Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 115

Văn bản gốc(Tây Tạng)

Trang 7 / 19 (50.000 ký tự/trang)
་བྱ་སྟེ། དེ་
དག་གི་མིག་དང་རྣ་བ་ལ་སོགས་པ་ཡོད་པར་མངོན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ལོང་བ་ལ་སོགས་པ་ལ་མཐོང་བ་ལ་སོགས་པའི་བྱ་བ་བྱེད་པ་མེད་པའི་ཕྱིར་དང་ལུས་དང་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལས་ཀྱང་གཉིད་ལོག་པ་ལ་ཡོད་པ་ཉིད་དུ་ངེས་པར་གཟུང་བར་བྱའོ། །འདིར་ཁ་ཅིག་སྨྲས་པ་
དབང་པོ་ལྔ་ནི་འཇུག་ཅིང་ཡིད་རང་དབང་མེད་པར་འཇུག་པ་ནི་གཉིད་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ལུས་འཛིན་མི་ནུས་པར་སེམས་བསྡུས་པ་ཡིན་ནོ་ཞེའོ། །གཙོར་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་ཞེས་བྱ་བ་ནི་དེ་ནི་མཉམ་པར་གཞག་པ་ཟག་པ་མེད་པ་ཡིན་པའི་ཕྱིར་དོན་དམ་པར་རིག་པ་ཞེས་
བྱའོ། །རྣམ་པར་གྲོལ་བར་སོང་བ་ཡང་ཡིན་ཏེ། ཉེ་ན་ཤིན་ཏུ་ཉོན་མོངས་པ་སྤངས་པ་ཡིན་ནོ། །དེ་དང་རྗེས་སུ་མཐུན་པ་དང་ཞེས་བྱ་བ་ནི་དེའི་རྒྱུ་ཡིན་པའི་ཕྱིར་ཞེས་པའི་ཐ་ཚིག་སྟེ། འབྲས་བུའི་རྒྱུར་བརྗོད་པ་ཡིན་ནོ། །དེའི་ཆེད་དུ་བྱེད་པ་དང་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཆེད་དུ་བྱེད་པ་

ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡོངས་སུ་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པའི་ཐབས་སུ་གྱུར་པ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་ནི་རིག་པ་ཞེས་བྱ་སྟེ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པ་ཡིན་ནོ། །དེ་དག་གི་མཚན་ཉིད་བརྗོད་པ་ནི་ཡིད་ཆེས་པའི་ཚིག་ཚད་མ་ལ་ངེས་
པ་སྐྱེས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །རིག་པས་དཔྱོད་པ་ལས་སྐྱེས་པ་ནི་བསམས་པ་ལས་བྱུང་བའོ། །ཏིང་ངེ་འཛིན་ལས་བྱུང་བ་ནི་བསྒོམས་པ་ལས་བྱུང་བའོ། །བྱུང་བ་ཞེས་བྱ་བ་ནི་རྒྱུ་ཡིན་པ་ལ་བྱ་སྟེ། དཔེར་ན་ཟས་ལས་བྱུང་བ་ནི་སྲོག་ཡིན་ནོ། །རྩ་ལས་བྱུང་བ་ནི་བ་གླང་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །
གནས་བརྟན་ཤཱ་རིའི་བུས་གསུངས་པའི་མདོ་ལས་ཀྱང་ཞེས་རྒྱས་པར་འབྱུང་བ་ནི་འདིར་གཙོར་དགོངས་པ་སྟོན་པ་ཡིན་ནོ། །ཇི་ལྟ་བ་བཞིན་དུ་རིག་པ་ཡིན་པ་དང་ཞེས་རྒྱས་པར་འབྱུང་བ་ནི་ཚོར་བ་དང་རིག་པ་དང་ཤེས་པ་ཞེས་བྱ་བ་རྣམ་གྲངས་སོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ཕྱིན་ཅི་མ་ལོག་པའི་དོན་གྱིས་སོ། །
དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་། དེའི་རྗེས་ལས་ཐོབ་པ་ཡང་ཡིན་པར་བསྟན་ཏེ། དེ་དག་ཀྱང་ཇི་ལྟ་བ་བཞིན་དུ་རིག་པ་ཡིན་ནོ་ཞེས་འདིར་ངེས་པའི་ཚིག་སྒྲུབ་པའི་ཚུལ་དུ་རིག་པར་བྱའོ། །དེ་བས་རྣམ་པར་གྲོལ་བར་འགྲོ་བའམ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་དང་།
དེ་ཡོངས་སུ་སྦྱོང་བར་གྱུར་པས་ཀྱང་རིམ་གྱིས་རྣམ་པར་གྲོལ་བར་འགྲོ་ཞིང་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །གཏན་ཚིགས་དེས་ན་རིག་པ་ཞེས་བྱ་སྟེ། ངེས་ཚིག་ཅེས་བྱ་བ་ནི་རིག་པའི་རྣམ་པར་ངེས་པའི་ཚིག་གོ། །རིག་པར་རམ་ཞེས་བྱ་བ་ཅི་ཞེ་ན། དེས་འགྲོ་ཞེས་བྱ་བར་སྦྱར་ཏེ། ཟག་པ་མེད་
པའི་ཤེས་རབ་ཡོངས་སུ་སྦྱོང་བར་གྱུར་པ་དེ་འགྲོ་ཞིང་ཐོབ་པར་འགྱུར་བའི་གཏན་ཚིགས་དེས་ཀྱང་རིག་པ་ཞེས་བྱའོ། །ཇི་ལྟར་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་སྲིད་པ་ཇི་སྐད་དུ་བརྗོད་པ་ཡིན་ནོ། །གནས་བརྟན་ཤཱ་རིའི་བུས་གསུངས་པའི་མདོ་དེ་ལས་ཀྱང་ཞེས་རྒྱས་པར་འབྱུང་བ་ལ་མདོ་དེ་ལས་ནི་གང་གནས་
བརྟན་ཤཱ་རིའི་བུས་གསུངས་པ་རབ་ཏུ་ཤེས་པ་རབ་ཏུ་ཤེས་པ་ཞེས་རྒྱ་ཆེར་འབྱུང་བའོ། །དེ་ནི་ཤེས་པའི་དོན་ཡིན་པའི་ཕྱིར་རིག་པ་ཞེས་བྱ་བའི་ཁམས་ནི་རིག་པ་དང་ཤེས་པ་ཞེས་བྱ་སྟེ། འདི་རིག་པ་ཡིན་པ་དེ་བས་ན་རིག་པ་ཞེས་རྣམ་པར་བཤད་པའི་རྣམ་གྲངས་སྟོན་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། རབ་ཏུ་ཤེས་

པར་བྱེད་པ་ཞེས་བརྗོད་པ་ནི་ཤིན་ཏུ་གྲགས་པ་ཡིན་པའི་ཕྱིར་རོ། །བྱ་བ་བྱེད་པ་གཞན་མེད་པར་བྱེད་པ་པོ་སྟོན་པ་ཇི་ལྟར་རིགས་ཏེ་ཞེས་རྒྱས་པར་འབྱུང་བ་ནི་ཤེས་རབ་ལས་མ་གཏོགས་པར་བྱ་བ་བྱེད་པ་གཞན་མེད་པར་རབ་ཏུ་ཤེས་པར་བྱེད་དོ་ཞེས་བྱ་བ་བྱེད་པ་པོ་སྟོན་པ་ཇི་ལྟར་རིགས་ཏེ་
འདི་ལྟར་སྐད་ཅིག་མ་ལ་ནི་རབ་ཏུ་ཤེས་པར་བྱེད་པའི་བྱེད་པ་པོ་གཞན་ཡོད་པ་མ་ཡིན་ནོ། །ཇི་ལྟར་མི་རིགས་ཞེས་དེའི་ཕྱིར་འདི་ལྟར་ལྷག་མའི་སྦྱོར་བ་མཐོང་བ་ནི་མེད་པ་ཡིན་ནོ་ཞེ་ན་ཞེས་སྨྲས་ཏེ། འཇིག་རྟེན་ན་ཡང་ཚོས་པའི་བྱ་བ་བྱེད་པ་མ་གཏོགས་པར་ཚོས་ཟིན་པ་ལ་བྱེད་པ་པོའི་སྦྱོར་བ་མཐོང་བ་ཡོད་པ་མ་
ཡིན་ནོ་ཞེ་ན། འདི་ཉིད་གཙུག་ལག་ལས་སྒྲས་ཅི་ཆད་གཉིས་ཀྱི་རྗེས་སུ་བསྒྲུབ་པར་བྱའོ་ཞེས་རབ་ཏུ་སྦྱོར་བ་འདི་མཐོང་བ་མ་ཡིན་ནམ། ཅིའི་ཕྱིར་འདི་ལྟར་ལྷག་མའི་སྦྱོར་བ་མཐོང་བ་ནི་མེད་པ་ཡིན་ནོ་ཞེས་བྱ་བ་འདི་རྗོད་པར་བྱེད། འོན་ཏེ་གཙུག་ལག་རང་བཟོ་སྟེ་ཚད་མ་མ་ཡིན་ན་ནི་སྒྲའི་བསྟན་བཅོས་ལས་ལྷག་
མ་བསྟན་པ་ཡིན་ནོ་ཞེས་དེ་ཡང་ཚད་མར་བྱེད་པ་ཅིའི་ཕྱིར་ཚད་མ་ཡིན། འོན་ཏེ་འདི་གཙུག་ལག་མ་ཡིན་ནོ་ཞེས་བརྗོད་ན་ནི་འདི་ལ་བརྗོད་པ་མང་དུ་ཡོད་པས་ཤིན་ཏུ་འཕྲོས་པས་གཞག་གོ། །ས་བོན་ལས་མྱུ་གུ་འབྱུང་བར་བྱེད་ཅེས་བྱ་བ་ལས་གཞན་བྱེད་པ་མེད་ཀྱང་བྱེད་པ་པོ་སྟོན་པ་འདི་ཡང་ཡོད་པ་ཡིན་
ནོ། །རྒོལ་བ་པོ་ཡང་དངོས་པོ་ཙམ་ཡིན་ཏེ་བྱ་བ་བྱེད་པ་གཞན་མེད་པར་བྱེད་པ་པོ་སྟོན་པ་ཡིན་དུ་ཆུག་ན། འོ་ན་ཅིའི་ཕྱིར་ལས་སྟོན་བྱ་བ་བྱེད་པ་མེད་པར་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱེད་པ་དེ་ལ་ནི་བྱ་བ་བྱེད་པ་མེད་པར་བྱེད་པ་པོ་སྟོན་པ་དེ་ལ་ལས་དང་འབྲེལ་པ་ཡང་ཡོད་པ་མ་ཡིན་ཏེ།
ཇི་ལྟར་ཁྱོད་ཉིད་ཀྱི་བློས་ས་བོན་ལས་མྱུ་གུ་འབྱུང་བར་བྱེད་དོ་ཞེས་བྱ་བ་ལས་དང་འབྲེལ་པ་མ་ཡིན་པ་བཞིན་ནོ་ཞེ་ན་དེའི་ཕྱིར་ལས་བསྟན་པ་ནི་ཤེས་རབ་ཀྱི་ཡུལ་བསྟན་པའི་ཕྱིར་ཞེས་སྨྲས་སོ། །ཇི་ལྟར་ཞེ་ན་ཡུལ་གང་ལ་ཤེས་རབ་སྐྱེས་པ་ཞེས་རྒྱ་ཆེར་འབྱུང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཤེས་རབ་ཀྱི་ཡུལ་
མ་བསྟན་པར་འགྱུར་རོ། །དེ་ནི་དེ་སྣང་བར་སྐྱེ་བ་ན་དེ་ལ་བྱ་བ་བྱེད་པ་དང་བཅས་པ་ལྟ་བུ་ཁོ་ནར་སྣང་ངོ་། །ཇི་ལྟར་སྣང་བ་དེ་བཞིན་དུ་ཤེས་པར་བྱེད་པ་དེ་བས་ན་རིག་པ་ཞེས་བྱའོ་ཞེས་འདིའི་ངེས་ཚིག་བྱེད་པ་ཡིན་ནོ། །ཡང་ན་གང་དུ་མི་མཐུན་པའི་ཕྱོགས་ཞེས་རྒྱས་པར་འབྱུང་བ་ནི་གཟུགས་ལ་སོགས་

པའི་ཡུལ་གང་དུ་མི་མཐུན་པའི་ཕྱོགས་རིག་པའི་མི་མཐུན་པའི་ཕྱོགས་མི་ཤེས་པ་དེ་འཇོམས་པར་བྱེད་པ་རྣམ་པར་འཇིག་པར་བྱེད་པའི་ཡུལ་དེ་རྣམ་པར་ཤེས་པར་བྱེད་དོ་ཞེས་བྱའོ། །དེ་ལྟར་ན་བྱ་བ་བྱེད་པ་དང་བཅས་པ་ལ་ཡང་ལས་སྟོན་པ་ཡོད་དོ་ཞེས་སྟོན་པར་བྱེད་དོ། །དཔེར་འདི་ན་སྒྲོན་མ་ནི་སྒྲོན་མའི་
མི་མཐུན་པའི་ཕྱོགས་མུན་པ་འཇོམས་པའི་ཡུལ་དེ་སྣང་བར་བྱེད་དོ་ཞེས་བྱ་བ་བཞིན་ནོ། །གང་དེ་ཞེས་བྱ་བ་ནི་སྔར་བསྟན་པ་ཡིན་ཏེ། མདོ་སྡེ་དེ་དང་དེ་ལས་གསུངས་པའོ་ཞེས་བྱ་བ་ནི་འདི་ལྟ་སྟེ་གསུས་པོ་ཆེའི་མདོ་ལས་ཕུང་པོ་ལྔ་ལ་ཞེས་རྒྱས་པར་གསུངས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཡང་དག་
པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང་། མི་མཐོང་བ་དང་མངོན་པར་མི་རྟོགས་པ་ཞེས་རྒྱས་པར་འབྱུང་བའོ། །དེ་བཞིན་དུ་སྐྱེ་མཆེད་དྲུག་པོ་ལ་ཞེས་རྒྱས་པར་གསུངས་ནས་སྐྱེ་མཆེད་དྲུག་པོ་དེ་དག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང་མི་མཐོང་བ་དང་། མངོན་པར་མི་རྟོགས་པ་ཞེས་རྒྱས་པར་འབྱུང་བའོ། །
རྒྱས་པ་སྨོས་པ་ནི་སྔོན་གྱི་མཐའ་ནས་བརྩམས་ནས་མུན་པའི་རྣམ་པའི་བར་དུ་མདོ་སྡེའི་དུམ་བུ་ཐམས་ཅད་སྟོན་པར་བྱེད་དོ། །སྔོན་གྱི་མཐའ་ལ་སོགས་པ་ནི་དམིགས་པའོ་ཞེས་བྱ་བ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། གཉི་ག་དང་ནང་དང་། ཕྱི་དང་གཉི་ག་དང་། ལས་དང་རྣམ་པར་སྨིན་པ་དང་། གཉི་ག་
དང་སངས་རྒྱས་དང་ཆོས་དང་། དགེ་འདུན་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་རྒྱུ་དང་། ཡང་དག་པར་བྱུང་བ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་དང་།
ངན་པ་དང་། གྱ་ནོམ་པ་དང་། ནག་པོ་དང་། དཀར་པོ་དང་། རྣམ་པར་དབྱེ་བ་དང་བཅས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རེག་པའི་སྐྱེ་མཆེད་དྲུག་རྣམས་ནི་མ་རིག་པའི་དམིགས་པ་ཡིན་ནོ། །མི་ཤེས་པ་ལ་སོགས་པ་ནི་རྣམ་གྲངས་སོ་ཞེས་བྱ་བ་ནི་མི་ཤེས་པ་དང་། མི་མཐོང་བ་དང་། མངོན་པར་མི་
རྟོགས་པ་དང་། རྨོངས་པ་དང་། ཀུན་ཏུ་རྨོངས་པ་དང་། མ་རིག་པ་དང་། མུན་པའི་རྣམ་པ་དག་ཅེས་བྱ་བ་ཡིན་ནོ། །དེ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་གཉིས་ལ་ཐེ་ཚོམ་ཟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་པར་གསུངས་པ་ནི་ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་མ་

