Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 115

Văn bản gốc(Tây Tạng)

Trang 5 / 19 (50.000 ký tự/trang)
ུ་རྣམ་པར་གཞག་པ་ནི་སངས་རྒྱས་ཡིན་པར་སེམས་དབང་བསྒྱུར་བའི་དགོངས་པ་དང་། སེམས་ཅན་རྣམས་ཀྱི་དེའི་སྒོ་ནས་ཇི་ལྟར་སངས་རྒྱས་ལ་གུས་པ་ཀུན་དུ་འབྱུང་བར་འགྱུར་བ་སྙམ་དུ་དགོངས་པ་ཡིན་པས་
འདི་ལ་ཉེས་པ་མེད་པ་བཞིན་ནོ། །མ་རིག་པ་གཉིས་པ་སྨྲ་བ་ཡང་ཤེས་བྱ་གང་ཡིད་ལ་བྱེད་པ་ན་ཤེས་པ་མི་སྐྱེ་བ་དེར་ནི་དེའི་མི་མཐུན་པའི་ཕྱོགས་མི་ཤེས་པ་ཀུན་དུ་འབྱུང་བ་ཡིན་པར་རྣམ་པར་གཞག་སྟེ། རང་གི་ཕྲ་རྒྱས་འཇུག་པ་ཐོབ་པའི་ཕྱིར་རོ། །དུས་ཀུན་དུ་ཡང་མ་ཡིན་
ཡུལ་ཐམས་ཅད་དུ་ཡང་མ་ཡིན་ནོ། །ཉོན་མོངས་པ་གང་དང་མཚུངས་པར་ལྡན་པ་དེ་ཉིད་དང་ལྷན་ཅིག་སྐྱེ་ཞིང་འགག་གོ། །དེ་ལྟར་ནི་ཉེས་པ་མེད་པའི་ཕྱིར་རོ། །དེ་བས་ན་མ་རིག་པ་ནི་རིག་པའི་མི་མཐུན་པའི་ཕྱོགས་ཆོས་གཞན་ཞིག་ཡིན་པར་འགྲུབ་པ་འདི་ཡིན་ནོ། །རྣམ་པར་
ཤེས་པ་ལྷག་མ་ནི་ད་དུང་མ་བྲིས་སོ། །འདི་ནི་མྱ་ངན་འདས་པའི་གྲོང་གི་ལམ་གཅིག་པའོ། །དེ་བཞིན་གཤེགས་པའི་གསུང་གི་ཉི་མའི་ཟེར་གསལ་བ། །འཕགས་པ་སྟོང་སྙེད་རྣམས་ཀྱིས་བགྲོད་པ་བདག་མེད་ཉིད། མིག་རྟུལ་རྣམས་ཀྱིས་རྣམ་པར་མ་བཀྲོལ་བའང་བལྟས། །དེ་དོན་ཡུལ་ལས་བྱུང་བའི་
བདག་ལ་གང་ཡོད་པ། །དེ་ནིའང་དེ་ཡི་དགེ་བར་དེ་དག་འགྲུབ་པར་ཤོག། །ཐུབ་པས་རབ་མཛད་རྣམས་ལ་རྟག་ཏུ་འཇུག་པ་དང་། །དེ་ཡང་གྲུབ་པར་བྱ་ཕྱིར་གང་འདིར་བདག་གིས་བཟུང་། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་འབྱེད་པའི་མདོ་སྡེ་རྣམ་པར་འགྲེལ་པ་
སློབ་དཔོན་བ་སུ་བན་དྷུས་མཛད་པ་རྫོགས་སོ།། །།ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷཱ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མཏྤཱ་ད་ཨཱ་དི་བི་བྷངྒ་ནིར་དེ་ཤ་སྱ་ཊཱི་ཀཱ །བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
གང་ལ་བློ་མངའ་རྟོགས་པར་བྱ་བ་མ་རྟོགས་མེད། །གང་ལ་དག་མངའ་ཕྱི་ནས་རྣམ་པར་སྦྱང་བྱ་མེད། །དེ་ནི་འཇིག་རྟེན་མགོན་ཏེ་འཇིག་རྟེན་མཐར་འབྱིན་པ། །སྐྱེ་དགུ་རྣམས་ཀྱི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་ཀྱང་དེ་དག་ཉིད་ཀྱིས་ཇི་བཞིན་བསྟན་པ་ནི། །ཞི་བའི་གནས་དང་ལམ་
དང་ལམ་གྱི་ཆེད་དུ་བྱས། །གང་ཞིག་རབ་ཏུ་རྟོགས་པས་ས་གསུམ་འདི་དག་ཏུ། །འཁོར་ལོ་བཞིན་དུ་འགྲོ་བ་འདི་དག་འཁོར་བ་མེད། །ཆོས་དེ་དག་ལ་གནས་པའི་འཕགས་པའི་དགེ་འདུན་ནི། །ཆགས་དང་ཚོགས་དག་ལས་ནི་ཤིན་ཏུ་འདས་གྱུར་ནས། །ཡན་ལག་བཅུ་དང་ཡན་ལག་བརྒྱད་དང་དབྱེ་
བ་བརྒྱད། །ལམ་གྱི་འབྲས་བུ་འབྲས་བུས་ཀྱང་ནི་དེ་དག་རྣམས། །འདི་དག་གི་འགྲེལ་པ་ནི་མདོའི་དོན་བཤད་པ་རྩོམ་པའི་ཚེ་ཕྱིས་བཤད་པར་བྱའོ། །དཀོན་མཆོག་གསུམ་ལ་མཆོད་པར་བརྗོད་པ་ནི་བསྟོད་པ་དང་ཕྱག་འཚལ་བ་ཡིན་ནོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སྟོན་པ་པོ་དང་བསྟན་པ་དང་སློབ་མའི་
ཡོན་ཏན་ཕུན་སུམ་ཚོགས་པ་བརྗོད་པས། མདོ་སྡེ་འདི་ལ་གུས་པའི་ཁྱད་པར་བསྐྱེད་པའི་ཕྱིར་དང་། ཁ་ཅིག་དག་ལ་དེ་བསྟན་པ་བྱས་པ་དང་། དེ་ལ་ཞུགས་པ་དང་དེ་ལ་བརྟེན་པའི་ཕྱིར་ཏེ། འདིར་ཚིགས་སུ་བཅད་པས་དཀོན་མཆོག་གསུམ་ལ་མཆོད་པ་བརྗོད་པའི་སྒོ་ནས་གླེང་བསླང་བ་ཡིན་ནོ་ཞེས་འབྲེལ་པ་བསྟན་ཏོ། །
མཆོད་པ་བརྗོད་པ་ཡང་མདོ་སྡེ་འདི་ལ་གུས་པའི་ཁྱད་པར་བསྐྱེད་པའི་ཕྱིར་དང་། ཁ་ཅིག་དག་ལ་ཞེས་སྨོས་པ་ཡིན་པའི་ཕྱིར་དགོས་པ་དང་བཅས་པ་ཡིན་པར་བསྟན་ཏོ། །གུས་པའི་ཁྱད་པར་བསྐྱེད་པ་ཡང་གུས་པས་མཉན་པར་བྱ་བའི་ཕྱིར་རོ། །གུས་པས་མཉན་པ་ཡང་ཕྱིན་ཅི་མ་ལོག་པར་གཟུང་བའི་ཕྱིར་རོ། །
ཕྱིན་ཅི་མ་ལོག་པར་དོན་བཟུང་བ་ཡང་མཉན་པ་དང་། བསམ་པ་དང་། བསྒོམ་པའི་རིམ་པ་དང་། མཐོང་བ་དང་བསྒོམ་པའི་རིམ་གྱིས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བའི་ཕྱིར་རོ། །ཁ་ཅིག་དག་ལ་ཞེས་སྨོས་པ་ནི་སྐྱོབ་པ་རབ་ཏུ་གྲུབ་པའི་གང་ཟག་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ། །དེ་བསྟན་

པ་བྱས་པའི་ཕྱིར་ཞེས་བྱ་བ་ནི་དེ་བསྟན་པ་བྱས་པ་ཉེ་བར་ལེན་པ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། བསྟན་པ་བྱས་པ་ནི་བསྟན་ཟིན་པ་དང་དོན་མཐུན་པའི་ཕྱིར་རོ། །དེ་ལ་ཞུགས་པའི་ཕྱིར་ཞེས་བྱ་བ་ནི་མདོ་སྡེ་འདི་ལ་བསྟན་ཅིང་བསླབས་པའི་ནང་དུ་ཆུད་པའི་ཕྱིར་རོ། །དེ་ལ་བརྟེན་པའི་ཕྱིར་ཞེས་
བྱ་བ་ནི་སློབ་མ་བསྟེན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། བསྟན་པ་ནི་གོམས་པར་བྱེད་པའི་དོན་ཡིན་པའི་ཕྱིར་རོ། །འདི་ལྟར་སངས་རྒྱས་ཀྱི་སློབ་མ་རྣམས་མྱ་ངན་ལས་འདས་པའི་འབྲས་བུ་དོན་དུ་གཉེར་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་བསྟན་པ་ནི་མཉན་པ་དང་། བསམ་པ་དང་། བསྒོམ་པའི་
ཚུལ་གྱིས་བསྟན་པ་ཡིན་ནོ། །དེ་ལ་སངས་རྒྱས་ལ་བསྟོད་པས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བསྟན་ཏེ། གང་ལ་བློ་མངའ་རྟོགས་པར་བྱ་བ་མ་རྟོགས་མེད། །ཅེས་བྱ་བའི་ཚིག་གིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏེ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བའི་ཡེ་ཤེས་ཡིན་
པའི་ཕྱིར་རོ། །གང་ལ་དག་མངའ་ཕྱི་ནས་རྣམ་པར་སྦྱང་བྱ་མེད། །ཅེས་བྱ་བའི་ཚིག་གིས་ནི་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། བག་ལ་ཉལ་དང་ཉོན་མོངས་པའི་ཕྲ་རྒྱས་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ནི་འཇིག་རྟེན་མགོན་ཏེ་ཞེས་བྱ་བ་འདིས་ནི་ཐུགས་རྗེ་ཕུན་སུམ་ཚོགས་པ་ཡིན་ཏེ། །འཇིག་
རྟེན་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་མཛད་པའི་ཕྱིར་ཏེ། ཐུགས་རྗེ་ཅན་ནི་འཇིག་རྟེན་པའི་མགོན་དུ་གྱུར་པ་ཡིན་ནོ། །འཇིག་རྟེན་མཐར་འབྱིན་པ་ཞེས་བྱ་བའི་ཚིག་འདིས་ནི་མི་ཟད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། འཇིག་རྟེན་གྱི་མཐའ་གཏུགས་པར་བཞུགས་པའི་ཕྱིར་རོ། །
འཇིག་རྟེན་མཐར་ཕྱིན་པ་ཞེས་བྱ་བའི་སྒྲས་འདིར་འཇིག་རྟེན་གྱི་མཐའ་གཏུགས་པར་བསྟན་པ་ཡིན་གྱི་འཇིག་རྟེན་གྱི་མཆོག་ལ་བྱ་བ་མ་ཡིན་ཏེ། གང་གིས་འཇིག་རྟེན་མཐར་འབྱིན་པ་དེ་འཇིག་རྟེན་མཐར་འབྱིན་པ་ཞེས་བྱ་སྟེ། མཐའི་སྒྲ་ནི་འདིར་གཞི་ལ་སྒྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མི་དགེ་བ་དང་སྡིག་པ་
མེད་པ་ཡིན་ནོ། །གཞན་དུ་ན་ནི་འཇིག་རྟེན་མཐར་ཕྱིན་པ་ཞེས་བཤད་པར་འགྱུར་རོ། །སྐྱེ་དགུ་རྣམས་ཀྱི་གཙོ་ཞེས་བྱ་བའི་ཚིག་འདིས་ནི་མཚུངས་པ་མེད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་པས་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཇི་སྐད་དུ། ཡོན་ཏན་ཕུན་སུམ་ཚོགས་པ་དང་སྐྱེས་

བུ་ཆེན་པོའི་དངོས་པོ་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། མ་བསྟན་པ་མཁྱེན་པ་དང་། འབད་པ་མེད་པར་མཁྱེན་པའོ། །དེ་ལ་ཐམས་ཅད་མཁྱེན་པ་ནི་ཤེས་བྱ་མཐའ་ཡས་
པའི་རང་གི་མཚན་ཉིད་རྟོགས་པའི་དོན་གྱིས་རིག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ་དང་འགྲོ་བ་དང་མཚུངས་པར་ལྡན་པ་དང་། མཚུངས་པར་ལྡན་པ་མ་ཡིན་པ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་
པ་དང་། ལམ་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དང་། ཐོགས་པ་དང་བཅས་པ་ལ་སོགས་པའི་རྣམ་པ་ཐུགས་སུ་ཆུད་པའི་དོན་གྱིས་ཡིན་ནོ། །མ་བསྟན་པར་མཁྱེན་པ་ནི་རང་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་གྱིས་ཡིན་ནོ། །འབད་པ་མེད་པར་མཁྱེན་པ་ནི་རྩོལ་
བ་མི་མངའ་བ་ཉིད་ཀྱི་ཕྱིར་ཏེ། བཞེད་པ་ཙམ་ལ་རག་ལུས་པའི་ཕྱིར་རོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་མ་ཡིན། རྣམ་པ་ཐམས་ཅད་ཤེས་པ་མ་
ཡིན། འབད་པ་མེད་པར་ཤེས་པ་མ་ཡིན་ནོ། །མ་བསྟན་པར་མཁྱེན་པ་ཕུན་སུམ་ཚོགས་པ་ནི་ཉན་ཐོས་ཁོ་ན་དང་ཐུན་མོང་མ་ཡིན་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟར་བྱས་ན་ཉན་ཐོས་ནི་ཐམས་ཅད་ཤེས་པ་མ་ཡིན། རྣམ་པ་ཐམས་ཅད་ཤེས་པ་མ་ཡིན་འབད་པ་མེད་པ་མ་ཡིན། མ་བསྟན་པར་མ་ཡིན་ནོ། །
རང་སངས་རྒྱས་ནི་ཐམས་ཅད་ཤེས་པ་མ་ཡིན། རྣམ་པ་ཐམས་ཅད་ཤེས་པ་མ་ཡིན། འབད་པ་མེད་པར་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཡིན། རྣམ་པ་ཐམས་ཅད་དང་། མ་བསྟན་པ་དང་། འབད་པ་མེད་པར་ཡང་མཁྱེན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐོགས་པ་མེད་
པའི་དོན་གྱིས་ཡེ་ཤེས་སྟོབས་ཅན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་ནོ་ཞེས་བཤད་དོ། །དེ་ཡང་དམིགས་པའི་བྱེ་བྲག་གིས་ནི་སྟོབས་བཅུ་ཡིན་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་

ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་།
འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་འཇིགས་པ་མི་མངའ་བའི་དོན་གྱིས་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ཡིན་ཏེ། སྟོབས་རྣམ་པར་སྤྲོས་པ་ནི་མདོ་སྡེའི་རྒྱུད་ལས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །སྤངས་པ་ཕུན་
སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ལ་ཉལ་དང་བཅས་ཏེ་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པ་ནི་མཐོང་བ་དང་བསྒོམ་པས་སྤང་
བར་བྱ་བའི་ཉོན་མོངས་པ་སྤངས་པར་རིག་པར་བྱའོ། །གཏན་དུ་སྤངས་པ་ནི་ཡོངས་སུ་མི་ཉམས་པ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དེ་ནི་གང་འཕགས་པའི་ཤེས་རབ་ཀྱིས་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་གསུངས་སོ། །འདི་ཉིད་ཚིག་གི་རྒྱན་གྱི་སྒོ་ནས་གནས་བརྟན་རྟ་དབྱངས་ཀྱིས་ཀྱང་།
ས་ནི་བསྲེགས་ནའང་དེ་ནས་ཡང་ཡང་སྐྱེ། །ཤིང་ནི་བཅད་ན་ཡང་ལོ་མ་སྐྱེ་བར་འགྱུར། །ཆུ་ནི་སྐམས་ནའང་ཀླུང་ནི་འབབ་འགྱུར་གྱི། །ཤེས་རབ་མཚོན་གྱིས་ཁྱོད་སྐྱོན་བཅད་འབྱུང་མེད། །ཅེས་སྨྲས་སོ། །བག་ཆགས་དང་བཅས་ཏེ་སྤངས་པ་ནི་ཉོན་མོངས་པའི་བྱ་བ་བྱེད་པ་རྗེས་སུ་འཇུག་པའི་འདུ་བྱེད་སྤངས་པའི་
ཕྱིར་རོ། །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་ནི་ཡོན་ཏན་ཁྱད་པར་ཅན་མ་ལུས་པ་མངོན་པར་བསྒྲུབ་པའི་གེགས་སུ་གྱུར་པ་སྟེ། ཉེ་བའི་ཉོན་མོངས་པ་དང་མི་ཤེས་པ་སྤངས་པའི་ཕྱིར་རོ། །འདིར་མུ་བཞིར་འགྱུར་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ལ་གཏན་དུ་སྤངས་པ་མ་ཡིན་པ་ཡང་
ཡོད་དེ། །དཔེར་ན་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ལྟ་བུའོ། །གཏན་དུ་སྤངས་པ་ཡིན་ལ་ཉོན་མོངས་པ་ཐམས་ཅད་སྤངས་པ་མ་ཡིན་པ་ཡང་ཡོད་དེ། དཔེར་ན་ཐོག་མའི་འབྲས་བུས་བསྡུས་པའི་སྤངས་པ་ལྟ་བུའོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་གཏན་དུ་སྤངས་པ་ཡིན་པ་ཡང་ཡོད་དེ།

དཔེར་ན་མི་འཁྲུགས་པའི་ཆོས་ཅན་གྱི་ལྟ་བུའོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་མ་ཡིན་གཏན་དུ་སྤངས་པ་མ་ཡིན་པ་ཡང་ཡོད་དེ། དཔེར་ན་འཇིག་རྟེན་པའི་སྤངས་པ་ལྟ་བུའོ། །རེ་ཞིག་གང་ཉོན་མོངས་པ་ཐམས་ཅད་སྤངས་པ་ཡིན་ལ་བག་ཆགས་དང་བཅས་ཏེ་སྤངས་པ་མ་ཡིན་པ་ཡང་ཡོད་དེ། དཔེར་
ན་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ལྟ་བུའོ། །དེ་བཞིན་དུ་གང་བག་ཆགས་དང་བཅས་ཏེ་སྤངས་པ་དང་། གཏན་དུ་སྤངས་པ་ཡང་དེ་ཡིན་ཏེ། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་བུའོ། །གཏན་དུ་སྤངས་པ་ཡིན་ལ། བག་ཆགས་དང་བཅས་ཏེ་སྤངས་པ་མ་ཡིན་པ་ནི་དཔེར་ན་མི་འཁྲུགས་
པའི་ཆོས་ཅན་དང་། རང་སངས་རྒྱས་ཀྱི་ལྟ་བུའོ། །གང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ཆགས་དང་བཅས་ཏེ་སྤངས་པ་ཡང་དེ་ཡིན་པ་ནི། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་
བུའོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་མ་ལུས་པར་ཡོད་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མ་ཐོབ་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་སྤངས་ལ་གཏན་དུ་སྤངས་པ་ཡིན་ཡང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་
སྒྲིབ་པ་ཐམས་ཅད་སྤངས་པ་མ་ཡིན་པ་ཡང་ཡོད་དེ། དཔེར་ན་མི་འཁྲུགས་པའི་ཆོས་ཅན་དང་། རང་སངས་རྒྱས་ཀྱི་ལྟ་བུའོ། །གང་བག་ཆགས་དང་བཅས་ཏེ་སྤངས་ལ་སྙོམས་པར་འཇུག་པའི་སྒྲིབ་པ་སྤངས་པ་ཡང་དེ་ཡིན་པ་ནི་སངས་རྒྱས་ཁོ་ན་ཡིན་ཏེ་དེ་ལ་མངའ་བའི་ཕྱིར་རོ། །སྤངས་པ་རྣམས་བསྡོམས་
ནས་དེ་སྐད་སྨྲས་པ་ཡིན་གྱི། ཉོན་མོངས་པ་ཐམས་ཅད་སྤངས་པ་ཡང་གཞན་ཡིན་ལ། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་ཡང་གཞན་ཡིན་ནོ། །དེ་ལྟར་བྱས་ན་ཉན་ཐོས་དང་རང་སངས་རྒྱས་གཉིས་ལ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པ་ཡང་ཡོད་གཏན་དུ་སྤངས་པ་ཡང་ཡོད་
མོད་ཀྱི། བག་ཆགས་དང་བཅས་ཏེ་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་བག་ཆགས་དང་བཅས་ཏེ་སྤངས་པ་དང་སྙོམས་པར་འཇུག་པའི་

སྒྲིབ་པ་ཐམས་ཅད་སྤངས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །ཐུགས་རྗེ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། དགོངས་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་། དགོངས་པའི་རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པ་དང་། སྦྱོར་
བའི་རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པའོ། །དེ་ལ་དགོངས་པ་ཕུན་སུམ་ཚོགས་པ་ནི། རྟག་ཏུ་ཐུགས་རྗེ་དང་། དགེ་བར་དགོངས་པའི་ཕྱིར་རོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་གཞན་གྱི་དོན་དུ་མཆོག་ལ་བརྩོན་པ་དང་། དགེ་བ་ཉིད་ཡིན་པའི་ཕྱིར་རོ། །དགོངས་པའི་རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པ་ནི་
ཕན་པར་དགོངས་པ་དང་། སྐལ་བ་དང་ལྡན་པའི་དུས་སུ་འོང་བའི་ཕྱིར་རོ། །སྦྱོར་བའི་རབ་ཏུ་དབྱེ་བ་ཕུན་སུམ་ཚོགས་པ་ནི་ངན་སོང་གསུམ་ལས་འབྱིན་པའི་སྦྱོར་བ་ཕུན་སུམ་ཚོགས་པ་དང་བདེ་འགྲོ་དང་ཐེག་པ་གསུམ་ལ་རབ་ཏུ་འགོད་པའི་སྦྱོར་བ་ཕུན་སུམ་ཚོགས་པའོ། །དེ་ཡང་ཉན་ཐོས་དང་རང་སངས་
རྒྱས་དང་ཐུན་མོང་མ་ཡིན་པ་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་ཉིད་ཡིན་པར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དང་ལྡན་པའི་ཕྱིར་ཐུགས་རྗེ་ཕུན་སུམ་ཚོགས་པ་ཞེས་བྱའོ། །མི་ཟད་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞིའོ། །ཇི་ལྟ་ཞེ་ན་ཟད་པ་ནི་རྣམ་པ་བཞི་སྟེ། མ་རྫོགས་པར་ཟད་
པ་དང་། རྫོགས་ཏེ་ཟད་པ་དང་། དུས་ལ་མ་བབ་པར་དུས་ཟད་པ་དང་། རང་གི་མཚན་ཉིད་ཟད་པའོ། །ཇི་སྐད་དུ་རྒ་ཤིའི་ཡན་ལག་རྣམ་པར་མ་ཕྱེ་བར་ཉམས་པ་དང་། ཚེ་ཉམས་པ་དང་དྲོད་ཉམས་པ་དང་། སྲོག་གི་དབང་པོ་འགགས་པ་དང་། འཆི་བ་དང་དུས་བྱེད་པ་དང་ཞིགས་པ་དང་། ནང་
དུ་ཉམས་པའོ། །དེ་དག་ལས་བཟློག་པ་ནི་མི་ཟད་པ་རྣམ་པ་བཞིར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དང་ལྡན་པའི་ཕྱིར་མི་ཟད་པ་ཉིད་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་མི་ཟད་པ་ཕུན་སུམ་ཚོགས་པར་འདོད་མོད་ཀྱི། དེ་ནི་དེ་བཞིན་གཤེགས་
པའི་མན་ངག་སྔོན་དུ་སོང་བའི་ཕྱིར་དེ་བཞིན་གཤེགས་པའི་མི་ཟད་པ་ཉིད་ཡིན་པར་རྣམ་པར་གཞག་སྟེ། འཁོར་ལོས་སྒྱུར་བའི་འཁོར་ཕུན་སུམ་ཚོགས་པ་རྣམ་པར་གཞག་པ་བཞིན་ནོ། །སྐྱེས་བུ་ཆེན་པོའི་དངོས་པོ་ཕུན་སུམ་ཚོགས་པ་ནི་རྣམ་པ་གཉིས་ཏེ། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་དང་།

མཐུ་ཕུན་སུམ་ཚོགས་པའོ། །དེ་ལ་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། མཚན་ཕུན་སུམ་ཚོགས་པ་ནི་སྐྱེས་བུ་ཆེན་པོའི་དངོས་པོ་ཉེ་བར་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་ནི་དེ་དཔེ་བྱད་བཟང་བའི་ཕྱིར་དང་སྟོབས་ཕུན་སུམ་ཚོགས་པ་ནི་མཐའ་
མེད་པའི་ཡེ་ཤེས་ཀྱི་སྟོབས་བཟོད་པ་ཉིད་ཀྱི་ཕྱིར་དང་། རྡོ་རྗེའི་སྙིང་པོ་སྐུ་རུས་པ་ཕུན་སུམ་ཚོགས་པ་ནི་ཕས་ཀྱི་རྒོལ་བ་དག་གིས་མི་ཆོམས་པ་ཉིད་ཀྱི་ཕྱིར་རོ། །དེ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་འཇིག་རྟེན་པ་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་དང་། ཐུན་མོང་མ་ཡིན་པ་
སྐྱེས་བུ་ཆེན་པོའི་དངོས་པོས་བསྡུས་པ་ནི་སྐུ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །འཁོར་ལོས་སྒྱུར་བ་ལ་ཡང་ལུས་ཕུན་སུམ་ཚོགས་པ་ཡོད་པར་འདོད་མོད་ཀྱི། རྣམ་པ་ཐམས་ཅད་དང་ལྡན་པ་མ་ཡིན་པའི་ཕྱིར་སྐྱེས་བུ་ཆེན་པོའི་དངོས་པོ་ཕུན་སུམ་ཚོགས་པ་ཞེས་མི་བྱའོ། །མཐུ་ཕུན་སུམ་ཚོགས་པ་
ཡང་རྣམ་པ་བཞི་སྟེ། ཕྱིའི་ཡུལ་སྤྲུལ་པ་དང་། ཡོངས་སུ་སྒྱུར་བ་དང་། གནས་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང་། ཚེ་གཏོང་བ་དང་། གནས་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང་། ནམ་མཁའ་དང་བསྒྲིབས་པ་དང་། ཐག་རིང་པོར་ཡང་མྱུར་དུ་འགྲོ་བ་དང་། ཆུང་ངུར་མང་པོ་ཤོང་
བར་བྱེད་པ་ལ་དབང་བ་ཕུན་སུམ་ཚོགས་པ་དང་། རྟག་ཏུ་རྨད་དུ་བྱུང་བའི་ཆོས་རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས་པ་སྟེ། ཇི་སྐད་དུ་མདོ་ལས་དེ་བཞིན་གཤེགས་པའི་སྐུ་ལ་རྡུལ་གྱིས་མ་གོས་པ་དང་། གྲོང་ཁྱེར་དུ་གཤེགས་པའི་ཚེ་སྦྲུམ་མ་རྣམས་བདེ་བར་བཙས་པར་འགྱུར་བ་དང་། སྨྱོན་པ་རྣམས་དྲན་
པ་རྙེད་པ་དང་། ངན་སོང་གི་སེམས་ཅན་རྣམས་ཚོར་བ་བསྲབས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་ཟང་ཟིང་ཡོངས་སུ་འཛིན་པ་དང་། གཞན་གྱི་དོན་མཐའ་དག་མཛད་པར་སྤྱོད་པ་དང་། དེ་བཞེད་ན་རྟག་ཏུ་བཞུགས་པར་འགྲུབ་པ་ཉིད་དང་།
དེ་སྐྱབས་སུ་འོས་པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་སྦྱིན་པས་བསྟན་ཏོ། །སྤངས་པ་ཕུན་སུམ་ཚོགས་པ་ནི་ཟང་ཟིང་ཡོངས་སུ་འཛིན་པ་སྟེ། ཡོན་གནས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཐུགས་རྗེ་ཕུན་སུམ་ཚོགས་པ་ནི་གཞན་གྱི་དོན་མཛད་པ་སྤྱོད་པས་ཡོངས་སུ་

