མིག་གི་རྣམ་པར་ཤེས་པ་ཡིན་པར་རྟོགས་པར་འགྱུར་ཏེ། དེ་ཡང་
གཟུགས་སོ་སོ་རྣམ་པར་རིག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་མིག་ལ་བརྟེན་ཅིང་ཞེས་བྱ་བས་ཁྱད་པར་དུ་བྱས་སོ། །ཚོར་བ་ལ་སོགས་པ་ཡང་མིག་ལ་བརྟེན་པ་དེ་བས་ན་སོ་སོ་རྣམ་པར་རིག་པ་ཞེས་སྨྲས་སོ། །དེ་དག་ཀྱང་བྱེ་བྲག་སྣང་བ་ཡིན་པའི་ཕྱིར་གཟུགས་ཀྱི་བྱེ་བྲག་དགའ་
བ་དང་ཡོངས་སུ་གདུང་བ་ལ་སོགས་པའི་རྣམ་པར་སྣང་བ་ཡིན་པས་གཟུགས་སྨོས་སོ། །དེ་ལྟ་མ་ཡིན་ན་ཅི་ཞིག་རྣམ་པར་རིག་པ་ངེས་པར་མི་ཟིན་ཏོ། །དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ཐམས་ཅད་བརྗོད་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ལ་བརྟེན་ཅིང་ཆོས་སོ་སོ་རྣམ་པར་
རིག་པའོ་ཞེས་བྱ་བ་ལ་རྟེན་གྱི་དོན་ནི་སྔ་མ་བཞིན་ནོ། །སོ་སོ་རྣམ་པར་རིག་པའི་དོན་ནི་མདོར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་གཞན་ཡང་ཡིད་ལ་བརྟེན་པ་ཡིན་ཡང་ཡིད་འབའ་ཞིག་ལ་བརྟེན་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་འབའ་ཞིག་ལ་བརྟེན་པ་ཡིན་པས་དེ་བས་ན་རྟེན་
གྱིས་ཀྱང་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་བྱེ་བྲག་ཡོད་པ་ཡིན་ནོ། །དམིགས་པ་ཡང་བྱེ་བྲག་ཡོད་དེ་ཆོས་སོ་སོ་རྣམ་པར་རིག་པ་ཞེས་བསྟན་པའི་ཕྱིར་རོ། །གཞན་ཡང་ཆོས་སོ་སོ་རྣམ་པར་རིག་པ་སྨོས་པ་མེད་པ་ན་ནི་ཚོར་བ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་ཏེ། དེ་དག་ཀྱང་ཡིད་
ལ་བརྟེན་པས་སོ། །ཡིད་ལ་བརྟེན་པ་ཞེས་མ་སྨོས་ན་ནི་རྟེན་ཅི་ཡིན་པ་ངེས་པར་མི་ཟིན་པར་འགྱུར་རོ། །མིག་ལ་སོགས་པ་ནི་གཅིག་ཁོ་ནར་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་ཅི་ཞེ་ན། གཟུགས་ཀྱི་རྣམ་པར་ཤེས་པ་ནས་ཆོས་ཀྱི་རྣམ་པར་ཤེས་པའི་བར་དུ་མི་བརྗོད་དོ། །སེམས་

ཅན་གྱི་གྲངས་སུ་གཏོགས་པ་ནི་དབང་བྱེད་པའི་དངོས་པོ་སྟོན་པའི་ཕྱིར་དེ་དག་གང་ཡིན་པ་དང་དབང་བྱེད་པ་དང་འབྲེལ་པའི་མཚན་ཉིད་ཀྱི་དྲུག་པ་ཡིན་པར་བརྟག་པར་བྱའོ། །གཟུགས་ལ་སོགས་པའི་ཡུལ་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་། སེམས་ཅན་གྱི་གྲངས་
སུ་མ་གཏོགས་པ་ཡང་ཡིན་ནོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ཀྱི་གཙོ་བོའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཅི་ཞེ་ན། མིག་ལ་སོགས་པ་ནི་གཅིག་ཁོ་ནར་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་གཟུགས་ཀྱི་རྣམ་པར་ཤེས་པ་ཞེས་མ་བསྟན་ཏོ། །ཆོས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་