བྱུང་བ་ཞིག་གམ། ཇི་ལྟ་བུར་བདག་བྱུང་བ་ཡིན། ཇི་ལྟར་བདག་བྱུང་བ་ཡིན་ཞེས་བྱ་བ་དང་། ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ། འོན་ཏེ་འབྱུང་བར་མི་འགྱུར་ཞེས་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ། །དབྱེ་བ་མེད་པར་རྨོངས་པ་འཇུག་པ་ཞེས་
བྱ་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་སྤྱོད་པ་མེད་པ་ཁོ་ནར་འཁོར་བར་འཇུག་ཅིང་རྨོངས་པའི་མི་ཤེས་པ་གང་ཡིན་པ་དེ་ནི་མ་འདྲེས་པའི་མ་རིག་པ་ཡིན་པར་བསྟན་ཏོ། །སྔོན་གྱི་མཐའ་ཡོད་པ་མ་ཡིན། ཕྱི་མའི་མཐའ་ཡོད་པ་མ་ཡིན་གྱི་ཇི་ཙམ་དབང་པོའི་སྤྱོད་ཡུལ་གྱི་སྐྱེས་བུ་འདི་དག་ཁོ་ནར་ཟད་དོ་ཞེས་དེ་
ལྟར་རྟོག་པའི་མི་ཤེས་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་པར་བསྟན་ཏོ། །ནང་མི་ཤེས་པ་ནི་རང་གི་རྒྱུད་ལ་སེམས་ཅན་དུ་ལྟ་བར་བསམས་པའི་མི་ཤེས་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་པར་བསྟན་ཏོ། །
ཕྱི་མིའི་ཤེས་པ་ནི་ཞེས་རྒྱས་པར་འབྱུང་བའི་མི་ཤེས་པ་འདི་ནི་རྣལ་འབྱོར་སྤྱོད་པའི་ཚུལ་གྱིས་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པ་ཁོ་ནའི་མ་རིག་པ་ཡིན་པར་བསྟན་ཏོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དག་ནི་འདི་ནི་ལྟ་བ་མ་ཡིན་གྱི་འོ་ན་ཅི་ཞེ་ན། ལོག་པའི་ཤེས་པ་ཡིན་ནོ། །རང་གི་རྒྱུད་ལ་དམིགས་
ནས་སེམས་ཅན་དུ་ལྟ་བ་ཁོ་ན་འཇིག་ཚོགས་ལ་ལྟ་བ་ཡིན་ནོ་ཞེས་བརྗོད་དོ། །གཉི་ག་མི་ཤེས་པ་ནི་རང་དང་གཞན་གྱི་རྒྱུད་གཉི་ག་ལ་བྱེ་བྲག་མེད་པར་རྨོངས་པའོ་ཞེས་བྱ་བ་ནི་རང་གི་རྒྱུད་དམ་གཞན་གྱི་རྒྱུད་ལ་བདག་ཏུ་རྟོག་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། བདག་དང་གཞན་གྱི་རྒྱུད་གཉི་ག་བྱེ་བྲག་མེད་པ་ཁོ་ནར་
བདག་མེད་པ་ཡིན་པར་མ་རྟོགས་པའི་མི་ཤེས་པ་གང་ཡིན་པ་དེ་ནི་མ་འདྲེས་པའི་མ་རིག་པ་ཡིན་པར་བསྟན་ཏོ། །ལས་མི་ཤེས་པ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་ཡོད་པ་ཉིད་ལ་ཐེ་ཚོམ་ཟ་བ་དང་སྐུར་པ་འདེབས་པའོ་ཞེས་བྱ་བ་དེ་ལ་བསོད་ནམས་དང་བསོད་ནམས་མ་ཡིན་པ་ཡོད་པ་ཉིད་ལ་ཐེ་
ཚོམ་ཟ་བ་དང་ལྡན་པའི་མི་ཤེས་པ་གང་ཡིན་པ་དེ་ནི་ཐེ་ཚོམ་ཟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་པར་བསྟན་ཏོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་ཡོད་པ་ཉིད་ལ་བསོད་ནམས་ཡོད་པ་མ་ཡིན་ནོ། །བསོད་ནམས་མ་ཡིན་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་སྐུར་པ་འདེབས་པ་རྣམས་ཀྱི་མི་

ཤེས་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ཡིན་ནོ། །བསོད་ནམས་ལ་ཡང་བསོད་ནམས་མ་ཡིན་པར་འདུ་ཤེས་པ་རྣམས་ཀྱི་མི་ཤེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པ་དང་ལོག་པར་ལྟ་བ་དང་མཚུངས་པར་ལྡན་
པ་ཡང་ཡིན་ནོ། །ཇི་ལྟ་ཞེ་ན། གལ་ཏེ་བསོད་ནམས་ལ་འབྲས་བུ་ཡིད་དུ་མི་འོང་བའི་རྒྱུར་གྱུར་པ་བསོད་ནམས་མ་ཡིན་པ་ཡིན་ནོ་ཞེས་རྟོག་ན་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །འོན་ཏེ་བསོད་ནམས་ལ་ཡིད་དུ་འོང་བའི་འབྲས་བུའི་རྒྱུར་གྱུར་
པ་ཉིད་ཅུང་ཟད་ཀྱང་མ་ཡིན་ནོ་ཞེ་ན། ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ཡིན་ནོ། །བསོད་ནམས་ལ་བསོད་ནམས་མ་ཡིན་པར་འདུ་ཤེས་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་ཕྱུགས་གསོད་པ་དང་མེར་འཇུག་པ་ལ་སོགས་པ་ཞེས་སྨོས་ཏེ། དེ་དག་ནི་ཕྱུགས་གསོད་པ་དང་མེར་འཇུག་པ་ལ་
སོགས་པ་ལ་བསོད་ནམས་སུ་འདུ་ཤེས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་ལས་ལྡོག་པའི་ཕྱིར་ཏེ། བསོད་ནམས་ལ་བསོད་ནམས་ཡིན་པར་འདུ་ཤེས་པ་དང་བསོད་ནམས་མ་ཡིན་པ་ལ་ཡང་བསོད་ནམས་སུ་འདུ་ཤེས་པ་རྣམས་ཀྱི་མི་ཤེས་པ་གང་ཡིན་པ་དེ་ཡང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་
འཛིན་པ་དང་མཚུངས་པར་ལྡན་པ་དང་། ལོག་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་ཏེ། གལ་ཏེ་ཡིད་དུ་འོང་བའི་འབྲས་བུའི་རྒྱུར་གྱུར་པའི་བསོད་ནམས་བཞིན་དུ་བསོད་ནམས་མ་ཡིན་པ་ལ་རྟོག་ན་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་མཚུངས་པར་ལྡན་པ་ཡིན་ནོ། །འོན་ཏེ་བསོད་
ནམས་བཞིན་དུ་འབྲས་བུ་ཡིད་དུ་མི་འོང་བ་མ་ཡིན་ནོ་ཞེས་བསོད་ནམས་མ་ཡིན་པ་ལ་རྟོག་ན་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ཡིན་ནོ། །རྒྱུ་དང་འབྲས་བུ་ཕྱིན་ཅི་ལོག་ཏུ་སྐུར་པ་འདེབས་པའམ། ལྟ་བ་ཡང་ལོག་པར་ལྟ་བ་ཡིན་པའི་ཕྱིར་འདི་ཡང་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་བསྟན་
ཏོ། །རྣམ་པར་སྨིན་པ་མི་ཤེས་པ་ཞེས་རྒྱས་པར་འབྱུང་བ་འདི་ཡང་ཐེ་ཚོམ་དང་མཚུངས་པར་ལྡན་པ་དང་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ཉིད་དུ་བསྟན་ཏོ། །རྣམ་པར་སྨིན་པ་མ་ཡིན་པ་ལ་ཡང་ཞེས་རྒྱས་པར་འབྱུང་བ་འདི་ཡང་གཅེར་བུ་པ་རྣམས་ཀྱི་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་

པ་ཡིན་པར་བསྟན་ཏེ། སྐྱེས་བུ་བྱེད་པའི་རྒྱུ་ལ་སྐུར་པ་འདེབས་པའི་ཕྱིར་ཏེ། དེ་དག་ནི་ཐམས་ཅད་སྔོན་བྱས་པའི་རྒྱུ་ཅན་ཡིན་པར་བརྗོད་དོ། །རྒྱུ་དང་འབྲས་བུ་ཕྱིན་ཅི་ལོག་ཏུ་ལྟ་བ་ཡང་ལོག་པར་ལྟ་བ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་ཡང་རྣམ་པར་སྨིན་པ་མ་ཡིན་པར་འདུ་
ཤེས་པ་ནི་ཞེས་རྒྱས་པར་འབྱུང་བ་འདི་ཡང་ལོག་པར་ལྟ་བ་ཁོ་ན་དང་མཚུངས་པར་ལྡན་པ་ཡིན་ཏེ། རྣམ་པར་སྨིན་པ་དང་རྒྱུ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །ལྷ་རྣམས་ནི་རང་བྱུང་ཡིན་ནོ་ཞེས་གང་དག་བརྗོད་ཅིང་རྒྱུ་དང་འབྲས་བུ་ཕྱིན་ཅི་ལོག་པར་ལྟ་བ་ཡིན་པའི་ཕྱིར་ཏེ། ལྷའི་ལུས་རྣམ་པར་སྨིན་པ་ཡིན་པ་
དེ་ལ་རྣམ་པར་སྨིན་པ་མ་ཡིན་པར་འདུ་ཤེས་པའི་ཕྱིར་རོ། །གཉིས་ཀ་མི་ཤེས་པ་ཞེས་རྒྱས་པར་འབྱུང་བ་དེ་ལ་གཉི་ག་ཞེས་བྱ་བ་ནི་ལས་དང་རྣམ་པར་སྨིན་པའོ། །དབང་ཕྱུག་ལ་སོགས་པ་འགྲོ་བའི་བྱེད་པ་པོ་ཡིན་པར་འདུ་ཤེས་པ་རྣམས་ཀྱི་མི་ཤེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་
མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་པར་བསྟན་ཏེ། རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བའི་ཕྱིར་རོ། །འདི་ནི་གཅིག་ཁོ་ན་ལ་མི་ཤེས་པ་ཡིན་ཡང་གཉི་ག་ཡིན་པར་བསྟན་ཏེ། འདིས་རྣམ་པར་སྨིན་པ་ལ་ཡང་རྨོངས་པ་ཡིན་ཏེ། དེའི་རྒྱུ་གཞན་དུ་རྟོག་པར་བྱེད་པའི་ཕྱིར་རོ། །རྒྱུ་མེད་པར་
སྨྲ་བ་རྣམས་ཀྱི་ཡང་ཡིན་ནོ་ཞེས་བྱ་བ་ནི་གང་དག་རྒྱུ་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་དེ་དག་ཀྱང་གཉི་གར་མི་ཤེས་པ་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་པར་བསྟན་ཏེ། རྒྱུ་ལ་སྐུར་པ་འདེབས་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པའི་རྒྱུ་སྔོན་གྱི་ཡིན་པར་མི་ཤེས་པས་གཉི་གར་མི་ཤེས་པ་ཡིན་ནོ་ཞེས་
བསྟན་ནོ། །སངས་རྒྱས་ལ་སོགས་པར་མི་ཤེས་པ་ཞེས་རྒྱས་པར་འབྱུང་བ་ལ་ཁོང་དུ་མ་ཆུད་པའམ་ཞེས་བྱ་བ་ནི་མ་འདྲེས་པའི་མ་རིག་པ་ཡིན་པར་བསྟན་ཏོ། །ཐེ་ཚོམ་ཟ་བའམ་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བ་དང་མཚུངས་པར་ལྡན་པ་ཡིན་ནོ། །ལོག་པར་ལྟ་བའམ་ཞེས་བྱ་བ་ནི་ལོག་པར་ལྟ་བ་དང་
མཚུངས་པར་ལྡན་པ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་ལ་སྡུག་བསྔལ་ལ་སོགས་པའི་མཚན་ཉིད་ཐོས་ན་ཞེས་བྱ་བ་ལ་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའོ། །ཀུན་འབྱུང་གི་མཚན་ཉིད་ནི་ཀུན་འབྱུང་བ་དང་། རྒྱུ་དང་རབ་

ཏུ་སྐྱེ་བ་དང་། རྐྱེན་གྱི་མཚན་ཉིད་དོ། །འགོག་པའི་མཚན་ཉིད་ནི་འགོག་པ་དང་ཞི་བ་དང་། གྱ་ནོམ་པ་དང་ངེས་པར་འབྱུང་བའི་མཚན་ཉིད་དོ། །ལམ་གྱི་མཚན་ཉིད་ནི་ལམ་དང་རིག་པ་དང་སྒྲུབ་པ་དང་། ངེས་པར་འབྱིན་པར་བྱེད་པའི་མཚན་ཉིད་དོ། །སྔ་མ་བཞིན་ནོ་ཞེས་བྱ་བ་དེ་ཁོང་དུ་མ་
ཆུད་པའམ་ཐེ་ཚོམ་ཟ་བ་འམ་སྐུར་པ་འདེབས་པའོ་ཞེས་སྨྲས་པ་གང་ཡིན་པའོ། །རྒྱུ་དང་རྒྱུ་ལས་ཡང་དག་པར་བྱུང་བའི་ཆོས་རྣམས་ཞེས་རྒྱས་པར་འབྱུང་བ་ལ་རྒྱུ་དང་འབྲས་བུར་གྱུར་པའི་སྲིད་པའི་ཡན་ལག་བཅུ་གཉིས་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་ནས་རྒ་ཤི་ལ་ཐུག་པའི་བར་དེ་དག་ནི་ཡན་ལག་
ཕྱི་མ་ལ་ལྟོས་ན་ནི་རྒྱུར་གྱུར་པ་ཡིན་ལ། ཡན་ལག་སྔ་མ་ལ་ལྟོས་ན་ནི་འབྲས་བུར་གྱུར་པ་ཡིན་ནོ། །དེ་ལ་ཡང་དེ་ཁོང་དུ་མི་ཆུད་པའམ། ཐེ་ཚོམ་ཟ་བའམ། སྐུར་པ་འདེབས་པ་ཞེས་བརྗོད་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་མི་མཐུན་པའི་ཕྱོགས་དང་བཅས་པ་རྒྱུ་དང་བཅས་པ་ཞེས་བྱ་བ་དེ་ལ་བྱང་ཆུབ་
ཀྱི་ཕྱོགས་དེ་དག་མི་མཐུན་པའི་ཕྱོགས་དང་བཅས་པ་རྒྱུ་དང་བཅས་པ་ཞེས་བསྟན་པ་དེ་ལ་བྱང་ཆུབ་ཀྱི་ཕྱོགས་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་མོ། །དེའི་མི་མཐུན་པའི་ཕྱོགས་ནི་མི་ཤེས་པ་དང་ལེ་ལོ་དང་།
གཡེང་བ་དང་མ་དད་པ་དང་། དྲན་པ་ཉམས་པ་དང་། ཤེས་བཞིན་མ་ཡིན་པ་དང་། མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཕྲ་རྒྱས་རྣམས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་རྒྱུ་ནི་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། སྔོན་གྱི་ཚེ་རབས་ལ་
གོམས་པའོ། །དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་དང་དམ་པའི་ཆོས་ཉན་པ་ནི་གཞན་གྱི་རྐྱེན་གྱི་སྟོབས་སོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་ནང་གི་རྐྱེན་གྱི་སྟོབས་སོ། །སྔོན་གྱི་ཚེ་རབས་ལ་གོམས་པ་ནི་རྒྱུ་དང་རྐྱེན་གྱི་སྟོབས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ཀྱི་རྒྱུ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང་།
དམ་པའི་ཆོས་མ་ཡིན་པ་ཉན་པ་དང་། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་དང་། སྔོན་གྱི་ཚེ་རབས་ལ་མ་གོམས་པའོ། །དེ་ལ་སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་ནི་བདག་པོའི་རྐྱེན་ཡིན་ནོ། །དམ་པའི་ཆོས་མ་ཡིན་པ་ཉན་པ་ནི་དམིགས་པའི་རྐྱེན་ཡིན་ནོ། །ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ནི་