བསྟན་ཏོ། །མི་ཟད་པ་ཕུན་སུམ་ཚོགས་པ་ནི་རྟག་ཏུ་བཞུགས་པར་འགྲུབ་པས་སོ། །མཚུངས་པ་མེད་པ་ཕུན་སུམ་ཚོགས་པ་ནི་སྐྱབས་སུ་འོས་པ་གཅིག་པུས་བསྟན་ཏོ། །ཚིགས་སུ་བཅད་པ་འདིར་གསུང་རབ་མཐའ་དག་བླངས་ཤིང་ཀུན་དུ་བླངས་ཤིང་བཤད་པར་ནུས་མོད་ཀྱི་
ཤིན་ཏུ་འཕྲོས་པ་ཡིན་པས་བཞག་གོ། །ཆོས་ལ་བསྟོད་པས་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བསྟན་ཏེ། འདིར་ཆོས་རྣམ་པ་གསུམ་གྱིས་བསྟོད་པ་ལ། འབྲས་བུའི་ཆོས་ནི་མྱ་ངན་ལས་འདས་པའོ། །སྒྲུབ་པའི་ཆོས་ནི་ལམ་མོ། །བཤད་པའི་ཆོས་ནི་མདོ་སྡེ་ལ་སོགས་པའོ། །དེ་ལ་ཞི་བ་ཞེས་བྱ་བའི་
ཚིག་གིས་དང་པོའི་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་བྲལ་བ་དང་བྲལ་བ་ཕུན་སུམ་ཚོགས་པ་སྟེ། རྒྱུ་དང་བཅས་པའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གནས་ཞེས་བྱ་བས་ནི་རྟག་པ་ཉིད་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ཁོ་ན་ཉིད་ལས་མི་བསྐྱོད་པའི་དོན་གྱིས་
སོ། །ལམ་གྱིས་ཞེས་བྱ་བ་སྒྲུབ་པའི་ཆོས་ཀྱིས་ནི་ཐོབ་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །ལམ་གྱི་ཆེད་དུ་བྱས་ཞེས་བྱ་བ་གསུམ་པས་ནི་དེ་གསལ་བར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །ལམ་གྱི་ཆེད་དུ་བྱས་པ་ནི་ལམ་གྱི་ཆེད་དུ་གང་ཡིན་པ་སྟེ། བཤད་པའི་ཆོས་སོ། །ཡང་
གསུམ་པའི་ནི་དེ་ལ་དམིགས་པའི་ཡེ་ཤེས་འཁོར་བ་དང་མི་མཐུན་པ་ཉིད་ཡོན་ཏན་ཕུན་སུམ་ཚོགས་པའོ། །གང་ཞིག་རབ་ཏུ་རྟོགས་པས་ས་གསུམ་འདི་དག་ཏུ། །འཁོར་ལོ་བཞིན་དུ་འགྲོ་བ་འདི་དག་འཁོར་བ་མེད། །ཅེས་བྱ་བས་ཕྱིན་ཅི་མ་ལོག་པར་བཤད་པའི་དོན་རྟོགས་པའི་སྟོབས་ཀྱིས།
མྱ་ངན་ལས་འདས་པ་ལ་ཞི་བར་མཐོང་བ་དང་། ལམ་ལ་ལམ་དུ་འདུ་ཤེས་པའི་རིམ་གྱིས་འཁོར་བ་ལས་ལྡོག་པར་འགྱུར་རོ། །དེ་ལ་འབྲས་བུའི་ཆོས་ནི་ཞི་བ་ཉིད་རྣམ་པ་བདུན་གྱིས་རིག་པར་བྱ་སྟེ། སྐྱེ་བའི་སྡུག་བསྔལ་ཞི་བ་ཉིད་དང་། རྒ་བའི་སྡུག་བསྔལ་ཞི་བ་ཉིད་དང་། འཆི་བའི་སྡུག་བསྔལ་ཞི་བ་
ཉིད་དང་། ཕྲད་པའི་སྡུག་བསྔལ་ཞི་བ་ཉིད་དང་། བྲལ་བའི་སྡུག་བསྔལ་ཞི་བ་ཉིད་དང་། འདོད་པ་མ་འབྱོར་པའི་སྡུག་བསྔལ་ཞི་བ་ཉིད་དང་། ཕུང་པོའི་སྡུག་བསྔལ་ཞི་བ་ཉིད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྐྱེ་བ་ནི་སྡུག་བསྔལ་བའོ། །རྒ་བ་ནི་སྡུག་བསྔལ་བའོ། །འཆི་བ་ནི་སྡུག་བསྔལ་བའོ། །

མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་བའོ། །སྡུག་པ་དང་བྲལ་བ་ནི་སྡུག་བསྔལ་བའོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་བའོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་བ་ཞེས་གསུངས་ཏེ། དེ་དག་གི་བཤད་པ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་བལྟ་བར་བྱའོ། །མི་རྟག་པ་
རྣམ་པ་བཞིའི་གཉེན་པོར་རྟག་པ་བཞིར་རིག་པར་བྱའོ། །མི་རྟག་པ་ཉིད་རྣམ་པ་བཞི་གང་ཞེ་ན། སྩོགས་པ་མི་རྟག་པ་ཉིད་དང་། ལུས་མི་རྟག་པ་ཉིད་དང་། ཕྲད་པ་མི་རྟག་པ་ཉིད་དང་། འཆི་བ་མི་རྟག་པ་ཉིད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། སྩོགས་པ་དག་ནི་མཐར་ཟད་འགྱུར། །ལུས་ནི་ཐ་མར་
འཇིག་པར་འགྱུར། །འདུ་བ་ཐ་མར་བྲལ་བར་འགྱུར། །སྲོག་ནི་ཐ་མར་འཆི་བར་འགྱུར། །ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ལ་ནི་སྩོགས་པ་དང་། ལུས་དང་། སྡུག་པ་དང་ཕྲད་པ་དང་སྲོག་གང་མི་རྟག་པར་འགྱུར་བ་རྣམས་ཡོད་པ་མ་ཡིན་ནོ། །སྒྲུབ་པའི་ཆོས་ཀྱི་ཡང་རྣམ་པ་བཞི་སྟེ། དེ་ཐོབ་པར་བྱེད་
པ་ཉིད་ཕུན་སུམ་ཚོགས་པ་ཡོན་པོ་མ་ཡིན་པ་ཕུན་སུམ་ཚོགས་པ་དང་། རྒྱུན་མི་འཆད་པ་ཉིད་ཕུན་སུམ་ཚོགས་པ་དང་། གནོད་པ་མེད་པ་ཉིད་ཕུན་སུམ་ཚོགས་པ་དང་། ཉེ་བར་སྟོན་པ་ཕུན་སུམ་ཚོགས་པའོ། །དེ་ལ་འདི་ནི་ཡོན་པོ་མ་ཡིན་པ་ཉིད་ཕུན་སུམ་ཚོགས་པ་སྟེ། གང་མྱ་ངན་ལས་འདས་པའི་གྲོང་
ཁྱེར་ཉིད་ཕྱིན་པར་བྱེད་པ་ཡིན་གྱི། འཁོར་བའི་གྲོང་ཁྱེར་དུ་མ་ཡིན་པའོ། །རྒྱུན་མི་འཆད་པ་ཕུན་སུམ་ཚོགས་པ་ནི་མྱ་ངན་འདས་པ་དང་འབྲེལ་པའི་ཕྱིར་ཏེ། བར་ཆད་པ་མ་ཡིན་ཞིང་མི་འགྱུར་བས་སོ། །གནོད་པ་མེད་པ་ཉིད་ཕུན་སུམ་ཚོགས་པ་ནི་འདོད་ཆགས་ལ་སོགས་པའི་ཆོམ་པོས་མི་འཕྲོགས་པའི་ཕྱིར་
རོ། །ཉེ་བར་སྟོན་པ་ཕུན་སུམ་ཚོགས་པ་ནི་ཆོས་ལ་དགའ་བའི་ཟས་དང་ལྡན་པའི་ཕྱིར་རོ། །བཤད་པའི་ཆོས་ལམ་གྱི་ཆོས་གསལ་བར་བྱེད་པ་ཡང་རྣམ་པ་བཞི་སྟེ། ཉེ་བར་ཉན་པ་ཉིད་དང་། ངེས་པར་བྱེད་པ་དང་། དེའི་ཚོགས་གསལ་བར་བྱེད་པ་དང་། སྒྲིབ་པ་རྣམས་རབ་ཏུ་ཉེ་བར་སྟོན་པའོ། །
བཤད་པའི་ཆོས་ཀྱི་བྱ་བ་ནི་འདི་དག་ཙམ་དུ་ཟད་དེ། འདི་ལྟ་སྟེ་འདི་ནི་ལམ་ཡིན་ནོ་ཞེས་ཡང་དག་པར་ཉན་པ་དང་། འདི་ཉིད་ལམ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ངེས་པར་བྱེད་པ་དང་། འདི་ནི་ལམ་གྱི་རྒྱུ་ཡིན་ནོ་ཞེས་དེའི་ཚོགས་གསལ་བར་བྱེད་པ་དང་། འདི་ནི་ལམ་གྱི་གགས་བྱེད་པ་ཡིན་ནོ་ཞེས་སྒྲིབ་པ་རབ་ཏུ་ཉེ་

བར་སྟོན་པའོ། །དེ་ལ་ལམ་གྱི་ཚོགས་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །ལམ་གྱི་སྒྲིབ་པ་ནི་ངན་སོང་བར་ངེས་པའི་ལས་ཚང་བར་ཡོད་པ་དང་། ཉོན་མོངས་པ་དྲག་པོ་ཀུན་དུ་འབྱུང་བ་དང་། ངན་འགྲོ་དང་། བྱང་གི་སྒྲ་མི་སྙན་པ་དང་། འདུ་ཤེས་མེད་
པའི་སེམས་ཅན་རྣམས་ཏེ། དེ་དག་རྣམས་ནི་ཉོན་མོངས་པ་དང་། ལས་དང་ཚེའི་སྒྲིབ་པ་རྣམས་ཡིན་པར་ཇི་ལྟར་རིག་པར་བྱའོ། །དེ་ལ་དམིགས་པའི་ཤེས་པ་འཁོར་བ་དང་མི་མཐུན་པ་ཉིད་ཕུན་སུམ་ཚོགས་པ་ཡང་རྣམ་པ་གསུམ་སྟེ། རྣམ་པར་རྨོངས་པ་དང་མི་མཐུན་པ་དང་། དེའི་རྒྱུ་ཀུན་དུ་འབྱུང་བ་དང་མི་
མཐུན་པ་དང་། དེ་ཤིན་ཏུ་ཀུན་ཏུ་འབྱུང་བ་དང་མི་མཐུན་པའོ། །དེ་ལ་དམིགས་པའི་ཤེས་པ་ཡང་གསུམ་སྟེ། མཉན་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའོ། །དེ་ལ་བསྒོམ་པ་ལས་བྱུང་བ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །མཉན་པ་ལས་བྱུང་བ་དང་
བསམ་པ་ལས་བྱུང་བ་ནི་འཁོར་བའི་རྒྱུ་ལ་རྨོངས་པ་དང་མི་མཐུན་པ་ཉིད་ཀྱིས་ནི་མྱ་ངན་ལས་འདས་པ་ལ་ཞི་བར་མཐོང་བ་ཡིན་གྱི། འཁོར་བ་ལ་ནི་མ་ཡིན་ནོ། །ལམ་ལ་ལམ་གྱི་འདུ་ཤེས་སུ་འགྱུར་གྱི། ལམ་མ་ཡིན་པ་ལ་ནི་མ་ཡིན་ནོ། །ལེགས་པར་གསུངས་པ་ལ་ལེགས་པར་གསུངས་པའི་འདུ་ཤེས་འབྱུང་
གི། ཉེས་པར་བཤད་པ་ལ་ནི་མ་ཡིན་ནོ། །བསྒོམ་པ་ལས་བྱུང་བ་ཟག་པ་དང་བཅས་པ་ནི་འཁོར་བའི་རྒྱུ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ས་བོན་ཀུན་དུ་འཇོམས་པའི་ཚུལ་གྱིས་ཀུན་དུ་འབྱུང་བ་དང་མི་མཐུན་པ་ཡིན་ནོ། །ཟག་པ་མེད་པ་ནི་དེའི་བག་ལ་ཉལ་རྩ་ནས་འབྱིན་པར་བྱེད་པ་ནི་དེ་དང་ཤིན་
ཏུ་མི་མཐུན་པ་ཡིན་ནོ། །དགེ་འདུན་ལ་བསྟོད་པས་ཀྱང་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བསྟན་ཏེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་ཉིད་དང་མང་པོ་གཞན་དང་གཞན་དག་ལས་ཁྱད་པར་འཕགས་པ་ཉིད་དང་། ཡན་ལག་བཅུ་དང་ལྡན་པ་ཉིད་དང་། ཡན་
ལག་བརྒྱད་དང་ལྡན་པ་ཉིད་དང་། དབྱེ་བ་རྣམ་པ་བརྒྱད་ཡིན་ནོ། །དེ་ལ་ཆགས་པ་ལས་འདས་ཞེས་བྱ་བའི་ཚིག་གིས་འབྲས་བུའི་ཆོས་ལ་གནས་པ་བསྟན་ཏེ། དེ་ལྟ་མ་ཡིན་ན་འདས་པར་མི་རུང་ངོ་། །ཚོགས་པ་དག་ལས་ཤིན་ཏུ་འདས་གྱུར་ནས། །ཞེས་བྱ་བའི་ཚིག་གིས་ནི་སྒྲུབ་པའི་ཆོས་དང་བཤད་པའི་