བར་དུ་མ་བསྟན་ཏོ། །གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་ནི་ཐུན་མོང་གི་རྒྱུ་ཁོ་ན་ཡིན་ནོ། །གཙོ་བོའི་རྒྱུས་ཀྱང་འབྲས་བུ་སྟོན་པར་བྱེད་དེ། དཔེར་ན་རྔའི་སྒྲ་ལྟ་བུའོ། །ཐུན་མོང་གི་རྒྱུ་ཉིད་ནི་མིག་ནི་གཟུགས་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་
ཕྱིར་རོ། །རིགས་ཐ་དད་པ་མེད་པའི་དབང་དུ་བྱས་ནས་དེ་སྐད་བསྟན་ཏེ་རྣམ་པར་ཤེས་པ་སོ་སོའི་ནི་མིག་གི་དབང་པོའི་སྐད་ཅིག་མ་གཞན་དང་གཞན་ཡིན་ནོ། །གཟུགས་ལ་ནི་གཉི་ག་ཡོད་དེ་འདི་ལྟ་སྟེ་རྣམ་པ་ཐ་དད་པ་དང་སྐད་ཅིག་མ་ཐ་དད་པའོ། །འདིར་ནི་སྐད་ཅིག་མ་གཞན་ཐ་དད་པའི་དབང་དུ་བྱས་
ཏེ་བསྟན་པ་མ་ཡིན་ནོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་རྒྱ་ཆེར་འགྲེལ་པ། བམ་པོ་ལྔ་པ། ཐུན་མོང་གི་རྒྱུ་ཞེས་བྱ་བ་ནི་མིག་ནི་སྔོན་པོ་ལ་སོགས་པའི་གཟུགས་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན་རྣམ་པ་ཐ་དད་པའི་
དབང་དུ་བྱས་པ་ཡིན་ནོ། །གཟུགས་ལ་ནི་རྣམ་པ་ཐ་དད་པ་ཡོད་དུ་ཟིན་ཀྱང་རྣམ་པར་ཤེས་པ་རྣམ་པ་ཐ་དད་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ནི་རྒྱུད་གཅིག་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ནི་རྒྱུད་ཐ་དད་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་
ཐུན་མོང་གི་རྒྱུ་ཡིན་ནོ་ཞེས་བསྟན་ཏོ། །དེ་བཞིན་དུ་ཡིད་ཀྱི་བར་དུ་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། རྣ་བ་ནི་ཐུན་མོང་གི་རྒྱུ་སྟེ། སྒྲ་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ནི་རྒྱུད་གཅིག་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་

དུ་སྣ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །དབང་པོ་དང་དོན་ངེས་པས་རྣམ་པར་ཤེས་པ་ངེས་པ་ཞེས་རྒྱས་པར་འབྱུང་བ་ནི་མིག་ལ་སོགས་པ་དབང་པོ་རྣམས་དང་། གཟུགས་ལ་སོགས་པ་དོན་རྣམས་ཡུལ་དང་ཡུལ་ཅན་གཉིས་སུ་ངེས་པ་ནི་མ་ངེས་པར་ཇི་ལྟར་འགྱུར་ཏེ། མིག་གི་དབང་པོའི་དོན་ཡུལ་གང་
ཡིན་པ་དེ་ཉིད་གཟུགས་ཡིན་ནོ། །ལུས་ཅན་ནི་མིག་གི་དབང་པོ་ཡིན་ནོ། །དེ་བཞིན་དུ་ལུས་ཀྱི་དབང་པོའི་དོན་ཡུལ་གང་ཡིན་པ་དེ་ཉིད་རེག་བྱ་ཡིན་ནོ། །ཡུལ་ཅན་ནི་ལུས་ཀྱི་དབང་པོ་ཡིན་ནོ། །དྲུག་པ་ཡིད་རྣམ་པར་ཤེས་པ་དྲུག་གི་མཚན་ཉིད་དང་། ཆོས་དང་གཉིས་ཡུལ་དང་ཡུལ་ཅན་དུ་ངེས་པ་ནི་