དེ་མ་ཐག་པའི་རྐྱེན་ཡིན་ནོ། །ཚེ་རབས་སྔ་མ་ལ་མ་གོམས་པ་ནི་རྒྱུའི་རྐྱེན་ཡིན་ཏེ། དེ་དག་མི་ཤེས་པ་ནི་ཇི་སྐད་དུ་དེ་ཁོང་དུ་མི་ཆུད་པའམ། ཐེ་ཚོམ་ཟ་བའམ། སྐུར་པ་འདེབས་པའོ་ཞེས་བསྟན་པ་ཡིན་ནོ། །དེ་དག་ནི་དགེ་བ་ཡིན་ཏེ། བདེ་བའི་དོན་གྱི་ཕྱིར་དང་། འབྲས་བུ་ཡིད་དུ་
འོང་བའི་ཕྱིར་ཞེས་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དེ་དག་བདེ་བའི་དོན་གྱི་ཕྱིར་ཞེས་བྱ་བ་ནི་གནོད་པ་མེད་པའི་དོན་ཡིན་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། དེའི་ཕྱིར་འབྲས་བུ་ཡིད་དུ་འོང་བ་ཡིན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། འབྲས་བུ་ཡིད་དུ་མི་འོང་བ་ནི་གནོད་པ་དང་བཅས་པ་ཡིན་པའི་དོན་གྱིས་མི་བདེ་བ་ཞེས་བྱའོ། །མ་རིག་
པའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དུས་རེ་ཞིག་པ་དང་གཏན་དུ་བ་སྟེ། དགེ་བ་ཟག་པ་དང་བཅས་པའི་བྱང་ཆུབ་ཀྱི་ཕྱོགས་རྣམས་ནི་དུས་རེ་ཞིག་ཅིག་མ་རིག་པའི་གཉེན་པོ་ཡིན་ནོ། །ཡང་ན་དགེ་བ་ཟག་པ་དང་བཅས་པ་རྣམས་ནི་འབྲས་བུ་ཡིད་དུ་འོང་བ་ཡིན་པའི་ཕྱིར་བདེ་བ་ཡིན་ཏེ། དེ་ནི་གནོད་
པ་མེད་པ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པ་རྣམས་ནི་མ་རིག་པའི་གཉེན་པོ་ཡིན་པའི་དོན་གྱིས་གནོད་པ་སེལ་བར་བྱེད་པའི་ཕྱིར་བདེ་བ་ཡིན་པའི་ཕྱིར་རོ། །སྨད་པའི་དོན་གྱིས་ཁ་ན་མ་ཐོ་བ་ཞེས་བྱའོ། །དེ་ལས་བཟློག་པ་ཁ་ན་མ་ཐོ་བ་མེད་པ་ནི་མཁས་པས་བསྔགས་པའི་དོན་གྱིས་ཡིན་ནོ་ཞེས་བྱ་བར་གྲུབ་
པ་ཡིན་ནོ། །མཁས་པ་སྨོས་པ་ནི་རྨོངས་ཤིང་ཕྱིན་ཅི་ལོག་པས་བསྔགས་པ་བསྩལ་བའི་ཕྱིར་རོ། །བསྟེན་པར་བྱ་བ་ནི་ཡང་ནས་ཡང་མངོན་དུ་བྱ་བའི་དོན་གྱིས་སོ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན་ཕན་པ་ཡིན་པའི་ཕྱིར་ཏེ་ཕན་པ་ནི་ཡང་ནས་ཡང་དུ་མངོན་དུ་བྱ་བ་ཡིན་པའི་དོན་གྱིས་བསྟེན་པར་བྱ་བར་འོས་པ་ཡིན་
ནོ། །ཚིམ་པར་བྱེད་པ་ནི་ལུས་དང་སེམས་ཚིམ་པར་བྱེད་པའི་དོན་གྱིས་ཏེ་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན་དེའི་ཕྱིར་ཤིན་ཏུ་སྦྱངས་པའི་བྱེ་བྲག་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ལུས་དང་སེམས་ལ་ཚིམ་པར་བྱེད་པ་ཡིན་ནོ། །དཀར་བ་ནི་དྲི་མ་མེད་པའི་དོན་གྱིས་ཏེ། ཇི་ལྟ་ཞེ་ན། དེའི་ཕྱིར་
ཟག་པ་མེད་པ་ཡིན་པའི་ཕྱིར་རོ་ཞེས་ལྟ་ཞེ་ན། དེའི་ཕྱིར་ཟག་པ་མེད་པའི་ཕྱིར་རོ་ཞེས་སྨྲས་ཏེ། ཟག་པ་རྣམས་ནི་སེམས་དང་སེམས་ལས་བྱུང་བའི་དྲི་མ་ལྟ་བུ་ཡིན་ནོ། །དེ་ལས་བཟློག་པ་ཞེས་རྒྱས་པར་འབྱུང་བ་ཇི་ལྟ་བུ་ཞེ་ན། དེ་དག་ནི་མི་དགེ་བ་སྟེ་མི་བདེ་བའི་དོན་གྱིས་ཡིན་ཏེ། དེ་འབྲས་བུ་ཡིད་དུ་མི་འོང་བ་ཡིན་

པའི་ཕྱིར་དང་། རིག་པའི་མི་མཐུན་པའི་ཕྱོགས་ཡིན་པའི་དོན་གྱིས་སོ། །ཁ་ན་མ་ཐོ་བ་དང་བཅས་པ་ནི་མི་མཁས་པས་བསྔགས་པའི་དོན་གྱིས་སམ། སྨད་པའི་དོན་གྱིས་སོ། །བསྟན་པར་བྱ་བ་མ་ཡིན་པ་ནི་མངོན་དུ་བྱ་བ་མ་ཡིན་པའི་དོན་གྱིས་ཏེ། མི་ཕན་པ་ཡིན་པའི་ཕྱིར་བསྟེན་པར་འོས་པ་མ་ཡིན་
པས་སོ། །ཚིམ་པར་བྱེད་པ་མ་ཡིན་པ་ནི་ལུས་དང་སེམས་ཚིམ་པར་བྱེད་པ་མ་ཡིན་པའི་དོན་གྱིས་ཏེ་ཤིན་ཏུ་སྦྱངས་པ་མ་ཡིན་པའི་བྱེ་བྲག་དང་ལྡན་པའི་ཕྱིར་རོ། །ནག་པོ་ནི་དྲི་མ་མེད་པ་ཡིན་པའི་དོན་གྱིས་ཏེ། ཇི་ལྟ་ཞེ་ན་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་འདྲ་བའི་རྟེན་ཅིང་འབྲེལ་པར་
འབྱུང་བ་ནི་བྱང་ཆུབ་ཀྱི་ཕྱོགས་དེ་དག་ཉིད་མི་མཐུན་པའི་ཕྱོགས་དང་བཅས་པ་ཡིན་ནོ། །ཇི་ལྟ་ཞེ་ན་དེའི་ཕྱིར་སྐྱེས་བུ་དམ་པ་དང་། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་ལ་སོགས་པ་དང་ཚེ་རབས་སྔ་མའི་རྒྱུ་ལ་བརྟེན་ཏེ་བྱུང་བའི་ཕྱིར་རོ་ཞེས་སྨྲས་སོ། །རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་
ཁོང་དུ་ཆུད་པར་མི་ཤེས་པ་གང་ཡིན་པ་དེ་ནི་མངོན་པར་ང་རྒྱལ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་པར་བསྟན་ཏོ། །དེ་ལ་རེག་པའི་སྐྱེ་མཆེད་དྲུག་ནི་མིག་དང་རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་ཡིད་ཀྱི་སྐྱེ་མཆེད་རྣམས་ཏེ་དེ་སྐྱེ་བའི་སྒོའི་དོན་གྱིས་སོ། །དེ་ལ་དམིགས་པ་འཇིག་རྟེན་ལས་འདས་པ་བདག་
མེད་པའི་ཡེ་ཤེས་ཀྱིས་ནི་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བ་དང་། ཐོས་པ་དང་བསྣམས་པ་དང་། རོ་མྱངས་པ་དང་རེག་པ་དང་། རྣམ་པར་ཤེས་པའི་སྒོ་ནས་དེ་དག་ལ་འཇིག་ཚོགས་ལ་ལྟ་བ་འབྱུང་བར་འགྱུར་རོ། །དེའི་ཕྱིར་བདག་མེད་པའི་ཡེ་ཤེས་ནི་དེ་དག་
ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཞེས་བྱ་སྟེ། དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་དང་ལྡན་པ་སྨོན་པ་མེད་པའི་ཤེས་པ་ནི་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་མ་ཡིན་པ་མ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་སྨོས་པ་ནི་འཇིག་
རྟེན་པའི་བདག་མེད་པ་ཤེས་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ལ་དམིགས་པ་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་སྨོས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་དེ་ནི་འཇིག་རྟེན་པ་མ་ཡིན་ནོ། །ལམ་མི་ཤེས་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་མི་ཤེས་པ་ལ་བྱེ་

བྲག་ཅི་ཡོད་ཅེ་ན་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ལ་ཡང་ལམ་ཡིན་ཏེ། ལམ་ལ་མི་ཤེས་པ་ཡང་བསྟན་པ་ཡིན་ནོ་ཞེ་ན། དེའི་ཕྱིར་དེས་ནི་ཇི་ལྟར་མུ་སྟེགས་ཅན་བཞིན་དུ་ལམ་ལ་ལམ་ཡིན་པར་མི་མོས་སོ་ཞེས་རྒྱས་པར་སྨྲས་སོ། །འཇུག་པ་གང་ཡིན་པ་དེ་ནི་འོང་བ་དང་
འགྲོ་བ་དང་ཞེས་བྱ་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་གཉི་ག་ཞེས་བྱ་བ་ཡིན་ཏེ། སྔོན་གྱི་མཐའ་མི་ཤེས་པ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །དེ་ལ་སྔོན་གྱི་མཐའ་ནས་ཕྱི་མའི་མཐའ་ཞེས་བྱ་བ་ནི་འོང་བ་ཡིན་ནོ། །ཕྱི་མའི་མཐའ་ནས་སྔོན་གྱི་མཐའ་ཞེས་བྱ་བ་ནི་འགྲོ་བ་ཡིན་ནོ། །སེམས་ཅན་
ཞེས་བྱ་བ་འཇུག་པ་གང་ཡིན་པ་ཡང་རང་དང་གཞན་གྱི་རྒྱུད་ཀྱི་ཞེས་བྱ་བ་ནི་ནང་མི་ཤེས་པ་དང་ཞེས་རྒྱས་པར་བསྟན་པ་ཡིན་པའི་ཕྱིར་རོ། །དེ་ཡང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་འོང་བ་དང་འགྲོ་བའི་མཚན་ཉིད་དེ་སེམས་ཅན་ཞེས་བྱ་བའི་དངོས་པོ་འཇུག་པ་ཡིན་ནོ། །དེ་ལྟར་འཇུག་པ་ཡང་སོ་སོའི་ལས་ཀྱི་རྣམ་
པར་སྨིན་པ་འབྱིན་པར་བྱེད་པའི་ཕྱིར་ཏེ་ཞེས་བྱ་བ་ཡིན་ཏེ། ལས་མི་ཤེས་པ་ཞེས་རྒྱས་པར་བསྟན་པ་ཡིན་པའི་ཕྱིར་རོ། །ལས་ཀྱིས་སྔོན་གྱི་མཐའ་ལས་ཕྱི་མའི་མཐའ་འགྲུབ་པར་བྱེད་ལ་དེ་དང་ལྡན་པ་ནི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་རོ། །འདི་ནི་འཇུག་པའི་ཕྱོགས་ལས་བརྩམས་ཏེ་
མ་རིག་པའི་དམིགས་པའི་དབྱེ་བ་ཡིན་པར་རིག་པར་བྱའོ། །ལྡོག་པ་གང་ཡིན་པ་དེ་ནི་རྟེན་དང་ཞེས་རྒྱས་པར་འབྱུང་བ་དེ་ལ་ལོག་པའི་རྟེན་ནི་སྐྱབས་གསུམ་མོ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཡིན་ཏེ། ཇི་སྐད་དུ་སངས་རྒྱས་མི་ཤེས་པ་དང་། ཆོས་དང་དགེ་འདུན་མི་ཤེས་པ་ཞེས་གང་སྨྲས་པ་
ཡིན་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཤེས་པ་ཡང་དཀོན་མཆོག་གསུམ་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །དམིགས་པ་ནི་མདོར་བསྡུས་ན་བདེན་པ་བཞིའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་དམིགས་པ་ནི་སྡུག་བསྔལ་ལ་སོགས་པ་ཡིན་པའི་
ཕྱིར་ཏེ་མཐའ་དག་མདོར་བསྡུ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཤེས་པའི་དབང་དུ་བྱས་ནས་སྡུག་བསྔལ་མི་ཤེས་པ་དང་ཞེས་རྒྱས་པར་བསྟན་པའི་ཕྱིར་རོ། །རྒྱས་པར་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་སོ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་སོ་སོར་དབྱེ་བ་བྱས་