ཆོས་ལ་གནས་པ་ཡིན་པར་བསྟན་ཏེ། དེ་ལྟ་ཡིན་ན་ནི་དེ་ལས་འདས་པ་ཡིན་ཏེ། སྒྲུབ་པའི་ཆོས་ལ་གནས་པ་ཡིན་པའི་ཕྱིར་རོ། །བཤད་པའི་ཆོས་གསུངས་པ་བཞིན་དུ་རྗེས་སུ་འབྲངས་ན་ནི་ལེགས་པར་ཞུགས་པ་ཡིན་ནོ། །ཆགས་པ་ལས་འདས་པ་ཡང་རྣམ་པ་བཞི་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་
པ་མ་ལུས་པ་ལས་འདས་པ་ནི་དཔེར་ན་རྒྱུན་ཏུ་ཞུགས་པ་ལྟ་བུ་སྟེ། སྲིད་པའི་རྩེ་མོ་པའི་ཚོགས་གཞན་དག་ནི་དེ་ལྟ་བུ་མ་ཡིན་ཏེ། མ་སྤངས་པའི་ཕྱིར་རོ། །ཁམས་གསུམ་གྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ལས་འདས་པ་ནི་དཔེར་ན་དགྲ་བཅོམ་པ་ལྟ་བུ་སྟེ། ཚོགས་གཞན་དག་ནི་སྲིད་པའི་རྩེ་མོ་
ལས་འདས་པ་མ་ཡིན་ནོ། །ཆགས་པ་ལས་ཤིན་ཏུ་ཡང་དག་པར་འདས་པ་ནི། དཔེར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་འཇུག་པ་ལྟ་བུ་སྟེ། དེ་ལ་ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡོད་པ་མ་ཡིན་པར་འདོད་ཀྱང་ཤིན་ཏུ་འདས་པ་ནི་ཡོད་པ་ཁོ་ན་ཡིན་ནོ། །དེ་འདྲ་བར་ཚོགས་གཞན་དག་
ནི་མ་ཡིན་ནོ། །དེའི་རྣམ་པར་སྨིན་པའི་ས་ལས་ཡང་དག་པར་འདས་པ་ཡང་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཁ་ཅིག་ཡོངས་སུ་ཉམས་སུ་ཟིན་ཀྱང་དེའི་རྣམ་པར་སྨིན་པའི་སར་ཡང་སླར་སྐྱེ་བ་ནི་མ་ཡིན་ཏེ། མཐོང་བའི་ཆོས་ཁོ་ནས་དེ་དག་སྤོང་བར་བྱེད་པའི་
ཕྱིར་རོ། །ཇི་སྐད་དུ་འབྲས་བུ་ཉམས་ཏེ་འཆི་བ་མ་ཡིན་ནོ་ཞེས་གསུངས་སོ། །དེ་འདྲ་བར་ཚོགས་གཞན་དག་ནི་མ་ཡིན་ནོ། །ཆགས་པ་ལས་འདས་པ་ཡང་ཚོགས་གཞན་དག་ལས་ཁྱད་པར་དུ་གྱུར་པ་ཉིད་ཡིན་པར་བསྟན་ཏོ། །ལེགས་པར་བཞུགས་པ་ཡང་རྣམ་པ་ལྔ་སྟེ། ཚུལ་ཁྲིམས་ཀྱིས་ནི་འཕགས་པ་དགྱེས་པའི་
ཚུལ་ཁྲིམས་དང་ལྡན་པའི་ཕྱིར་དང་། ཚེ་རབས་གཞན་དུ་ཡང་རྗེས་སུ་འབྲེལ་ལོ། །ཐོས་པས་ནི་ལེགས་པར་གསུངས་པའི་ཆོས་ཐོས་པ་ལས་བྱུང་བའི་ཤེས་པ་དང་ལྡན་པའི་ཕྱིར་རོ། །བསམས་པས་ནི་དེ་ལ་བརྟེན་ན་དགོངས་པ་ཅན་རྣམས་ལ་ངེས་པ་དང་ལྡན་པའི་ཕྱིར་རོ། །བསྒོམས་པས་ནི་བསྒོམ་པའི་ལམ་ཟག་པ་མེད་པ་
ཐོབ་པའི་ཕྱིར་རོ། །འབྲས་བུས་ནི་དེའི་འབྲས་བུ་སྤངས་པ་དང་ལྡན་པའི་ཕྱིར་རོ། །དེ་ཡང་མདོར་ན་རྒྱུ་དང་བཅས་འབྲས་བུ་དང་བཅས་པ་ལེགས་པར་སྒྲུབ་པ་ཇི་ལྟར་རིག་པར་བསྟན་ཏོ། །ཡན་ལག་བཅུ་ཞེས་གང་གསུངས་པ་ལ་ཡན་ལག་བཅུ་ནི། ལམ་གྱི་ཡན་ལག་བརྒྱད་དང་། ཡང་དག་པར་རྣམ་པར་གྲོལ་བ་དང་།

ཡང་དག་པར་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །དེ་དག་ནི་རྣམ་པར་གཞག་པ་ལ་ཡན་ལག་གཙོ་བོ་ནི་ཡང་དག་པའི་ལྟ་བ་སྟེ། རབ་ཏུ་རྣམ་པར་འབྱེད་པ་གཙོ་བོ་ཡིན་པའི་ཕྱིར་རོ། །མཐོང་བ་དང་བསྒོམ་པ་དང་། མི་སློབ་པའི་ལམ་གྱི་ཡན་ལག་རྣམས་རབ་ཏུ་
སྟོན་པར་བྱེད་པའི་ཡན་ལག་ནི་ཡང་དག་པའི་རྟོག་པ་སྟེ། ཡང་དག་པའི་ངག་ཀུན་ནས་བསླང་བའི་ཚིག་གིས་རང་གི་ཁོང་དུ་ཆུད་པ་བརྗོད་པའི་ཕྱིར་ཏེ། སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ་ཞེས་བྱ་བ་ཡིན་ནོ། །ཡིད་ཆེས་པར་བྱེད་པའི་ཡན་ལག་ནི་ཡང་དག་པའི་ངག་དང་ལས་ཀྱི་མཐའ་
དང་འཚོ་བ་སྟེ། ཡང་དག་པའི་ཚིག་གིས་ནི་འབྲེལ་བའི་གཏམ་རྣམ་པར་ངེས་པར་བྱེད་པ་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ལ་མངོན་པར་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐས་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་མངོན་པར་ཡིད་ཆེས་པར་འགྱུར་ཏེ། སྲོག་གི་ཕྱིར་ཡང་མ་
ཡིན་པ་མི་བྱེད་པའི་ཕྱིར་རོ། །ཡང་དག་པའི་འཚོ་བས་ནི་ཡོ་བྱད་བསྙུངས་པ་ལ་ཡིད་ཆེས་པར་འགྱུར་ཏེ། ཆོས་དང་ཚོད་ཟིན་པས་ཆོས་གོས་ལ་སོགས་པ་ཚོལ་བའི་ཕྱིར་རོ། །སྤོང་བའི་ཡན་ལག་ནི་ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། བརྩོན་
འགྲུས་བརྩམས་ན་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བའི་ཕྱིར་རོ། །དྲན་པ་ཉེ་བར་གནས་ན་ཞུམ་པ་དང་རྒོད་པའི་ཉེ་བའི་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་བརྟེན་ན་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་གགས་དང་བྲལ་བའི་ཕྱིར་རོ། །འབྲས་བུའི་ཡན་ལག་ནི་ཡང་
དག་པར་གྲོལ་བའོ། །ལམ་གྱི་འབྲས་བུ་ཡང་རྣམ་པ་གཉིས་སུ་རྣམ་པར་གཞག་སྟེ། ཉོན་མོངས་པ་སྤོང་བ་སྟེ་རྣམ་པར་གྲོལ་བ་དང་། ལྷག་པར་མོས་པའོ། །དེ་ལ་ལྷག་པར་མོས་པ་ནི་མི་སློབ་པའི་ཡན་ལག་ཏུ་རྣམ་པར་གཞག་སྟེ། ཡན་ལག་རྣམས་ཀྱིས་འདུས་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །
ཡོངས་སུ་གཅོད་པའི་ཡན་ལག་ནི་ཡང་དག་པར་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྟེ། རྣམ་པར་གྲོལ་ལོ་སྙམ་དུ་དེས་ཡང་དག་པར་རྣམ་པར་གྲོལ་བ་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ལྟར་བྱས་ན་མི་སློབ་པའི་དགེ་འདུན་ནི་རིག་པ་དང་ཞབས་སུ་ལྡན་པ་དང་དེའི་འབྲས་བུ་རྣམ་པར་གྲོལ་བ་དང་། རྣམ་པར་

གྲོལ་བའི་ཡེ་ཤེས་དང་ལྡན་པའི་ཡོན་ཏན་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ནོ། །ཡན་ལག་བརྒྱད་དང་ལྡན་པ་ཉིད་ནི་སློབ་པའི་དགེ་འདུན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ཏེ། རིག་པ་དང་ཞབས་སུ་ལྡན་པའི་ཕྱིར་དང་། ཡང་དག་པའི་རྣམ་པར་གྲོལ་བ་དང་ཡེ་ཤེས་མཐོང་བ་གཉིས་མེད་པའི་ཕྱིར་རོ། །འཆིང་
བ་ལྷག་མ་ལུས་པ་ནི་སློབ་པ་ཡིན་ནོ། །དེ་བས་ན་དེ་དག་ཡང་དག་པའི་རྣམ་པར་གྲོལ་བར་མི་གཞག་སྟེ། འཆིང་བ་ཕྱོགས་གཅིག་ལས་གྲོལ་བ་ནི་གྲོལ་བ་མ་ཡིན་ནོ། །དེ་མེད་པའི་ཕྱིར་རྣམ་པར་གྲོལ་ལོ་སྙམ་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མེད་པ་ཡིན་ནོ། །དེ་མངོན་པའི་ང་རྒྱལ་ཅན་གྱི་ཡེ་ཤེས་
ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དབྱེ་བ་བརྒྱད་ནི་གཉི་གའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ཏེ། འབྲས་བུས་ལམ་དང་ལམ་གྱིས་འབྲས་བུའི་བྱེ་བྲག་རབ་ཏུ་སྟོན་པའི་ཕྱིར་རོ། །ཞུགས་པ་བཞི་འབྲས་བུའི་ལམ་གྱི་དབྱེ་བས་དབྱེའོ། །འབྲས་བུའི་ལམ་གྱི་དབྱེ་བ་ཡང་ཉོན་མོངས་པའི་གཉེན་པོ་
ཐ་དད་པའི་ཕྱིར་དང་རྒྱུ་བསྩགས་པ་ཐ་དད་པའི་ཕྱིར་རིག་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་ལམ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་དང་། མཐོང་བའི་ལམ་ཙམ་གྱི་རྒྱུ་ཉེ་བར་བསྩགས་པ་ཡང་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་
ཞུགས་པའི་ལམ་ནི་བསྒོམ་པས་སྤང་བར་བྱ་བ་འདོད་པའི་ཁམས་ན་སྤྱོད་པའི་ཉོན་མོངས་པའི་ཕྱོགས་གཅིག་གི་གཉེན་པོ་དང་། མཐོང་བ་དང་བསྒོམ་པའི་ལམ་གྱི་རྒྱུ་ཉེ་བར་བསྩགས་པ་ཡང་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་ལམ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་
པས་སྤང་བར་བྱ་བ་མ་ལུས་པའི་གཉེན་པོ་དང་། མཐོང་བའི་ལམ་གྱི་རྒྱུ་ཉེ་བར་བསྩགས་པ་དང་། བསྒོམ་པའི་ལམ་གྱི་རྒྱུ་ལྷག་པར་ཉེ་བར་བསྩགས་པ་ཡང་ཡིན་ནོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་ལམ་ནི་བསྒོམ་པས་སྤང་བར་བྱ་བའི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་
པའི་གཉེན་པོ་དང་། མཐོང་བའི་ལམ་གྱི་རྒྱུ་ཉེ་བར་བསྩགས་པ་དང་། བསྒོམ་པའི་ལམ་གྱི་རྒྱུ་ལྷག་པར་ཉེ་བར་བསགས་པ་ཡང་ཡིན་ཏེ། ལམ་དང་འབྲས་བུའི་བྱེ་བྲག་ནི་སྤངས་པ་ཐ་དད་པའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཡིན་ནོ། །དེ་ཉིད་བསྒོམ་པས་སྤང་བར་

བྱ་བ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ཕྱོགས་གཅིག་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིན་ནོ། །འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་ལྷག་མ་མ་ལུས་པར་སྤངས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ཡིན་ནོ། །དེ་ཉིད་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་
བ་ནི་དགྲ་བཅོམ་པའི་འབྲས་བུ་ཡིན་ནོ། །ཚིགས་སུ་བཅད་པ་འདིར། འཕགས་པའི་གང་ཟག་རྣམ་པར་གཞག་པ་ཐམས་ཅད་བཤད་པར་ནུས་སོ། །རྟེན་ཅིང་འབྲེལ་པར་རབ་འབྱུང་མངོན་པར་བརྗོད་པའི་མདོ། །ཅུང་ཟད་ངེས་པར་བཤད་པ་བདག་ནི་བརྗོད་པར་འདོད། །ཅེས་བྱ་བ་དེ་ལ་དོན་རྗོད་པར་བྱེད་
པས་ན་མདོ་སྡེའོ། །ཡང་ན་དོན་སྦྲེངས་པས་ན་མདོ་སྡེ་སྟེ། སྐུད་པ་སྦྲེངས་པ་བཞིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་བརྗོད་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །རྟེན་ཅིང་འབྱུང་བ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་གཉིས་དོན་ཐ་དད་པ་མེད་པས་ཐ་དད་པ་མེད་པ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པ་གཞན་
ཁོ་ནར་བརྗོད་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གཞན་ཁོ་ན་ཡིན་པའི་ཕྱིར་ཏེ། འདིར་ཕྱིར་ཞེས་བྱ་བ་ཞིག་ཁོང་ནས་དབྱུང་བར་བལྟ་བར་བྱའོ། །དེ་ལྟ་མ་ཡིན་ན་སྒྲའི་ཚིག་གི་དོན་གཅིག་ཏུ་འགྲུབ་པར་མི་འགྱུར་རོ། །ཡང་ན་རྟེན་ཅིང་འབྱུང་བའི་དོན་དེ་བརྗོད་པ་གང་གིས་བརྗོད་པ་གང་རྗོད་པ་དེ་རྟེན་ཅིང་འབྱུང་བ་
བརྗོད་པ་ཡིན་ཏེ། དེ་བརྗོད་པ་ནི་མདོ་སྡེ་འདི་ཡིན་ཏེ་འདི་ལྟ་སྟེ་རྟེན་ཅིང་འབྱུང་བ་བརྗོད་པ་ཞེས་བྱ་བ་ཡིན་ཡང་བརྗོད་པའི་སྒྲ་གཅིག་ཁོང་ནས་ཕྱུང་ནས་རྟེན་ཅིང་འབྱུང་བ་བརྗོད་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་སྡེ་སྨོས་ཤིང་དོན་ཀྱང་རྟེན་ཅིང་འབྱུང་བ་བརྗོད་པ་ཡིན་པའི་ཕྱིར་རོ། །ཡང་ན་རྟེན་ཅིང་འབྱུང་བ་དེ་མདོ་སྡེ་
གང་གིས་བརྗོད་པ་དེ་ནི་རྟེན་ཅིང་འབྱུང་བ་བརྗོད་པ་ཡིན་ཏེ། རྟེན་ཅིང་འབྱུང་བ་བརྗོད་པའི་ཕྱིར་རོ། །ཡང་ན་རྟེན་ཅིང་འབྱུང་བའི་དོན་གྱི་སྒོ་ནས་བརྗོད་པ་གང་ཡིན་པ་དེ་རྟེན་ཅིང་འབྱུང་བ་བརྗོད་པ་ཡིན་ནོ། །དེ་ལྟར་ན་དོན་གྱི་སྒོ་ནས་བརྗོད་པ་ཡིན་ཞེ་ན། སྒོ་དེ་ནས་རྗོད་པར་བྱེད་པའི་ཕྱིར་རོ། །འོག་ནས་ཀྱང་ཡི་གེའི་
ཚོགས་ཀྱང་སྐབས་ཀྱི་དོན་བཞིན་གདགས་སོ་ཞེས་འབྱུང་ངོ་། །ཡང་ན་འདི་ལ་རྗོད་པར་བྱེད་པ་ཡིན་ཏེ་གཞི་ལ་སྒྲུབ་པར་བྱེད་དོ། །མདོ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བརྗོད་པ་ཡིན་པས་དེ་རྟེན་ཅིང་འབྱུང་བ་བརྗོད་པ་ཡིན་ཏེ་གཞི་ལ་བརྗོད་པའི་ཕྱིར་རོ། །རྟེན་ཅིང་འབྱུང་བ་མངོན་པར་བརྗོད་པ་སྨོས་པ་ནི་མདོ་གཞན་