རྣམ་པ་གཞན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་རེ་ཞིག་མིག་ལ་སོགས་པ་བཞིན་དུ་ངེས་པར་བྱེད་ན་ནི་ཡིད་གང་ཡིན་པའི་ཡུལ་དེ་ཉིད་ནི་ཆོས་ཀྱི་སྐྱེ་མཆེད་དང་ཆོས་སུ་མ་གཏོགས་པ་ཡང་ཡིན་པས་དེ་ལྟ་ཡིན་ན་ཆོས་ཀྱི་སྐྱེ་མཆེད་རྫས་བདུན་པོ་འདི་ཡིན་ནོ་ཞེས་བྱ་བ་འགྲུབ་པར་མི་འགྱུར་ཏེ། མིག་
ལ་སོགས་པ་དང་། གཟུགས་ལ་སོགས་པ་ཐམས་ཅད་ཡིད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །འོན་ཏེ་ཡིད་ཁོ་ནའི་ཡུལ་གང་ཡིན་པ་ཡིན་གྱི་མིག་ལ་སོགས་པའི་མ་ཡིན་ན་ནི་དེ་ལྟ་ན་ཡང་གཟུགས་ལ་སོགས་པ་ལྔ་ནི་བསལ་བ་ཡིན་ན་མིག་ལ་སོགས་པ་ལྔ་དང་། རྣམ་པར་ཤེས་པའི་ཚོགས་དྲུག་དང་།
ཚོར་བ་ལ་སོགས་པ་བདུན་ཡང་དེའི་ཡུལ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཡིན་པར་ཐལ་བར་འགྱུར་རོ། །དེ་བས་ན་ངེས་པ་རྣམ་པ་གཉིས་བྱས་ཏེ། ཡིད་ཁོ་ནའི་ཡུལ་གང་ཡིན་པ་ཡིན་གྱི་མིག་ལ་སོགས་པའི་ནི་མ་ཡིན་ནོ་ཞེས་བྱ་བས་གཟུགས་ལ་སོགས་པ་བསལ་བར་གྱུར་པ་དང་། ཡུལ་ཁོ་ན་
ཡིན་གྱི་རྟེན་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བས་མིག་ལ་སོགས་པ་དང་རྣམ་པར་ཤེས་པའི་ཚོགས་དྲུག་བསལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་བྱས་ན་ཆོས་ཀྱི་སྐྱེ་མཆེད་རྫས་བདུན་ནི་ཆོས་ཀྱི་སྒྲས་བསྟན་པ་ཡིན་ནོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །དེ་ལྟར་ན་དབང་པོ་དང་དོན་ངེས་པས་རྣམ་པར་ཤེས་པ་རྣམ་པ་དྲུག་
སྐྱེ་བ་ངེས་པ་རབ་ཏུ་བསྟེན་པའི་ཕྱིར་ཏེ། ཇི་ལྟ་ཞེ་ན། མིག་དང་གཟུགས་ནི་མིག་གི་རྣམ་པར་ཤེས་པའི་རྐྱེན་ཡིན་པ་ནས་ཡིད་དང་ཆོས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡིན་པས། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་ཞེས་གསུངས་སོ། །དེ་ལྟ་བུའི་དོན་དེ་དག་ཉིད་ཅེས་བྱ་བ་དབང་པོ་དང་དོན་ངེས་

པ་བསྟན་མ་ཐག་པ་གང་ཡིན་པ་རྣམས་ཚིགས་སུ་བཅད་དེ་གསུངས་པ་ནི། ལྔ་པོ་གཉིས་ནི་དབང་པོ་རྣམས། །ཞེས་རྒྱས་པར་འབྱུང་བའོ། །ལྔ་པོ་གཉིས་གང་ཞེ་ན། དབང་པོ་རྣམས་གང་གི་དོན་གང་ཡིན་པ་དེའི་དོན་དེ་དག་ཉིད་ཡིན་གྱི་གཞན་མ་ཡིན་ཏེ། དཔེར་