ནས་རྒྱུ་དང་རྒྱུ་ལས་ཡང་དག་པར་བྱུང་བའི་ཆོས་མི་ཤེས་པ་ཞེས་སྨྲས་པའི་ཕྱིར་དང་དེ་ལ་ཡན་ལག་སྔ་མ་ནི་རྒྱུ་ཡིན་ནོ། །ཕྱི་མ་ནི་རྒྱུ་ལས་ཡང་དག་པར་འབྱུང་བ་ཡིན་ནོ་ཞེས་སྨྲས་པའི་ཕྱིར་རོ། །ཚོགས་པ་དང་བར་དུ་གཅོད་པ་གཉིས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་དེའི་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ལ་
བྱང་ཆུབ་ཀྱི་ཕྱོགས་ནི་ཚོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་བར་དུ་གཅོད་པའི་ཕྱིར་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དབྱེ་བ་ཞེས་བྱ་བའི་བར་དུ་སྨྲས་པའི་ཕྱིར་རོ། །ངོ་བོ་ཉིད་ནི་རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་
ཡིན་ཏེ་ཞེས་བྱ་བ་ནི་རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཤེས་པ་ནི་ལྡོག་པའི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །བདག་གིས་མཐོང་ངོ་ཞེས་བྱ་བ་ནས་རྣམ་པར་ཤེས་སོ་ཞེས་བྱ་བའི་བར་ལ་བདག་ཏུ་ལྟ་བའི་མཚན་ཉིད་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་
བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལྡོག་པའི་དོན་གྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཤེས་པ་ནི་ལྡོག་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་དག་ནི་མ་རིག་པ་ལྡོག་པའི་དབང་དུ་བྱས་ནས་དམིགས་པའི་དབྱེ་བ་ཡིན་ནོ། །གང་དེ་དང་དེར་ཞེས་བྱ་བ་ཡང་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གང་དེར་ཞེས་བྱ་བ་དེ་དག་ཉིད་
ཀྱིས་དེ་དང་དེར་གསུངས་པ་རྨོངས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྔོན་གྱི་མཐའ་ལ་སོགས་པ་རེ་རེར་ཡང་ཞེས་རྒྱས་པར་སྨོས་ཏེ། སྔོན་གྱི་མཐའ་གང་ཡིན་པ་ནས་རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ལ་ཐུག་པའི་བར་དུ་ཚིག་གི་དོན་མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་
མ་རྟོགས་པ་དང་། རྨོངས་པ་དང་། ཀུན་དུ་རྨོངས་པ་དང་། མ་རིག་པ་དང་། མུན་པའི་རྣམ་པ་ཞེས་བྱ་བ་དག་ནི་མ་རིག་པའི་རྣམ་གྲངས་བདུན་ཡིན་ནོ། །འགའ་ཞིག་ཇི་ལྟར་ཡང་དེའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་ཞེས་བྱ་བ་ནི་ཉན་པ་པོ་འགའ་ཞིག་ཇི་ལྟར་ཡང་རྣམ་གྲངས་ཐ་དད་པ་དག་གིས་ཀྱང་དེའི་དོན་
རྟོགས་པར་བྱ་བའི་ཕྱིར་ཏེ། ཁ་ཅིག་ལ་ནི་ཚིག་གི་དོན་ཁ་ཅིག་གྲགས་པ་ཡིན་ནོ། །དེའི་ཚེ་རྣམ་པར་གཡེངས་པ་རྣམས་དེའི་དོན་ཐོས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་པའི་ཚེ་གཡེངས་པ་རྣམས་དེའི་སྐབས་ཀྱི་དོན་ཐོས་པར་བྱ་བའི་ཕྱིར་ཏེ། རྣམ་གྲངས་ཀྱི་ཚིག་ནི་སྐྱོན་མེད་པའི་དོན་དང་ལྡན་པ་ཡིན་ནོ། །དེ་ཉིད་

བརྗོད་ན་ནི་གཞན་དག་གིས་དཔྱད་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ཁོ་ནས་ཀྱང་དེའི་ཚེ་གཡེངས་པ་རྣམས་ཀྱིས་རྟོགས་པར་བྱ་བ་དེའི་ཚེ་གཡེངས་པ་རྣམས་ལ་ནུས་མོད་ཀྱི་ཞེས་བྱ་བའོ། །ཡིད་རྟུལ་པོ་དག་ཀྱང་ཡང་ནས་ཡང་དུ་དེའི་དོན་རྟོགས་པས་མི་བརྗོད་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་
ཡིད་རྟུལ་པོ་རྣམས་མི་བརྗོད་པར་བྱ་བའི་ཕྱིར་ཞེས་བྱ་བ་གང་ཞེ་ན། རྣམ་གྲངས་ཀྱི་ཚིག་ཡིན་ནོ། །དེ་དག་གིས་ཡང་ནས་ཡང་དུ་དེའི་དོན་རྟོགས་པས་ཞེས་བྱ་བ་ལ་དེ་དག་གིས་ཞེས་བྱ་བ་ནི་རྣམ་གྲངས་ཀྱི་ཚིག་དེ་དག་གིས་སོ། །དེའི་དོན་རྟོགས་པས་ཞེས་བྱ་བ་ནི་སྐབས་ཀྱི་དོན་རྟོགས་པས་ཞེས་བྱ་བའི་ཐ་
ཚིག་གོ། །དེ་ཁོ་ནས་ཀྱང་ཡང་ནས་ཡང་དུ་དེའི་དོན་རྟོགས་པར་བྱེད་ནུས་མོད་ཀྱི་དཔྱད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཟིན་ཏོ། །སྒྲ་གཅིག་ལ་དོན་དུ་མ་ཡོད་པས་དོན་ཐ་དད་པར་རྟོག་པ་བསལ་བའི་ཕྱིར་དང་ཞེས་བྱ་བ་ནི་སྒྲ་གཅིག་ལ་ཡང་དོན་དུ་མ་ཡོད་པ་ཉིད་དུ་མཐོང་སྟེ། དཔེར་ན་གོ་ཞེས་བྱ་བའི་སྒྲ་དེ་ནི་
ངག་དང་ཕྱོགས་དང་ས་ལ་སོགས་པ་དོན་དགུ་ལ་འཇུག་པ་ཡིན་ནོ། །དེ་བས་ན་རྣམ་གྲངས་ཀྱི་ཚིག་ནི་དོན་ཐ་དད་པ་ཡིན་པར་རྣམ་པར་རྟོག་པ་བསལ་བར་བྱ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། རྣམ་གྲངས་གཉིས་པ་ལ་སོགས་པས་ནི་རྣམ་གྲངས་དང་པོའི་དོན་ཁོ་ན་ཤེས་པར་བྱེད་པའི་ཕྱིར་རོ། །ཆོས་
སྨྲ་བ་རྣམས་ཀྱིས་དེའི་དོན་ཐོབ་པར་བྱ་བ་དང་། ཚིག་ཉེ་བར་སྦྱར་བ་གཉིས་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དང་ཞེས་བྱ་བ་ནི་ཚིག་གི་དོན་གྲགས་པ་དག་རྣམ་གྲངས་བརྗོད་ན་སྐབས་ཀྱི་དོན་ཐོབ་པ་དང་རྗེས་སུ་མཐུན་པར་འགྱུར་རོ། །ཡང་ན་ཉན་པ་པོའི་བྱེ་བྲག་གིས་འགའ་ལ་ཚིག་གི་དོན་འགའ་ཞིག་
གྲགས་པ་ཡིན་ཏེ། ཡི་གེ་དགོད་པ་ནི་སྔར་བཞག་པ་དང་ཕྱིས་གཞག་པ་དང་། བར་དུ་བཞག་པ་དང་། ལྕི་བ་དང་། ཡང་བ་ཡིན་པའི་ཕྱིར་འགའ་ཞིག་ལ་འགའ་ཞིག་ཚིག་སྦྱར་བ་དང་རྗེས་སུ་མཐུན་པ་ཡིན་པས་སོ། །བདག་ཉིད་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་པར་བརྗོད་པར་བྱ་བའི་ཕྱིར་དང་
ཞེས་བྱ་བ་ནི་དེ་ལྟར་དེ་བཞིན་གཤེགས་པའི་ཆོས་སྟོན་པ་ནི་དཔག་ཏུ་མེད་པ་ཡིན་ཏེ། དེ་ལྟར་ཆོས་ཀྱི་ཚིག་དང་ཡི་གེ་ཡང་དཔག་ཏུ་མེད་པ་ཡིན། དེ་ལྟར་བླ་ན་མེད་པའི་ཤེས་རབ་དང་སྤོབས་པ་དཔག་ཏུ་མེད་པ་ཡིན་པས་བཅོམ་ལྡན་འདས་བདག་ཉིད་ཆོས་སོ་སོ་ཡང་དག་པར་རིག་པ་ཅན་ཡིན་པར་

བརྗོད་པའི་ཕྱིར་དོན་གཅིག་ཁོ་ན་ལ་རྣམ་གྲངས་ཀྱི་ཚིག་མང་པོ་འཆད་པར་མཛད་དེ། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ལ་ཐོགས་པ་མེད་པའི་ཡེ་ཤེས་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ནི་མདོ་སྡེའི་རྗེས་སུ་འབྲང་བ་རྣམས་ཀྱི་སྟོན་པར་
བྱེད་པའི་ངོ་བོ་ཡིན་ཏེ། སྒྲ་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཆོས་འཆད་པའི་ཚེ་བདག་ཉིད་ཆོས་སོ་སོ་ཡང་དག་པར་རིག་པར་བརྗོད་པར་མཛད་ཅེ་ན་གདུལ་བྱ་རྣམས་ཀྱི་དགོས་པ་བསྒྲུབ་པར་བྱ་བའི་ཕྱིར་ཏེ། ཁ་ཅིག་དེའི་སྒོ་ནས་མངོན་པར་ཡིད་ཆེས་པ་སྐྱེ་བའི་ཕྱིར་
རོ། །ཇི་སྐད་དུ། ཆོ་འཕྲུལ་གང་མཛད་སེང་གེའི་སྒྲ། །རང་གི་ཡོན་ཏན་གང་སྒྲོགས་པ། །འདོད་མེད་རྣམ་པར་འགྱུར་བྲལ་བའི། །ཐུགས་རྗེའི་འབྱུང་ཁུངས་ཡོད་པས་ཡིན། །ཞེས་གསུངས་སོ། །གཞན་དག་ལ་དེའི་ས་བོན་གཞག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་པ་པོ་རྣམས་ལ་རྣམ་གྲངས་ཀྱི་ཚིག་གི་ས་བོན་
གཞག་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་དང་ཆོས་སོ་སོ་ཡང་དག་པར་རིག་པའི་ས་བོན་གཞག་པའི་ཕྱིར་ཡང་ཡིན་ནོ། །ཅིའི་ཕྱིར་མ་རིག་པ་ཁོ་ན་ལ་མ་རིག་པའི་རྣམ་གྲངས་བསྟན་ཞེ་ན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན་མི་ཤེས་པ་དང་། མི་མཐོང་བ་དང་མངོན་པར་མི་རྟོགས་པ་ཞེས་བྱ་བ་དེ་དག་གིས་རྨོངས་པ་དང་ཀུན་དུ་རྨོངས་
པ་དང་། མ་རིག་པ་དང་། མུན་པའི་རྣམ་པ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་རྣམ་གྲངས་སོ་སོ་རྣམས་དེ་བཞིན་དུ་དོན་གྱི་བྱེ་བྲག་མེད་པར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་མ་རིག་པ་གང་ཞེ་ན་མ་རིག་པ་ཡིན་ནོ་ཞེས་བྱས་ན་འདིའི་རྣམ་གྲངས་བརྗོད་པའི་དོན་གྱི་བྱེ་བྲག་ཡོད་པ་མ་ཡིན་པ་ལྟར། མི་ཤེས་པ་
ལ་སོགས་པ་ཡང་དེ་བཞིན་ནོ། །གཞན་ཡང་གང་དག་གི་མི་མཐུན་པའི་ཕྱོགས་མ་རིག་པ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ནི་གང་གི་མི་མཐུན་པའི་ཕྱོགས་མ་རིག་པ་ཡིན་པ་དེ་ནི་མི་ཤེས་པ་དང་མི་མཐོང་བ་དང་མངོན་པར་མི་རྟོགས་པ་ཞེས་བྱ་བ་རྣམ་གྲངས་རྣམ་པ་གསུམ་གྱིས་མ་རིག་པ་བསྟན་ཏོ། །ཇི་ལྟར་མ་རིག་
པ་དེ་མི་མཐུན་པའི་ཕྱོགས་ཡིན་པ་དེ་ནི་རྨོངས་པ་དང་ཀུན་ཏུ་རྨོངས་པ་དང་། མ་རིག་པ་དང་། མུན་པའི་རྣམ་པ་ཞེས་བྱ་བ་རྣམ་གྲངས་བཞིས་བསྟན་ཏོ། །གང་དག་གི་མི་མཐུན་པའི་ཕྱོགས་མ་རིག་པ་ཡིན་ཞེ་ན་ཞེས་རྒྱས་པར་འབྱུང་བ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཤེས་པ་ཞེས་བྱ་བ་ནི་རབ་ཏུ་མཐོང་བ་མ་

ཡིན་པ་ཞེས་བྱ་སྟེ། ཡང་དག་པར་ངེས་པར་རྟོགས་པར་བྱེད་པའི་རྣམ་པ་མ་ཡིན་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་ནི་མི་ཤེས་པའི་རྣམ་གྲངས་ཀྱིས་བསྟན་ཏོ། །བསམས་པ་ལས་བྱུང་བ་ནི་མཐོང་བ་དང་ཞེས་བྱ་བ་ཡིན་ཏེ། ཡང་དག་པར་ངེས་པར་རྟོགས་པའི་རྣམ་པ་
ཡིན་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་ནི་མཐོང་བའི་རྣམ་གྲངས་ཀྱིས་བསྟན་ཏོ། །བསྒོམས་པ་ལས་བྱུང་བ་ནི་མངོན་པར་རྟོགས་པ་ཞེས་བྱ་བ་ཡིན་ཏེ། ཉོན་མོངས་པ་སྤོང་བ་མངོན་དུ་གྱུར་ཅིང་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་ཞེས་བྱ་བ་འདི་ནི་མངོན་
སུམ་གྱི་དོན་ཡིན་པར་རིག་པར་བྱའོ། །དེའི་མི་མཐུན་པའི་ཕྱོགས་ནི་མངོན་པར་མ་རྟོགས་པ་ཞེས་བྱ་བའི་རྣམ་གྲངས་ཀྱིས་བསྟན་ཏོ། །དེའི་ཡུལ་བཀབ་པའི་དོན་གྱིས་ཞེས་བྱ་བ་ནི་རིག་པ་དེ་དག་གི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ། །མུན་པར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་མུན་པ་དེའི་ཐོག་ཏུ་བབ་
པའི་ཕྱིར་དང་། སྣང་བའི་བགེགས་སུ་གྱུར་པའི་སྣང་བར་བྱ་བའི་དོན་འགེབས་པར་བྱེད་དོ། །མ་རིག་པ་ཡང་དེ་བཞིན་ཏེ། དེ་ལ་དམིགས་ཤིང་སྐྱེས་པས་རིག་པར་བྱ་བའི་དོན་དང་རིག་པ་ཀུན་དུ་འབྱུང་བ་གཉེན་པོ་ལ་ཡང་གཡོགས་པར་བྱེད་པ་བཞིན་དུ་འགེབས་པར་བྱེད་དོ། །དེ་ལྟར་ན་འདི་ནི་
མ་འདྲེས་པའི་མ་རིག་པ་ཡིན་ཏེ། རྨོངས་པ་ཞེས་བྱ་བའི་རྣམ་གྲངས་ཀྱིས་བསྟན་ཏོ། །ལོག་པར་མཐོང་བར་བྱེད་པའི་དོན་གྱིས་ཀྱང་མི་མཐུན་པའི་ཕྱོགས་ཡིན་ནོ། །ལོག་པར་མཐོང་བ་ནི་ཕྱིན་ཅི་ལོག་ཏུ་འཛིན་པའི་རྣམ་པ་ཡིན་ནོ། །ཇི་ལྟར་ཡིན་ཞེ་ན། ཡིད་གཉིས་དང་། བློ་ངན་པ་དང་། བློ་མེད་པའི་
ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །འདི་ལྟར་ཡིད་གཉིས་ཀྱི་ཉོན་མོངས་པ་དང་རབ་ཏུ་སྦྱོར་བ་ནི་ཐེ་ཚོམ་གྱིས་སོ། །བློ་ངན་པའི་ཉོན་མོངས་པ་དང་རབ་ཏུ་སྦྱོར་བ་ནི་ལོག་པར་ལྟ་བ་ལ་སོགས་པས་སོ། །བློ་མེད་པའི་ཉོན་མོངས་པ་དང་རབ་ཏུ་སྦྱོར་བ་ནི་འདོད་ཆགས་ལ་སོགས་པས་སོ། །
དེ་ལ་གང་ཡིད་གཉིས་ཀྱི་ཉོན་མོངས་པ་དང་རབ་ཏུ་སྦྱོར་བ་དེ་ནི་ཀུན་དུ་རྨོངས་པའི་རྣམ་གྲངས་ཀྱིས་བསྟན་ཏོ། །གང་བློ་ངན་པ་དང་གང་ཡིན་པ་དེ་ནི་མ་རིག་པའི་རྣམ་གྲངས་ཀྱིས་སོ། །བློ་མེད་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་མུན་པའི་རྣམ་གྲངས་ཀྱིས་སོ། །རེ་ཞིག་ཀུན་དུ་རྨོངས་པ་དང་ཡིད་གཉིས་