གསལ་བའི་ཕྱིར་རོ། །ཅུང་ཟད་ངེས་པར་བཤད་པ་ཞེས་བྱ་བ་ནི་ཕྱོགས་གཅིག་ངེས་པར་བཤད་པ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མདོའི་དོན་ངེས་པར་བཤད་པ་ནི་མཐའ་ཡས་ཏེ། མདོ་སྡེ་རྣམས་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པའི་རྒྱུ་ལས་
བྱུང་བའི་ཕྱིར་རོ། །གཏན་ལ་བབ་པར་སྟོན་པ་ནི་ངེས་པར་བཤད་པ་ཡིན་ཏེ། འདིས་འཆད་པའི་ཕྱིར་བྱེད་པ་ལ་སྒྲུབ་པོ། །བདག་ནི་བརྗོད་པར་འདོད་ཅེས་བྱ་བ་ནི་སྨྲ་བར་བདག་འདོད་ཅེས་བྱ་བའི་ཐ་ཚིག་གོ། །བླ་མ་ལས་ཐོས་གཞན་དག་འདོད་པ་མཐོང་ནས་ཀྱང་། །དེ་ལ་བརྟེན་ཏེ་ཅུང་ཟད་རབ་ཏུ་བརྟག་པར་བྱ། །ཞེས་བྱ་
བ་ནི་ཉེས་པ་གསུམ་གྱི་གཉེན་པོར་དེ་སྐད་བསྟན་ཏེ། ཉེས་པ་གསུམ་ལ་ཡིད་མི་ཆེས་པ་དེའི་གཉེན་པོར་ནི། བླ་མ་ལས་ཐོས་ཞེས་བྱ་བ་ཡིན་པར་མངོན་ཏེ། དེ་ལྟར་ན་བཤད་པ་འདི་ནི་ཡིད་ཆེས་སུ་རུང་བའི་ལུང་དང་ལྡན་པ་ཡིན་པར་བསྟན་ཏོ། །ཐེ་ཚོམ་གྱི་གཉེན་པོར་སྨྲས་པ་ནི། གཞན་དག་འདོད་པ་མཐོང་ནས་ཀྱང་། །
ཞེས་བྱ་བ་ཡིན་ཏེ། དེ་ལྟར་བཤད་པ་འདི་ནི་དོན་ཤིན་ཏུ་རྣམ་པར་ངེས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དེའི་གཉེན་པོ་སྨྲས་པ་ནི། དེ་ལ་བརྟེན་ཏེ་ཅུང་ཟད་རབ་ཏུ་བརྟག་པར་བྱ། །ཞེས་བྱ་བ་ཡིན་ནོ། །བརྟག་པར་བྱ་ཞེས་བྱ་བ་ནི་དཔྱད་པར་བྱ་བའི་དོན་གང་ཡིན་པའོ། །དེ་ལ་
བརྟེན་ཏེ་ཞེས་བྱ་བ་ནི་རྟེན་ཅིང་འབྱུང་བ་མངོན་པ་བརྗོད་པའི་མདོ་སྡེ་ལ་བརྟེན་ནས་སོ། །ཡང་ན་བླ་མ་ལས་ཐོས་པའི་མདོ་སྡེ་དང་། གཞན་གྱི་མན་ངག་མཐོང་བ་ལ་བརྟེན་ནས་ཞེས་སྟོན་ཏོ། །དེ་ལྟར་ན་མེད་པ་ལ་སྒྲོ་འདོགས་པར་བྱེད་པ་ཡང་མ་ཡིན། ཡོད་པ་ལ་སྐུར་པ་འདེབས་པར་བྱེད་པ་ཡང་མ་ཡིན་པས་རྟོག་པའི་
ཉེས་པ་ཡོངས་སུ་སྤངས་པ་ཡིན་ནོ། །མདོ་སྡེ་རྟེན་ཅིང་འབྱུང་བ་མངོན་པར་བརྗོད་པ་ཡིན་པར་བསྟན་དུ་ཟིན་ཀྱང་ཡང་མདོ་སྡེ་གང་ཞེ་ན་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། རྟེན་ཅིང་འབྱུང་བ་བརྗོད་པ་གཞན་མ་ཡིན་པར་བསལ་བའི་ཕྱིར་རོ། །རྟེན་ཅིང་འབྱུང་བ་མངོན་པར་བརྗོད་པའི་མདོ་སྡེ་ནི་གསུང་རབ་མང་དུ་བཞུགས་ཏེ། འདི་ལྟ་སྟེ་
དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་བཤད་པར་བྱའོ་ཞེས་བྱ་བ་དང་། རྟེན་ཅིང་འབྱུང་བའི་དོན་ཡང་མང་དུ་བརྗོད་དེ། རྒྱུ་དང་འབྲས་བུར་འབྲེལ་པ་མངོན་པར་རྗོད་པར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་སྤྲེའུ་ལྟ་བུའི་མདོ་དེར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་

རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ལ་ལེགས་པར་རབ་ཏུ་ཚུལ་བཞིན་ཡིད་ལ་བྱེད་པས་སོ་སོར་རྟོག་སྟེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །དེའི་ཕྱིར་དང་པོ་དང་རྣམ་པར་འབྱེད་པ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་དེ་ཉིད་ཀྱི་དབང་དུ་བྱེད་པ་ནི། དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་རྣམ་པར་དབྱེ་བ་བསྟན་གྱི་ཞེས་བྱ་བ་ནི་མདོ་སྡེའོ། །ཇི་ལྟ་ཞེ་ན་གླེང་གཞི་ནི་མཉན་ཡོད་ནའོ། །དེར་བཅོམ་ལྡན་འདས་
ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བ་བསྟན་གྱི་དེ་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་བཤད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་གང་ཞེ་ན། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་
ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ་ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ།
སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའོ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་
བའི་རྣམ་པར་དབྱེ་བ་གང་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ། མ་རིག་པ་གང་ཞེ་ན། གང་དེ་སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་དང་། ནང་མི་ཤེས་པ་དང་། ཕྱི་མི་ཤེས་པ་དང་། ནང་དང་ཕྱི་མི་ཤེས་པ་དང་། ལས་མི་
ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་དང་རྣམ་པར་སྨིན་པ་མི་ཤེས་པ་དང་། སངས་རྒྱས་མི་ཤེས་པ་དང་། ཆོས་མི་ཤེས་པ་དང་། དགེ་འདུན་མི་ཤེས་པ་དང་། སྡུག་བསྔལ་མི་ཤེས་པ་དང་། ཀུན་འབྱུང་བ་མི་ཤེས་པ་དང་། འགོག་པ་དང་ལམ་མི་ཤེས་པ་དང་། རྒྱུ་མི་ཤེས་པ་དང་།

རྒྱུ་ལས་ཡང་དག་པར་བྱུང་བའི་ཆོས་མི་ཤེས་པ་དང་། དགེ་བ་དང་མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པ་དང་། ངན་པ་དང་གྱ་ནོམ་པ་དང་། ནག་པོ་དང་། དཀར་པོ་དང་། རྣམ་པར་དབྱེ་བ་དང་བཅས་པའི་རྟེན་ཅིང་འབྲེལ་
པར་འབྱུང་བ་དང་། རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་མི་ཆུད་པ་དང་། གང་དེ་དང་དེར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་མ་རྟོགས་པ་དང་། རྨོངས་པ་དང་། ཀུན་དུ་རྨོངས་པ་དང་། མ་རིག་པ་དང་། མུན་པའི་རྣམ་པ་ཞེས་བྱ་བ་འདི་ནི་མ་
རིག་པ་ཞེས་བྱའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ། འདུ་བྱེད་གང་ཞེ་ན། འདུ་བྱེད་ནི་རྣམ་པ་གསུམ་མོ། །གསུམ་གང་ཞེ་ན། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་རྣམ་པར་ཤེས་པ་གང་ཞེ་ན། རྣམ་
པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ནི་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་
ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། གཟུགས་འདི་དང་སྔ་མིའི་མིང་གཉིས་གཅིག་ཏུ་མངོན་པར་བསྡུས་ནས། མིང་
དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ། སྐྱེ་མཆེད་དྲུག་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་སྟེ། མིག་ནང་གི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནང་གི་སྐྱེ་མཆེད་དོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་ལ།
རེག་པ་གང་ཞེ་ན། རེག་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའོ། །རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ལ་ཚོར་བ་གང་ཞེ་ན། ཚོར་བ་ནི་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན།

སྡུག་བསྔལ་བ་ཡང་མ་ཡིན་པའོ། །ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ་སྲེད་པ་གང་ཞེ་ན། སྲེད་པ་ནི་གསུམ་སྟེ། འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པའོ། །སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ། ལེན་པ་གང་ཞེ་ན། ལེན་པ་ནི་བཞི་
སྟེ། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལ་སྲིད་པ་གང་ཞེ་ན། སྲིད་པ་ནི་གསུམ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་
པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ། སྐྱེ་བ་གང་ཞེ་ན། སེམས་ཅན་རྣམས་གང་ཡིན་པ་དེ་དང་སེམས་ཅན་གྱི་རིས་དེ་དང་དེ་དག་ཏུ་སྐྱེ་བ་གང་ཡིན་པ་དང་། ཤིན་ཏུ་སྐྱེ་བ་དང་། འཕོ་བ་དང་། རབ་ཏུ་འབྱུང་བ་དང་། ཕུང་པོ་སོ་སོར་ཐོབ་པ་དང་། ཁམས་སོ་སོར་ཐོབ་པ་དང་། སྐྱེ་མཆེད་སོ་སོར་ཐོབ་པ་དང་།
ཕུང་པོ་རྣམས་མངོན་པར་འགྲུབ་པ་དང་། སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་འདི་ནི་སྐྱེ་བ་ཞེས་བྱའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ། རྒ་བ་གང་ཞེ་ན། གང་དེའི་སྤྱི་ཅེར་དང་། སྐྲ་དཀར་དང་། གཉེར་མ་འཚིགས་པ་དང་། འཁོགས་པ་དང་། སྒུར་པོ་དང་། དགུ་བོ་དང་། འཁྱོར་བ་དང་། ཤ་གནག་པ་
དང་། ལུད་པ་ལུ་བ་དང་། དབུགས་རྒོད་པ་དང་། འཁར་བ་ལ་བརྟེན་པ་དང་། མོང་རྟུལ་བ་དང་ཞན་པ་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་དང་། དབང་པོ་རྣམས་རྒུད་པ་དང་། མི་གསལ་བ་དང་། འདུ་བྱེད་རྣམས་རྙིང་པ་དང་། འཇིག་པར་ཉེ་བ་འདི་ནི་རྒ་བ་ཞེས་བྱའོ། །འཆི་བ་གང་ཞེ་ན། སེམས་ཅན་
གང་ཡིན་པ་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་བ་དང་འཕོ་བ་དང་འཇིག་པ་དང་། ནད་རྨུགས་པ་དང་། ཚེ་ཉམས་པ་དང་། དྲོད་ཡལ་བ་དང་། སྲོག་གི་དབང་པོ་འགགས་པ་དང་། ཕུང་པོ་རྣམས་འདོར་བ་དང་། ཤི་བ་དང་། དུས་བྱེད་པ་འདི་ནི་ཤི་བ་ཞེས་བྱ་སྟེ། ཤི་བ་འདི་དང་། སྔ་མ་རྒ་བ་གཉིས་
གཅིག་ཏུ་བསྡུས་ནས་རྒ་ཤི་ཞེས་བྱ་བ་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་དབྱེ་བའོ། །དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བ་བཤད་པར་བྱའོ་ཞེས་ངས་གང་སྨྲས་པ་དེ་དག་ནི་ངས་སྨྲས་པ་དེ་དག་ཡིན་ནོ། །ཅིའི་ཕྱིར་འདི་བསྟན་ཞེ་ན་ཞེས་བྱ་བ་ནི་མདོ་