ན་མིག་གི་དབང་པོའི་དོན་གཟུགས་ཁོ་ན་ཡིན་པ་ནས་ལུས་ཀྱི་དབང་པོའི་ནི་རེག་བྱ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །མིག་དང་གཟུགས་ནས་ལུས་དང་རེག་བྱའི་བར་དེ་དག་ནི་ལྔ་པོ་གཉིས་ཁོ་ན་ཡིན་ནོ། །མིག་དང་གཟུགས་ནས་ལུས་དང་རེག་བྱའི་བར་ལྔ་པོ་དེ་དག་ནི་སྐྱེ་མཆེད་དུ་ནི་བཅུ་ཡིན་ནོ། །ཡིད་གང་
ཡིན་པ་དེ་ཉིད་ཀྱི་དོན་ཡིན་གྱི་གཞན་གྱི་མ་ཡིན་པ་དང་། དོན་གང་ཡིན་པ་དེ་ཉིད་ཡིན་གྱི་རྟེན་ནི་མ་ཡིན་པ་སྟེ། དེ་ལྟར་ན་དྲུག་པའི་སྐྱེ་མཆེད་གཉིས་ནི་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ། །དེ་ལྟར་ན་རེ་ཞིག་མདོ་སྡེ་གཞན་ལས། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་ངོ་ཞེས་
གསུངས་པའི་དགོངས་པ་རྒྱས་པར་བསྟན་པ་ཡིན་ནོ། །ཡང་གཞན་ལས་འཕགས་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་གང་གི་ཕྱིར་ཞེས་བྱ་བ་ནས། དེ་སྐྱེད་པ་ཡིད་ལ་བྱེད་པ་ཉེ་བར་གནས་ན་དེ་ལས་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་གསུངས་པས་ཡིད་ལ་བྱེད་པ་ཡང་རྐྱེན་ཡིན་པར་གསུངས་
སོ། །ཞེས་བྱ་བ་འདིའི་དགོངས་པ་སྟོན་པ་ནི། ཡིད་ལ་བྱེད་པ་ནི་རིགས་མི་དབྱེ་བར་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཡིན་ཏེ་ཞེས་རྒྱས་པར་སྨོས། རིགས་དབྱེ་བ་མེད་པ་ཇི་ལྟ་བུ་ཞེ་ན། དཔེར་ན་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་རྐྱེན་ནི། རིགས་ཐ་དད་པའི་དངོས་པོ་
ཡིན་གྱི། དེ་ལྟར་ཡིད་ལ་བྱེད་པའི་ནི་མ་ཡིན་ཏེ། ཡིད་ལ་བྱེད་པའི་རིགས་ནི་ཐ་དད་པ་མེད་པ་ཡིན་པས་རིགས་ཐ་དད་པ་མེད་པའི་དབང་དུ་བྱས་པ་ཡིན་གྱི། སྐད་ཅིག་མ་སོ་སོ་ནི་ཐ་དད་པ་ཡིན་ནོ། །མིག་གི་རྣམ་པར་ཤེས་པའི་རྐྱེན་གང་ཡིན་པ་དེ་ནི་རྣ་བའི་རྣམ་པར་ཤེས་པའི་མ་ཡིན་ནོ། །གང་ཡང་མིག་གི་
རྣམ་པར་ཤེས་པ་ཆུང་ངུའི་གང་ཡིན་པ་དེ་ནི་ཤིན་ཏུ་ཆེན་པོ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རིགས་མི་དབྱེ་བར་ཞེས་སྨྲས་ཏེ། ཅི་ཞེ་ན། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཐམས་ཅད་ཀྱི་སྤྱིའི་རྐྱེན་ནི་ཡིད་ལ་བྱེད་པ་ཡིན་ནོ། །དེ་བསྐྱེད་པ་ཞེས་བྱ་བ་ནི་ངེས་པའི་ཚིག་ཚུལ་གྱིས་དེ་སྐྱེད་པར་བྱེད་པ་ནི་དེ་སྐྱེད་པའོ། །

དེ་ནི་ཕྱིས་ཡིད་ལ་གཅགས་པ་སྐྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ཡིད་ལ་གཅགས་པ་སྐྱེད་པར་བྱེད་པ་ཡིན་ཞེས་བྱ་བར་མངོན་ནོ། །ཡང་ན་དེའི་ཆེད་དུ་སྐྱེས་པ་ཡིན་ཞེས་བྱ་བར་མངོན་ཏེ། རྣམ་པར་ཤེས་པའི་དོན་དུའམ། རྣམ་པར་ཤེས་པའི་རྒྱུ་མཚན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་པགས་པའི་ཕྱིར་ནི་གཟིག་བསད་