ཀྱིས་ཉོན་མོངས་པར་རབ་ཏུ་སྦྱོར་བར་སྟོན་པ་གང་ཡིན་པ་དེ་ནི་རིགས་ཏེ། ཀུན་དུ་རྨོངས་པ་ནི་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་རོ། །མུན་པའི་རྣམ་པ་དང་བློ་མེད་པའི་ཉོན་མོངས་པར་རབ་ཏུ་སྦྱོར་བར་སྟོན་པ་ནི་རིགས་ཏེ། འདོད་ཆགས་ལ་སོགས་པ་མངོན་དུ་གྱུར་ན་ཅི་ཡང་མཐོང་བ་མེད་པ་ཡིན་ཏེ། ཆགས་
པ་པོ་ནི་ཆོས་མི་ཤེས། །ཆགས་པ་པོ་ནི་ཆོས་མི་མཐོང་། །ཞེས་གསུངས་པའི་ཕྱིར་རོ། །མ་རིག་པ་དང་བློ་ངན་པའི་ཉོན་མོངས་པ་རབ་ཏུ་སྦྱོར་བར་ཇི་ལྟར་བསྟན་དུ་རུང་ཞེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་བསྟན་པར་མི་བྱ་ཞེ་ན། རིག་པའི་མི་མཐུན་པའི་ཕྱོགས་ཆོས་གཞན་མ་རིག་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་
ཕྱིར་རོ་ཞེ་ན། དེའི་ཕྱིར་ཚོར་བ་དང་རིག་པ་དང་ཤེས་རབ་ཅེས་བྱ་བ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ་ཚོར་བ་དང་རིག་པ་ནི་སྒྲ་ལ་འཆེལ་བ་རྣམས་ཀྱི་ཤེས་རབ་དང་དོན་ཐ་དད་པ་མ་ཡིན་པར་བཤད་དོ། །མའི་རྣམ་པ་ནི་སྨད་པའི་དོན་ཡིན་ཏེ། ཆུང་མ་མེད་པ་དང་བུ་མེད་པ་བཞིན་ནོ། །སྨད་པའི་རིག་པ་དེ་ལྟ་བ་ལྔའི་
རང་བཞིན་ཏེ། རིག་པའི་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་འདི་ལ་ཡོད་པས་མ་རིག་པ་ནི་འབྲུ་མང་པོ་པའི་དོན་གྱིས་མ་རིག་པའི་རྣམ་གྲངས་ཀྱི་སྒྲ་སྟོན་པར་བྱེད་དོ། །དངོས་སུ་ནི་མ་རིག་པའི་སྒྲ་མི་མཐུན་པའི་ཕྱོགས་ལ་བྱའོ། །དེ་ལྟར་བྱས་ན་མ་རིག་པ་དང་བློ་ངན་པར་རབ་ཏུ་སྦྱོར་བར་སྟོན་པ་ཡིན་
ནོ། །སློབ་དཔོན་འཆང་བ་ནི་ཞེས་བྱ་བ་ནི་སློབ་དཔོན་ཐོགས་མེད་དོ། །སྔོན་གྱི་མཐའ་ལ་སོགས་པ་མི་ཤེས་པ་ཞེས་བྱ་བ་ནི་ཇི་སྐད་དུ་རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་ལ་ཐུག་པའི་བར་དུ་མི་ཤེས་པ་ཞེས་སྟོན་ཏོ། །གཏན་ཚིགས་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། བདག་ཏུ་
འཛིན་པ་དང་རྗེས་སུ་མཐུན་པའི་གཏན་ཚིགས་དང་། དེ་ལས་གྲོལ་བའི་བགེགས་བྱེད་པའི་གཏན་ཚིགས་ཀྱིས་སོ། །བདག་ཏུ་འཛིན་པ་དེ་ལས་གྲོལ་བ་ནི་དེ་ལས་གྲོལ་བའོ། །དེའི་བགེགས་བྱེད་པ་ནི་དེ་དག་གི་བགེགས་བྱེད་པ་སྟེ། དེའི་བགེགས་བྱེད་པ་ཉིད་དུ་མི་ཤེས་པ་ཡིན་པར་རིག་པར་བྱའོ། །བདག་ཏུ་
འཛིན་པ་ཡང་རྣམ་པ་གསུམ་སྟེ་ཞེས་རྒྱས་པར་འབྱུང་བ་ལ། རྟག་པར་འཛིན་པ་ནི་བདག་རྟག་པའི་རྫས་སུ་མངོན་པར་ཞེན་པའོ། །དེ་དང་རྗེས་སུ་མཐུན་པ་ནི་སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་ཤེས་པ་ཞེས་བྱ་བ་ཡིན་ཏེ། དུས་ལ་རྨོངས་པ་ནི་

རྟག་པའི་ལྟ་བར་ལྟུང་བ་ཡིན་ནོ། །དངོས་པོ་འཛིན་པ་ནི་བདག་མེད་པའི་དངོས་པོ་ལ་བདག་གི་དངོས་པོར་མངོན་པར་ཞེན་པའོ། །དེ་དང་རྗེས་སུ་མཐུན་པ་ནི་ནང་མི་ཤེས་པ་དང་། ཕྱི་མི་ཤེས་པ་དང་། ནང་དང་ཕྱི་མི་ཤེས་པ་ཞེས་བྱ་བ་ཡིན་ཏེ། སྐྱེ་མཆེད་དྲུག་ལ་རྨོངས་པ་ནི་དེ་ལ་
བདག་ཏུ་རྟོགས་པར་བྱེད་དོ། །བྱེད་པ་པོ་དང་ཟ་བ་པོར་འཛིན་པ་ནི་ལས་དང་རྣམ་པར་སྨིན་པ་དང་། །དུས་དང་སྐྱེ་གནས་ལ་བྱེད་པ་པོ་དང་། ཟ་བ་པོར་བདག་གི་རྫས་སུ་མངོན་པར་ཞེན་པའོ། །དེ་དང་རྗེས་སུ་མཐུན་པ་ནི་ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་དང་རྣམ་པར་སྨིན་
པ་མི་ཤེས་པ་ཞེས་བྱ་བ་ཡིན་ཏེ། ལས་དང་རྣམ་པར་སྨིན་པ་ལ་རྨོངས་པ་ནི་བྱེད་པ་པོ་དང་ཟ་བ་པོ་གཞན་ཞིག་ཡིན་པར་རྟོག་པར་བྱེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་པར་མི་ཤེས་པའི་ཕྱིར་རོ། །དེ་ལྟར་སྔོན་གྱི་མཐའ་ལ་སོགས་པ་དངོས་པོ་དྲུག་མི་ཤེས་པ་གང་ཡིན་པ་དེ་ནི་བདག་ཏུ་འཛིན་
པ་དང་རྗེས་སུ་མཐུན་པ་ཡིན་པར་རིག་པར་བྱའོ། །བདག་ཏུ་འཛིན་པ་རྣམ་པ་གསུམ་སྟེ་དེ་བཞིན་དུ་འཇུག་པའི་གཏན་ཚིགས་བསྟན་པའི་ཕྱིར་རོ། །གལ་ཏེ་བདག་གི་དངོས་པོ་ཞིག་ཡོད་པ་ཡིན་ན་ནི་དེ་ཡང་རྟག་པ་དང་རང་དབང་ཅན་དང་བྱེད་པ་པོ་དང་ཟ་བ་པོར་གྱུར་པ་ཡིན་ནོ། །དེ་ལྟ་ན་ནི་འཇུག་
པར་རིགས་ཀྱི་གཞན་དུ་མ་ཡིན་ནོ། །དེ་ལས་ཐར་པའི་བགེགས་བྱེད་པ་ཡང་རྣམ་པ་བཞི་སྟེ། སྐྱབས་སུ་འགྲོ་བ་མི་ཤེས་པ་ཞེས་བྱ་བ་ནི་སངས་རྒྱས་མི་ཤེས་པ་དང་། ཆོས་དང་དགེ་འདུན་ལ་ཞེས་གང་སྨྲས་པ་ཡིན་ཏེ། འདི་ནི་དེ་ལས་ཐར་པའི་བགེགས་བྱེད་པ་ཉིད་དུ་རིག་པར་བྱ་སྟེ། དཀོན་མཆོག་གསུམ་
ལ་མི་བརྟེན་པའི་ཕྱིར་རོ། །བདག་ཏུ་འཛིན་པ་སྤང་བའི་མངོན་པར་བྱ་བའི་དོན་ནི་བདེན་པ་རྣམས་ཡིན་པར་རིག་པར་བྱ་སྟེ། དེ་བས་ན་མཐོང་བར་བྱ་བའི་དོན་ཞེས་བྱ་སྟེ། མཐོང་བར་བྱ་བའི་དོན་དེ་ཉིད་ཅི་ཞེ་ན། ཁོང་དུ་མི་ཆུད་པ་ཞེས་སྐབས་དང་སྦྱར་ཏེ་སྡུག་བསྔལ་མི་ཤེས་པ་ནས་ལམ་མི་ཤེས་པ་ཞེས་བྱ་བའི་
བར་འདི་ནི་དེ་ལས་གྲོལ་བའི་བགེགས་བྱེད་པ་ཉིད་དུ་རིག་པར་བྱ་སྟེ། བདེན་པ་མཐོང་བ་ནི་བདག་ཏུ་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་། གཉེན་པོ་སྤངས་པ་དང་སྐྱེད་པ་ཅི་ཞེ་ན་མི་ཤེས་པ་ཞེས་བྱ་སྟེ། དེ་ལ་མི་མཐུན་པའི་ཕྱོགས་སྤང་བ་ཁོང་དུ་ཆུད་པ་ནི་རྒྱུ་མི་ཤེས་པ་ཞེས་བྱ་བ་ནས་རྒྱུ་

ལས་ཡང་དག་པར་བྱུང་བ་དང་། མི་དགེ་བ་དང་། ཟག་པ་དང་བཅས་པ་ལ་སོགས་པ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་བར་དུ་མི་ཤེས་པ་གང་ཡིན་པ་སྨྲས་པ་འདི་ཡང་དེ་ལ་གྲོལ་བའི་བགེགས་བྱེད་པ་ཉིད་ཡིན་པར་རིག་པར་བྱ་སྟེ། བདག་ཏུ་འཛིན་པ་ནི་དེའི་རྗེས་ལས་བྱུང་བའི་ཕྱིར་རོ། །རྒྱུ་ལས་
ཡང་དག་པར་བྱུང་བ་ཞེས་བསྟན་ནས་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་སྨོས་པའི་དགོངས་པ་ནི་མ་རྟོགས་སོ། །གཉེན་པོ་སྐྱེད་པ་མི་ཤེས་པ་ནི་རྒྱུ་མི་ཤེས་པ་ནས་རྒྱུ་ལས་ཡང་དག་པར་བྱུང་བ་དང་། དགེ་བ་དང་ཁ་ན་མ་ཐོ་བ་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་བར་དུ་མི་ཤེས་པ་གང་ཡིན་པ་གང་
སྨྲས་པ་འདི་ནི་དེ་ལས་གྲོལ་བའི་བགེགས་བྱེད་པ་ཉིད་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་རྣམས་ནི་བདག་ཏུ་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཉེན་པོ་ལ་མངོན་པའི་ང་རྒྱལ་མེད་པ་ཅི་ཞེ་ན། མི་རྟོགས་པ་ཞེས་སྐབས་དང་སྦྱར་ཏེ་རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་
ཁོང་དུ་ཆུད་པ་མི་ཤེས་པ་འདི་ཡང་དེ་ལས་གྲོལ་བའི་བགེགས་བྱེད་པ་ཉིད་ཡིན་པར་རིག་པར་བྱ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་བདག་ཏུ་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །སྐྱབས་སུ་འགྲོ་བ་ལ་ཉེ་བར་བརྟེན་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་དམིགས་པ་མཉན་པ་དང་བསམ་
པ་དང་གོམས་པའི་སྦྱོར་བས་མི་མཐུན་པའི་ཕྱོགས་དང་བྲལ་ཞིང་གཉེན་པོ་འཕེལ་བ་ཡིན་ཏེ། བདེན་པ་རྟོགས་ན་ཕྱིན་ཅི་མ་ལོག་པའི་སེམས་ནི་བདག་ཏུ་འཛིན་པ་སྤོང་བ་ཡིན་ནོ། །དེ་ལས་བཟློག་པ་ནི་སྤོང་བ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་ཞེས་རྒྱས་པར་འབྱུང་བ་ནི་དེ་ལ་
སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་ཤེས་པ་ནི་སྔར་བསྟན་པ་ལས་བྱེ་བྲག་འགའ་ཡང་ཡོད་པ་མ་ཡིན་ཏེ། སྔར་བཤད་ཟིན་ཏོ། །དེ་བཞིན་དུ་ནང་དུ་མི་ཤེས་པ་ཡང་བྱེ་བྲག་མེད་དོ། །ཕྱི་ལ་ནི་ཡོད་དེ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ཡུལ་རྗོད་པར་བྱེད་པའི་ཕྱིར་རོ། །ནང་དང་ཕྱི་མི་ཤེས་པ་ལ་བྱེ་བྲག་ཡོད་
དེ་རྒྱུད་གཞན་གྱི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་མཛའ་བོ་དང་མི་མཛའ་བ་དང་ཐ་མལ་བའི་སེམས་ཅན་དུ་བལྟས་པས་འདུ་བྱེད་ཙམ་ཡིན་པར་ནི་མི་རྟོགས་པའི་མི་ཤེས་པ་གང་ཡིན་པ་སྟེ་དེ་ཡང་འཇིག་ཚོགས་ལ་ལྟ་བ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་སོ་སོར་མ་བརྟགས་པའི་བཏང་སྙོམས་དང་མཚུངས་