སྡེ་མཐའ་དག་སྟོན་པའི་དགོས་པ་འདྲི་སྟེ། དགོས་པ་མེད་པར་ནི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཆོས་མི་སྟོན་པས་མདོ་སྡེ་སྟོན་པའི་དགོས་པ་བརྗོད་པར་བྱ་དགོས་སོ། །སངས་རྒྱས་ཀྱི་བཀའི་དགོས་པ་ནི་ངེས་པར་སེམས་ཅན་གྱི་སྤྱོད་པའི་དབང་དུ་བྱས་པ་མ་ཡིན་ནམ། དེ་བས་ན་དྲི་མི་དགོས་སོ་ཞེ་ན་
སེམས་ཅན་གྱི་སྤྱོད་པ་ཡང་མང་དུ་ཡོད་ལ། དེ་བས་ན་འདི་གང་གི་གཉེན་པོར་བསྟན་པའི་དམིགས་མི་ཕྱེད་པས་དགོས་པ་ཉིད་དྲི་དགོས་ཏེ། དེའི་ཕྱིར་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ་ཞེས་སྨྲས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་ཇི་སྐད་དུ་མ་རིག་
པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུ་བསྟན་པའི་རྣམ་པ་དེ་དག་གིས་ན་ཞེས་བྱའོ། །འདི་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་ཤི་ལ་སོགས་པ་དང་། འདུ་བྱེད་ལ་སོགས་པའི་ཞེས་བསྟན་ཏོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་སོ། །ཆེན་པོ་ཞེས་བྱ་
བ་ནི་ཐོག་མ་མེད་པའི་དུས་ཅན་ནོ། །འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་རོ་ཞེས་བྱ་བའོ། །སྤྱོད་པ་སྤང་བ་ནི་བསྟན་པ་དགོས་པ་ཡིན་གྱི། སྡུག་བསྔལ་གྱི་བདེན་པ་རབ་ཏུ་འཇུག་པ་ཙམ་བསྟན་པ་མ་ཡིན་ནོ་སྙམ་ནས་བསྟན་པ་དེ་ཡང་
ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ཁ་ཅིག་ནི་བདག་མེད་ན་ཇི་ལྟར་འཁོར་བར་འགྱུར་ཞེས་མི་ཤེས་པ་དང་། ཐེ་ཚོམ་དང་། ལོག་པར་ཤེས་པ་དང་ལྡན་པ་དེ་དག་བསྩལ་བའི་ཕྱིར་རོ་ཞེའོ་ཞེས་སྨྲས་ཏེ། མདོ་སྡེ་འདི་ལས་ནི་འཁོར་བར་འཇུག་པའི་རིམ་པ་འདི་བསྟན་པ་ཡིན་ལ། དེ་ཡང་བདག་མེད་པར་ནི་འབའ་ཞིག་
ཅེས་གསུངས་པའི་ཕྱིར་རོ། །དེ་བས་ན་དེ་ནི་འདིའི་དགོས་པ་དམིགས་ཀྱིས་བསྟན་པ་ཡིན་ནོ། །དེ་ལ་མི་ཤེས་པ་དང་ལྡན་པ་ཞེས་བྱ་བ་འདིས་ནི་མ་འདྲེས་པའི་མ་རིག་པ་བསྟན་ཏོ། །ཐེ་ཚོམ་གྱི་ཤེས་པ་དང་ལྡན་པ་ཞེས་བྱ་བ་འདིས་ནི་ཐེ་ཚོམ་དང་མཚུངས་པར་ལྡན་པ་ཡིན་ཏེ། ཅི་བདག་མེད་པར་ཡང་
འཁོར་བ་ཡིན་ནམ། འོན་ཏེ་བདག་ཡོད་པ་ཡིན་སྙམ་པའོ། །ལོག་པར་ཤེས་པ་དང་ལྡན་པ་ཞེས་བྱ་བ་འདིས་ནི་བདག་ཡོད་ན་ནི་འཁོར་བར་འགྱུར་གྱི་བདག་མེད་ན་ནི་མ་ཡིན་ནོ་ཞེས་ལོག་པར་ཤེས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་མ་རིག་པ་བསྟན་པ་ཡིན་ནོ། །

མ་རིག་པ་ལ་སྤྱོད་པའི་གཉེན་པོ་ནི་འདི་ཡིན་པར་མངོན་ནོ། །མི་ཤེས་པ་རྣམ་པར་ལོག་ན་ནི་ཐེ་ཚོམ་གྱི་ཤེས་པ་དང་། ལོག་པར་ཤེས་པ་ཡང་རྣམ་པར་ལྡོག་པར་འགྱུར་ཏེ། དེ་ཀུན་ནས་བསླང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེ་དག་བསྟན་པས་ནི་མི་ཤེས་པ་དང་། ཐེ་ཚོམ་གྱི་ཤེས་པ་དང་
ལོག་པར་ཤེས་པ་རྣམས་ཀུན་དུ་འབྱུང་བ་རྣམ་པར་ལྡོག་པར་འགྱུར་རོ། །བསྒོམ་པའི་ཚུལ་གྱིས་ནི་གཏན་ནས་ལྡོག་རྣམ་པར་ལྡོག་པར་འགྱུར་རོ། །བདག་ནི་བདག་ཏུ་ལྟ་བ་དང་སྲེད་པའི་གཉེན་པོའི་ཕྱིར་ཡིན་པར་མཐོང་ངོ་ཞེས་བྱ་བ་ནི་སློབ་དཔོན་རང་གི་བསམ་པ་སྟོན་པར་བྱེད་དོ། །འདིར་དགོས་པ་དེ་ཡིན་
གྱི་སྔར་བསྟན་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ངེས་པར་བྱ་ཞེ་ན། དེའི་ཕྱིར་དེ་ལྟར་ན་བདག་མེད་པར་སྡུག་བསྔལ་འབྱུང་བར་བསྟན་པས་སྟོང་པ་ཉིད་དང་སྨོན་པ་མེད་པ་དང་། རྗེས་སུ་མཐུན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བདག་མེད་པ་ནི་སྟོང་པ་ཉིད་དང་། རྗེས་སུ་མཐུན་པར་བསྟན་པའི་ཕྱིར་རོ། །
དེ་ལ་སྟོང་པ་ཉིད་ནི་བདག་མེད་པ་དང་། སྟོང་པའི་རྣམ་པ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱི་རྣམ་པ་ཡིན་ནོ། །སྡུག་བསྔལ་འབྱུང་ཞེས་བྱ་བ་ནི་སྨོན་པ་མེད་པ་དང་རྗེས་སུ་མཐུན་པར་བསྟན་པའི་ཕྱིར་རོ། །དེ་ཡང་སྟོང་པ་ཉིད་དང་བདག་མེད་པའི་རྣམ་པ་གཉིས་དང་། འགོག་པའི་རྣམ་པ་རྣམས་མ་
གཏོགས་པར་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པར་མཐོང་བའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ཏོ། །ཅིའི་ཕྱིར་མཚན་མ་མེད་པ་དང་། རྗེས་སུ་མཐུན་པ་མ་ཡིན་ཞེ་ན། འདི་ལྟར་འདི་ནི་འཇུག་པའི་རིམ་པ་བསྟན་པ་བརྩམས་པ་ཡིན་གྱི་ལྡོག་པའི་རིམ་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྣམ་པར་
ཐར་པའི་སྒོ་གསུམ་ཡིན་པས། མཚན་མ་མེད་པ་ཡང་བརྗོད་པར་བྱ་དགོས་པར་འགྱུར་རོ། །གདུལ་བྱ་ཅི་འདྲ་བ་ཞིག་ལ་ཡིན་ཞེ་ན། བདག་ཏུ་ལྟ་བ་ཅན་དང་འཁོར་བའི་ཉེས་པ་མ་མཐོང་བ་རྣམས་ལ་ཞེས་བྱ་བ་ཡིན་ཏེ། སྤྱོད་པའི་བྱེ་བྲག་གིས་གང་ཟག་བྱེ་བྲག་ཏུ་བྱ་བའི་ཕྱིར་ཏེ། བདག་ཏུ་ལྟ་བ་ལ་སྤྱོད་པ་
རྣམས་དང་། སྲིད་པ་ལ་སྲེད་པས་སྤྱོད་པའི་གདུལ་བྱ་རྣམས་ལ་བདག་ཏུ་ལྟ་བ་དང་སྲེད་པའི་གཉེན་པོར་འདི་བཤད་པ་ཡིན་ནོ། །སྲིད་པའི་ཉེས་པ་མ་རྟོགས་པ་རྣམས་ནི་སྲིད་པ་ལ་སྲེད་པ་ལྷག་པར་འབྱུང་བར་འགྱུར་རོ། །འཇིག་ཚོགས་ལ་ལྟ་བ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་དང་།

བདག་གིར་མངོན་པར་ཞེན་ནས་ཉེས་པ་མ་མཐོང་བས་ན་མངོན་པར་ཞེན་ཅིང་ཚོལ་བར་བྱེད་དོ། །བདག་ཏུ་ལྟ་བ་མངོན་དུ་སོང་བ་ཉིད་ཀྱིས་སྲིད་པ་ལ་སྲིད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །སྔར་སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་དགོས་པ་སྨོས་པ་འདོད་པ་ཡིན་ན། སྔར་དགོས་པ་ཇི་ལྟར་བསྟན་པ་བཞིན་དུ། དགོས་པ་
འདི་ཡང་ཡིན་པར་ཅིའི་ཕྱིར་མི་འདོད། ཡང་ན་བསྟན་མ་ཐག་པ་ཇི་ལྟར་དགོས་པ་ཡིན་པར་འདོད་པ་དེ་བཞིན་དུ། འདི་ཡང་ཡིན་པར་ཅིའི་ཕྱིར་མི་འདོད། གལ་ཏེ་འདི་དག་ཉིད་དགོས་པ་ཡིན་པར་བསམས་པར་གྱུར་ན་ནི་འདིར་ཡང་གི་སྒྲ་ཤིན་ཏུ་འདོད་པར་བྱ་བ་ཡིན་ནོ། །དགོས་པ་གང་ཞེ་ན། དེའི་ཕྱིར་ཇི་
སྐད་དུ་མདོ་གཞན་ལས་ཇི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་མཐོང་བ་ཡིན། ལེགས་པར་རྟོགས་པར་ཡིད་ལ་བྱས། ལེགས་པར་བསྟན།
ལེགས་པར་འདྲིས་པ་དེ་ནི་ཅི་བདག་སྔོན་གྱི་དུས་ན་བྱུང་ངམ། མ་བྱུང་བ་ཡིན། སྔོན་བདག་ཇི་ལྟ་བུ་ཞིག་ཏུ་བྱུང་། བདག་ཇི་ལྟར་བྱུང་བར་གྱུར་ཞེས་དེ་སྔོན་གྱི་མཐར་རྗེས་སུ་འབྲང་བ་མ་ཡིན། ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་འོན་ཏེ་འབྱུང་བར་མི་འགྱུར། ཇི་ལྟ་བུ་ཞིག་ཏུ་འབྱུང་བར་འགྱུར།
ཇི་ལྟར་འབྱུང་བར་འགྱུར་ཞེས་ཕྱི་མའི་མཐའི་རྗེས་སུ་འབྲང་བ་མ་ཡིན་ནོ། །ནང་ལ་ཡང་འདི་ཅི་ཞིག་ཡིན། འདི་ཇི་ལྟར་ཡིན་ཡོད་པ་འདི་དག་ཅི་ཡིན། གང་ཞིག་འབྱུང་བར་འགྱུར། སེམས་ཅན་འདི་དག་གང་ནས་འོངས། འདི་ནས་ཤི་སྟེ་གར་འགྲོ་བར་འགྱུར་ཞེས་ཅི་ལྟར་ཡང་ཐེ་ཚོམ་མེད་དོ། །དེ་བཞིན་དུ་
ཀཱ་ཏྱཱའི་བུ་འཇིག་རྟེན་ཀུན་འབྱུང་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མ་མཐོང་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་སོ། །མདོར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། དབུས་ལ་རྨོངས་པ་བཟློག་པ་དང་།
ལོག་པར་ལྟ་བ་བཟློག་པ་ཡང་འདིའི་དགོས་པ་ཡིན་པར་བསྟན་ཏོ། །དགོས་པ་ཡིན་པར་འཐད་ན། བཅོམ་ལྡན་འདས་ཀྱིས་དགོས་པ་ཡིན་པར་མ་གསུངས་སམ་ཞེ་ན། དེའི་ཕྱིར་བདག་ཏུ་ལྟ་བ་སྤངས་པ་ཁོ་ནས་བདག་ཐམས་ཅད་མི་འབྱུང་བས་དེ་ཉིད་འདིར་དགོས་པའི་རྩ་བ་ཡིན་ལ་གང་ཡིན་པ་དེ་ཉིད་མདོ་སྡེ་

འདིར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་བྱ་བས་འདི་སྐད་བསྟན་ཏོ། །དགོས་པ་འདི་ཡོད་མོད་ཀྱི་དགོས་པའི་རྩ་བ་མ་ཡིན་ནོ། །བདག་ཏུ་ལྟ་བ་སྤངས་པ་སྔོན་དུ་སོང་བ་ཡིན་པའི་ཕྱིར། དགོས་པའི་རྩ་བ་ཡིན་པར་འདིར་འདོད་དོ། །དེ་བས་ན་གང་མདོ་སྡེ་ལས་གསུངས་པ་དེ་ཉིད་
འདིར་འདོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མྱ་ངན་ལས་འདས་པའི་བར་ཡང་འདིར་དགོས་པ་ཡིན་པར་བརྗོད་པར་བྱ་དགོས་པར་འགྱུར་རོ། །གལ་ཏེ་དགོས་པའི་རྩ་བ་བརྗོད་པར་བཞེད་པ་མ་ཡིན་ན་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡང་ལྟ་བའི་ཀུན་ནས་ཉོན་མོངས་པའི་རྒྱུ་ཅན་དུ་མི་འགྱུར་རོ། །
དེ་བས་ན་འཇིག་ཚོགས་ལ་ལྟ་བ་སྤངས་པའི་ཕྱིར་ཤིང་གི་རྩ་བ་རྒྱས་པ་བཅད་པ་བཞིན་དུ་ཉོན་མོངས་པ་ཐམས་ཅད་རྣམ་པར་ཞིག་པར་འགྱུར་ཞིང་རིམ་གྱིས་མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་ཡན་ལག་སྔ་མ་ལ་བརྟེན་ནས་འབྲེལ་པར་ཕྱི་མ་འབྱུང་བའོ། །
ཞེས་བྱ་བ་ལ་ཇི་སྐད་དུ་དགེ་སློང་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་བཤད་པར་བྱའོ་ཞེས་གསུངས་པ་འདི་གང་ཞེ་ན། དེའི་ཕྱིར་ཡན་ལག་སྔ་མ་ལ་བརྟེན་ནས་འབྲེལ་པར་ཕྱི་མ་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །ཡན་ལག་སྔ་མ་ཞེས་བྱ་བ་ནི་སྔར་སྐྱེས་པ་ལའོ། །བརྟེན་ནས་ཞེས་བྱ་བ་ནི་དེ་ཡོད་ན་ཞེས་བྱ་
བ་ཡིན་ཏེ། རྐྱེན་དེ་དང་འབྲེལ་བ་ཞེས་བྱ་སྟེ། ཡན་ལག་སྔ་མ་འཇིག་པའི་བར་དུ་མ་ཆོད་པ་སྟེ། རྒྱུ་འཇིག་པ་དང་འབྲས་བུའི་བདག་ཉིད་ཀྱི་དུས་གཉིས་དུས་ཐ་དད་པ་མེད་པའི་ཕྱིར་རོ། །འབྱུང་བ་ཞེས་བྱ་བ་ནི་རབ་ཏུ་སྐྱེ་བའོ། །འདིར་རྟེན་ཅིང་ཞེས་བྱ་བའི་སྒྲ་ནི་རྒྱུ་ཡོད་པར་སྟོན་པར་བྱེད་པ་ཡིན་ནོ། །འབྲེལ་པའི་སྒྲ་ནི་འབྲེལ་བ་ལ་
བྱའོ། །དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་རྒྱུ་ཡོད་ན་འཇིག་པ་བར་དུ་མ་ཆོད་པར་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་བྱས་ན་འདས་པ་ལས་གང་ཡང་སྐྱེ་བ་མེད་དོ་ཞེས་བསྟན་པ་ཡིན་ལ། འབྲས་བུའི་དུས་ན་ཡང་རྒྱུ་ཡོད་པ་ཉིད་དུ་མི་འགྱུར་ཏེ། དེ་འཇིག་པ་ཉིད་དེའི་དུས་ཡིན་པའི་ཕྱིར་
རོ། །དེ་ལྟར་བྱས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་འཆད་པ་གང་ཡིན་པ་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །དེ་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ཉིད་ནི་དབང་དུ་བྱས་ནས་འཆད་པའི་ཡི་གེ་ཡང་དོན་བཞིན་དུ་གདགས་ཏེ་ཞེས་རྒྱས་པར་སྨོས་སོ། །དོན་ཞེས་བྱ་བ་ནི་སྐབས་