དོ་ཞེས་རྒྱས་པར་འབྱུང་བ་ལ་པགས་པའི་ཆེད་དང་པགས་པའི་རྒྱུ་མཚན་དང་པགས་པའི་དོན་དུ་ཞེས་བྱ་བ་དང་། བ་སོའི་ཕྱིར་ནི་བ་སོའི་རྒྱུ་མཚན་ཞེས་བྱ་བ་དང་། རྔ་མའི་ཕྱིར་ཞེས་བྱ་བ་རྔ་མའི་རྒྱུ་མཚན་དང་ཞེས་བྱ་བ་དང་། བུད་མེད་ཀྱི་ཕྱིར་ཞེས་བྱ་བ་བུད་མེད་ཀྱི་རྒྱུ་མཚན་ཞེས་བྱ་བ་ཡིན་ཏེ། རྒྱུ་མཚན་གྱི་
བདུན་པ་ཡིན་ཞེས་བྱ་བར་མངོན་པ་དེ་བཞིན་ནོ། །དེ་ལས་གཞན་པ་གཉིས་ཚོགས་པ་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་དེ་ལས་གཞན་པ་དབང་པོ་དང་དོན་གཉིས་ཚོགས་པ་ཡོད་དུ་ཟིན་ཀྱང་ཞེས་བྱའོ། །དེ་དང་མི་མཐུན་པའི་ཡིད་ལ་བྱེད་པ་ཀུན་དུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་དབང་པོ་དང་དོན་གཉིས་
ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་བ་དང་མི་མཐུན་པའི་ཡིད་ལ་བྱེད་པ་ཀུན་དུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིས་ཡང་འབྱུང་སྟེ། དེ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དང་མི་མཐུན་པའི་ཡིད་ལ་བྱེད་པ་དང་བྲལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་མདོ་སྡེ་གཞན་ལས་མིང་དང་
གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་གསུངས་པའི་དགོངས་པ་ནི། དབང་པོ་དང་དོན་དང་ཡིད་ལ་བྱེད་པ་དེ་དག་ཉིད་བསྡུས་པའི་མིང་གཟུགས་ཀྱི་རྐྱེན་གྱིས་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །བསྡུས་པའི་ཞེས་བྱ་བ་ནི་མདོར་བསྡུས་ན་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། གང་ཡིད་དང་མཚུངས་པར་
ལྡན་པ་དང་། ཆོས་རྣམས་ནི་མིང་ཡིན་ནོ། །དབང་པོ་ལྔ་གང་ཡིན་པ་དང་། །དེའི་དོན་ལྔ་པོ་དེ་ནི་གཟུགས་ཡིན་ནོ། །དེ་ལྟར་ན་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་གསུངས་སོ། །ཡང་སྲིད་པ་འབྱུང་བར་བྱ་བའི་ཕྱིར་ནུས་པ་སྐྱེ་བར་བྱ་བའི་ཆེད་དུ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་
ཞེས་གསུངས་ཏེ། དབང་པོ་དང་དོན་དང་ཡིད་ལ་བྱེད་པ་དེ་དག་ཉིད་ཀྱི་རྐྱེན་གྱིས་ཞེས་རྒྱས་པར་འབྱུང་བ་ནི་མདོ་སྡེ་འདིའི་དགོངས་པ་ཡིན་ནོ། །དེའི་སྟོབས་ཀྱི་མཐུས་ནུས་པ་ཡིན་ཏེ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་སྟོབས་ཀྱི་མཐུས་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་སེམས་མེད་པའི་སྙོམས་པར་འཇུག་པ་དང་།