པར་ལྡན་པའི་མ་རིག་པ་ཡིན་པར་བསྟན་ཏེ། རྒྱུད་གཞན་གྱི་འདུ་བྱེད་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་ནང་ཡིན་ནོ། །རང་གི་རྒྱུད་ལས་ཕྱི་རོལ་ཡིན་པས་ཕྱི་ཞེས་བྱའོ། །དེ་དག་མི་ཤེས་པས་ནི་ནང་དང་ཕྱི་ལ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ལས་མི་ཤེས་པ་གང་ཞེ་ན། ལས་
ཀྱི་བྱེད་པ་པོར་ཚུལ་བཞིན་མ་ཡིན་པར་རྟོགས་པའི་མི་ཤེས་པ་གང་ཡིན་པའོ་ཞེས་བྱ་བ་ནི་ལས་བྱེད་པ་དང་དབང་ཅན་ལ་སོགས་པར་རྟོག་པའོ། །དེ་ལྟ་ནི་དེ་ཚུལ་བཞིན་མ་ཡིན་པར་བརྟགས་པ་ཡིན་ནོ། །དེ་ཡང་འཇིག་ཚོགས་ལ་ལྟ་བས་བསྐྱེད་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་
དང་། མཚུངས་པར་ལྡན་པའི་མ་རིག་པ་ཡིན་པར་བསྟན་ཏོ། །རྣམ་པར་སྨིན་པ་མི་ཤེས་པ་གང་ཞེ་ན་རྣམ་པར་སྨིན་པས་བསྡུས་པའི་འདུ་བྱེད་རྣམས་ལ་མྱོང་བ་པོ་ཉིད་དུ་ཚུལ་བཞིན་མ་ཡིན་པར་རྟོགས་པའི་མི་ཤེས་པ་གང་ཡིན་པའོ་ཞེས་བྱ་བ་ནི་བདག་སྣ་ཚོགས་པ་ཅན་ལ་ལྟ་བས་མཆོག་ཏུ་བཟུང་ནས་མྱོང་བ་པོ་
ཉིད་དུ་རྟོག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཚོར་བའི་རྣམ་པ་ནི་དེ་ལ་ཕན་པ་དང་གནོད་པ་བྱེད་པའི་དབང་དུ་བྱས་ནས་མྱོང་བ་པོ་ཉིད་དུ་རྟོག་པར་བྱེད་ཀྱི་ཚུལ་བཞིན་མ་ཡིན་པར་བརྟགས་པ་ནི་མ་ཡིན་ནོ། །ལས་དང་རྣམ་པར་སྨིན་པ་མི་ཤེས་པ་གང་ཞེ་ན། ལས་དང་དེའི་འབྲས་བུ་ཡང་ཕྱིན་ཅི་ལོག་
ཏུ་ཞེས་བྱ་བ་ནི་ཇི་ལྟར་ཕྱིན་ཅི་ལོག་ཅེ་ན། དེའི་ཕྱིར་ཚུལ་བཞིན་མ་ཡིན་པར་རྟོགས་པ་ཞེས་སྨྲས་ཏེ། དེ་ལྟར་ཡིན་ན་དེ་ཕྱིན་ཅི་ལོག་ཏུ་བརྟགས་པ་ཡིན་ཏེ། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པས་ལོག་པར་བརྟགས་པའི་ཕྱིར་རོ། །ཇི་ལྟར་པར་སིག་ལ་སོགས་པ་དག་མ་ལ་སོགས་པའི་གན་དུ་
སོང་བའི་ཕྱིར་མཐོ་རིས་སུ་འགྲོ་བ་ལ་སོགས་པར་རྟོག་པ་བཞིན་ནོ། །དེ་ཡང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་མཚུངས་པར་ལྡན་པ་དང་། ལོག་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡང་ཡིན་པར་བསྟན་ཏེ། རྒྱུ་དང་འབྲས་བུ་ཕྱིན་ཅི་ལོག་ཏུ་ལྟ་བ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །
སངས་རྒྱས་མི་ཤེས་པ་གང་ཞེ་ན། སངས་རྒྱས་རྣམས་ནི་བྱང་ཆུབ་ཡིན་པར་ཡིད་ལ་མི་བྱེད་པའམ། ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པའམ། ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ནོ། །དེ་ལྟར་ཡིད་ལ་མི་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་བག་མེད་པའམ་ཞེས་སྨྲས་ཏེ་བག་མེད་པ་དང་མཚུངས་པར་ལྡན་པའི་

མ་རིག་པ་ཡིན་པར་བསྟན་ཏོ། །ཇི་ལྟར་ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་ཅེ་ན། ཐེ་ཚོམ་ཟ་བའམ་སྐུར་པ་འདེབས་པ་ཞེས་བྱ་བ་ཡིན་ནོ། །སྔ་མ་བཞིན་ཞེས་བྱ་བ་ནི་ཀུན་ལ་ཡང་ཡིད་ལ་མི་བྱེད་པའམ། ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པའམ། བག་མེད་པའམ་ཐེ་ཚོམ་ཟ་བའམ། སྐུར་པ་འདེབས་པའོ་
ཞེས་བྱ་བར་སྟོན་ཏོ། །དེ་བཞིན་དུ་ལམ་གྱི་བར་དུ་ཇི་ལྟར་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན། ཀུན་འབྱུང་ལ་ཀུན་འབྱུང་བར་ཡིད་ལ་མི་བྱེད་པའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །འགོག་པ་ལ་འགོག་པར་ཡིད་ལ་མི་བྱེད་པའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །ལམ་ལ་ལམ་ཉིད་དུ་
ཡིད་ལ་མི་བྱེད་པའམ། ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །རྒྱུ་མི་ཤེས་པ་གང་ཞེ་ན། རྒྱུ་མེད་པའམ། མི་མཐུན་པ་དབང་ཕྱུག་ལ་སོགས་པ་ཞེས་རྒྱས་པར་འབྱུང་བ་ནི་གལ་ཏེ་རྒྱུ་ཡོད་པ་མ་ཡིན་ནོ་ཞེས་རྒྱུ་མེད་པར་རྟོག་ན་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ཡིན་ནོ། །འོན་ཏེ་
མི་མཐུན་པ་དབང་ཕྱུག་ལ་སོགས་པ་རྒྱུར་རྟོག་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་ནོ། །རྒྱུ་ལ་ཇི་ལྟ་བར་རྒྱུ་ལས་ཡང་དག་པར་བྱུང་བའི་ཆོས་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་གལ་ཏེ་དེ་དག་རྒྱུ་མེད་པར་བྱུང་བའམ། མི་མཐུན་པའི་རྒྱུ་ལས་བྱུང་བའི་ཆོས་
ཡིན་པར་རྟོག་ན་འདི་ཡང་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་པ་བསྟན་ཏེ། རྒྱུ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པ་ཡང་ཡིན་ཏེ། རྒྱུ་མ་ཡིན་པ་ལ་རྒྱུར་རྟོག་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ཕྱིན་ཅི་ལོག་ཏུ་
ལྟ་བ་དང་སྐུར་པ་འདེབས་པ་ནི་ལོག་པར་ལྟ་བ་ཡིན་པས་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་ཉིད་དུ་ཡང་རྟོགས་པ་ཡིན་ནོ། །དེ་དག་ཀྱང་དགེ་བ་ནི་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་རྒྱུ་ལས་ཡང་དག་པར་བྱུང་བའི་ཆོས་ཞེས་བྱ་བའི་དོན་གང་ཡིན་པའོ། །ཁ་ན་མ་ཐོ་བ་མེད་པའི་དོན་
ཀྱང་མཁས་པས་བསྔགས་པའི་དོན་གྱི་ཞེས་སྔར་བསྟན་པ་ཡིན་ནོ། །མི་དགེ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མཁས་པས་སྨད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་འདིར་ཚིག་སྔ་མ་གཉིས་ནི་བསྟན་པ་ཡིན་ལ་ཕྱི་མ་གཉིས་ནི་འཆད་པར་འགྱུར་བ་ཡིན་ནོ། །བསྟེན་

པར་བྱ་བ་དང་བསྟེན་པར་བྱ་བ་མ་ཡིན་པ་གཉིས་ནི་བསྟན་པའི་ཚིག་ཡིན་ལ། ངན་པ་དང་གྱ་ནོམ་པ་ཞེས་བྱ་བ་གཉིས་ནི་སོ་སོར་འཆད་པའི་ཚིག་ཡིན་ནོ། །དེ་ལ་གྱ་ནོམ་པ་ཉིད་ཡིན་པའི་ཕྱིར་བསྟེན་པར་བྱ་བ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་
སྨྲས་སོ། །ངན་པ་ཡིན་པའི་ཕྱིར་བསྟེན་པར་བྱ་བ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མི་ཕན་པ་ཉིད་ཡིན་པའི་ཕྱིར་ཞེས་སྨྲས་སོ། །ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་དོན་ནི་རྗོད་པར་བྱེད་དོ། །ཁ་ན་མ་ཐོ་བ་དང་བཅས་པ་ནི་ནག་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྨྲས་
སོ། །དེ་ལྟར་ན་དེ་ནི་མཁས་པས་སྨད་པ་ཡིན་ནོ། །ཁ་ན་མ་ཐོ་བ་མེད་པ་ནི་དཀར་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་ནི་མཁས་པས་བསྟོད་པ་ཞེས་བྱའོ། །རྣམ་པར་དབྱེ་བའི་ཆ་དང་བཅས་པ་ནི་འདྲེན་མ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉེན་པོ་དང་མི་མཐུན་པའི་ཆ་ནི་རྣམ་པར་དབྱེ་བ་
བའི་ཆའོ། །རྣམ་པར་དབྱེ་བའི་ཆ་དང་ལྷན་ཅིག་པ་ནི་རྣམ་པར་དབྱེ་བའི་ཆ་དང་བཅས་པ་སྟེ། མི་མཐུན་པའི་ཕྱོགས་དང་འདྲེས་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་མི་ཤེས་པ་གང་ཞེ་ན། རྟོགས་པ་ལ་ཞེས་རྒྱས་པར་འབྱུང་བ་ནི་རེག་
པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་རྟོགས་པའི་ཆོས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །དེ་ལ་སེམས་ཕྱིན་ཅི་ལོག་རྣམ་པ་དུ་མ་ཡོད་དེ་དེ་བས་ན་མངོན་པའི་ང་རྒྱལ་ཅན་མི་ཤེས་པ་གང་ཡིན་པའོ་ཞེས་སྨྲས་སོ། །མ་རྟོགས་པར་རྟོགས་སོ་སྙམ་པའི་འདུ་ཤེས་གང་ཡིན་པའི་དོན་
ཏོ། །མི་ཤེས་པ་དེ་དག་ཐམས་ཅད་མདོར་བསྡུ་ན་ཀུན་དུ་རྨོངས་པ་རྣམ་པ་བདུན་ཏེ་ཞེས་རྒྱས་པར་འབྱུང་བ་ལ་དུས་ལ་རྨོངས་པ་ནི་ཇི་སྐད་དུ་སྔོན་གྱི་མཐའ་མི་ཤེས་པ་ནས་སྔོན་དང་ཕྱི་མའི་མཐའ་ཞེས་བྱ་བའི་བར་དུ་སྨྲས་པ་གང་ཡིན་པའོ། །དངོས་པོ་ལ་ཀུན་དུ་རྨོངས་པ་ནི་ནང་མི་ཤེས་པ་ནས་ནང་དང་ཕྱི་མི་
ཤེས་པའི་བར་དུ་སྨྲས་པ་གང་ཡིན་པ་སྟེ། སྐྱེ་མཆེད་དྲུག་ནི་བདག་ཏུ་མངོན་པར་ཞེན་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཕོ་བ་ལ་ཀུན་དུ་རྨོངས་པ་ནི་ལས་མི་ཤེས་པ་ཞེས་བྱ་བ་ནས་ལས་དང་རྣམ་པར་སྨིན་པ་མི་ཤེས་པ་ཞེས་གང་སྨྲས་པ་ཡིན་ཏེ། ལས་ཀྱི་རྣམ་པར་སྨིན་པ་འབྱིན་པའི་ཕྱིར་རིས་མཐུན་པ་གཞན་

དུ་འཕོ་བའི་ཕྱིར་རོ། །མཆོག་ལ་ཀུན་དུ་རྨོངས་པ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་མི་ཤེས་པ་ཞེས་གང་སྨྲས་པ་ཡིན་ཏེ། དཀོན་མཆོག་གསུམ་ནི་ཆོས་རྣམས་ཐམས་ཅད་ཀྱི་ཚོགས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་མཆོག་ནི་སངས་རྒྱས་བཅོམ་ལྡན་འདས་མངོན་པར་
རྫོགས་པར་སངས་རྒྱས་པ་ཡིན་ནོ། །དེ་ལ་བརྟེན་ནས་ཆོས་རྣམས་མཆོག་ཡིན་ཏེ། ཆོས་རྣམ་པ་གསུམ་ཆར་ཡང་རྟག་ཏུ་དགེ་བ་ཉིད་ཡིན་པའི་ཕྱིར་དང་། ངེས་པར་འབྱིན་པ་ཉིད་ཀྱི་ཕྱིར་དང་། ལེགས་པར་གསུངས་པ་ཉིད་ཀྱི་ཕྱིར་ཏེ། གོ་རིམས་བཞིན་ནོ། །ཚོགས་རྣམས་ཀྱི་མཆོག་ནི་དགེ་
འདུན་ཏེ། ཞི་བ་ཐོབ་པར་བྱ་བའི་ཕྱིར་ལེགས་པར་ཞུགས་པ་ཡིན་པས་སོ། །དེ་ཁོ་ན་ཉིད་ལ་ཀུན་དུ་རྨོངས་པ་ནི་སྡུག་བསྔལ་མི་ཤེས་པ་ནས་ལམ་མི་ཤེས་པའི་བར་དུ་སྨྲས་པ་གང་ཡིན་པའོ། །སྡུག་བསྔལ་ལ་སོགས་པ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་
པར་བྱང་བ་ལ་ཀུན་དུ་རྨོངས་པ་ནི་རྒྱུ་མི་ཤེས་པ་ནས་རྣམ་པར་དབྱེ་བ་དང་བཅས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་བར་དུ་སྨྲས་པ་གང་ཡིན་པ་སྟེ། དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་མི་མཐུན་པའི་ཕྱོགས་མི་དགེ་བ་ལ་སོགས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་ནི་འཁོར་བའི་ཕྱོགས་ཉིད་ཡིན་
པའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་རྣམས་ནི་རྣམ་པར་བྱང་བ་ཡིན་ཏེ། མྱ་ངན་ལས་འདས་པའི་ཕྱོགས་ཉིད་ཡིན་པའི་ཕྱིར་རོ། །མངོན་པའི་ང་རྒྱལ་ཅན་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི་རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་མི་ཤེས་པ་
གང་ཡིན་པ་ཞེས་སྨྲས་པ་གང་ཡིན་པ་སྟེ། དེ་མངོན་པའི་ང་རྒྱལ་ཅན་ཡིན་པས་དེའི་ཕྱིར་མངོན་པའི་ང་རྒྱལ་ཅན་ཀུན་དུ་རྨོངས་པ་ཞེས་བྱའོ། །མི་ཤེས་པ་ནས་མ་རིག་པ་དང་མུན་པའི་བར་གྱི་མ་རིག་པའི་རྣམ་གྲངས་དྲུག་པོ་དེ་དག་ནི་ཀུན་དུ་རྨོངས་པའི་དངོས་པོ་བདུན་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན།
དེའི་ཕྱིར་ཀུན་དུ་རྨོངས་པའི་དངོས་པོ་ཐ་མ་གཉིས་གཅིག་ཏུ་བྱས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་ཀུན་དུ་རྨོངས་པའི་དངོས་པོ་དང་མངོན་པའི་ང་རྒྱལ་གྱི་ཀུན་དུ་རྨོངས་པ་ཡིན་ནོ། །དེའི་ཕྱིར་བསམ་པ་མི་ཤེས་པས་ན། དེར་མ་རིག་པ་དང་མུན་པའི་རྣམ་པའི་རྣམ་གྲངས་གཉིས་ཡིན་པར་བལྟ་བར་