ཀྱི་དོན་ཞེས་བྱ་བ་སྟེ་འདི་ནི་ལས་ལ་སྒྲུབ་པ་ཡིན་ནོ། །ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས་བཞིན་ནོ་ཞེས་བྱ་བ་ལ་དོན་དམ་པ་སྟོང་པ་ཉིད་ནི་ཏིང་ངེ་འཛིན་གྱི་ངོ་བོའི་དོན་ནོ། །དེའི་དབང་དུ་བྱས་ནས་བཤད་པའི་ཆོས་ཀྱི་རྣམ་གྲངས་འཆད་པའི་ངོ་བོ་དེ་ལ་ཡང་དོན་དམ་པ་སྟོང་པ་ཉིད་ཅེས་གདགས་སོ། །
འཇིག་རྟེན་ན་ཡང་ཁར་བ་བསད་པ་དང་རིན་པོ་ཆེ་ཕྲོགས་པ་བཞིན་ནོ་ཞེས་བྱ་བ་ནི་བསད་པ་དང་ཕྲོགས་པའི་དོན་གྱི་དབང་དུ་བྱས་པའི་ཡི་གེ་གང་ཡིན་པ་དེ་ལ་ཡང་ཁར་བ་བསད་པ་དང་རིན་པོ་ཆེ་ཕྲོགས་པ་ཞེས་ཉེ་བར་གདགས་སོ། །དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བ་བཤད་པར་བྱའོ་
ཞེས་འཆད་པ་དེ་ཡང་ཡིན་པར་རིག་པར་བྱའོ། །རྟེན་ཅིང་ཞེས་བྱ་བ་ནི་རྐྱེན་དེ་ལས་ཞེས་བྱ་སྟེ། ཇི་ལྟར་བུད་ཤིང་ལ་བརྟེན་ནས་མེ་འབྱུང་ངོ་ཞེས་བྱ་བ་རྟེན་དེ་ལས་ཞེས་བྱ་བར་མངོན་ནོ། །སྤྲིན་ལ་བརྟེན་ནས་ཆར་འབབ་པོ་ཞེས་བྱ་བ་སྤྲིན་འདུས་པ་ལས་ཞེས་བྱ་བར་མངོན་ནོ། །གངས་རི་ལ་བརྟེན་ནས་སྨན་རྣམས་སྐྱེའོ་ཞེས་
བྱ་བ་གཞི་དེ་ལས་ཞེས་བྱ་བར་མངོན་ནོ་ཞེས་བྱ་བ་ཡིན་ནོ། །ཡན་ལག་སྔ་མ་ལ་བརྟེན་ནས་ཞེས་སྨྲས་པ་གང་ཡིན་པ་དེ་ཇི་ལྟར་ཡིན་ལག་སྔ་མ་ལ་བརྟེན་ནས་ཕྱིས་འབྲས་བུ་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་རྐྱེན་དེ་ལས་ཞེས་འདིར་ཚིག་རྣམ་པར་དབྱེ་བ་གསལ་བ་ཡིན་པར་བལྟ་བར་བྱའོ། །འཆད་པ་འདིའི་
འཇིག་རྟེན་ན་གྲགས་པའི་དོན་སྟོན་པ་ནི་སྔར་བུད་ཤིང་ལ་བརྟེན་ནས་ཕྱིས་མེ་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་སྔར་གངས་རི་ལ་བརྟེན་ནས་སྨན་རྣམས་ཕྱིས་འབྱུང་ཞེས་བྱ་བའི་བར་དུ་མ་ཡིན་ཏེ། སྔར་མེད་པའི་ཕྱིར་རོ། །ཇི་ལྟར་ཁྲུས་བྱས་ནས་ཟས་ཟ་བ་ལྟ་བུར་དུས་སྔ་ཕྱི་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་
སྔར་ཁྲུས་བྱས་ནས་ཕྱིས་ཟས་ཟ་བ་ལྟ་བུར་སྔ་ཕྱི་ཡོད་པ་མ་ཡིན་ཏེ། འདིར་དོན་དེ་མ་ཡིན་པར་རིག་པར་བྱའོ་ཞེས་སྟོན་ཏོ། །དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་སྟོན་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བ་ཡིན་ནོ། །
རྒྱུའི་དོན་ཡིན་ཏེ། དུས་སྔར་བྱ་བ་བྱེད་པའི་དོན་མ་ཡིན་ན་ཇི་ལྟར་འདི་བརྟེན་ཏེ་ཞེས་བྱ་བའི་སྒྲུབ་པ་ཤེས་པར་འགྱུར་ཞེ་ན་ཞེས་བྱ་བ་ནི་དོན་དེ་ལྟ་བུ་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་བརྟེན་ནས་ཞེས་བྱ་བ་གང་སྨྲས་པ་ཡིན་ཏེ། འདི་ནི་རྒྱུ་དེ་དང་རྐྱེན་དེ་ལས་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་དོན་འདི་བསྟན་ཞེ་ན། འདི་ལྟར་འདི་ཡོད་ན་

འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་བརྟེན་ཏེ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཀྱིས་རྒྱུའི་དོན་དུ་རབ་ཏུ་བསྟན་ཏོ། །བརྡ་སྤྲོད་པ་པ་ཁ་ཅིག་ཀྱང་བྱེད་པ་པོ་མི་མཐུན་པ་ནི་རྒྱུའི་དོན་ཡིན་པར་སྔོན་གྱི་སློབ་དཔོན་དག་སྨྲའོ་ཞེས་བྱ་བ་ལ་སོགས་པ་འདོན་ཏོ། །དེ་ཞེས་བྱ་བ་ནི་
རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཁྱེད་ལ་ཞེས་བྱ་བ་ནི་ཞེས་བྱ་བའི་ཁྱེད་ཀྱི་སྒྲ་དེ་ནི་བཞི་པའི་དོན་དང་གཉིས་པ་མང་པོའི་ཚིགས་སུ་བཅད་པར་སྟོན་པ་ཡིན་གྱི་བོད་པའི་ཆེད་ནི་མ་ཡིན་ཏེ། ཁྱེད་ཅེས་བྱ་བ་ཁྱེད་ཅག་ལའམ། ཁྱེད་ཅག་གི་ཆེད་དུ་བསྟན་པ་ཡིན་ནོ་ཞེས་བསྟན་ཏོ། །དགེ་སློང་དག་ཅེས་བྱ་བ་ནི་བོད་
པ་སྟེ། སེམས་གཞན་དུ་སོང་བའི་དགེ་སློང་རྣམས་དེ་མངོན་དུ་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་རྣམ་པར་དབྱེ་བ་འཆད་པ་མངོན་དུ་བྱ་བའི་ཕྱིར་ཞེས་བྱ་བའི་དོན་གང་ཡིན་པའོ། །ཅིའི་ཕྱིར་དགེ་སློང་རྣམས་ཁོ་ན་ཡིན་གྱི། འཁོར་གཞན་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་
མའི་འཁོར་དེ་དག་མ་ཡིན་ཞེ་ན། དེའི་ཕྱིར་མཆོག་ཡིན་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མཆོག་ཉིད་ནི་སྔར་ཁོང་དུ་ཆུད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་སྲས་ཀྱི་གཙོ་བོ་ཡིན་པའི་ཕྱིར་དེ་དག་ཁོ་ན་དང་པོར་བོད་པར་རིགས་པ་ཡིན་ནོ། །གཙོ་བོ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་དེ་ལས་ངེས་པར་སྐྱེས་པའི་ཕྱིར་
རམ། གཞན་པས་གཙོ་བོ་ཡིན་པའི་ཕྱིར་རམ། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་འགྱུར་བའི་ཕྱིར་རོ། །ཉེ་བ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་མཆོག་ཡིན་པའི་ཕྱིར་དང་གཙོ་བོ་ཡིན་པའི་ཕྱིར་གཞན་དག་པས་སྤྱན་སྔ་ན་འདུག་པ་ཡིན་པའི་ཕྱིར་རོ། །རྟག་ཏུ་འདུག་པ་ཡིན་པའི་ཕྱིར་དང་
ཞེས་བྱ་བ་ནི་སྐྱེས་པ་དང་རབ་ཏུ་བྱུང་བ་སྐལ་བ་མཉམ་པ་ཡིན་པའི་ཕྱིར་དེ་དག་རྟག་ཏུ་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རོ། །འཛིན་ནུས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་འཁྲུགས་པ་མ་ཡིན་པ་ཉིད་ཀྱིས་ན་དྲན་པ་ཤིན་ཏུ་ཉེ་བར་གནས་པ་ཡིན་པའི་ཕྱིར་དང་། སྐྱེས་བུའི་རྩལ་གྱི་དབང་གིས་ཤེས་རབ་མཆོག་དང་ལྡན་པའི་ཕྱིར་
རོ། །བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི་ཡོན་ཏན་དང་སྤྲུལ་པའི་སྒོ་ནས་ང་ལྟ་བུ་ཡིན་པར་བསྟན་པའི་ཕྱིར་རོ། །དང་པོ་ཡང་བསྟན་པར་བྱའོ། །རྣམ་པར་དབྱེ་བ་ཡང་བསྟན་པར་བྱའོ་ཞེས་གང་གསུངས་པའི་དང་པོ་གང་ཡིན། རྣམ་པར་དབྱེ་བ་ཡང་གང་ཞེ་ན། དེའི་ཕྱིར་དང་པོ་ཞེས་བྱ་བ་ནི་བསྟན་པ་སྟེ་ཞེས་སྨྲས་སོ། །

འདི་དོན་གང་གིས་བཞག་ཅེ་ན། དེའི་ཕྱིར་རྣམ་པར་འཆད་པ་བས་དེ་སྔ་བའི་ཕྱིར་ཏེ་ཞེས་སྨྲས་ཏེ་བསྟན་པ་སྔ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། བསྟན་པ་ནི་མདོའི་ཚིག་གོ། །རྣམ་པར་འཆད་པ་ནི་རྒྱས་པའི་ཚིག་ཡིན་ནོ། །བསྡུས་པ་དང་རྒྱས་པར་སོ་སོར་བསྟན་ཞེས་བྱ་བ་གྲུབ་པ་ཡིན་ནོ། །རྣམ་
པར་འཆད་པ་བས་བསྟན་པ་དེ་སྔ་བའི་ཕྱིར་ཏེ། དེའི་སྒོ་ནས་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་སྡུད་པའི་ཕྱིར་རོ་ཞེས་བྱ་བ་ལ་དེའི་སྒོ་ནས་ཞེས་བྱ་བ་ནི་དང་པོའི་སྒོ་དེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་སྡུད་ཅིང་འཇོག་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡི་གེ་རྣམས་སྤྱིའི་
ཚིག་གིས་བྱེ་བྲག་གི་ཚིག་འདོད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྡུད་པ་ཡིན་པའི་ཕྱིར་ཞེས་བྱ་བས་འདིའི་བྱ་བ་བྱེད་པའི་ཚིག་བསྟན་པ་ཡིན་ནོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་རྒྱ་ཆེར་འགྲེལ་པ། བམ་པོ་གཉིས་པ། རྣམ་པར་དབྱེ་བ་ཞེས་བྱ་བ་ནི་ངེས་པར་འཆད་པ་
སྟེ་ཞེས་བྱ་བ་ནི་འདིས་རྣམ་པར་འབྱེད་པས་ན་རྣམ་པར་འབྱེད་པ་སྟེ། རྣམ་པར་ཆད་པས་བསྟན་པ་མདོར་བྱས་པ་རྣམ་པར་འབྱེད་པའི་ཕྱིར་རོ། །ངེས་པར་འཆད་པ་ནི་བསྟན་པའི་ཚིག་ཡིན་ཏེ། བསྟན་པའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། ངེས་པར་འཆད་པ་ཚེགས་ཆུང་ངུས་བདེ་བླག་ཏུ་འཛིན་
པར་བྱ་བའི་ཕྱིར་དང་། མདོ་དང་འབྲེལ་པ་ལྟ་བུ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ལ་འབྲེལ་པ་ལྟ་བུ་ནི་ངེས་པར་འཆད་པ་ཡིན་ནོ། །མདོ་ལྟ་བུ་ནི་བསྟན་པ་ཡིན་ནོ། །དེ་བས་ན་མདོ་ལྟ་བུ་བསྡུས་པའི་དོན་མདོར་བསྟན་པ་ཡིན་པ་རྣམས་འགྲེལ་པ་ལྟ་བུ་ངེས་པར་འཆད་པས་རྣམ་པར་དབྱེ་བ་བྱས་ན་བདེ་བླག་ཏུ་ཁོང་དུ་ཆུད་པར་
འགྱུར་རོ། །གལ་ཏེ་དེ་ལྟ་ན་རྣམ་པར་འཆད་པ་ཁོ་ན་བྱ་དགོས་ཀྱི་བསྟན་པ་ནི་མི་དགོས་སོ་ཞེ་ན། དེའི་ཕྱིར་ངེས་པར་འཆད་པ་ཚེགས་ཆུང་ངུས་བདེ་བླག་ཏུ་འཛིན་པར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བསྟན་པ་ནི་ཉུང་ལ་ངེས་པར་འཆད་པ་ནི་མང་བ་ཡིན་ནོ། །སྤྱིའི་ཚིག་དང་བྱེ་བྲག་གི་ཚིག་ཡིན་པར་འདོད་དོ་ཞེས་བྱ་བ་
ནི་སྤྱིའི་ཚིག་ལྟ་བུ་ནི་བསྟན་པ་ཡིན་ལ། བྱེ་བྲག་གི་ཚིག་ལྟ་བུ་ནི་ངེས་པར་འཆད་པ་ཡིན་ནོ། །ཚེགས་ཆུང་ངུས་བདེ་བླག་ཏུ་འཛིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྤྱི་དྲན་པའི་རྒྱུ་བྱེ་བྲག་ཡིན་པའི་ཕྱིར་རོ། །སྐྱོན་རྣམ་པ་གཉིས་ཀྱི་གཉེན་པོར་ཡང་བསྟན་པ་ཡིན་ཏེ། སྐྱོན་རྣམ་པ་གཉིས་ནི་སྒྲུབ་པའི་སྐྱོན་དང་དྲན་པའི་སྐྱོན་