སེམས་མེད་པ་ཞེས་བྱ་བ་ལ་སེམས་མེད་པའི་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་ཏེ། འགོག་པའི་སྙོམས་པར་འཇུག་པ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །འདུ་ཤེས་མེད་པ་ནི་འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་རྣམ་པར་སྨིན་པ་སྐྱེས་པ་སྟེ། གནས་
སྐབས་དེ་དག་ན་ནི་རྣམ་པར་སྨྲ་བ་པ་དག་ནི་རྣམ་པར་ཤེས་པའི་རྒྱུན་ཐམས་ཅད་ནས་ཐམས་ཅད་རྒྱུན་ཆད་པ་ཡིན་ནོ་ཞེས་བསམས་པའོ། །བཙུན་པ་བ་སུ་མི་ཏྲ་ན་རེ། མདོ་སྡེ་ལས་ནི་འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པར་གསུངས་ཏེ། ཇི་ལྟ་ཞེ་ན། བཙུན་པ་འདོད་པ་ཅན་ཤི་ནས་དུས་ལས་འདས་པ་
གང་ཡིན་པ་དང་། འགོག་པའི་སྙོམས་པར་ཞུགས་པ་གང་ཡིན་པ་འདི་རྣམ་གཉིས་ལ་བྱེ་བྲག་ནི་ཅི་ཡོད། ཐ་དད་དུ་བྱ་བའི་དགོངས་པ་ནི་ཅི་ཡོད། ཁྱིམ་བདག་ཤི་ནས་དུས་ལས་འདས་པ་གང་ཡིན་པ་དང་། འགོག་པའི་སྙོམས་པར་ཞུགས་པ་གང་ཡིན་པ་འདི་གཉིས་ལ་བྱེ་བྲག་དང་ཐ་དད་དུ་བྱ་བའི་དགོངས་
པ་མང་དུ་ཡོད་དེ། ཤི་ནས་དུས་ལས་འདས་པ་ནི་ལུས་ཀྱི་འདུ་བྱེད་འགགས་པ་ཡིན། ངག་གི་འདུ་བྱེད་དང་ཡིད་ཀྱི་འདུ་བྱེད་འགགས་པ་ཡིན། དྲོད་ཡལ་བ་ཡིན། དབང་པོ་ཡོངས་སུ་གྱུར་པ་ཡིན་ནོ། །ཁྱིམ་བདག་འགོག་པའི་སྙོམས་པར་ཞུགས་པ་ནི་ལུས་ཀྱི་འདུ་བྱེད་མ་འགགས་པ་ཡིན། ངག་གི་འདུ་
བྱེད་མ་འགགས་པ་ཡིན། ཡིད་ཀྱི་འདུ་བྱེད་མ་འགགས་པ་ཡིན། ཚེ་དང་མ་བྲལ་བ་ཡིན། དྲོད་དང་མ་བྲལ་བ་ཡིན། དབང་པོ་རྣམས་ཡོངས་སུ་མ་གྱུར་པ་ཡིན། རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ། །ཁྱིམ་བདག་ཤི་ནས་དུས་ལས་འདས་པ་གང་ཡིན་པ་དང་འགོག་པའི་སྙོམས་པར་ཞུགས་
པ་གང་ཡིན་པ་འདི་གཉིས་ཀྱི་བྱེ་བྲག་ཏུ་བྱ་བ་ནི་འདི་ཡིན་ནོ། །འདི་གཉིས་ཐ་དད་དུ་བྱ་བའི་དགོངས་པ་ཡང་འདི་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་དང་ཞེས་རྒྱས་པར་འབྱུང་བ་ནི་བཙུན་པ་སྒྲ་དབྱངས་ཀྱི་ཡིན་ནོ། །རེ་ཞིག་ཚོར་བའི་རྐྱེན་གྱིས་སྲེད་
པ་ཞེས་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་ཞེས་རྒྱས་པར་འབྱུང་བ་ནི་བཙུན་པ་བ་སུ་མི་ཏྲའི་ཡིན་ནོ། །མདོ་གཞན་ལས་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་ལ་བརྟེན་ནས་སྲེད་པ་འབྱུང་ངོ་ཞེས་བྱེ་བྲག་ཏུ་བྱས་ཀྱི། རེག་པ་ནི་གང་དུ་ཡང་བྱེ་བྲག་ཏུ་བྱས་པ་མེད་དོ་ཞེས་བྱ་བ་ནི་མདོ་སྡེ་གཞན་