བྱའོ་ཞེས་བྱ་སྟེ། ཀུན་དུ་རྨོངས་པའི་དངོས་པོ་དེའི་ནང་དུ་དེ་དག་གང་ཡིན་པ་གཅིག་ཏུ་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱས་ན་དུས་ལ་ཀུན་དུ་རྨོངས་པ་ནི་མི་ཤེས་པའི་སྒྲས་བསྟན་ཏོ། །དངོས་པོ་ལ་ཀུན་དུ་རྨོངས་པ་ནི་མི་མཐོང་བའི་སྒྲས་སོ། །འཕོ་བ་ལ་ཀུན་དུ་རྨོངས་པ་ནི་མངོན་པར་མི་རྟོགས་པའི་
སྒྲས་སོ། །མཆོག་ལ་ཀུན་དུ་རྨོངས་པ་ནི་རྨོངས་པའི་སྒྲས་སོ། །དེ་ཁོ་ན་ཉིད་ལ་རྨོངས་པ་ནི་ཀུན་དུ་རྨོངས་པའི་སྒྲས་སོ། །ཀུན་དུ་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་ཀུན་དུ་རྨོངས་པ་དང་མངོན་པའི་ང་རྒྱལ་ཅན་གྱི་ཀུན་དུ་རྨོངས་པ་ནི་མ་རིག་པ་དང་མུན་པའི་རྣམ་པའི་སྒྲ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདིར་རྣམ་གྲངས་གཉིས་
གཅིག་ཏུ་བྱས་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་མཉན་པ་དང་བསམས་པ་དང་ཞེས་རྒྱས་པར་འབྱུང་བ་ནི་མཉན་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ནི་རྣམ་གྲངས་གསུམ་གོ་རིམས་བཞིན་དུ་མི་ཤེས་པ་དང་མི་མཐོང་བ་དང་མངོན་པར་མི་རྟོགས་
པ་ཞེས་བྱ་བ་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དེ་དག་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་ཡིན་པའི་ཕྱིར་གཞན་ཡང་གསུམ་མོ་ཞེས་བྱ་བ་ནི་རྨོངས་པ་དང་། ཀུན་དུ་རྨོངས་པ་དང་། མ་རིག་པ་དང་མུན་པའི་རྣམ་པ་ཞེས་བྱ་བ་ཡིན་ཏེ། ཆུང་ངུ་གང་ཡིན་པ་དེ་ནི་རྨོངས་པའི་སྒྲས་བསྟན་ཏོ། །
འབྲིང་གང་ཡིན་པ་དེ་ནི་ཀུན་དུ་རྨོངས་པའི་སྒྲས་སོ། །ཆེན་པོ་གང་ཡིན་པ་དེ་ནི་མ་རིག་པ་དང་མུན་པའི་རྣམ་པའི་སྒྲས་སོ། །འདི་ལྟར་རྨོངས་པའི་ཚེ་ནི་མ་ངེས་པ་ཅུང་ཟད་ཅིག་མཐོང་ངོ་། །ཀུན་དུ་རྨོངས་པས་ནི་ཕྱིན་ཅི་ལོག་ཏུ་མཐོང་ངོ་། །མུན་པའི་རྣམ་པས་ནི་ཅི་ཡང་མི་མཐོང་སྟེ། མུན་པའི་རྣམ་པ་
བཞིན་དུ་བྱེད་པ་ནི་མུན་པ་བཞིན་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་རབ་ཏུ་དབྱེ་བ་དང་། ངོ་བོ་ཉིད་རབ་ཏུ་དབྱེ་བས་ཀྱང་རྣམ་གྲངས་དྲུག་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་དེ་ལ་མི་མཐུན་པའི་ཕྱོགས་རབ་ཏུ་དབྱེ་བ་ནི་མཉན་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་མི་མཐུན་པའི་
ཕྱོགས་ཡིན་པའི་ཕྱིར་རོ། །ངོ་བོ་ཉིད་རབ་ཏུ་དབྱེ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་སོ། །དང་པོ་བྱེ་བྲག་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལས་ཀྱང་ཞེས་རྒྱས་པར་འབྱུང་བ་ལ། རྣམ་པ་ཐམས་ཅད་དུ་འཇུག་པའི་རྟེན་སྦྱིན་པའི་ལས་ཅན་གྱི་མ་རིག་པ་ཞེས་བྱ་བ་ལ། རྣམ་པ་

ཐམས་ཅད་དུ་ཞེས་བྱ་བ་ནི་རྣམ་པ་ཀུན་དུའོ། །འཇུག་པ་ནི་འོང་བ་དང་འགྲོ་བའི་དངོས་པོའོ། །རྟེན་སྦྱིན་པའི་ལས་ཅན་ནི་རྒྱུའི་དངོས་པོའོ། །ཀུན་དུ་སྦྱིན་པའི་ལས་བྱེད་པ་སྟེ། རྣམ་པ་ཐམས་ཅད་དུ་འཇུག་པའི་རྟེན་སྦྱིན་པའི་ལས་འདི་ལ་ཡོད་པས་དེ་ནི་རྣམ་པ་ཐམས་ཅད་འཇུག་པའི་རྟེན་སྦྱིན་པའི་
ལས་ཅན་གྱི་མ་རིག་པའོ། །རྣམ་པ་ཐམས་ཅད་དུ་ལྡོག་པའི་བར་དུ་གཅོད་པའི་ལས་ཅན་ཞེས་བྱ་བ་ལ། ལྡོག་པ་ནི་འདིར་འཁོར་བ་ལྡོག་པ་ཡིན་པར་རིག་པར་བྱའོ། །ཇི་སྐད་དུ་འཇུག་པའི་གཉེན་པོའི་སྒོ་ནས་སོ་ཞེས་གསུངས་སོ། །བར་དུ་གཅོད་པ་ནི་མི་མཐུན་པ་དང་གགས་བྱེད་པ་ཞེས་བྱ་
བའི་དོན་གང་ཡིན་པའོ། །རྣམ་པ་ཐམས་ཅད་ལྡོག་པ་དག་གི་བར་དུ་གཅོད་པ་ནི་རྣམ་པ་ཐམས་ཅད་དུ་ལྡོག་པའི་བར་དུ་གཅོད་པའོ། །དེའི་ལས་གང་ཡིན་པ་འདི་ལ་ཡོད་པས་རྣམ་པ་ཐམས་ཅད་དུ་ལྡོག་པའི་བར་དུ་གཅོད་པའི་ལས་ཅན་ནོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་
པར་དབྱེ་བ་བསྟན་པ་རྒྱ་ཆེར་བཤད་པ། བམ་པོ་བཞི་པ། བཙུན་པ་གང་ལ་འཇུག་ཅེས་རྒྱས་པར་འབྱུང་བ་ལ། དགེ་སློང་དག་བདག་ཏུ་རྣམ་པར་རྟོག་པས་དུས་ལ་འཇུག་གོ་ཞེས་བྱ་བ་ནི་བདག་གོ་ཞེས་དེའི་སྒོ་ནས་རྣམ་པར་རྟོག་པའོ། །དེ་ཇི་ལྟ་བུ་ཞེ་ན། འདས་པའི་དུས་སུ་བྱུང་བ་ཞིག་གམ་
འོན་ཏེ་མ་བྱུང་བ་ཞིག་ཅེས་རྒྱས་པར་འབྱུང་བ་ཡིན་ནོ། །འདིའི་བཤད་པ་ཡང་འོག་ནས་དེ་ལ་འཆད་པར་བྱེད་པ་བདག་ཇི་ལྟར་རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་བ་བཞིན་ཞེས་རྒྱས་པར་འབྱུང་བའོ། །བཙུན་པ་གང་འཇུག་ཅེ་ན། དགེ་སློང་དག་བདག་ཏུ་འཛིན་པས་ནང་དང་ཕྱིའི་སྐྱེ་མཆེད་ལའོ་
ཞེས་བྱ་བ་ནི་དེ་ལ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ཡང་ནང་ལ་སོགས་པ་ལ་ནི་ཞེས་རྒྱས་པར་འབྱུང་བས་འདིའི་བཤད་པ་དེ་མ་ཐག་ཏུ་བྱེད་པར་འགྱུར་རོ། །བཙུན་པ་ཇི་ལྟར་འཇུག་ཅེ་ན། དགེ་སློང་དག་བདག་ཏུ་རྣམ་པར་རྟོག་པ་དང་། ལོག་པར་ཡོངས་སུ་རྟོག་པས་ལས་དང་རྣམ་པར་སྨིན་པའི་
རྒྱུན་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལས་དང་རྣམ་པར་སྨིན་པ་གཉིས་ཀྱི་རྒྱུན་ནི་ལས་དང་རྣམ་པར་སྨིན་པའི་རྒྱུན་ནོ། །ལས་ལས་རྣམ་པར་སྨིན་པའོ། །ཡང་ལས་སོ། །དེ་ལས་ཡང་རྣམ་པར་སྨིན་པའོ། །ཇི་ལྟར་ལས་དང་རྣམ་པར་སྨིན་པའི་རྒྱུན་འཇུག་ཅེ་ན། བདག་ཏུ་རྣམ་པར་རྟོག་པ་སྟེ་ལས་

ཀྱི་ཚེ་དེའི་བྱེད་པ་པོ་བདག་ཡིན་པར་རྟོག་པར་བྱེད་དོ། །རྣམ་པར་སྨིན་པའི་ཚེ་ནི་མྱོང་བ་པོར་རོ། །ལོག་པར་ཡོངས་སུ་རྟོག་པས་ཞེས་བྱ་བ་ནི་གཞན་གྱི་ལས་ཀྱིས་གཞན་གྱི་རྣམ་པར་སྨིན་པ་ཡིན་པར་རྟོག་པའི་ཕྱིར་འདི་ནི་ལས་རྣམ་པར་སྨིན་པ་མི་ཤེས་པ་ཡིན་ནོ། །བཙུན་
པ་རྣམ་པ་ཐམས་ཅད་དུ་ལྡོག་པ་གང་ཞེ་ན་ཞེས་རྒྱས་པར་འབྱུང་བ་ལ། ལྡོག་པའི་རྟེན་དང་ཞེས་བྱ་བ་ནི་སངས་རྒྱས་མི་ཤེས་པ་དང་། ཆོས་དང་དགེ་འདུན་ལ་ཞེས་གང་སྨྲས་པ་ཡིན་ཏེ། དཀོན་མཆོག་གསུམ་ལ་བརྟེན་ནས་ལོག་པར་འབྱུང་བ་ཡིན་ནོ། །ལྡོག་པའི་དམིགས་པ་དང་ཞེས་བྱ་བ་ནི་སྡུག་
བསྔལ་མི་ཤེས་པ་དང་ཞེས་བྱ་བ་ནས་ལམ་གྱི་བར་ལ་ཡིན་ཏེ། ལྡོག་པའི་གཉེན་པོའི་མཚན་ཉིད་ཀྱི་ཡུལ་ནི་འཕགས་པའི་བདེན་པ་ཡིན་པའི་ཕྱིར་རོ། །ལྡོག་པའི་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ནི་ལྡོག་པའི་ཡིད་ལ་བྱེད་པ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །ལྡོག་པའི་འབྲས་བུ་
འགྲུབ་པས་ཀྱང་ཞེས་བྱ་བ་ནི་རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ཞེས་གང་སྨྲས་པ་ཡིན་ཏེ། ལྡོག་པ་ཉིད་འབྲས་བུ་ཡིན་པས་ལྡོག་པའི་འབྲས་བུའོ། །དེ་འགྲུབ་པ་ནི་ལྡོག་པའི་འབྲས་བུ་འགྲུབ་པ་སྟེ། དེ་སྐྱེ་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ལྟར་བྱས་ན་རྟེན་གང་
གིས་དང་དམིགས་པ་གང་གིས་དང་། ཡིད་ལ་བྱེད་པ་གང་གིས་འཁོར་བ་ལས་ལྡོག་པ་དེ་ནི་ལྡོག་པ་ཡིན་ནོ་ཞེས་བསྟན་ཏོ། །བཙུན་པ་གང་དུ་འཇུག་ཅེས་རྒྱས་པར་འབྱུང་བ་གང་ཡིན་པ་འདིའི་བཤད་པ་ནི་དེ་མ་ཐག་ཏུ་ཕྱིས་བྱེད་པར་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་བཤད་པ་ནི་འདི་ཡིན་ཏེ།
དེ་ལ་ཡང་འཆད་པར་བྱེད་པ་དག་ཇི་ལྟར་རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་བ་བཞིན་དུས་མི་ཤེས་པ་ཡིན་ནོ་ཞེས་བརྗོད་དོ་ཞེས་བྱ་བ་ཡིན་ཏེ་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་ལྟ་བུས་འབྱུང་ཞེ་ན། སྔོན་གྱི་མཐའ་མི་ཤེས་པ་གང་ཞེ་ན། འདས་པའི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་
ཅིང་། ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ་ཞེས་བྱ་བ་ལ་སོགས་པའི་མི་ཤེས་པ་གང་ཡིན་པའོ། །ཕྱི་མའི་མཐའ་མི་ཤེས་པ་གང་ཞེ་ན། མ་འོངས་པའི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་ཅིང་། ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་ཞེས་བྱ་བ་ལ་སོགས་པའི་

