Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 112
Văn bản gốc(Tây Tạng)
Trang 16 / 17 (50.000 ký tự/trang)
དུ་མ་ལུས་པ། །སངས་རྒྱས་ཉིད་ཀྱིས་མཁྱེན་པས་ན། །ཀུན་དུ་བཟང་པོ་ཞེས་བགྱི་བའི། །སྨོན་ལམ་རྒྱ་མཚོ་ཇི་ལྟ་བ། ། དེ་བཞིན་དུ་ནི་བདག་ལ་ཡང་། །དགེ་བ་རྒྱ་མཚོ་དེ་མྱུར་དུ། །འབྲས་བུ་དང་ནི་བཅས་པར་ཤོག །ཕྱོགས་བཅུ་ནམ་མཁས་ཀུན་ཁྱབ་པའི། །སངས་རྒྱས་ཞིང་གི་རྒྱལ་རྣམས་གང་། །དེ་དག་ཇི་ལྟར་སྨོན་ལམ་ནི། །མངོན་དུ་བྱས་པའི་རིམ་པ་རྣམས། །དེ་ཙམ་ཉིད་དུ་བདག་གིས་ ཀྱང་། །བསམ་པ་བརྟན་པ་དེ་བཞིན་གྱི། །བསོད་ནམས་མཐུ་ཡིས་འདི་དག་ནི། །དེ་བཞིན་དུ་ནི་འགྲུབ་པར་ཤོག །ཇི་ལྟར་དཔལ་ལྡན་འཇམ་དབྱངས་ཀྱི། །སྨོན་ལམ་དེ་ལྟར་བདག་གི་ཡང་། །དུས་ནི་ཡུན་མི་རིང་བ་ཡིས། །སྨོན་ལམ་འདི་ནི་ཡོངས་རྫོགས་ཤོག །སངས་རྒྱས་ཀུན་ རྣམས་རང་རང་གི། །ཞིང་བཞུགས་མྱ་ངན་མི་འདའ་ཞིང་། །མཁའ་མཉམ་ཆོས་ཀྱི་ཆར་གྱིས་ནི། །རྟག་ཏུ་སེམས་ཅན་ཕན་བྱེད་ཤོག །སེམས་ཅན་རྣམས་ཀྱང་སངས་རྒྱས་ཆོས། །དགེ་འདུན་བཅས་པ་ཐམས་ཅད་ལ། །ལྷ་རྫས་མཆོད་སྤྲིན་མཐའ་ཡས་པས། །ཡང་དག་པར་ནི་ མཆོད་བྱེད་ཤོག །དེ་བཞིན་གཤེགས་པའི་ཡོན་ཏན་གྱིས། །འཇིག་རྟེན་ཁམས་ཀུན་གང་བར་ཤོག །མཆོག་གི་ཆོས་རྣམས་སེམས་འགྱུར་ཞིང་། །སྲིད་པ་སྦྱོང་བར་བྱེད་པར་ཤོག །ལུང་དོན་གང་དང་འགལ་བ་དང་། །དོན་མེད་པའམ་ཡང་ན་ནི། །གང་འོག་འཆོལ་དང་སྒྲ་ངན་ལྡན། །གཞུང་གི་སྐྱོན་ ནི་ཅུང་ཟད་གང་། །བརྩེ་བ་ཅན་གྱིས་དག་བྱེད་པའམ། །འོན་ཏེ་སྒྲོ་སྐུར་སྤངས་ཏེ་བྱས། །ཆོས་ཀྱི་བློ་ཙམ་གྱིས་བྱས་ཕྱིར། །མཁས་པས་བདག་ལ་བཟོད་པར་རིགས། །བློ་ནི་ཞན་པར་གྱུར་པ་དང་། །སོ་སོ་སྐྱེ་བོ་ཡིན་པའི་ཕྱིར། །འདིར་ནི་བདག་གིས་སྐྱོན་བསྡུས་གང་། །སྤང་ཞིང་ཆོས་དང་མཐུན་བཟུང་སྟེ། །བློ་ཅན་བརྩེ་ བས་བཟོད་པར་མཛོད། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་སྨོན་ལམ་གྱི་ལེའུ་སྟེ་སུམ་ཅུ་པའོ།། །།ཇི་སྐད་བཤད་པའི་སྤང་བྱ་དོར། །གཟུང་བྱ་ཐམས་ཅད་བླང་བར་བྱ། །རྟོག་པ་ཐམས་ཅད་བསྡུས་བྱ་ཞིང་། །ཆོས་ཀྱི་བདག་མེད་གོམས་པར་བྱ། །རང་གཞན་ཕྱིར་ནི་སློབ་དཔོན་ནི། །སངས་རྒྱས་ཡེ་ཤེས་ དཔལ་གྱིས་བྱས། །རྒྱལ་བའི་ལམ་ལ་འཇུག་པ་ཡི། །ཆོས་བསྡུས་པ་ནི་རྫོགས་པའོ། །རྒྱལ་བའི་ལམ་ལ་འཇུག་པ་ཞེས་བྱ་བ་ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་རིག་པའི་གནས་ལྔ་ལ་སྦྱངས་ཤིང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་བུདྡྷ་ཤྲཱི་ཛྙཱ་ན་ཞེས་བྱ་བས་མཛད་པ་རྫོགས་སོ།། །།ཨེ་མ་རྩོམ་པའི་ཚད་ལྡན་ པཎ་ཆེན་གྱིས་མཛད་རྒྱལ་བའི་ལམ་འཇུག་འདི། །ཉུང་ལ་གསལ་རྫོགས་ལུང་རིགས་དང་འབྲེལ་དོན་ཆེན་ལྡན་མཐོང་སྟེ། །ལེགས་སྦྱར་སྐད་ཀྱིས་དབེན་པའི་མི་རྣམས་ལ་ནི་ཕན་འདོད་ནས། །རྩོད་དུས་སྐྱེས་ཀྱང་རིག་གནས་ལྔ་སྦྱངས་སྡོམ་གསུམ་ལ་གནས་པའི། །བོད་ཡུལ་དབུས་ཀྱི་དགེ་སློང་དགྲ་ བཅོམ་ལེགས་པར་མཉན་ཏེ་བསྒྱུར། །ཕྲག་དོག་འགྲན་ཁེངས་དྲེགས་སེམས་སྤངས་ཏེ་བླངས་ན་དོན་ཆེན་འགྱུར། །གང་དག་སྲིད་ཞེན་བློ་ཞན་འཚོ་མེད་ལོང་མེད་བསྒོམ་འདོད་སོགས། །ཐོས་བྲལ་རྣམས་ཀྱང་འདི་ཙམ་ཅིག་ཉན་ནུས་ན་ཐོས་མང་འགྱུར། །གཞུང་འདིའི་ཚད་ནི་ཚིགས་བཅད་སྟོང་དང་ཚིག་བརྒྱས་ ལྷག་པ་སྟེ། །སྒྲ་དོན་དཔྱད་ནས་བསྒྱུར་ཀྱང་ནོངས་ན་མཁས་རྣམས་བཟོད་པར་བཞེས། །བརྩམ་ཞུས་བསྒྱུར་བའི་མཁན་པོ་གསུམ་གྱིས་འབད་འབྲས་འདི་དར་ནས། །དགེ་དེས་བདག་སོགས་འགྲོ་ཀུན་རྒྱལ་བའི་ལམ་ཞུགས་ཀུན་མཁྱེན་ཤོག །བསྒྱུར་བའི་དགོས་འབྲེལ་དང་གཞན་ལ་གདམས་པ་དང་། བཟོད་པར་གསོལ་བ་ དང་བསྔོ་བ་ལ་ཤློཀ་གསུམ་ལོ་ཙཱ་བས་བགྱིས་སོ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་གོ་ཙ་ར་པ་རི་ཤུདྡྷི་སཱུ་ཏྲཱརྠ་སཾ་གྲ་ཧ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ། །མཐའ་དག་སྤྱོད་ཡུལ་མ་ཡིན་པ། །སྤྱོད་ཡུལ་སྤྱོད་ཡུལ་མིན་སྤངས་པས། །སྤྱོད་ཡུལ་ཐམས་ཅད་དག་གྱུར་པ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་འདུད། །ཞིང་ནི་ཡོངས་སུ་སྦྱོང་འདོད་པས། །རང་དང་གཞན་གྱི་རྒྱུད་དག་ལ། །བྱང་ཆུབ་སེམས་དཔས་འདི་ ལྟར་ཡིད། །སོ་སོའི་སྤྱོད་ཡུལ་འགྱུར་བར་བྱ། །ཐོག་མར་གཉིད་སད་དེ་ཡི་ཚེ། །འདི་ལྟར་ཡིད་ལ་བྱ་བ་ནི། །བསོད་ནམས་ཡེ་ཤེས་མངོན་འཕེལ་དོན། །འབད་པ་མེད་པར་མཁས་གྱུར་ཅིག །བག་མེད་གཉིད་ལས་རྣམ་གྲོལ་ཞིང་། །སྐྱེ་དགུའི་མི་ཤེས་མཚན་མོ་ཟད། །ཐམས་ཅད་ མཁྱེན་པའི་ཉི་ཤར་བཞིན། །བླ་མེད་དེ་མཐོང་ལྡན་པར་ཤོག །གཉིད་ཡོངས་སུ་སད་པ་ཡིའོ། །ལྡང་ཚེ་ཉོན་མོངས་ཉེར་ལེན་གྱི། །འཁོར་བའི་གནས་མལ་སྤངས་ནས་ནི། །དེ་བཞིན་གཤེགས་པས་བརྙེས་དེ་ལྟར། །སྟོབས་དང་བརྩོན་སོགས་བླ་མེད་ཤོག །གནས་མལ་ལས་ཡོངས་སུ་ ལྡང་བའི་འོ། །ངོ་ཚ་དང་ནི་ཁྲེལ་ཡོད་གོས། །བྱམས་དང་སྙིང་རྗེའི་སྐ་རགས་ནི། །སེམས་ཅན་ཐམས་ཅད་བླ་མེད་པར། །རྒྱལ་བ་ཇི་བཞིན་གྱོན་གྱུར་ཅིག །སྨད་གཡོགས་གྱོན་པའི་འོ། །བྱམས་ཆེན་དང་ནི་བརྩེ་བའི་གོས། །བདེ་གཤེགས་ཇི་བཞིན་གྱོན་པ་དང་། །མཐའ་དག་སེམས་ ཅན་ཡན་ལག་ནི། །ལེགས་སྦས་མཉམ་པ་ཉིད་གྱུར་ཅིག །སྟོད་གཡོགས་གྱོན་པའིའོ། །བླ་མེད་ཐེག་པ་ཆེན་པོར་ནི། །རྐང་པ་འཇུག་པར་བྱེད་གྱུར་ཅིག །ལྷ་ཡི་བཞོན་དང་ཚངས་པ་ཡི། །བཞོན་པ་ལ་སོགས་ངེས་འབྱུང་གི། །རིམ་པས་མཐར་གྱིས་བགྲོད་པར་ཤོག །མཆིལ་ལྷམ་གྱོན་ པའིའོ། །ལུས་ཅན་ཐམས་ཅད་ཐམས་ཅད་དུ། །ཐམས་ཅད་བདེ་འགྲོ་མྱོང་འདས་དང་། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གནས། །སྒོ་ཆེན་པོ་ནི་འབྱེད་པར་ཤོག །སྒོ་དབྱེ་བའིའོ། །ཁམས་གསུམ་རྨོངས་པ་ཆེན་པོ་ཡི། །སྲིད་པའི་ཁྱིམ་ལས་ཕྱིར་བྱུང་སྟེ། །ཐམས་ཅད་མཁྱེན་པ་གསལ་ འདོད་པ། །འཇིག་རྟེན་མཐའ་དག་ངེས་འགྲོ་ཤོག །ཁང་པ་ལས་ཕྱིར་འབྱུང་བའི་འོ། །མི་ཁོམ་ངན་འགྲོའི་གཡང་ས་ལས། །མཐའ་དག་སྐྱེ་བོ་རྣམས་ཀྱི་སྒོ། །མི་དགེ་གང་བྱས་བྱང་སེམས་དང་། །སངས་རྒྱས་ཀྱིས་ཀྱང་བཅད་གྱུར་ཅིག །སྒོ་འགེགས་པའིའོ། །བླ་མེད་དེ་ བཞིན་གཤེགས་པ་ཡི། །གོམ་པས་ཐམས་ཅད་དུ་བགྲོད་ཤོག །འགྲོ་བའི་འོ། །ཉོན་མོངས་ངན་དུ་སྤྱོད་པ་ཡི། །བཤང་གཅི་དྲི་མ་འདོར་གྱུར་ཅིག །དྲི་མ་འདོར་བའི་འོ། །མི་གཙང་དྲི་མའི་ཞིང་སོགས་འདོར། །ཚུལ་ཁྲིམ་འཆལ་བའི་དྲི་བསལ་ཏེ། །བརྩེ་དང་བྱ་བ་དག་པ་ཡི། །ཕྱག་ཞབས་ སེམས་ཅན་ལྡན་གྱུར་ཅིག །ཁྲུས་ཀྱིའོ། །རྣམ་པར་ཐར་པའི་སྒོ་ནས་སྒོར། །རྣམ་འཕེལ་བདེ་བར་གཤེགས་པ་བཞིན། །ཀུན་མཁྱེན་ཚུལ་ཁྲིམས་དྲི་ཞིམ་དང་། །ཡེ་ཤེས་སྣང་བ་འཆར་བར་ཤོག །ཁ་འཁྲུ་བ་དང་སོ་ཤིང་ཟ་བའི་འོ། །རྟག་ཏུ་སེམས་ཅན་མཉམ་པར་ནི། །ན་རྒས་ཉོན་མོངས་ ཐམས་ཅད་དང་། །བྲལ་ཞིང་ཐམས་ཅད་མཚུངས་པར་ཡང་། །རྡོ་རྗེ་སྙིང་པོའི་ལུས་སུ་ཤོག །སྨན་ཉེ་བར་སྤྱོད་པའི་འོ། །ཀུན་ནས་རབ་ཏུ་དང་བ་དང་། །འདོད་ཆགས་ལ་སོགས་རྡུལ་སྤངས་ཏེ། །སེམས་ཅན་རྫོགས་པའི་སངས་རྒྱས་བཞིན། །བལྟ་བས་མི་ངོམས་སྐུར་གྱུར་ཅིག །ཆག་ཆག་ དང་ཕྱག་དར་སྐྱང་ནུལ་གྱིའོ། །སྤྱི་གཙུག་འཇིག་རྟེན་མི་མཐོང་དང་། །ལྷ་དང་མི་ལ་སོགས་རྣམས་ཀྱི། །ཕྱག་འོས་རྟག་ཏུ་སེམས་ཅན་ཀུན། །རྫོགས་སངས་མཆོད་རྟེན་བཞིན་མཆོད་ཤོག །མཆོད་རྟེན་ལ་ཕྱག་བྱེད་པའི་འོ། །སྐྱེས་བུ་ཆེན་པོ་སེང་གེ་ཡི། །ཆོས་འཛིན་རྡོ་རྗེའི་གདན་འདུག་སྟེ། །འོས་སུ་ གྱུར་པའི་སེམས་ཅན་གྱི། །བདུད་སྟོབས་སྟོབས་ལས་རྒྱལ་ཐོབ་ཤོག །སྟན་དང་གདིང་བའི་འོ། །ཀུན་མཁྱེན་དམ་ཆོས་ཐམས་ཅད་ཀྱི། །མཛོད་ནི་འབྱེད་དང་འདོན་པ་དང་། །སྐྱེ་བོ་རྣམས་ཀྱིས་བཀའ་ལུང་ནི། །ཚངས་དབྱངས་ལྟ་བུ་ཐོབ་པར་ཤོག །གླེགས་བམ་འབྱེད་པ་དང་འདོན་པ་ལ་སོགས་པའིའོ། །རྡུལ་དང་ ནད་ཀྱི་སྐྱོན་སྤངས་ཏེ། །གསེར་གྱི་མདོག་ཅན་གཉེན་ཉིད་དང་། །སྣ་ཚོགས་ཡན་ལག་མཚན་ཉིད་བཟང་། །སེམས་ཅན་རྒྱལ་བ་ཇི་བཞིན་ཤོག །བླ་མེད་རྫོགས་སངས་རྒྱས་ཀྱི་སྤྱན། །དག་པ་ལྔ་དང་རྟག་ལྡན་ཞིང་། །ཉོན་མོངས་གདུང་བ་དྲི་མའི་ཚོགས། །ལུས་ཅན་རྣམས་ནི་དག་པར་ཤོག །དྲིལ་ཕྱིས་ དང་སྤྱན་འབྱེད་དང་ཁྲུས་ལ་སོགས་པའི་འོ། །ལམ་གྱི་ཡན་ལག་བརྒྱད་ལྡན་ཆུས། །ཡུན་རིང་ཟུག་རྔུར་བྱིང་ཕྱུང་སྟེ། །ཆོས་ཤེས་མངོན་པར་དག་བྱེད་དཔལ། །ལུས་ཅན་རྣམས་ཀྱིས་རྙེད་པར་ཤོག །ཁྲུས་བྱ་བ་སྦྱིན་པའི་འོ། །མ་ལུས་བཀྲེས་དང་སྐོམ་པ་ལས། །བདེ་གཤེགས་བཞིན་དུ་རྣམ་གྲོལ་དང་། ། ཡེ་ཤེས་བདུད་རྩིས་ལེགས་ཚིམ་ཞིང་། སེམས་ཅན་རྣམས་ནི་ནད་མེད་གྱུར། །བཟའ་བ་དང་བཏུང་བ་ལ་ལོངས་སྤྱོད་པའི་འོ། །ཀུན་མཁྱེན་ཡེ་ཤེས་སྤྱོད་པ་ཡིས། །ཁ་མགྲིན་དཔལ་ནི་བརྒྱན་པ་དང་། །མི་གནས་མྱ་ངན་འདས་པར་ནི། །ཤེས་བརྩེའི་གོམ་པས་རིམ་བགྲོད་ཤོག །ལུང་བསྟན་ རྣམ་པ་བཞི་དག་དང་། །སོ་སོར་ཡང་དག་རིག་རྣམ་བཞི། །ཕ་རོལ་ཕྱིན་པ་ཆེན་པོའི་ལམ། །བཞོན་པ་ཆེན་པོར་འཛེག་པར་ཤོག །བརྩེ་དང་ཤེས་རབ་ཡང་དག་འབྱུང་། །མ་ལུས་ལུས་དང་ངག་གི་ལས། །གཞན་དོན་ཕྱིར་མི་ལྡོག་པར་ནི། །སེམས་ཅན་ཐམས་ཅད་མཉམ་གྱུར་ཅིག །ཏམ་པོ་ ལ་ཟ་བ་དང་། འཆག་པ་དང་། འབེལ་པའི་གཏམ་དང་། ལམ་དང་། བཞོན་པ་ལ་འཛེག་པ་དང་། བྱ་བ་རྣམས་ཀྱིའོ། །ཐམས་ཅད་དུ་ནི་སྒྲིབ་བྲལ་གྱི། །དྲན་དང་ཤེས་རབ་ཡོན་ཏན་ལྡན། །སེམས་ཅན་ཐམས་ཅད་དོན་ཕྱིར་ཡང་། །སེམས་ཅན་ཀུན་དགེ་བྱེད་གྱུར་ཅིག །དེ་དང་དེའི་སྤྱོད་ཡུལ་གྱི་སྒོའི་ རྣམ་པའོ། །བླ་མེད་དེ་བཞིན་གཤེགས་པ་ཡི་ནི་ཚུལ་ཁྲིམས་དྲི། །བྱང་ཆུབ་ཡན་ལག་མེ་ཏོག་མཛེས་ཁེབས་དེ་ཡན་ལག །བཟང་པོའི་མཚན་རྣམས་ཀྱིས་ནི་མངོན་པར་བརྒྱན་པ་དང་། །སེམས་ཅན་རྣམས་ནི་འགྲོ་བའི་དོན་འདོད་གྱུར་པར་ཤོག །དྲི་འམ་བདུག་པ་དང་མེ་ཏོག་དང་རྒྱན་བྱིན་པའི་ འོ། །གྲང་དང་ཚ་བའི་གདུང་བ་སེལ་བར་བྱེད་པའི་དྲི་ཞིམ་དང་། །གདུགས་དང་འདྲ་བའི་ཕྱོགས་ཀྱི་གནས་ཡངས་བདག་པོ་དང་། །ཆོས་ཀྱི་རྒྱལ་མཚན་བསྒྲེང་བས་ཕྱོགས་སུ་བརྒྱན་པ་ཡིས། །སེམས་ཅན་རྣམས་ནི་འགྲོ་ལ་རབ་ཏུ་གསལ་གྱུར་ཅིག །མེ་ཏོག་དང་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་ པའི་འོ། །ཤེས་རབ་རབ་ཏུ་གསལ་བས་མུན་པ་རྣམ་བཅོམ་ཞིང་། །དེས་ནི་སྡིག་པའི་སྣུམ་དང་སྡོང་བུ་བསྲེགས་ནས་ནི། །སྤྱན་ལྔར་ཉེ་བར་འཕེལ་བ་རྣམས་ནི་ཐོབ་པ་དང་། །རྒྱལ་བ་ལྟ་བུར་སེམས་ཅན་རྣམས་ནི་རབ་གསལ་ཤོག །དེ་བཞིན་གཤེགས་པ་བླ་ན་མེད་པ་མི་འགྱུར་བའི། །སྙན་དང་ལྡན་ཞིང་ ལེགས་པའི་ཡིད་ཆེས་ངག་དག་དང་། །ཚངས་དབྱངས་ལྟར་འགྱུར་དེ་དག་ཡོན་ཏན་ཆེན་པོ་ནི། །སེམས་ཅན་བདེ་བར་གཤེགས་པ་དག་དང་མཚུངས་གྱུར་ཅིག །སྒྲོན་མ་དང་བསྟོད་པ་འབུལ་བའི་འོ། །འགྲོ་བ་ཁྱབ་པར་རྒྱུན་ཆགས་མིན། །མཐའ་དག་སྨོན་ལམ་ཆེན་པོ་རྣམས། ། རྒྱུན་ཆད་མེད་འདས་བརྩེ་བ་ཡི། །མལ་བདེར་ལྷག་པར་ཉལ་གྱུར་ཅིག །མ་སྨད་སྤྱོད་པས་ཐམས་ཅད་དུ། །ཕ་རོལ་སེམས་ཅན་རྗེས་འཛིན་དེས། །རང་ཚུལ་སྤྱོད་དང་སྤྱོད་ཡུལ་ནི། །སེམས་ཅན་སངས་རྒྱས་བཞིན་གྱུར་ཅིག །སྨོན་ལམ་དང་གནས་མལ་དང་མ་སྨད་པའི་སྤྱོད་པ་ཐམས་ཅད་ཀྱིའོ། །སྤྱོད་ ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ། སློབ་དཔོན་དཔལ་སྒྲ་གཅན་འཛིན་བཟང་པོའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་ཁ་ཆེ་ཤཱཀྱ་ཤྲཱི་བཟང་པོ་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨུཏྤཱ་ད་བིདྷི། བོད་སྐད་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དམ་པའི་ཆོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་ བགྱི་བས། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། ལུས་དང་ངག་དང་ཡིད་ཀྱིས། སངས་རྒྱས་དང་ཆོས་དང་། དགེ་འདུན་དང་། ཕ་མ་དང་། སེམས་ཅན་དག་ལ་སྡིག་པ་མི་དགེ་བའི་ལས་བགྱིད་པ་དང་བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་ པ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་ཤིང་བསྡུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པའི་སོ་སོར་བཤགས་པས་འཆགས་སོ། །མི་འཆབ་པོ། །སླན་ཆད་འདི་ལྟ་བུ་མི་བགྱིད་དོ། །དེ་སྐད་ལན་གསུམ་བཟླས། སྡིག་པ་བཤགས་པའོ། །སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བླ་ན་མེད་པ་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་འཕགས་པ་ ཉན་ཐོས་ཐམས་ཅད་དང་། འགྲོ་བ་མ་ལུས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དེ་སྐད་ལན་གསུམ་བཟླས། བསོད་ནམས་ལ་རྗེས་སུ་ཡི་རང་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་སངས་རྒྱས་ཀྱི་གདུང་ རྒྱུན་མི་འཆད་པར་བགྱི་བའི་སླད་དུ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིགས་པ་ཐམས་ཅད་ དང་བྲལ་བ། སྐྱེས་བུ་ཆེན་པོ། །སྐྱེས་བུ་ཁྱུ་མཆོག་སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ། ཆོས་ཀྱི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པ་དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ་སོ་སོར་རང་ གིས་རིག་པ་ལ་སྐྱབས་སུ་མཆིའོ། །དགེ་འདུན་དུལ་བ་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཞིའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་སྐད་ལན་གསུམ་བཟླས། སྐྱབས་སུ་འགྲོ་བའོ། །སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཇི་ལྟ་བ་དང་སྟོབས་ཅི་མཆིས་པ་བཞིན་དུ་བདག་དབུལ་ཞིང་མཆིས་ན། མགོན་པོ་ ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་བདག་བཞེས་སུ་གསོལ། །དེ་སྐད་ལན་གསུམ་བཟླས། བདག་དབུལ་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་དག་ སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅད་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ་ཅི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་སངས་ རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས་དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་ངོ་བོ་ ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བདུད་དཔུང་དང་ བཅས་པ་ཕམ་པར་མཛད་དེ། ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་བགྱིས་ཏེ། བདག་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཚོགས་ཡོངས་སུ་བསྡུས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཚོགས་ཡོངས་སུ་བསྡུ་བར་བགྱིའོ། །བྱང་ཆུབ་མཆོག་ཏུ་སེམས་ ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་སྐད་ལན་གསུམ་བཟླས། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་ འདི་དང་། གཞན་ཡང་བདག་གིས་བསོད་ནམས་ཅུང་ཟད་ཅི་བགྱིས་པ་དང་། བགྱིད་པ་དང་བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཕ་མ་ལ་སོགས་པ་སེམས་ཅན་ཐམས་ཅད་དང་བདག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །བདག་གིས་བསོད་ནམས་འདིས་ཕ་ མ་ལ་སོགས་པ་སེམས་ཅན་མ་བརྒལ་བ་རྣམས་ནི་བསྒྲལ་ལོ། །མ་གྲོལ་བ་རྣམས་ནི་དགྲོལ་ལོ། །དབུགས་མ་ཕྱིན་པ་རྣམས་ནི་དབུགས་དབྱུང་ངོ་། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི། ཡོངས་སུ་མྱ་ངན་ལས་བཟླའོ། །མངོན་པར་རྫོགས་པར་སངས་མ་རྒྱས་པ་རྣམས་ནི་མངོན་པར་ རྫོགས་པར་འཚང་རྒྱ་བར་བགྱིའོ། །སྐྱབས་མ་མཆིས་པ་དང་། གནས་མ་མཆིས་པ་དང་། དཔུང་གཉེན་མ་མཆིས་པའི་འཇིག་རྟེན་གྱི་སྐྱབས་དང་གནས་དང་། དཔུང་གཉེན་དུ་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། རྒ་ནད་འཆི་བའི་རླབས་ཆེན་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་བགྱི། །དེ་ནས་བདག་སྦྱིན་པ་སྩོལ་བ་དང་། ཚུལ་ཁྲིམས་བསྲུང་བ་དང་། བཟོད་པ་བསྒོམ་པ་དང་། བརྩོན་འགྲུས་བརྩམ་པ་དང་། བསམ་གཏན་ལ་མཉམ་པར་གཞག་པ་དང་། ཤེས་རབ་རྣམ་པར་དཔྱོད་ པ་དང་། ཐབས་མཁས་པ་ལ་སློབ་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ སྙིང་རྗེ་ཆེན་པོ་དང་ལྡན་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ས་ཆེན་པོ་ལ་གནས་པ་རྣམས་ཀྱི་རྗེས་སུ་མཐུན་པར་འཇུག་གོ། །འཕགས་པ་ངག་བདག་བྱང་ཆུབ་སེམས་དཔའ་ལགས་ཀྱི། བྱང་ཆུབ་སེམས་དཔའ་ལགས་པར་གཟུང་དུ་གསོལ། །ས་དང་ཆུ་དང་ མེ་དང་རླུང་། །རྩི་དང་ནགས་ཀྱི་ཤིང་ལྟ་བུར། །རྟག་ཏུ་སྲོག་ཆགས་ཐམས་ཅད་ཀྱིས། །འདོད་དགུར་དཔག་མེད་སྤྱོད་པར་ཤོག །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པས་ཀྱང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བར་བགྱིད་གྱུར་ཅིག །སེམས་ཅན་ཐམས་ ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །དེ་སྐད་ལན་གསུམ་བཟླས། བསོད་ནམས་བསྔོ་བའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག །སློབ་དཔོན་མཁས་པ་ཆེན་ པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་སུ་རན་དྲ་བོདྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་སམྦ་ར་བིདྷི། བོད་ སྐད་དུ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམས་སུ་བརྗོད་པ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་རྣམས་ལ་སློབ་པར་འདོད་པའི་ཁྱིམ་པའམ་རབ་ཏུ་བྱུང་བ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་ལྷན་ཅིག་ཏུ་ཆོས་མཐུན་པའི་བྱང་ཆུབ་སེམས་དཔའ་གང་མཁས་པ་ནུས་པ། ངག་གི་རྣམ་པར་རིག་ བྱེད་ཀྱིས་དོན་མཛད་པ་དང་། གོ་བར་ནུས་པའི་ཞབས་དག་ལ་ཕྱག་འཚལ་ནས་གསོལ་བ་གདབ་པར་བྱ་སྟེ། བདག་རིགས་ཀྱི་བུ་ཁྱོད་དམ། ཚེ་དང་ལྡན་པའམ། བཙུན་པ་གང་ཉེ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པར་འཚལ་བས་དེ་སྩལ་བ་ལ་རུང་ཞིང་དཀའ་བ་མ་མཆིས་ན། ཐང་ཅིག་བདག་ལ་རྗེས་སུ་བརྩེ་བས་སྩལ་ཅིང་གསོན་ཅིག་ཅེས་བྱའོ། །འདི་ལྟར་ལན་གསུམ་དུ་གསོལ་བ་བཏབ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། ཕྱོགས་བཅུའི་འཇིག་རྟེན་རྣམས་ན་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་ རྣམས་ལ་བཏུད་ནས། དེ་རྣམས་ཀྱི་ཡོན་ཏན་རྣམས་མངོན་སུམ་དུ་བྱས་ནས་སེམས་ཆེན་པོ་བསྐྱེད་ནས། པུས་མོ་བཙུགས་པའམ་ས་ལ་ཙོག་ཙོག་པོར་འདུག་པས། དེ་བཞིན་གཤེགས་པའི་སྐུ་མངོན་དུ་བཞུགས་སུ་གསོལ་ནས་མཆོད་དེ། མངོན་སུམ་དུ་བྱས་ནས་ཚིག་འདི་སྐད་ཅེས་བརྗོད་དོ། ། རིགས་ཀྱི་བུའམ་ཚེ་དང་ལྡན་པའམ་བཙུན་པ་གང་ཉེ་བས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་རྗེས་སུ་སྩལ་དུ་གསོལ་ཞེས་སོ། །དེ་ནས་རྩེ་གཅིག་ཏུ་ཉེ་བར་གཞག་ནས་སེམས་དང་བ་རྗེས་སུ་བསྐྱེད་དེ། བདག་ནི་རིང་པོར་མི་ཐོགས་པར་ཟད་པ་མེད་ཅིང་དཔག་ ཏུ་མེད་པ་བླ་ན་མེད་པའི་བསོད་ནམས་ཀྱི་གཏེར་ཐོབ་པར་འགྱུར་རོ་ཞེས་དོན་འདི་ཉིད་བསམ་ཞིང་ཅང་མི་སྨྲ་བར་བྱའོ། །སླར་ཡང་བྱང་ཆུབ་སེམས་དཔའ་མཁས་པ་དེས། དེ་ལྟར་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་སེམས་མ་ཡེངས་པར་འདུག་པའམ་འགྲེང་བས་འདི་སྐད་བརྗོད་དེ། ཁྱོད་མིང་འདི་སྐད་ ཅེས་བྱ་བས་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་དང་བསླབ་པའི་གནས་རྣམས་དང་། ཚུལ་ཁྲིམས་གོང་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིར་ འགྱུར་བ་དང་། གང་བསླབ་པའི་གནས་རྣམས་དང་། ཚུལ་ཁྲིམས་གང་ད་ལྟར་ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་དང་བསླབ་པའི་གཞི་གང་ཡིན་པ་རྣམས་ཏེ། བསླབ་པའི་གནས་རྣམས་དང་ཚུལ་ཁྲིམས་གང་རྣམས་ལ་འདས་པའི་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང་ལྡན་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་པར་འགྱུར་བ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ད་ལྟར་སློབ་པ་རྣམས་ནོད་དམ། དེས་ཀྱང་ནོད་ལགས་སོ་ཞེས་དམ་བཅའོ། །ལན་གསུམ་དུའོ། ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། གང་ཅུང་ཟད་ལུས་དང་ངག་དང་ཡིད་ རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། མ་དང་ཕ་དང་། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་བརྟེན་ནས་བསྐྱེད་པའི་འདི་དང་སྲིད་པ་གཞན་རྣམས་སུ་བདག་གིས་སྡིག་པ་བགྱིས་པ་དང་བགྱིད་དུ་སྩལ་བ་དང་། རྗེས་སུ་ཡི་རང་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། སློབ་དཔོན་གྱི་སྤྱན་སྔར་མཆོག་དང་གཙོ་བོའི་བཤགས་པར་བགྱིའོ། །ཤེས་ཤིང་དྲན་པས་རབ་ཏུ་མི་འཆབ་པོ། །འདི་ལྟར་ལན་གསུམ་དུའོ། །བདག་མིང་འདི་སྐད་ཅེས་བགྱི་བས་འདི་ ལྟར་སྡིག་པ་བཤགས་ནས་དུས་འདི་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་ཉེ་བར་མཆིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། དགྲའི་འཇིགས་པ་ཐམས་ཅད་ལས་འདས་པ་སྐྱེས་བུ་ཆེན་པོ་མི་ཕྱེད་པའི་སྐུ། བླ་ན་ མེད་པའི་སྐུ། ཆོས་ཀྱི་སྐུ། རྐང་གཉིས་རྣམས་ཀྱི་མཆོག་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་སྐད་ཅེས་བགྱི་བས་འདི་ལྟར་སྡིག་པ་བཤགས་ནས། དུས་འདི་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཞི་བ་འདོད་ཆགས་དང་བྲལ་བའི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། ། བདག་མིང་འདི་སྐད་ཅེས་བགྱི་བས་འདི་ལྟར་སྡིག་པ་བཤགས་ནས། དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་རྣམས་ཀྱི་མཆོག་ལ་སྐྱབས་སུ་མཆིའོ། །འདི་ལྟར་ལན་གསུམ་དུའོ། །བདག་མིང་འདི་སྐད་ཅེས་བགྱི་བས་ འདི་ལྟར་སྡིག་པ་བཤགས་ནས། གསུམ་ལ་སྐྱབས་སུ་མཆིས་ཏེ། མཐའ་ཡས་པའི་སེམས་ཅན་གྱི་ཁམས་བསྒྲལ་བའི་ཕྱིར་དང་། འབྱུང་བའི་ཕྱིར་དང་། འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་ལ་གཞག་པའི་ ཕྱིར། འདི་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སངས་རྒྱས་ཉིད་རྟོགས་པ་དང་ལྡན་པ་དང་། རྟོགས་པར་གྱུར་པ་དང་། རྟོགས་པར་འགྱུར་བ་དང་། ཇི་ལྟར་སངས་རྒྱས་ཐམས་ཅད་སྒྲིབ་པ་དང་བྲལ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་ཅིང་གཟིགས་པ་རྣམས་དང་། ཇི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་མཁྱེན་པའི་ཆོ་ག་དེས། བདག་མིང་འདི་སྐད་ཅེས་བགྱི་བ་སློབ་དཔོན་དང་ཉེ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །འདི་ལྟར་ལན་གསུམ་མོ། །བདག་གིས་སྡིག་པ་བཤགས་པ་འདི་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་བྱུང་བའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་བསྔོ་བར་བགྱིའོ། །སྐྱབས་མེད་པ་དང་། སྐྱོབ་པ་མེད་པ་དང་། གནས་མེད་པ་དང་། དཔུང་གཉེན་མེད་པ་དང་། གླིང་མེད་པའི་འཇིག་རྟེན་ལ་སྐྱབས་དང་། སྐྱོབ་པ་དང་། གནས་དང་དཔུང་གཉེན་དང་། གླིང་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་འཁོར་བའི་རྒྱ་མཚོ་ལས་ མ་བསྒྲལ་བ་ལས་སྒྲོལ་བར་གྱུར་ཅིག །སྒྲིབ་པ་ལས་ཡོངས་སུ་མ་འདས་པ་ཆོས་ཀྱི་དབྱིངས་ཀྱི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་བཟླ་བར་གྱུར་ཅིག །དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པར་གྱུར་ཅིག །འདི་ལྟར་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བས་འདི་ ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པས། སེམས་ཅན་གྱི་ཁམས་མཐའ་མེད་པ་ལ་ཇི་ལྟར་མ་དང་ཕ་དང་སྲིང་མོ་དང་སྤུན་དང་། །བུ་དང་བུ་མོ་དང་། གཞན་གཉེན་དང་སྣག་གི་གཉེན་མཚམས་སུ་གྱུར་པ་རྣམས་འདི་ལྟར་སོ་སོར་གཟུང་བར་བགྱིའོ། །བཟུང་ནས་ཀྱང་ནུས་པ་ཇི་ལྟ་བ་དང་། སྟོབས་ཇི་ལྟ་བ་དང་། བརྟེན་པ་ཇི་ལྟ་བས་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པར་བགྱིའོ། །འདི་ནས་བཟུང་སྟེ། ཅུང་ཟད་སྦྱིན་པ་གཏང་བར་བགྱིའོ། །ཚུལ་ཁྲིམས་བསྲུང་བར་བགྱིའོ། །བཟོད་པ་བསྐྱེད་པར་བགྱིའོ། །བརྩོན་འགྲུས་བརྩམ་པར་བགྱིའོ། །བསམ་གཏན་ལ་སྙོམས་ པར་འཇུག་གོ། །ཤེས་རབ་བརྟེན་པར་བགྱིའོ། །དགེ་བའི་རྩ་བ་ཐམས་ཅད་ལ་ཡང་སློབ་པོ། །དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། ས་ཆེན་པོར་ཆུད་ པའི་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་ཅན་དེ་རྣམས་ཀྱི་ཐེག་པ་ཆེན་པོའི་འཇུག་པའི་རྗེས་སུ་མཆིའོ། །འདི་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་བདག་བྱང་ཆུབ་སེམས་དཔར་དུས་འདི་ནས་བཟུང་སྟེ། བདག་སློབ་དཔོན་གྱིས་གཟུང་དུ་གསོལ། འདི་ལྟར་ལན་གསུམ་མོ། །དེ་ནས་སློབ་དཔོན་དེས་སྐུ་དེའི་སྤྱན་སྔར་ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་ཞིང་འཛིན་པ་དང་། གཞེས་པ་རྣམས་ལ་ཞབས་གཉིས་ལ་ཕྱག་འཚལ་ནས་བཏུད་དེ་གསོལ་བར་བྱའོ། །མིང་འདི་སྐད་ཅེས་བགྱི་བའི་བྱང་ཆུབ་སེམས་དཔའ་བདག་མིང་འདི་སྐད་ཅེས་བགྱི་བའི་བྱང་ཆུབ་ སེམས་དཔའ་དང་ཉེ་བ་ལས་ཇི་སྲིད་དུ་ལན་གསུམ་དུ། ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་མིང་འདི་སྐད་ཅེས་བགྱི་བའི་བྱང་ཆུབ་སེམས་དཔའ་མིང་འདི་སྐད་ཅེས་བགྱི་བའི་བྱང་ཆུབ་སེམས་དཔའི་བདག་ཉིད་དཔང་དུ་གྱུར་པར་ཡང་ དག་པར་ཤེས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་མེད་པ་རྣམས་སུ་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་། སེམས་ཅན་གྱི་དོན་ལ་ལྐོག་ཏུ་མ་གྱུར་པ་རྣམས་ལ། འདི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་མཁྱེན་པར་གསོལ་ ལོ། །འདི་ལྟར་ལེན་གསུམ་མོ། །འདི་ལྟར་ཡང་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པའི་ལས་ཀྱི་རྗེས་ལ། འདི་ནི་ངེས་པར་ཆོས་ཉིད་ཡིན་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ལ་གཏུགས་པ་ན། དེ་བཞིན་གཤེགས་པ་རྣམས་བཞུགས་ཤིང་འཛིན་པ་རྣམས་ གཞེས་པ་རྣམས་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་རང་བཞིན་གྱི་ལྟས་འབྱུང་བར་འགྱུར་རོ། གང་གིས་དེ་རྣམས་ལ་འདི་ལྟ་བུར་འགྱུར་བ་སྟེ། མིང་འདི་སྐད་ཅེས་བྱ་བའི་བྱང་ཆུབ་སེམས་དཔའ་དང་ཉེ་བས་མིང་འདི་སྐད་ཅེས་བྱ་བའི་བྱང་ཆུབ་སེམས་དཔའ་ དང་ཉེ་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བླངས་སོ་ཞེས་སོ། །འདི་ལྟར་རེ་ཞིག་གཞན་ཡང་བླང་བའི་ཆོ་ག་བརྗོད་པ། གལ་ཏེ་ཡོན་ཏན་དང་ལྡན་པ་གང་ཟག་དེ་དང་ཉེ་བར་མ་གྱུར་ན། དེ་ནས་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པའི་སྐུའི་ མདུན་དུ་རང་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླང་བར་བྱའོ། །འདི་ལྟར་བྱ་སྟེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་ པོར་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཏུད་པར་བྱ་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ། ཙོག་ཙོག་པོས་ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་འདི་སྐད་ཅེས་བགྱི་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་ ཐམས་ཅད་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གསོལ་བར་བགྱིའོ། །དེ་རྣམས་ཀྱི་ཡང་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཐམས་ཅད་བླང་བ་ལ། ཚུལ་ཁྲིམས་གང་ཞེས་བྱ་བ་ ལ་སོགས་པ་སྔར་བཞིན་ནོ། །ཇི་སྲིད་དུ་བྱང་ཆུབ་སེམས་དཔའ་བདག་བྱང་ཆུབ་སེམས་དཔར་འདི་ནས་བཟུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཀྱང་བདག་གཟུང་དུ་གསོལ་ཞེས་པ་ནི་ལས་སོ། །བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་ བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་བླ་མ་སུ་ནཱ་ཡ་ཤྲཱི་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨུཏྤཱ་ད་ས་མཱ་དཱ་ན་བིདྷི། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཡི་དམ་བླང་བའི་ཆོ་ག །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་མེས་པོ་ནི། །འཇམ་མཆོག་མགོན་ལ་རབ་བཏུད་ནས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དང་། །ཡི་དམ་གསལ་པོ་བྲི་བར་བྱ། །དེ་ལ་དང་པོ་རེ་ཞིག་རིགས་ཀྱི་བུའམ་རིགས་ ཀྱི་བུ་མོ་རྟེན་དང་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་པས། དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཐད་དུ་སོང་ནས། དཀྱིལ་འཁོར་བྱ་བ་སྔོན་དུ་བཏང་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས། རིགས་ཀྱི་ བུ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་བདག་ལ་སྩོལ་ཅིག་ཅེས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་དེས་ཀྱང་ནུས་པ་ཇི་ལྟ་བ་བཞིན་དུ་སྦྱིན་ནོ་ཞེས་ཁས་བླང་ངོ་། །དེ་ནས་ས་ཕྱོགས་ཡིད་དུ་འོང་བར་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་ པོ་ཅན་གྱི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་སམ། རི་མོ་བཞུགས་སུ་གསོལ་ཏེ། ཆུ་དྲི་ཞིམ་པོས་སྐུ་ཁྲུས་གསོལ་ལ། གོས་དཀར་པོས་ཕྱིས་ནས་ན་བཟའ་སྣ་ཚོགས་གསོལ་ཏེ། འོག་ནས་འཆད་པའི་ཆོ་གས་དཀྱིལ་འཁོར་རྣམས་བྱས་ནས། ཇི་ལྟར་རྙེད་པའི་མེ་ཏོག་ལ་སོགས་ པས་ཕྱི་རོལ་གྱི་མཆོད་པ་བྱའོ། །མེ་ཏོག་བདུག་པ་མར་མེ་དང་། །དྲི་དང་ལྷ་བཤོས་ཉིད་དང་ནི། །ན་བཟའ་དང་ནི་རྒྱན་དང་གདུགས། །གར་དང་རོལ་མོ་གླུ་དབྱངས་ནི། །ཡིད་འོང་སངས་རྒྱས་སྤྱོད་ཡུལ་དག །ནམ་མཁའ་མཐའ་དག་ཀུན་ཁེབས་པ། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། །བློས་སྤྲུལ་ ནས་ནི་བདག་འབུལ་ལོ། །ཞེས་ཡིད་ཀྱི་མཆོད་པས་མཆོད་པར་མཛད་དོ། མཆོད་པར་བྱ་བ་དང་། མཆོད་པར་བྱེད་པ་དང་། མཆོད་པ་རྣམས་རང་བཞིན་གྱིས་དབྱེར་མེད་པར་དམིགས་ཏེ། ཇི་ལྟར་འཇམ་དབྱངས་ལ་སོགས་པ། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་ བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཅེས་སྒྲུབ་པས་མཆོད་པར་བྱའོ། །དུས་གསུམ་བཞུགས་པའི་སངས་རྒྱས་རྣམས། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་རྙེད་ཀྱི། །ལུས་བཏུད་ནས་ནི་བདག་ཕྱག་འཚལ། ཞེས་ ལན་གསུམ་ཕྱག་བྱས་ལ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་རྣམ་པ་ཀུན་དུ་འབུལ། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །ཅེས་བྱ་བ་འདིས་བདག་གི་ལུས་སངས་རྒྱས་རྣམས་ལ་ དབུལ་བར་བྱའོ། །དེའི་རྗེས་ལ། ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ལ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །དེ་ནི་འགྱོད་པས་ཤིན་ཏུ་ ཡང་། །འགྱོད་པར་བགྱིས་ཏེ་བདག་འཆགས་ཀྱིས། །འདྲེན་པ་རྣམས་ཀྱིས་ཉེས་པ་ལ། །ཉེས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །མགོན་པོ་སླན་ཆད་བདག་མི་བགྱིད། །ཅེས་ཉེས་པ་ཐམས་ཅད་བཤགས་པ་བྱས་ནས། ཟག་བཅས་ཟག་པ་མེད་པ་ ཡི། །དགེ་ལ་དགའ་བས་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དུ། །སངས་རྒྱས་རྣམས་ལ་བདག་བསྐུལ་ལོ། །རྒྱལ་བ་མྱ་ངན་འདས་བཞེད་རྣམས། །བསྐལ་པ་མཐའ་ལས་བཞུགས་སུ་གསོལ། །བདག་གིས་དགེ་ཀུན་ལྟོས་མེད་པར། །རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །ཞེས་ བརྗོད་པས་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ལ་བསྐུལ་བ་དང་། གསོལ་བ་གདབ་པ་དང་། ཡོངས་སུ་བསྔོ་བ་བྱས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྦྱིན་ནོ། །དེ་ལ་རང་ལ་མངོན་དུ་ཕྱོགས་ཤིང་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་ནས་ གནས་པ་ལ་རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་ཅེས་བརྗོད་ཅིག་ཅེས་སྨྲར་གཞུག་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་ཅན་རྣམས་ཀྱང་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ལ་སོགས་པ་ལ་མཆོད་པ་ལ་སོགས་པ་བགྱིས་པས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད་ པར་བྱའོ། །དེའི་རྗེས་ལ། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་གྱི་ནི་དགེ་བ་རྣམས། །སེམས་ཅན་དོན་གྲུབ་བྱ་བའི་ཕྱིར། །ལྟོས་པ་མེད་པར་གཏང་བར་བགྱི། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་ པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ནི་རྣམ་ཀུན་དུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །མགོན་པོའི་སྤྱན་སྔར་རྫོགས་པ་ཡི། །བྱང་ཆུབ་ཏུ་ནི་སེམས་ བསྐྱེད་དེ། །སེམས་ཅན་དེ་དག་ཐམས་ཅད་ཀུན། །སངས་རྒྱས་བདེ་ལ་མགྲོན་དུ་འབོད། །ཅེས་སྨོན་པའི་མཚན་ཉིད་མངོན་དུ་བྱའོ། །དེ་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །དེ་དག་བྱང་ཆུབ་ཐུགས་བསྲུང་ལ། །དུས་ཀུན་དུ་ནི་གནས་པ་ལྟར། །དེ་བཞིན་ འགྲོ་ལ་ཕན་དོན་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་ཅིང་། །དེ་བཞིན་དུ་ནི་དུས་ཀུན་དུ། །བདག་གིས་དེ་ནི་བསྲུང་བར་བགྱི། །ཞེས་ལན་གསུམ་གྱི་བར་དུ་སྨོན་པ་དང་འཇུག་པའི་སེམས་གཟུང་བར་བགྱིའོ། །དེ་ནས་གལ་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བ་ལ་མོས་པ་ བརྟན་པོ་ཡོད་ན་དེའི་ཚེ་སྡོམ་པ་སྦྱིན་ནོ། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་སེམས་དཔའི་བསླབ་བཟུང་སྟེ། །དེ་དག་བྱང་སེམས་བསླབ་པ་ལ། །རིམ་པ་བཞིན་དུ་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སྡོམ་པ་གཟུང་བགྱི་ཞིང་། །དེ་བཞིན་བསླབ་ པ་དེ་དག་ལ། །རིམ་པ་བཞིན་དུ་གནས་པར་བགྱི། །ཞེས་ལན་གསུམ་བརྗོད་པས་སྡོམ་པ་སྦྱིན་ནོ། །ལྟུང་བ་དང་ལྟུང་བ་མེད་པའི་གཟུགས་བརྙན་ཡང་སྐབས་ཇི་ལྟ་བ་བཞིན་དུ་དེ་དག་དགེ་བའི་བཤེས་གཉེན་གྱིས་བསྟན་པར་བྱའོ། །དེ་ནས་ལངས་ཏེ་དཀོན་མཆོག་གསུམ་ལ་ཕྱག་ བཙལ་ནས། དགེ་བའི་བཤེས་གཉེན་གྱི་ཞབས་གཉིས་ལ་གཏུགས་ཏེ་ནུས་པ་ཇི་ལྟ་བ་བཞིན་དུ་ཡོན་ཕུལ་ནས། དེ་རིང་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །སྐྱོན་མེད་བཙུན་ པའི་རིགས་འདི་ལ། །ཇི་ལྟར་རྙོག་པར་མི་འགྱུར་བར། །དེ་བཞིན་དུ་ནི་རང་རིགས་དང་། །མཐུན་པའི་ལས་ནི་བདག་གིས་བྱ། །ཞེས་བྱ་བས་མཇུག་རྒྱས་པར་བྱའོ། །རྣམ་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱན་སྔར་བྱའོ་ཞེས་བྱ་བ་ ནི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བ་ཅན་གྱི་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་ཆོ་གའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་བཟུང་བའི་བྱང་ཆུབ་སེམས་དཔའི་ཚོགས་གཉིས་པོ་སྤྱོད་པས་ཡོངས་སུ་རྫོགས་པར་བྱེད་པ་དེས་ན་སྤྱོད་པ་ལ་མངོན་པར་སྦྱར་བར་བྱའོ། །དེ་ ཡང་རྣམ་པ་གསུམ་སྟེ། ལས་དང་པོ་པ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན། ཡི་དམ་གྱི་སྤྱོད་པའོ། །མོས་པས་སྤྱོད་པའི་སྤྱོད་པ་ཅན་ལ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན། ཏིང་ངེ་འཛིན་གྱི་སྤྱོད་པའོ། །ས་ལ་བཞུགས་པ་ལ་ནི་སེམས་ཅན་གྱི་དོན་ བྱ་བ་ཉིད་གཙོ་བོ་ཡིན་པའི་ཕྱིར་ན། སེམས་ཅན་སྟོན་པའི་སྤྱོད་པའོ། །དེ་ལ་ལས་དང་པོ་པའི་ཡི་དམ་གྱི་སྤྱོད་པ་བརྗོད་དོ། །ནང་པར་ལངས་ཏེ། ཨོཾ་པྲ་ཀྲྀ་ཏ་པ་རི་ཤུདྡྷ་སརྦ་དྷརྨཱཿ པྲ་ཀྲྀ་ཏ་པ་རི་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཤིང་ཡོངས་སུ་བརྟགས་པའི་ཆུས་གདོང་ལ་ སོགས་པ་དག་པར་བྱ་ཞིང་ཀུན་དུ་སྤྱོད་པ་གཙང་བས། ས་ཕྱོགས་ཡིད་དུ་འོང་བར། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་སམ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། ཐང་ཀ་བཀྲམ་ཞིང་། བར་སྣང་ལ་ཡང་ཕྱོགས་དུས་ཀུན་ན་བཞུགས་པའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་རྣམས་ཡིད་ཀྱིས་དམིགས་ཏེ། ཨོཾ་ཨ་མ་ལེ། བི་མ་ལེ། ནིརྨ་ལེ། སྭ་བྷཱ་བ་ཤུདྡྷཿསྭཱ་ཧཱ། ཞེས་བརྗོད་ལ། ཆུ་དྲི་ཞིམ་པོས་སྐུ་ཁྲུས་གསོལ་ཏེ། གོས་དཀར་པོས་ཕྱིས་ནས། ཇི་ལྟར་རྙེད་པའི་གོས་དང་རྒྱན་རྣམས་སྔགས་འདིས་དབུལ་ལོ། །ཨོཾ་ཨཱ་བཛྲ་ཝསྟྲེ་ཧཱུཾ། ཨོཾ་ཨཱ་བཛྲ་ ཨཱ་ལཾ་ཀ་རེ་ཧཱུཾ། དེ་ནས་མདུན་དུ་མངོན་པར་ཕྱོགས་ཏེ་བསྡད་ལ། ཨོཾ་བཛྲ་བྷཱུ་མི་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་པའི་སའི་ཆར། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་པའི་ལྕི་བ་དང་། ཆུས་ཀུན་དུ་བཟང་པོའི་དཀྱིལ་འཁོར་ཉེ་བར་བྱུགས་ལ། ཨོཾ་བཛྲ་རེ་ཁེ་ཧཱུཾ། ཞེས་ བྱ་བས་དཀྱིལ་འཁོར་བཏང་ནས་ལག་པ་བཀྲུའོ། །དེ་ནས་དབུས་ནས་བརྩམས་ཏེ། དབུས་ཉིད་ཀྱི་མཐར་ཐུག་པར་མེ་ཏོག་སྔགས་འདིས་དགྲམ་མོ། །ཨོཾ་ཧཾ་མ་ཧཱ་མེ་ར་བེ་སྭཱ་ཧཱ། དབུས་སུའོ། །ཤར་དང་ལྷོ་དང་བྱང་དང་ནུབ་རྣམས་སུ་ནི། ཨོཾ་ཡཾ་པཱུརྦ་བི་དཻ་ཧཱ་ཡ་སྭཱ་ཧཱ། ཨོཾ་རཾ་ཛཾ་བུ་དྭཱི་ པཱ་ཡ་སྭཱ་ཧཱ། ཨོཾ་ལཾ་ཨུཏྟ་ར་ཀུ་ར་བེ་སྭཱ་ཧཱ། ཨོཾ་བཾ་ཨ་བ་ར་ཀོ་ད་ན་ཡེ་སྭཱ་ཧཱ། མེ་དང་བདེན་བྲལ་དང་དབང་ལྡན་དང་རླུང་གི་ཕྱོགས་དག་ཏུ་ནི། ཨོཾ་ཡཿཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། ཨོཾ་རཿཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། ཨོཾ་ལཿཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། ཨོཾ་བཿཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། བར་གྱི་ཤར་དང་ལྷོ་དང་བྱང་དང་ནུབ་རྣམས་ སུ་ནི། ཨོཾ་ཡ་ག་ཛ་རཏྣཱ་ཡ་སྭཱ་ཧཱ། ཨོཾ་ར་པུ་རུ་ཥ་རཏྣཱ་ཡ་སྭཱ་ཧཱ། ཨོཾ་ལ་སྟྲཱི་རཏྣཱ་ཡ་སྭཱ་ཧཱ། ཨོཾ་བ་ཨ་ཤྭ་རཏྣཱ་ཡ་སྭཱ་ཧཱ། མེ་དང་བདེན་བྲལ་དང་དབང་ལྡན་དང་རླུང་རྣམས་སུ་ནི། ཨོཾ་ཡཱ་ཁཌྒ་རཏྣཱ་ཡ་སྭཱ་ཧཱ། ཨོཾ་རཱ་མ་ཎི་རཏྣཱ་ཡ་སྭཱ་ཧཱ། ཨོཾ་ལཱ་མ་ཧཱ་ནི་དྷ་ནཱ་ཡ་སྭཱ་ཧཱ། ཨོཾ་བཱ་ཙཀྲ་རཏྣཱ་ཡ་སྭཱ་ཧཱ། ཨོཾ་ཧཾ་ཨ་དྷོ་མེ་ ར་བེ་སྭཱ་ཧཱ། ཞེས་བྱ་བས་ཡང་དབུས་སུ་བཞག་ལ་དབུལ་བར་བྱའོ། །དེ་ནས། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གན་དྷེ་ཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱ་ཧཱུཾ། ཞེས་བྱ་བས་ཇི་ལྟར་རྙེད་པའི་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། དྲི་དང་། ལྷ་བཤོས་དག་དབུལ་ བར་བྱའོ། །དེ་ནས། རྒྱལ་བ་གང་ཟག་བླ་ན་མེད་པ་ཡི། །སངས་རྒྱས་རྣམས་ནི་ཐམས་ཅད་དང་། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །ཀུན་གྱི་སྐུ་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་ དང་། །ཟག་མེད་མྱ་ངན་འདས་པ་དང་། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་བར་དང་འོག་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་ མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །ཞེས་བྱ་བས་ལན་གསུམ་དུ་ཕྱག་བྱས་ལ་འདུག་སྟེ། རྟེན་གྱི་སྟོབས་ལ་སོགས་པ་རྫོགས་པར་བྱ་བའི་དོན་དུ་ཕུང་པོ་གསུམ་པ་གདོན་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་ཡང་རྗེས་སུ་དྲན་པར་བྱའོ། །དེ་ནས་བར་སྣང་ལ་རང་ གི་གཞི་བདག་དང་འཇིག་རྟེན་སྐྱོང་བ་རྣམས་ཡིད་ཀྱིས་དམིགས་ཏེ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་ལན་གསུམ་བྱིན་གྱིས་བརླབས་པས་བདུད་རྩིར་གྱུར་པར་བསམ་ཡིད་ཀྱིས་དེ་དག་ཉིད་ལ་བྱིན་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏ་པནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་ བདུད་རྩི་དེས་ཚིམ་པ་རྣམས་རང་གི་གནས་སུ་སོང་པར་བལྟའོ། །དེ་ནས་ཐེག་པ་ཆེན་པོའི་མདོ་ལྔ་དང་། དེ་དང་རྗེས་སུ་མཐུན་པ་དག་ལས་མདོ་གང་ཡང་རུང་བ་ཅི་ནུས་ཀྱིས་བཏོན་ནས། སྡུག་བསྔལ་བ་དང་མགོན་མེད་པ་དག་ལ་གོས་དང་ཟས་ལ་སོགས་པ་ཐ་ན་ཁམ་གཅིག་ཙམ་ཚུན་ཆད་བྱིན་ལ། འཁོར་ གསུམ་ཡོངས་སུ་དག་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་བསྡུས་ནས་སྨོན་ལམ་འདི་སྐད་ཅེས་གདབ་བོ། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་ གནས་པ་དང་། །འགྲོ་བ་ཇི་སྲིད་གནས་ཀྱི་བར། །དེ་སྲིད་འགྲོ་བའི་སྡུག་བསྔལ་ནི། །འཇོམས་པས་བདག་ཀྱང་གནས་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་དབའ་ཀློང་འཁྲུགས་པ་ཡི། །སྲིད་ པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །དེ་ནས། ཨོཾ་བཛྲ་མུཿ ཞེས་བྱ་བས་དཀྱིལ་འཁོར་གཤེགས་སུ་གསོལ་ཏེ། དེ་ནས་བྱང་ཆུབ་ཀྱི་སེམས་དང་བསླབ་པ་དྲན་པ་སྔོན་དུ་བཏང་བས་ཇི་ལྟར་བདེ་བར་གནས་པར་བྱའོ། །ཟན་ཟ་བའི་དུས་སུ་ན་སྔར་བཤད་པའི་ཆོ་གས་གཏོར་མ་བྱའོ། ། ཨོཾ་ཧ་རི་ཏེ་མ་ཧཱ་ཡཀྵི་ཎི་ཨི་དམ་བ་ལིང་གྲྀཧྞ་གྲྀཧྞ་ཀྵི། ཞེས་བྱ་བས་འཕྲོག་མ་ལ་ཟན་ཆངས་གཉིས་སྦྱིན་ནོ། །ཨོཾ་ཨ་གྲ་པཎྜི་ཨ་ཤི་བྷྱོ་ཨཾ། ཞེས་བྱ་བས་ཐོག་མར་ཟ་བ་རྣམས་ལ་ཟན་ཆངས་གཅིག་སྦྱིན་ལ་རན་པ་ཚོད་ཟིན་པར་ཟོས་ནས། ཨོཾ་ཨུཙྪིཥྚ་པཎྜི་ཨ་ཤི་བྷྱཿ སྭཱ་ཧཱ། ཞེས་བྱ་བས་ ལྷག་མ་ཟ་བ་རྣམས་ལ་ལྷག་མ་བྱིན་ནོ། །གལ་ཏེ་ནུས་པ་ཡོད་ན་ཉི་མ་ཕྱེད་དང་དགོངས་ཀའི་ཐུན་དག་ལ་ཡང་དེ་བཞིན་དུ་བྱའོ། །ནུས་པ་མེད་པ་ནི་སྔར་ཇི་སྐད་བརྗོད་པའི་ཆོ་གས་དཀྱིལ་འཁོར་སྐྱོང་ནུལ་བྱས་ལ། མཆོད་པ་དང་ཕྱག་བཙལ་བ་ཡང་བྱས་ནས་ཕུང་པོ་གསུམ་པ་བཏོན་ཏེ་སྨོན་ལམ་ གདབ་པོ། །དེ་ནི་ཡི་དམ་ལེན་པའི་ཆོ་གའོ། །ཏིང་ངེ་འཛིན་དང་སེམས་ཅན་མགུ་བར་བྱ་བའི་ཆོ་ག་ནི། མདོ་སྡེ་དང་བྱང་ཆུབ་སྤྱོད་འཇུག་དང་བསླབ་པ་ཀུན་ནས་བཏུས་པ་ལ་སོགས་པ་ལས་ཤེས་པར་བྱའོ། །བྱང་ཆུབ་སེམས་དང་ཡི་དམ་གྱི། །ཆོ་ག་བདག་གིས་བྱས་པ་ལས། །དགེ་བ་ ཐོབ་པ་གང་ཡིན་དེས། །འགྲོ་བ་བྱང་ཆུབ་བསྟེན་པར་ཤོག །བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཡི་དམ་བླང་བའི་ཆོ་ག །སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ སུ་མ་ཏི་ཀཱིརྟི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཙིཏྟ་ཨུཏྤཱ་ད་སམྦ་ར་བི་དྷི་ཀྲ་མ། བོད་སྐད་དུ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ ལ་ཕྱག་འཚལ་ལོ། །ངན་སོང་ཐམས་ཅད་འཇིག་པ་དང་། །སྒྲིབ་པ་ཐམས་ཅད་ལས་གྲོལ་ཞིང་། །རྫོགས་སངས་གོ་འཕང་སྩོལ་མཛད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །རྫོགས་སངས་རྒྱས་དང་དམ་པའི་ཆོས། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་ བཞིན་བྱང་ཆུབ་སེམས་དཔའ་ཡི། །སྡོམ་པའི་རིམ་པ་བྲི་བར་བྱ། །དེ་ལ་དང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་། མཆོད་པའི་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། འདི་སྐད་ཅེས་ གསོལ་བ་གདབ་པར་བྱ་སྟེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་ བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ་ཞེས་ལན་གསུམ་གྱི་བར་དུ་བརྗོད་དོ། །དེ་ལྟར་གསོལ་བ་བཏབ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་ སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་དུ་བརྗོད་དོ། །དེ་ལྟར་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱིས་དམིགས་ཏེ། ཕྱག་བཙལ་བ་དང་། ཅི་འབྱོར་པའི་མཆོད་པ་ལ་སོགས་པ་བྱས་ལ། སློབ་དཔོན་མདུན་དུ་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ་ཙོག་པུར་ཡང་རུང་བས་འདུག་སྟེ། ཐལ་མོ་སྦྱར་ བས་སེམས་བསྐྱེད་པར་བྱ་སྟེ། ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་ དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བྱའོ། །སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་ སུ་མྱ་ངན་ལས་བཟླ་བར་བགྱིའོ་ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ལྟར་སློབ་དཔོན་མེད་ཀྱང་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བསམས་ཏེ། ཕྱག་འཚལ་ བ་དང་། མཆོད་པའི་ཆོ་ག་ལ་སོགས་པ་བྱས་ནས། གསོལ་བ་གདབ་པ་དང་སློབ་དཔོན་ཞེས་པའི་ཚིག་སྤངས་པའི་སྐྱབས་སུ་འགྲོ་བ་ལ་སོགས་པའི་གོ་རིམས་གོང་མ་བཞིན་དུ་བྱའོ། །དེ་ལྟར་སེམས་བསྐྱེད་པའི་གང་ཟག་གིས་བྱང་ཆུབ་ཀྱི་སེམས་སྤེལ་བར་བྱ་བའི་ཕྱིར་ཐ་ན་ཉིན་ལན་ གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། ། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་ལས་ལྡོག་པར་བྱ་སྟེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་སླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་ བརྗོད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་སྤྱོད་པའོ། །བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་བསམས་བཞིན་དུ་བརྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་ རྣམ་པར་དག་པས་གནས་པར་བྱའི་གཡོ་དང་སྒྱུས་མ་ཡིན་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བ་དང་། སེམས་ཅན་འགའ་ཞིག་དགེ་བ་ལ་འགོད་པ་དེ་དག་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ལ་ནི་མ་ཡིན་ནོ། །ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལ་བསླབ་ པར་བྱའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི། སྡོང་པོ་བཀོད་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ། །དེ་ལ་དང་པོར་ཆོ་ག་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ལེགས་པར་སློབ་པར་ འདོད་པས། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ཤེས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་པའི་སྒོ་ནས་སློབ་མ་རྗེས་སུ་གཟུང་བར་ནུས་པའི་དགེ་བའི་བཤེས་གཉེན་ལ་ཕྱག་བྱས་ཏེ། དེའི་རྐང་པ་ ལ་གཏུགས་ནས་གསོལ་བ་གདབ་པ་ནི། སློབ་དཔོན་ཁྱོད་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་ལན་བར་འཚལ་གྱིས། དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ་ཞེས་དེ་ ལྟར་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་འདི་ལྟར་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེ་ལས་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང་ཡི་དམ་བརྟན་པར་བྱའོ། །གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། གཞན་གྱི་ནན་གྱིས་ལན་དུ་བཅུག་པ་མ་ཡིན་ནམ་ཞེས་ འདྲིའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ལུགས་སྐུའམ་རས་རིས་ལ་སོགས་པ་མདུན་དུ་བཞུགས་པ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་མདུན་དུ་བསམ་ལ། ཅི་ནུས་པའི་ཕྱིའི་མཆོད་པ་ལྔས་མཆོད་པ་དང་ཕྱག་བྱས་ལ། དེ་མ་ཐག་ཏུ་དགེ་བའི་བཤེས་གཉེན་སྟན་མཐོན་པོ་ལ་འདུག་པ་ལ་སྟོན་པའི་འདུ་ཤེས་ཀྱིས་ཕྱག་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་དགེ་བའི་ བཤེས་གཉེན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པས་འདི་ལྟར་བསྐུལ་བར་བྱ་སྟེ། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་ལ་མྱུར་དུ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གསུམ་དུ་དགེ་བའི་བཤེས་གཉེན་ལ་བསྐུལ་ནས། དེ་ནས་དགེ་བའི་བཤེས་གཉེན་འདུག་པའམ་ལངས་པ་ཡང་རུང་སྟེ། དེས་བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པ་དེ་དག་ལ་འདི་སྐད་ཅེས་དྲི་བ་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་དྲིས་པ་ན། ལེན་པའི་བྱང་ཆུབ་སེམས་དཔའ་ དེས་ཀྱང་བཏབ་ལགས་སོ་ཞེས་ཁས་བླང་བར་བྱའོ། །དེ་ནས་མི་ཟད་པ་དཔག་ཏུ་མེད་པ་བླ་ན་མེད་པའི་བསོད་ནམས་ཀྱི་གཏེར་ཆེན་པོར་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་བྱང་ཆུབ་སེམས་དཔའི་སྡོམ་པ་རིང་པོར་མི་ཐོགས་པར་ཐོབ་པར་འགྱུར་རོ་ཞེས་སྙམ་དུ་བསམ་ ཞིང་སེམས་རབ་ཏུ་དང་བར་གྱུར་པས་དགའ་བ་དང་བཅས་པས་ཅང་མི་སྨྲ་བར་ཐལ་མོ་སྦྱར་ཏེ་འདུག་པར་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་དེས་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་ཐམས་ཅད་དང་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་མདོར་བསྡུས་པ་སློབ་མ་ལ་གོ་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སློབ་པའི་གཞི་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ་ཞེས་སློབ་མ་ལ་འདྲི་ བར་བྱའོ། །དེས་དེ་ལྟར་ལེན་པར་འཚལ་ལོ་ཞེས་ཁས་ལེན་པར་གྱུར་ན། བྱང་ཆུབ་སེམས་དཔའི་སྡོམ་པ་སྦྱིན་པར་བྱ་སྟེ། བཙུན་པའམ། ཚེ་དང་ལྡན་པའམ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟར་བྱུང་བའི་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང་ཚུལ་ཁྲིམས་གང་དག་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱིས་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་དགེ་བ་ཆོས་སྡུད་པའི་ཚུལ་ ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནོད་དམ་ཞེས་སྨྲོས་ཤིག །དེས་ཀྱང་ནོད་ལགས་སོ་ཞེས་སྨྲོས་ཤིག །དེ་ལྟར་སློབ་དཔོན་གྱིས་ལན་གསུམ་གྱི་བར་དུ་ལེན་ནམ་ཞེས་བརྗོད་ཅིང་སློབ་མས་རབ་ཏུ་ལེན་ལགས་སོ་ཞེས་ལན་གསུམ་བརྗོད་པས་སྡོམ་པ་བླངས་པར་འགྱུར་རོ། །དེ་ ནས་དགེ་བའི་བཤེས་གཉེན་དེས། སློབ་མ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་བྱིན་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་ལན་གསུམ་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ མིང་འདི་ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་དཔའི་ཚུལ་ ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་མིང་འདི་ཞེས་བགྱི་བ་དཔང་དུ་གྱུར་པར་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ་ ཞེས་ལན་གསུམ་གྱི་བར་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བརྗོད་དེ། ཕྱག་བཙལ་ནས་བླ་མ་དང་སློབ་མ་ལྡང་བར་བྱའོ། །དེ་ནས་ལངས་ལ་དགེ་བའི་བཤེས་གཉེན་གྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པའི་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ ཅེས་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ལས་བརྗོད་པ་རྫོགས་པ་དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ ཅད་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་ག་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་ བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་མནོས་སོ་ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་ཀྱི་བརྩེ་བས་བུ་དང་སྤུན་ཟླའི་དགོངས་པ་མཛད་ལ་དེ་ལྟར་དགོངས་པ་མཛད་པས་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་དེས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ ཡང་དག་པར་བླངས་པ་འདི་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར། དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན། དད་པ་མེད་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་པའི་སྡོམ་པ་མ་དད་པས་སྤོང་བར་བྱེད་དེ། དེས་ན་ཇི་སྙེད་བྱང་ ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་ལ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་བ་དེ་སྙེད་ཀྱི་བསོད་ནམས་མ་ཡིན་པའི་ཕུང་པོ་མ་དད་པ་དེ་དང་ལྡན་པར་འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔས་སེམས་ཅན་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུང་ བར་བྱ་བ་ཡིན་པས་གཞན་སྡིག་པ་ལས་བཟློག་པར་བྱ་སྟེ། དེའི་ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔས་གསང་བར་བྱ་བ་ཡིན་ནོ། །དེ་ནས་བསླབ་པའི་གཞི་ཕམ་པའི་གནས་སུ་གྱུར་པ་སྡོམ་པ་འཇིག་པའི་རྒྱུ་བསྟན་ཅིང་། ཉེས་བྱས་ཀྱི་ལྟུང་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ ཡིན་པ་ཡང་བསྟན་པར་བྱའོ། །དགེ་བའི་བཤེས་གཉེན་གྱིས་མདོར་བསྡུས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་དང་། བྱང་ཆུབ་སེམས་དཔའི་སའི་ཚུལ་ཁྲིམས་ཀྱི་ལེའུ་བཤད་པར་བྱའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་ མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལགས་སོ། །སླད་ཀྱིས་པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་སམྦ་ར་གྲྀཧྞ་བི་དྷི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་ཆོ་ག །སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མེད་བསམ་གྱིས་མི་ཁྱབ་འབྲས་བུ་སྐྱེ་བ་ཡི། །རྫོགས་པའི་སངས་རྒྱས་དཔག་བསམ་ཤིང་ལྗོན་ས་བོན་ནི། །སྡོམ་པ་དམ་པ་ བསྐྱེད་ཅིང་སྤེལ་བར་བྱེད་པ་སྟེ། །འབྲས་བུ་མཆོག་དེས་སེམས་ཅན་ཚོགས་རྣམས་ཚིམ་པར་བྱེད། །འདིར་ངེས་པར་སྡོམ་པ་གཟུང་བ་ནི་སྡོམ་པ་འབོགས་པའི་ཆོ་ག་ལ་མཁས་ཤིང་། ལེན་འདོད་ཀྱི་སྡོམ་པ་དང་ལྡན་པའི་བླ་མས་གསུངས་པའི་རྗེས་སུ་བརྗོད་པར་བྱ་སྟེ། དཀོན་མཆོག་གསུམ་ དང་བླ་མའི་མཎྜལ་སྔོན་དུ་འགྲོ་བས་སམ་མཎྜལ་མེད་ཀྱང་རུང་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཞི་བ་འདོད་ཆགས་ དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ལྟར་གསུམ་མོ། །སྐྱབས་གསུམ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་བདག་གཟུང་དུ་གསོལ། དེའི་རྗེས་སུ་བདག་མིང་འདི་ཞེས་བགྱི་ བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ངོ་། །སྲོག་གཅོད་པ་ལས་རབ་ཏུ་ལྡོག་པར་བགྱིའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་གྱུར་ པ་བག་མེད་པའི་གནས་ལས་རབ་ཏུ་ལྡོག་པར་བགྱིའོ། །དེ་ལྟར་གསུམ་མོ། །དེང་ནས་བཟུང་ནས། བདག་མཆོག་གི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་པའོ། །དེ་ལྟར་འདིས་ཡན་ལག་གསུམ་ཡོངས་སུ་རྫོགས་པ་དང་། ཡན་ལག་ལྔ་ཡོངས་སུ་རྫོགས་ པའི་དགེ་བསྙེན་དུ་འགྱུར་རོ། །བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གཅིག་པ་ནི་རྟག་ཏུ་མི་འདོགས་པའི་རྒྱན་བཞག་སྟེ། ཉི་མ་ཤར་བ་ནས་སྔར་བཞིན་དུ་བཟུང་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་སང་གི་ཉི་མ་མ་ཤར་གྱི་བར་དུ་ སྲོག་གཅོད་པ་སྤོང་ངོ་། །སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། ཁྲི་སྟན་མཐོན་པོ་དང་། མལ་སྟན་ ཆེན་པོ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཁ་དོག་འཆང་བ་དང་། གར་དང་། གླུ་དང་། རོལ་མོའི་སྒྲ་དང་། ལྟད་མོ་བལྟ་བ་དང་། དུས་མ་ཡིན་པའི་ཁ་ཟས་ལས་རབ་ཏུ་ལྡོག་པར་བགྱིའོ། །དགྲ་བཅོམ་པ་ཡོན་ཏན་བརྒྱད་ཀྱིས་བརྒྱན་ནས་བཞུགས་པ་བཞིན་དུ་བགྱིའོ། ། བདག་གིས་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ཡང་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། མ་ཐོབ་པའི་དོན་གྱི་མཆོག་སངས་རྒྱས་ཉིད་ཐོབ་པའི་རྒྱུར་གྱུར་ཅིག །དེ་ལྟར་གསུམ་མོ། །དེ་ལྟར་འདི་ནི་བསྙེན་གནས་ཡན་ ལག་བརྒྱད་པའི་སྡོམ་པ་སྟེ་འཕགས་པ་རྣམས་དང་ཉེ་བར་གནས་པར་འགྱུར་རོ། །ཉིན་པར་ཙམ་ཡང་དག་པར་ལེན་པ་ལ་དུས་འདི་ནས་བཟུང་སྟེ་ཇི་སྲིད་ཉི་མ་ནུབ་ཀྱི་བར་དུ་ཞེས་བརྗོད་པར་བྱའོ། །མཚན་མོ་ཙམ་ལ་ནི་དུས་འདི་ནས་བཟུང་ནས་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་ཞེས་བརྗོད་པར་ བྱའོ། །གསོ་སྦྱོང་གི་སྡོམ་པ་ཁོ་ན་ཇི་སྲིད་འཚོའི་བར་དུ་ལེན་པ་ནི་གོ་མིའི་སྡོམ་པ་སྟེ། དེ་བླང་བ་ནི་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་ཞེས་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་དོན་དུ་གཉེར་བས་དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བྱས་ནས་མཆོད་པ་བྱས་ཏེ། དེའི་མདུན་དུ་དཀོན་མཆོག་གསུམ་དང་བླ་མའི་མཎྜལ་བྱས་ནས་ཉེ་བར་སྤྱོད་པ་ལྔས་ཡང་དག་པར་མཆོད་དེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རབ་ཏུ་དང་བ་ཡང་དག་པར་བསྐྱེད་ནས་ཕྱག་བྱས་ཏེ། པུས་མོ་གཉིས་ས་ལ་བཙུགས་པའམ་ཙོག་ཙོག་པོར་ཡང་རུང་བས་ཐལ་མོ་ སྦྱར་ཏེ་མདུན་དུ་འདུག་ནས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། རིགས་ཀྱི་བུ་བདག་ཁྱོད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་དེ་ལ་སྤྲོ་ཡིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཐུགས་བརྩེ་བའི་སླད་དུ་སྩལ་དུ་གསོལ་ཞེས་དེ་ལྟར་གསུམ་མོ། །བླ་མ་དེས་ འདི་ལྟར་བརྗོད་དེ། ཁྱོད་ཀྱིས་བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བདག་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་འཛིན་པར་འདོད་དམ་ཞེས་པ་ཡང་གསུམ་མོ། །དེས་ཀྱང་འཛིན་པར་འཚལ་ལོ་ཞེས་དམ་བཅའ་བར་བྱའོ། །བླ་མ་ལས་འདི་སྐད་དུ་བརྗོད་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་ གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ལུས་དང་ངག་དང་ཡིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། མ་དང་ཕ་དང་ སེམས་ཅན་གཞན་ལ་བརྟེན་ནས་སྐྱེ་བ་འདི་དང་གཞན་རྣམས་སུ་སྡིག་པའི་ལས་གང་ཅུང་ཞིག་བགྱིས་པར་གྱུར་པ་དང་བགྱིད་དུ་སྩལ་བ་དང་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་བཤགས་པར་བགྱིའོ། །ཤེས་ཤིང་དྲན་པས་མི་འཆབ་བོ་ཞེས་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བ་དུས་ འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཁྱེན་པ་ཐམས་ཅད་སྟོན་པ་འཇིགས་པ་ཐམས་ཅད་ལས་འདས་པ་སྐྱེས་བུ་ཆེན་པོ་མི་ཕྱེད་པའི་སྐུ་བླ་ན་མེད་པའི་སྐུ་ལ་སྐྱབས་སུ་མཆིའོ། ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བས་མཐའ་ཡས་པའི་སེམས་ཅན་གྱི་ཁམས་འཁོར་བའི་ སྡུག་བསྔལ་ལས་བསྒྲལ་བར་བྱ་བའི་ཕྱིར་དང་། གདོན་པར་བྱ་བའི་ཕྱིར་དང་། ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་ལ་རབ་ཏུ་དགོད་པར་བྱ་བའི་ཕྱིར། ཇི་ལྟར་འདས་པ་དང་ད་ལྟར་དང་མ་བྱོན་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཏུ་སེམས་བསྐྱེད་ དེ་སངས་རྒྱས་པ་དང་འཚང་རྒྱ་བ་དང་འཚང་རྒྱ་བར་འགྱུར་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་ཅིང་གཟིགས་པ་དང་། ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་མཁྱེན་ཅིང་རྗེས་སུ་མཁྱེན་པའི་ཆོ་ག་དེས། བདག་ མིང་འདི་ཞེས་བགྱི་བས་སློབ་དཔོན་མིང་འདི་ཞེས་བགྱི་བ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མདུན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་ཞེས་ལན་གསུམ་མོ། །བདག་གིས་སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ ཆུབ་ཏུ་སེམས་བསྐྱེད་པ་ལས་བྱུང་བའི་དགེ་བའི་རྩ་བ་འདི་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །འཇིག་རྟེན་ན་སྐྱོབ་པ་མེད་པ་དང་། སྐྱབས་མེད་པ་དང་། གནས་མེད་པ་དང་། དཔུང་གཉེན་མེད་པ་དང་། གླིང་མེད་པ་རྣམས་ཀྱི་སྐྱོབ་ པ་དང་། སྐྱབས་དང་གནས་དང་། དཔུང་གཉེན་དང་། གླིང་དུ་འགྱུར་བར་བགྱི་ཞིང་། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་མ་བརྒལ་བ་རྣམས་བསྒྲལ་བ་དང་། ཡོངས་སུ་མི་ལྡོག་པའི་སྒྲིབ་པ་མེད་པའི་ཆོས་ཀྱི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ ལས་འདའ་བར་བགྱི་བ་དང་། དབུགས་མ་ཕྱུང་བ་དབུགས་དབྱུང་བར་བགྱིའོ་ཞེས་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བས་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཐའ་ཡས་པའི་སེམས་ཅན་གྱི་ཁམས་ལ་ཇི་ལྟར་མ་དང་ཕ་དང་སྲིང་མོ་དང་སྤུན་ཟླ་དང་བུ་དང་བུ་མོ་དང་། གཞན་ཡང་ ཉེ་དུ་དང་སྣག་གི་གཉེན་མཚམས་སུ་གནས་པ་དེ་ལྟར་རབ་ཏུ་གཟུང་ངོ་། །རབ་ཏུ་བཟུང་ནས་ཀྱང་ནུས་པ་ཇི་ལྟ་བ་དང་། སྟོབས་ཇི་ལྟ་བ་དང་། སྣོད་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པར་བགྱིའོ