ལས། རེག་པའི་རྐྱེན་གྱིས་ཚོར་བ་དང་འདུ་ཤེས་དང་སེམས་པའོ་ཞེས་བྱེ་བྲག་ཏུ་མ་བྱས་པར་གསུངས་སོ། །དགྲ་བཅོམ་པའི་སྲིད་པ་ནི་རྩ་བ་ནས་བཅད་པ་ཡིན་གྱི་ཞེས་བྱ་བ་ནི་དེའི་བག་ལ་ཉལ་བཅོམ་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་སྤངས་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་
པ་ལ་སོགས་པའི་འདུ་ཤེས་དང་ཚོར་བ་གཉིས་ནི་ཅི་ཞེ་ན། རྩ་བ་ནས་བཅད་པ་མ་ཡིན་ཏེ། ཡང་དེ་མངོན་པར་འབྱུང་བའི་ཕྱིར་རོ། །གཞན་ན་རེ་ནུས་པ་ནི་འདུས་པ་ཡིན་ན་ཞེས་བྱ་བ་ནི་བཙུན་པ་དགའ་བའི་སྡེ་ནུས་པར་བྱ་བའི་ཆེད་དུ་བསྡུས་པ་ཡིན་ན། དེའི་ཚེ་ནི་ཚོགས་པ་ཙམ་དུ་ཟད་ཀྱི་འདུས་པ་ནི་མ་ཡིན་ཏེ།
འདུ་ཤེས་དང་ཚོར་བ་སྐྱེས་པའི་མཐུ་མེད་པའི་ཕྱིར་རོ། །ཇི་ལྟར་མཐུ་མེད་ཅེ་ན། དེའི་ཕྱིར་དེ་སུན་འབྱིན་པས་དེ་བསལ་བའི་ཕྱིར་རོ་ཞེས་སྨྲས་ཏེ། དེ་སུན་འབྱིན་པ་ཞེས་བྱ་བ་ནི་འདུ་ཤེས་དང་ཚོར་བ་སུན་འབྱིན་པས་སོ། །དེ་བསལ་བའི་ཕྱིར་རོ་ཞེས་བྱ་བ་ནི་འགོག་པའི་སྙོམས་པར་འཇུག་པ་དེ་བསལ་བའི་
ཕྱིར་རོ། །གལ་ཏེ་དགེ་བ་ཡིན་ན་དགེ་བའི་རྩ་བ་མེད་པར་ཇི་ལྟར་དགེ་བ་ཡིན་ཞེས་བྱ་བ་ནི་དགེ་བ་ནི་རྣམ་པ་གསུམ་དུ་རྣམ་པར་གཞག་སྟེ། ངོ་བོ་ཉིད་ཀྱིས་དགེ་བ་ནི་འདི་ལྟ་སྟེ། དགེ་བའི་རྩ་བ་རྣམས་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ། །མཚུངས་པར་ལྡན་པས་དགེ་བ་ནི་འདི་ལྟ་སྟེ་དེ་ལས་གཞན་
པའི་སེམས་པས་བྱུང་བའི་ཆོས་རྣམས་སོ། །ཀུན་ནས་བསློང་བས་དགེ་བ་ནི་འདི་ལྟ་སྟེ་ལུས་དང་ངག་གི་ལས་ལ་སོགས་པའོ། །དེ་བས་ན་དགེ་བའི་རྩ་བ་མེད་པ་དང་དེ་དང་མཚུངས་པར་ལྡན་པ་མེད་ན་དེའི་ཡིད་ཀྱི་རྣམ་པར་ཤེས་པ་ཇི་ལྟར་དགེ་བ་ཡིན། དེ་དག་ཀྱང་རེག་པ་མེད་པར་ཇི་ལྟར་ཡིན་ཏེ་ཞེས་
བྱ་བ་ནི་དགེ་བའི་རྩ་བ་དེ་དག་ཀྱང་རེག་པ་མེད་པར་དགེ་བའི་རྩ་བར་རུང་བ་མ་ཡིན་ཏེ། གང་ཇི་སྙེད་ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་དང་། དེ་ཐམས་ཅད་རེག་པའི་རྐྱེན་གྱིས་ཞེས་མདོ་སྡེ་ལས་གསུངས་པའི་ཕྱིར་རོ། །དགེ་བའི་དེ་མ་ཐག་པའི་རྐྱེན་གྱིས་འཕངས་པའི་ཕྱིར་གལ་
ཏེ་དགེ་བ་ཡིན་ན་ནི་ཞེས་བྱ་བ་ནི་དགེ་བའི་དེ་མ་ཐག་པའི་རྐྱེན་གྱིས་འཕངས་པའི་ཕྱིར་དེ་དགེ་བར་འགྱུར་རོ་སྙམ་དུ་གལ་ཏེ་སེམས་ན་དེ་མི་རུང་སྟེ། དགེ་བ་ལ་སོགས་པའི་སེམས་ཀྱི་མཇུག་ཐོགས་སུ་སེམས་རྣམ་པ་གསུམ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བའི་དེ་མ་ཐག་པའི་རྐྱེན་གྱིས་དགེ་བ་ཉིད་དུ་འགྲུབ་པར་བྱས་