མི་ཤེས་པ་གང་ཡིན་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་ཤེས་པ་གང་ཞེ་ན། ནང་ལ་ཚུལ་བཞིན་མ་ཡིན་པར་ཇི་ལྟ་བུ་ཞིག་ཏུ་འདུག་པ་གང་ཡིན། ཕྱིས་གང་ཞིག་འབྱུང་། སེམས་ཅན་འདི་གང་ནས་འོངས། འདི་ནས་ཤི་ནས་གང་དུ་འགྲོ་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་མི་ཤེས་
པ་གང་ཡིན་པའོ། །བཙུན་པ་གང་འཇུག་ཅེ་ན་ཞེས་བྱ་བ་འདིའི་བཤད་པ་ནི་དེ་མ་ཐག་ཏུ་བྱེད་པར་འགྱུར་རོ་ཞེས་འབྱུང་བ་དེ་ལ། ནང་ལ་སོགས་པ་ལ་ནི་ཞེས་རྒྱས་པར་འབྱུང་བ་ནི་འཆད་པར་བྱེད་པ་ཡིན་ནོ། །ནང་དང་ཕྱིའི་སྐྱེ་མཆེད་ཀྱི་དབྱེ་བས་དང་ཞེས་བྱ་བ་ལ་ནང་གི་མིག་ལ་སོགས་པ་མི་
ཤེས་པ་དེ་ནི་ནང་མི་ཤེས་པའོ། །གཟུགས་ལ་སོགས་པའི་ཕྱིའི་སྐྱེ་མཆེད་མི་ཤེས་པ་གང་ཡིན་པ་དེ་ནི་ཕྱི་མི་ཤེས་པའོ། །ནང་གི་སྐྱེ་མཆེད་ཀྱི་གནས་ཀྱི་དབྱེ་བས་སོ་ཞེས་བྱ་བ་དེ་ནི་ནང་དང་ཕྱི་མི་ཤེས་པ་ཡིན་ཏེ། དེའི་གནས་ཀྱང་མིག་ལ་སོགས་པའི་རྟེན་ཡིན་ནོ། །དེ་ཡང་ནང་གི་སྐྱེ་མཆེད་ཀྱིས་མ་
བསྡུས་པའི་ཕྱིར་ཕྱི་ཡིན་ལ་དེ་དང་ཐ་མི་དད་ཅིང་ཟིན་པ་ཡིན་པའི་ཕྱིར་ནང་ཞེས་བྱ་བའོ། །ལྡོག་པའི་ཡིད་ལ་བྱེད་པ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་བརྗོད་པ་ནི་ལྡོག་པའི་ཡིད་ལ་བྱེད་པ་ནི་རྒྱུ་དང་རྒྱུ་ལས་བྱུང་བའི་ཆོས་རྣམས་ལའོ། །རྒྱུ་ལས་བྱུང་བའི་ཆོས་དེ་ལ་ཡང་དགེ་བ་ནི་མ་རིག་
པའི་གཉེན་པོའི་དོན་ཡིན་གྱིས་ཏེ། རེ་ཞིག་པ་དང་གཏན་དུ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བྱེ་བྲག་གིས་ཏེ། མ་སྨད་པ་དང་ཞི་བའི་ཁོངས་སུ་གཏོགས་པའི་ཕྱིར་དང་གནོད་པ་སེལ་བའི་དོན་གྱིས་སོ། །མི་དགེ་བ་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་དོན་གྱིས་སོ་ཞེས་བྱ་བ་ནི་དགེ་བའི་མི་མཐུན་པའི་
ཕྱོགས་ཀྱི་དོན་གྱིས་ཞེས་བྱ་བའི་དོན་གང་ཡིན་པའོ། །དགེ་བ་དེ་དག་ཀྱང་འདི་ལས་ཕྱི་རོལ་པ་རྣམས་ཀྱི་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པ་ནི་འདྲེན་མ་ཡིན་པའི་ཕྱིར་རྣམ་པར་དབྱེ་བ་དང་བཅས་པའོ་ཞེས་བྱ་བ་ལ་ནག་པོ་ནི་དཀར་པོ་
ལས་ཞེས་བྱ་བའི་ཐ་ཚིག་སྟེ། མི་དགེ་བ་ལ་སོགས་པ་ནི་ནག་པོའོ། །ཟག་པ་མེད་པ་ནི་དཀར་པོའོ། །དེ་ལས་གཞན་དགེ་བ་ཟག་པ་དང་བཅས་པ་དེ་དག་ནི་དགེ་བ་ཟག་པ་དང་བཅས་པ་ཉིད་ཀྱིས་ན། འདྲེན་མ་ཡིན་པའི་ཕྱིར་རྣམ་པར་དབྱེ་བ་དང་བཅས་པའོ། །ཐམས་ཅད་ཀྱང་རྟེན་ཅིང་

འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ་ཞེས་བྱ་བ་དེ་དག་ནི་དགེ་བ་དང་མི་དགེ་བ་ལ་སོགས་པ་ཇི་སྐད་དུ་གསུངས་པ་རྣམས་ཡིན་ནོ། །དེ་ཉིད་ལས་ཀྱང་ཞེས་བྱ་བ་ནི་དང་པོའི་བྱེ་བྲག་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལས་སོ། །དགེ་སློང་
དག་དབང་པོ་ལྔ་ཞེས་བྱ་བ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་སོ། །དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ཀྱི་ནང་ནས་འདི་ནི་བླང་བར་བྱ་བ་ཞེས་བྱ་བ་ནི་བསྟན་པར་བྱ་བ་སྟེ།
དེའི་མི་མཐུན་པའི་ཕྱོགས་ཟིལ་གྱིས་མནོན་པའི་ཕྱིར་རོ། །འདི་ནི་བསྟེན་པར་བྱ་བ་སྟེ་ཞེས་བྱ་བ་ནི་ཡོད་པར་བྱ་བ་ཡིན་ཏེ། འདི་ལྟ་སྟེ་ཤེས་རབ་ཀྱི་དབང་པོའོ། །དེའི་མི་མཐུན་པའི་ཕྱོགས་ནི་མ་རིག་པ་ཡིན་ཏེ་ཞེས་བྱ་བ་ནི་མ་རིག་པ་ནི་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་ཡིན་པས་རྩ་བའི་མ་རིག་པ་
ཉིད་ཡིན་པར་བསྟན་ཏོ། །བཙུན་པ་ཇི་ལྟར་རྒྱ་ཆེན་པོའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་མ་རིག་པ་ལགས་ཞེས་རྒྱས་པར་འབྱུང་བ་དེ་ལ་ཐོས་པ་ལས་བྱུང་བའི་ཤེས་པ་གང་ཡིན་པའི་མི་མཐུན་པའི་ཕྱོགས་མ་རིག་པ་དེ་ནི་མི་ཤེས་པའི་སྒྲས་བསྟན་ཏོ། །བསམས་པ་ལས་བྱུང་བའི་གང་ཡིན་པ་དེ་ནི་མི་མཐོང་
བའི་སྒྲས་སོ། །བསྒོམས་པ་ལས་བྱུང་བའི་གང་ཡིན་པ་དེ་ནི། མངོན་པར་མི་རྟོགས་པའི་སྒྲས་སོ། །བཙུན་པ་མ་རིག་པ་དང་རྗེས་སུ་འབྲེལ་པའི་བྱེ་བྲག་གང་ལགས་ཞེས་རྒྱས་པར་འབྱུང་བས་ནི་མ་རིག་པ་དང་རྗེས་སུ་འབྲེལ་པའི་བྱེ་བྲག་ཁོ་ན་སྟོན་ཏོ། །དེ་ནི་དུམ་བུར་མ་བྱས་པ།
གསོང་ལྡོར་དུ་མ་བྱས་པ། བག་ལ་ཉལ་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ནི་མི་ཤེས་པ་དེ་ཡིན་ཏེ། དེ་ལ་དུམ་བུར་མ་བྱས་པ་ནི་མཐོང་བའི་ལམ་གྱིས་བཤིག་པ་མ་ཡིན་པའི་ཕྱིར་རོ། །གསོང་ལྡོར་དུ་མ་བྱས་པ་ནི་བསྒོམ་པའི་ལམ་གྱིས་མ་བཅོམ་པའི་ཕྱིར་རོ། བག་ལ་ཉལ་
རྗེས་སུ་འབྲེལ་པ་ནི་ས་བོན་དང་རྗེས་སུ་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཡང་བདེ་འགྲོ་དང་ངན་འགྲོའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བདེ་འགྲོའི་རྒྱུ་དང་འབྲས་བུ་རྣམ་པར་དབྱེ་བ་མི་ཤེས་པ་དང་། ངན་འགྲོའི་རྒྱུ་དང་འབྲས་བུ་རྣམ་པར་དབྱེ་བ་མི་ཤེས་པ་གང་ཡིན་པ།

དེ་ཡང་ཤིན་ཏུ་ཆུང་བ་ནི་གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱི་སྟེ། རྨོངས་པའི་སྒྲས་བསྟན་ཏོ། །བར་མ་ནི་གཟུགས་ན་སྤྱོད་པ་རྣམས་ཀྱི་སྟེ། ཀུན་དུ་རྨོངས་པའི་སྒྲས་སོ། །ཆེན་པོ་ནི་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱི་སྟེ། མ་རིག་པ་དང་མུན་པའི་རྣམ་པའི་སྒྲས་བསྟན་
ཏོ། །དེ་དག་ནི་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་དང་ཁམས་ཀྱི་རབ་ཏུ་དབྱེ་བས་ཀྱང་རྣམ་གྲངས་དྲུག་ཡིན་ནོ། །མ་རིག་པའི་དོན་བསྡུས་པ་ཡང་། འདིར་རྣམ་པ་བཅུར་རྣམ་པར་གཞག་པར་བསྟན་ཏེ། རང་གི་རིགས་རྐྱེན་དུ་གཞག་པ་ནི་ཇི་སྐད་དུ་རང་གི་རིགས་ཀྱི་རྐྱེན་ལས་མ་རིག་པ་ཡིན་
ནོ་ཞེས་བསྟན་པ་ཡིན་ནོ། །གཞན་རིགས་རྐྱེན་དུ་རྣམ་པར་གཞག་པ་ནི་ཇི་སྐད་དུ་རང་གི་རིགས་གཅིག་ལས་གཅིག་འབྱུང་བས་ན་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལ་སོགས་པས་ལྷག་པར་རྒྱས་པར་འབྱུང་བར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །འདུ་བྱེད་ཀྱི་རྐྱེན་དུ་རྣམ་པར་གཞག་པ་ནི་ཇི་སྐད་
དུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བསྟན་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་རྣམ་པར་གཞག་པ་ནི་ཇི་སྐད་དུ་རིག་པའི་མི་མཐུན་པའི་ཕྱོགས་ཆོས་གཞན་མ་རིག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ་སྔོན་གྱི་མཐའ་མི་ཤེས་པ་ནས་རེག་པའི་
སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །རྣམ་གྲངས་རྣམ་པར་གཞག་པ་ཇི་སྐད་དུ་མི་ཤེས་པ་དང་མི་མཐོང་བ་དང་། མངོན་པར་མི་རྟོགས་པ་དང་། རྨོངས་པ་དང་ཀུན་དུ་རྨོངས་པ་དང་། མ་རིག་པ་དང་མུན་པའི་རྣམ་པ་ཞེས་བྱ་བར་བསྟན་པ་
ཡིན་ནོ། །རྣམ་པ་རྣམ་པར་གཞག་པ་ནི་དེ་ཡང་རྣམ་པ་གཉིས་ཏེ། མི་མཐོང་བར་བྱེད་པའི་རྣམ་པ་རྣམ་པར་གཞག་པ་ནི་མུན་པའི་རྣམ་གྲངས་ཀྱིས་བསྟན་ཏོ། །ཕྱིན་ཅི་ལོག་གི་རྣམ་པ་རྣམ་པར་གཞག་པ་ནི་ཡིད་གཉིས་དང་། བློ་མེད་པ་དང་། བློ་ངན་པའི་ཉོན་མོངས་པ་དང་། མཚུངས་པར་ལྡན་
པ་ཡིན་པར་རྣམ་གྲངས་གསུམ་གྱིས་བསྟན་ཏོ། །མི་མཐུན་པའི་ཕྱོགས་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ་མཉན་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་རྣམ་གྲངས་གསུམ་སྟེ། མི་ཤེས་པ་དང་། མི་མཐོང་བ་དང་། །མངོན་པར་

མ་རྟོགས་པ་ཞེས་བསྟན་པ་ཡིན་ནོ། །ངོ་བོ་ཉིད་རྣམ་པར་གཞག་པ་ནི་ཇི་སྐད་དུ་དེ་དག་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་རབ་ཏུ་དབྱེ་བ་གཞན་གསུམ་ཡིན་ཏེ། འདི་ལྟ་སྟེ་རྨོངས་པ་དང་། མ་རིག་པ་དང་། མུན་པའི་རྣམ་པ་ཞེས་བྱ་
བ་བསྟན་པ་ཡིན་ནོ། །བྱེད་པར་རྣམ་པར་གཞག་པ་ནི་ཇི་སྐད་དུ་སྔོན་གྱི་མཐའ་ལ་སོགས་པ་མི་ཤེས་པ་ནི་བདག་ཏུ་འཛིན་པ་དང་རྗེས་སུ་མཐུན་པ་དང་། དེ་ལས་གྲོལ་བའི་བགེགས་བྱེད་པ་ཉིད་ཀྱིས་ན་གཏན་ཚིགས་གཉིས་ཀྱིས་རིག་པར་བྱ་སྟེ། ཇི་སྐད་དུ་རྣམ་པ་ཐམས་ཅད་དུ་འཇུག་པའི་
རྟེན་སྦྱིན་པའི་ལས་ཅན་གྱི་མ་རིག་པ་དང་། རྣམ་པ་ཐམས་ཅད་དུ་ལྡོག་པའི་བར་དུ་གཅོད་པའི་ལས་ཅན་ཞེས་བསྟན་པ་ཡིན་ནོ། །མ་རིག་པའི་རྣམ་པར་དབྱེ་བ་རྫོགས་སོ།། །།མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བའི་འདུ་བྱེད་གང་ཞེ་ན་ཞེས་བྱ་བའི་འདུ་བྱེད་ཀྱི་སྒྲ་འདི་ཡང་འདུས་བྱས་
ཐམས་ཅད་ལ་ཡང་མཐོང་སྟེ། འདུ་བྱེད་ཐམས་ཅད་མི་རྟག་ཅེས་བྱའོ། །དེའི་ཕྱོགས་གཅིག་ལ་ཡང་མཐོང་སྟེ། འདུ་བྱེད་ཀྱི་ཕུང་པོ་ཇི་ལྟ་བ་བཞིན་ནོ། །སེམས་པ་ལ་ཡང་མཐོང་སྟེ། འདུ་བྱེད་ཀྱི་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། སེམས་པའི་ཚོག་དྲུག་གོ་ཞེས་བྱ་བའོ། །གཟུགས་ཀྱི་ཕུང་
པོའི་ཕྱོགས་གཅིག་ལ་ཡང་མཐོང་སྟེ། ཇི་ལྟར་དབུགས་རྒྱུ་བ་དང་། རྔུབ་པ་གཉིས་སོ། །རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་གཉིས་ལ་ཡང་མཐོང་ངོ་། །འདུ་ཤེས་དང་སེམས་པ་ལ་ཡང་མཐོང་སྟེ། འདུ་ཤེས་དང་སེམས་པ་འདུ་བྱེད་ཅེས་བྱ་བ་ཡིན་ནོ། །སྲོག་གི་དབང་པོ་ལ་ཡང་
མཐོང་སྟེ། ཚེའི་འདུ་བྱེད་སྲོག་གི་འདུ་བྱེད་ཅེས་བྱ་བ་ཡིན་ནོ། །དེའི་ཕྱིར་དམིགས་མི་ཕྱེད་ན་འདིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་གང་ཞེ་ན། དེ་བས་ན་དམིགས་ཀྱིས་དབྱེ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས། འདུ་བྱེད་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་
བྱེད་དང་། ཡིད་ཀྱི་འདུ་བྱེད་དོ་ཞེས་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་ནི་ལུས་ལ་སོགས་པའི་དབྱེ་བས་རབ་ཏུ་དབྱེ་བ་བསྟན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ལུས་ལ་སོགས་པའི་དབྱེ་བས་ཞེས་བྱའི། ལུས་དང་ངག་དང་ཡིད་ཀྱི་དབྱེ་བས་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་

མ་ཡིན་པར་བསྟན་ཏོ་ཞེས་བྱ་བ་ཅི་དེ་རྣམས་འདུ་བྱེད་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པ་ལས་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱས་པ་ཡིན་པའི་ཕྱིར་ཡིན་ནམ། ཅི་ལུས་དང་ངག་དང་ཡིད་འབའ་ཞིག་འདུ་བྱས་པའི་དོན་གྱིས་ཡིན། གཉི་ག་སེམས་པའི་ངོ་བོ་ཡིན་ལ། ཡང་སྲིད་པ་མངོན་པར་
འདུ་བྱེད་པའི་དོན་གྱིས་ཡིན། འོན་ཏེ་དབུགས་ཕྱི་ནང་དུ་རྒྱུ་བ་དང་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། འདུ་ཤེས་དང་། སེམས་ཀྱི་ངོ་བོ་རྣམས་ལུས་དང་། ངག་དང་། ཡིད་ཀྱི་འདུས་བྱས་པའི་དོན་གྱིས་ཡིན། འོན་ཏེ་སྲ