ནོ། །དེ་བས་ན་དེ་ལྟར་ན་ལེགས་པར་བཤད་པར་འགྱུར་ཏེ། མདོ་དང་རྒྱས་པར་ཡང་བཤད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འགའ་ཞིག་སྨོས་ན་ནི་ཅིག་ཤོས་ཀྱི་སྐྱོན་དང་ལྡན་པའི་ཕྱིར་རོ། །སྤྲོས་ན་གོ་བ་དང་མདོས་གོ་བའི་གང་ཟག་ལ་ཡང་ལྟོས་པ་ནི་ངེས་པར་འཆད་པ་ནི་བསྟན་པའི་ཚིག་
ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །བསྟན་གྱིས་ཞེས་བྱ་བ་ནི་དང་པོ་དང་རྣམ་པར་དབྱེ་བ་ཞེས་བྱ་བ་འཆད་པ་འཇུག་པ་ལ་བྱ་བར་མངོན་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་དང་པོ་དང་རྣམ་པར་དབྱེ་བ་ཞེས་བྱ་བའི་སྒྲས་དེ་ཉིད་མདོ་དང་རྒྱས་པར་འཆད་པ་སྟོན་པ་ཡིན་ནོ། །འཆད་པ་དེ་ཡང་གང་ཞེ་ན། འཇུག་པ་ལ་ཞེས་
བྱ་བར་མངོན་ཏེ་ཞེས་བྱ་བ་སྨོས་ཏེ། འཇུག་པ་ནི་མངོན་པར་སྒྲུབ་པ་དང་འབྱུང་བ་ཞེས་བྱ་བ་དོན་གཅིག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་གཞན་དུ་ཆོས་བཤད་པར་བྱའོ་ཞེས་སྨོས་ན། མདོ་ལ་སོགས་པའི་ཆོས་ལས་དེ་འཆད་པ་གཞན་མ་ཡིན་པ་དང་ཞེས་བྱ་བ་སྨོས་ཏེ་གསུང་རབ་ལས་གྲགས་པ་
དཔེར་བྱེད་དོ། །འཇིག་རྟེན་ན་ཡང་ཚིག་གཅིག་བརྗོད་དོ་ཞེས་སྨྲ་བ་པོ་སྟོན་པར་བྱེད་ན་ཚིག་ལས་ཚིག་གཞན་ཡོད་པ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་ན་གྲགས་པ་དཔེར་བྱེད་པ་ཡིན་ནོ། །སྟོན་ཏོ་ཞེས་མི་བྱ་འམ་ཞེ་ན། བྱས་ན་ནི་བསྟན་པར་བྱ་བ་དང་། སྟོན་པར་བྱེད་པ་འབྲེལ་པ་མེད་པར་འགྱུར་
བའི་ཕྱིར་དང་། ཉེ་བར་བརྟགས་པ་ཡིན་ན་ནི་སྟོན་པར་འགྱུར་བའི་ཕྱིར་རོ། །ཉེ་བར་བརྟགས་པ་ཡིན་ན་ནི་བསྟན་པར་བྱ་བ་དང་། སྟོན་པ་པོ་འབྲེལ་པ་ཡིན་ནོ། །ཡི་གེས་དོན་སྟོན་པ་བཞིན་དུ་བཅོམ་ལྡན་འདས་དེ་སྟོན་པ་བཞིན་དུ་སྟོན་ན་ཇི་ལྟར་སྟོན་པར་བྱེད་པས་ན་ཐ་སྙད་ཙམ་ཡིན་པར་བལྟ་བར་བྱའོ། །དེ་ཞེས་
བྱ་བ་འདི་ནི་ཚིག་འགོད་པའམ་ཞེས་བྱ་བ་ནི་ཚིག་འཇོག་པ་སྟེ། མིང་ཐམས་ཅད་གསལ་བའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་བསྟན་པར་བྱའོ་ཞེས་བྱ་བ་དེ་བས་ན་ཉོན་ཅིག་ཅེས་སྟོན་པར་བྱེད་དོ། །དེ་ལྟ་མ་ཡིན་ན་ནི་སྐྱོན་རྣམ་པ་གསུམ་གྱིས་བཤད་པ་དོན་ཡོད་པར་མི་འགྱུར་ཏེ། ཇི་ལྟ་ཞེ་ན་འདི་ལྟ་མ་
ཡིན་ཏེ། ཅི་སྟེ་གཏོད་པར་བྱེད་པ་དང་། ཕྱིན་ཅི་མ་ལོག་པ་དང་གུས་པས་ཉན་ཞིང་སྦྱོར་བར་བྱེད་ན་ཞེས་དགོངས་པའོ། །ཇི་ལྟ་ཞེ་ན་དེའི་ཕྱིར་རྣམ་པར་གཡེང་བའི་སྐྱོན་གྱིས་ཡི་གེ་མི་ཐོས་པ་དེའི་གཉེན་པོར་ལེགས་པར་ཉོན་ལ་ཞེས་སྨོས་ཏེ་རྣ་གཏོད་པ་ལ་སྦྱོར་བར་བྱེད་དོ། །ཤེས་རབ་ཀྱི་སྐྱོན་གྱིས་ནི་ཡི་གེའི་དོན་

ཕྱིན་ཅི་ལོག་ཏུ་འཛིན་པའི་ཕྱིར་སྭ་སྟི་དང་ཨ་རིཤྟ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་བཤད་པ་འདི་ལ་སྭསྟིས་ཤེས་རབ་ཀྱི་སྐྱོན་གྱིས་ཡི་གེའི་དོན་ཇི་ལྟར་ལོག་པར་ཟིན་པ་ནི་འདི་ལྟ་སྟེ། ཤི་བ་དུས་ལས་འདས་པ་དང་། གཉེན་རྣམས་ཀྱིས་ལུས་ནི་མེས་སྲེག་པར་བྱེད། ཆུར་སྐྱུར་བར་བྱེད་ས་དོང་དུ་འཇུག་པར་བྱེད་པའམ།
བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་རྣམ་པ་དུ་མས་ནི་ཟ་བར་བྱེད་པའམ། རླུང་དང་ཉི་མ་གཉིས་ཀྱིས་བསྐམས་ཤིང་ཡོངས་སུ་ཟད་པ་དང་གཏུགས་པར་འགྱུར་རོ། །གང་ཡང་སེམས་ཞེས་བྱ་བ་དང་། ཡིད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཡུན་རིང་པོར་དེ་
ལ་དད་པས་ཡོངས་སུ་བསྒོས་ཤིང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཡོངས་སུ་བསྒོས་ཏེ། གོང་དུ་འགྲོ་བར་འགྱུར། ཁྱད་པར་དུ་འགྲོ་བར་འགྱུར་ལ། ཤི་འཕོས་ནས་ཀྱང་མཐོ་རིས་སུ་འགྲོ་བར་འགྱུར་ཞེས་བྱ་བ་ལ་ལྟ་བར་གཏོགས་པ་འབྱུང་བ་ནི་འདི་ལྟ་བུ་ཡིན་ཏེ། བདག་གིས་བཅོམ་
ལྡན་འདས་ཀྱིས་གསུངས་པའི་དོན་ཁོང་དུ་ཆུད་དེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མཚམས་སྦྱོར་བར་བྱེད་པ་ཡིན། འཁོར་བ་ཡིན་ཏེ་མ་ཚང་བ་མེད་པ། གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་ཨ་རིཤྟས་ཀྱང་འདི་ལྟ་སྟེ། ཀྱེ་གཽ་ཏ་མ་དགེ་སློང་ཡང་ཞོག །དགེ་སློང་མ་ཡང་
ཞོག །དགེ་བསྙེན་ཚངས་པར་སྤྱོད་པ་ཡང་ཞོག །དགེ་བསྙེན་མ་ཚངས་པར་སྤྱོད་པ་ཡང་ཞོག་ལ། དགེ་བསྙེན་ཁ་ཅིག་འདོད་པའི་ལོངས་སྤྱོད་ཅན་ཆོས་འདུལ་བ་འདི་ལ་དོགས་པ་དང་ཐེ་ཚོམ་སྤངས་པ་དག་མཆིས་ཏེ། དེ་དག་ཀྱང་འདི་ལ་དགེ་བསྙེན་དུ་གྱུར་པ་གཅིག་གཉིས་མ་ལགས། ལྔ་བརྒྱ་མ་ལགས་ཀྱི།
དེ་བས་ཀྱང་ཤིན་ཏུ་མང་བའི་དགེ་བསྙེན་གང་དག་བུ་རྣམས་སྟེན་པར་བགྱིད། མལ་སྟན་རྣམས་ལ་ཆགས་པར་བགྱིད། བགོ་བ་བཟང་པོ་རྣམས་སྟེན་པར་བགྱིད། ཕྲེང་བ་དང་བྱུག་པ་འཆང་བར་བགྱིད། གསེར་དང་དངུལ་བདག་གིར་བགྱིད། ཆུང་མ་དང་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་
རྣམས་འཁོལ་བར་བགྱིད་པ་དག་ལྷ་དང་མི་དག་ཏུ་ལན་བདུན་སྐྱེ་བ་བླངས་ནས་ཤི་སྟེ། སྡུག་བསྔལ་གྱི་མཐར་འབྱིན་པར་འགྱུར་རོ་ཞེས་བྱ་བ་ལ། ལྟ་བར་གཏོགས་པ་སྐྱེས་པ་ནི་འདི་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་པ་ཡིན་པར་གསུངས་པ་དེ་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །

སོགས་པའི་སྒྲས་ནི་གཞན་དག་ལ་ཡང་སྦྱར་བར་བྱའོ། །དེའི་གཉེན་པོར་ལེགས་པར་ཞེས་བྱ་བ་ཡིན་ཏེ། ཕྱིན་ཅི་མ་ལོག་པར་འཛིན་པ་ལ་སྦྱོར་བ་ཡིན་ནོ། །འདུན་པ་ཞན་པའི་སྐྱོན་གྱིས་ནི་མ་གུས་པས་གཟུང་བ་མི་འཛིན་པའི་ཕྱིར་རོ། །དེའི་གཉེན་པོར་ཤིན་ཏུ་ཞེས་བྱ་བ་
ཡིན་ཏེ། གུས་པར་འཛིན་པ་ལ་སྦྱོར་བ་ཡིན་ནོ། །སྣོད་ཁས་ཕུབ་པ་དང་། མི་གཙང་བ་དང་། ཞབས་རྡོལ་གྱི་ནང་དུ་ཆར་བབ་པ་དོན་མེད་པ་ཡིན་ཏེ། དེའི་ནང་དུ་མི་འཇུག་པ་དང་། རྣམ་པར་གྱུར་པ་དང་། མི་གནས་པའི་ཕྱིར་རོ་ཞེས་བྱ་བ་ལ་སྣོད་ཁས་ཕུབ་པ་ལྟ་བུ་ནི་རྣམ་པར་གཡེང་བའི་སྐྱོན་ཡིན་པར་
རིག་པར་བྱ་སྟེ། དེར་ནི་ཡི་གེ་ཉིད་ཀྱང་མི་འཇུག་སྟེ། སྣོད་ཁས་ཕུབ་པ་ལ་ཆར་བབ་པ་བཞིན་ནོ། །སྣོད་མི་གཙང་བ་ལྟ་བུར་ནི་ཤེས་རབ་ཀྱི་སྐྱོན་ཡོད་པ་ཡིན་པར་རིག་པར་བྱ་སྟེ། དེར་གལ་ཏེ་ཞུགས་སུ་ཟིན་ཀྱང་ཕྱིན་ཅི་ལོག་གི་རྣམ་པར་འདུག་སྟེ། སྣོད་མི་གཙང་བའི་ནང་ན་ཆར་བབ་པ་དྲི་ལ་སོགས་པ་མནམ་
པར་གྱུར་པ་བཞིན་ནོ། །སྣོད་ཞབས་རྡོལ་ལྟ་བུ་ནི་འདུན་པ་ཞན་པའི་སྐྱོན་ཡིན་པར་བལྟ་སྟེ། ནང་དུ་ལོན་ཅིང་གྱུར་པ་མེད་དུ་ཟིན་ཀྱང་མི་གནས་པའི་ཕྱིར་ཏེ། སྣོད་ཞབས་རྡོལ་དུ་ཆར་བབ་པ་བཞིན་ནོ། །དེ་ལྟ་ན་ནི་བཤད་ཀྱི་གཞན་དུ་ན་མི་བྱེད་དོ་ཞེས་བསྟན་པའི་ཕྱིར་དང་ཞེས་བྱ་བ་ནི་གལ་ཏེ་ལེགས་པར་ཤིན་ཏུ་ཡིད་
ལ་བྱེད་ཅིང་ཉན་ན་ཞེས་དགོངས་པའོ། །འདིས་ནི་ཆོས་འཆད་པར་དམ་འཆའ་བ་བྱེ་བྲག་ཏུ་བྱེད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་འཆད་པ་ནི་དོན་མེད་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་ཆོས་འཆད་པ་དོན་ཡོད་པ་ཡིན་གྱི་གཞན་དུ་མ་ཡིན་ནོ། །ང་ཡང་ལེགས་པར་ཤིན་ཏུ་འཆད་དོ་ཞེས་སྦྱར་བའི་
ཕྱིར་རོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་འཆད་པ་ནི་མ་ལེགས་པ་དང་ཤིན་ཏུ་མ་ཡིན་པར་མི་འཆད་མོད་ཀྱི། འོན་ཀྱང་དེ་སྐད་གསུངས་པ་ནི་གདུལ་བྱ་རྣམས་ཉེ་བར་འདུན་པར་བྱ་བའི་ཕྱིར་རོ། །ང་ནི་འཆད་པར་ཟད་ཀྱི་ཁྱེད་རྣམས་ཀྱིས་ནི་ནན་ཏན་གྱིས་སྒྲུབས་ཤིག་