པ་མ་ཡིན་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་སོ་སོའི་མཇུག་ཐོགས་སུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་སྐྱེ་བའི་ཕྱིར་རོ། །དགེ་བའི་རྩ་བའི་སྟོབས་ཀྱིས་འཕངས་ཏེ། སེམས་དགེ་བའི་ངོ་བོ་ཡིན་ན་ཡང་དེ་ཟློག་པར་བྱེད་པའི་རྒྱུ་
མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བའི་རྩ་བའི་དེ་མ་ཐག་པའི་རྐྱེན་གྱིས་འཕངས་ཏེ་དེ་དགེ་བ་ཉིད་ཡིན་ན་ནི་དེར་དགེ་བའི་རྩ་བ་རྣམས་ཟློག་པར་བྱེད་པའི་རྒྱུ་གང་ཞིག་ཡིན་ཟློག་པར་བྱེད་པའི་རྒྱུ་ཡོད་ན་ཡང་དེས་བྱས་པས་དགེ་བ་དེ་དག་ཀྱང་ཡོད་པར་མི་འགྱུར་ཏེ། དེའི་ནུས་པ་ལ་གནོད་པ་བྱས་པའི་ཕྱིར་རོ། །
དེ་བས་ན་དེར་དགེ་བའི་རྩ་བ་གདོན་མི་ཟ་བར་ཡོད་པར་བྱ་དགོས་སོ། །མི་དགེ་བ་ལ་ཡང་དེ་དག་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་མི་དགེ་བའི་དེ་མ་ཐག་པའི་རྐྱེན་གྱིས་འཕངས་པའི་ཕྱིར་མི་དགེ་བ་ཉིད་ཡིན་པར་ཐལ་བར་འགྱུར་ཏེ། མི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་ནི་འདོད་པ་ཡང་
མ་ཡིན་ནོ། །དེའི་ཕྱིར་ཡང་དེ་དགེ་བ་ཡིན་པར་མི་རིགས་སོ། །འདིར་སྨྲས་པ་རེ་ཞིག་འགོག་པའི་སྙོམས་པར་འཇུག་པ་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་ཡང་ཇི་ལྟར་ཡིན་ཏེ་མ་ཡིན་ནོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ལམ་བཞིན་དུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་ཡིན་ཏེ།
སེམས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འབྲས་བུ་ཡིད་དུ་འོང་བ་ཉིད་ཡིན་པའི་ཕྱིར་དགེ་བ་ཉིད་ཀྱང་མ་ཡིན་ཏེ། འབྲས་བུ་ལ་གནས་པ་རྣམས་ནི་ཟག་པ་དང་བཅས་པའི་དགེ་བ་རྣམ་པར་སྨིན་པ་དང་བཅས་པ་ཅན་མ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཉིད་ཡིན་པའི་ཕྱིར་
རོ། །འོན་ཏེ་དགེ་བའི་དེ་མ་ཐག་པའི་རྐྱེན་གྱིས་འཕངས་པའི་ཕྱིར་དགེ་བ་ཉིད་ཡིན་ལ། དེ་ལྟར་འདི་ཡང་དགེ་བ་ཉིད་ཡིན་ནོ། །དེའི་ཕྱིར་འགོག་པའི་སྙོམས་པར་འཇུག་པ་ནི་འགོག་པ་བཞིན་དུ་དགེ་བ་ཉིད་ཡིན་ནོ་ཞེས་སྨྲས་ཏེ། ཇི་ལྟར་འགོག་པ་ནི་སྡུག་བསྔལ་གྱི་རྒྱུ་རྣམ་པར་ལོག་པའི་ཕྱིར་དགེ་བ་ཉིད་
ཡིན་པ་དེ་བཞིན་དུ་འགོག་པའི་སྙོམས་པར་འཇུག་པ་ཡང་སྡུག་བསྔལ་བར་གནས་པ་རྣམ་པར་ལོག་པའི་ཕྱིར་དགེ་བ་ཡིན་ནོ། །ས་འོག་མ་གཞན་བདུན་གྱིས་བར་དུ་ཆོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་འག