Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 112
Văn bản gốc(Tây Tạng)
Trang 17 / 17 (50.000 ký tự/trang)
། །འདི་ནས་བཟུང་ནས་གང་ཅུང་ཞིག་སྦྱིན་པ་གཏོང་བར་འགྱུར་བ་དང་། ཚུལ་ ཁྲིམས་སྲུང་བར་འགྱུར་བ་དང་། བཟོད་པ་སྒོམ་པར་འགྱུར་བ་དང་། བརྩོན་འགྲུས་རྩོམ་པར་འགྱུར་བ་དང་། བསམ་གཏན་ལ་སེམས་མཉམ་པར་འཇོག་པར་འགྱུར་བ་དང་། ཤེས་རབ་རྣམ་པར་དཔྱོད་པར་འགྱུར་བ་དང་། ཐབས་མཁས་པ་ལ་སློབ་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་སེམས་ ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་འཇུག་པར་བྱེད་པ་དེས་བྱང་ཆུབ་སེམས་དཔའ་ བདག་སློབ་པས་འདི་ནས་བཟུང་ནས་བྱང་ཆུབ་སེམས་དཔར་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་ལན་གསུམ་མོ། །འདི་དག་ཐམས་ཅད་བྱས་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ནས་བདག་ མིང་འདི་ཞེས་བགྱི་བ་ལས་མིང་འདི་སྐད་ཅེས་བགྱི་བ་འདིས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་སོ་ཞེས་བྱའོ། །དེ་འདྲ་བའི་བླ་མ་ཡང་མེད་ན་རང་གིས་ཡང་དག་པར་བླང་བར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ་ཞེས་བྱ་བ་དང་། སློབ་དཔོན་མིང་ འདི་ཞེས་བགྱི་བ་བཞག་ནས། འདི་ནས་བཟུང་ནས་བདག་བྱང་ཆུབ་སེམས་དཔར་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔས་གཟུང་དུ་གསོལ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ལྟར་མཁྱེན་པར་གསོལ་བའི་མཐར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ བསྔགས་པ་དང་། རྟག་ཏུ་འདིའི་དགེ་བ་མངོན་པར་འཕེལ་བར་བྱ་བའི་ཕྱིར་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་ཆོ་ག་བསྡུས་པའོ། །གཞུང་འདིའི་བསོད་ནམས་བདུད་རྩི་ཡིས། །སེམས་ཅན་ཡོངས་སུ་ཚིམ་བྱས་ཏེ། །མཁས་པ་འཇིགས་ པ་མེད་པ་ནི། །ཀུན་རིག་དཔག་བསམ་གོ་འཕང་ཤོག །སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་བསྡུས་པའི་སྡོམ་པ་བཟུང་བའི་ཆོ་ག་རྫོགས་སྷོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང་། ཆག་ལོ་ཙཱ་བ་དགེ་སློང་དགྲ་བཅོམ་གྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཧྲི་ཤ་ར་ཎ་སཔྟ་ཏི། བོད་སྐད་དུ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །སངས་རྒྱས་དེའི་ཆོས་དགེ་འདུན་ ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །དུས་གསུམ་ལམ་ལས་ངེས་གྲོལ་ཞིང་། །ཤེས་བྱ་ལ་ནི་བློ་རྣམ་རྒྱས། །རྨོངས་པའི་ཟུམ་པ་བཅོམ་པས་ན། །སངས་རྒྱས་པད་མ་ལྟར་རྣམ་རྒྱས། །ཐོག་མཐའ་མེད་པའི་སྲིད་པ་རུ། །མ་རིག་གཉིད་ཀྱིས་ལོག་པ་ཡི། །འགྲོ་ལ་གང་གང་སྣང་དེ་དེ། །བརྫུན་ ཏེ་རྨི་ལམ་ལྟ་བུར་འདོད། །མ་རིག་གཉིད་ནི་རྒྱུན་ཆད་ཅིང་། །ཡང་དག་ཡེ་ཤེས་ངེས་འབྱུང་བས། །གང་ཞིག་རྣམས་ད་དེ་སངས་རྒྱས། །སྐྱེས་བུ་གཉིད་སངས་ཇི་བཞིན་ནོ། །ཡང་དག་དེ་ཉིད་སྟོན་མཛད་ཅིང་། །མི་མཁས་སེམས་ཅན་རྟོགས་མཛད་པས། །དེས་ཀྱང་སངས་རྒྱས་སངས་རྒྱས་ དང་། །དེ་ཡང་སངས་རྒྱས་དང་མཚུངས་འདོད། །ཡེ་ཤེས་བླ་ན་མེད་པ་ཡིས། །ཡང་ན་དེ་ཉིད་ཐུགས་ཆུད་པའམ། །ཞི་བ་ཉིད་ཀྱིས་རྟོགས་སངས་རྒྱས། །དེ་བས་སངས་རྒྱས་སངས་རྒྱས་འདོད། །སངས་རྒྱས་ཀྱི་ནི་གཟུགས་ཀྱི་སྐུ། །མཚན་དང་དཔེ་བྱད་དག་གིས་འབར། །འགྲོ་བ་རང་གི་ མོས་པ་ཡི། །དབང་གིས་སྣ་ཚོགས་སྐུར་འཛིན་གང་། །བསོད་ནམས་ཚོགས་ནི་ཚད་མེད་ལས། །འཁྲུངས་པ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ལ་ནི་གནས་རྣམས་ཀྱིས། །མཐོང་བར་གྱུར་པ་སྐུ་དེ་ཡིས། །ཆོས་ཀྱི་རྫོགས་ལོངས་སྤྱོད་འདི་ནི། །རྒྱལ་སྲས་རྣམས་ནི་སྤྱོད་པ་ཡིན། ། རྒྱལ་བ་སྐུ་དེ་ལ་བཞུགས་ནས། །བླ་མེད་བྱང་ཆུབ་ཐུགས་སུ་ཆུད། །ཡེ་ཤེས་སྤྲོས་པ་མེད་པ་གང་། །ཤེས་བྱ་སྐྱེ་མེད་པ་ལས་བྱུང་། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཚོགས་ལས་བྱུང་བ་ཡིན། །སངས་རྒྱས་རྣམས་ཀྱི་མ་འདྲེས་ཆོས། །སྟོབས་དང་ལྡན་པ་བཅོ་བརྒྱད་དང་། ། སངས་རྒྱས་རྣམས་ཀྱི་སྟོབས་སོགས་ཀྱིས། །ཡེ་ཤེས་དེ་ནི་ཡང་དག་བརྒྱན། །ངོ་བོ་ཉིད་ནི་རྒྱུ་རྐྱེན་ལས། །འབྱུང་བར་འགྱུར་བ་རིགས་མིན་ཏེ། །རྒྱུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བཅོས་མ་ཡིན་པར་འགྱུར། །ངོ་བོ་ཉིད་ནི་བཅོས་མ་རུ། །ཇི་ལྟར་ཡང་ནི་འགྱུར་བ་ཡིན། །བཅོས་ མ་མ་ཡིན་ངོ་བོ་ནི། །གཞན་ལ་ལྟོས་པ་ཡོད་མ་ཡིན། །ཆོས་རྣམས་ཉིད་ཀྱི་ངོ་བོ་ནི། །ཐམས་ཅད་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྐད་ཅིག་གཅིག་གིས་ནི། །བདེ་གཤེགས་ཐམས་ཅད་མཁྱེན་པར་འདོད། །མ་རིག་ཉོན་མོངས་ཅན་བྱས་རྟོག །རང་གི་ངོ་བོ་སྒྲོ་བཏགས་འདོད། །བྱིས་པ་ རྣམས་ཀྱི་འཁོར་བའི་རྒྱུ། །དེ་རྟོགས་གྱུར་པ་ལོག་ཤེས་ཡིན། །མ་རིག་ཉོན་མོངས་མེད་ཡོད་པས། །རྣམ་པ་ཀུན་མཁྱེན་སྤངས་པ་ཉིད། །སློབ་མ་རང་སངས་རྒྱས་དག་གིས། །བྱང་ཆུབ་དངོས་པོ་མེད་པ་ཡིན། །རྒྱལ་བས་དངོས་པོ་དེ་རྣམས་ནི། །གཟུགས་བརྙན་དང་ཡང་འདྲ་ མཁྱེན་པས། །གཉིས་མེད་ཡེ་ཤེས་མ་རིག་ཟད། །ཤེས་བྱ་སྐྱེ་མེད་པས་རབ་ཕྱེ། །དེ་བས་དེ་ནི་ཅུང་ཟད་ཀྱང་། །མི་མཁྱེན་ཅི་ཡང་སྟོན་མི་མཛད། །སངས་རྒྱས་ནམ་མཁའ་ཇི་བཞིན་དུ། །དེ་ལྟར་ཆོས་ཉིད་ལ་རབ་བཞུགས། །ཡིད་བཞིན་ནོར་བུ་ཅི་ཡང་ནི། །མི་འབྱེད་རྟོགས་པ་ མེད་ན་ཡང་། །འགྲོ་བའི་བསམ་པ་ཇི་བཞིན་དུ། །ཚིམ་པར་བྱེད་པ་ཡིན་པར་བཤད། །རྫོགས་སངས་ཐུགས་ཀྱི་རིན་ཆེན་ནི། །རང་གི་མོས་བཞིན་དགོངས་མཛད་པས། །འགྲོ་བའི་བྱ་བ་དེ་དང་ནི། །དེ་བཞིན་མཛད་པར་གོ་བ་ཡིན། །དེ་ཡི་ཕྱིར་ན་འཕགས་པ་རྣམས། ། བསམ་མི་ཁྱབ་པའི་རྐྱེན་ལས་འཁྲུངས། །ཡིད་བཞིན་ནོར་བུའི་བྱ་བ་ནི། །མཐོང་ལ་འཐད་པ་ཡོད་མ་ཡིན། །ཆོས་རྣམས་དངོས་མེད་ཉིད་ལ་ནི། །བློ་གནས་སངས་རྒྱས་ཡིན་པར་བཤད། །འོག་མིན་གཞལ་ཡས་ཁང་དུ་ནི། །ཡང་དག་མངོན་སུམ་ཡིན་པར་འདོད། །སངས་རྒྱས་ རྟོགས་པ་མངའ་བ་ཡི། །གཟུགས་ཀྱི་སྐུར་ནི་ཡང་དག་བྱུང་། །སྤྲུལ་པའི་སྐུས་ནི་ས་སྟེང་དུའང་། །ཡང་དག་བྱང་ཆུབ་སྟོན་པར་མཛད། །ཐུབ་དབང་རྣམས་ཀྱི་སྐུ་གསུམ་སྟེ། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །མདོར་བསྡུས་ནས་ནི་བཤད་པ་འདི། །གུས་པས་བློ་ལ་བཞག་པར་གྱིས། ། སྔོན་མེད་པ་ལས་སླར་བྱུང་ཞིང་། །བྱུང་ནས་ཀྱང་ནི་ཡང་དག་མེད། །རང་གི་ངོ་བོ་འཛིན་པས་ཆོས། །དོན་དམ་པར་ནི་མི་བརྗོད་དོ། །གང་ཞིག་རྨི་ལམ་སྒྱུ་མ་དང་། །ཆུ་ཟླ་ལྟ་བུར་སླུ་བྱེད་པ། །སྐྱེས་སོགས་དང་ལྡན་དེ་སྤང་བྱའི། །ཆོས་སྤང་བར་ནི་རིགས་མ་ཡིན། །དུས་གསུམ་དུ་ཡང་དངོས་གཅིག་ ཕྱིར། །ངོ་བོ་ཉིད་ཀྱིས་རྟག་ཏུ་འབྱུང་། །རྒ་ཤི་དག་ལས་གྲོལ་བ་ཉིད། །ཆོས་རྣམས་ཀྱི་ནི་ཆོས་ཞེས་བཤད། །ཟད་དང་ཆགས་བྲལ་མྱ་ངན་འདས། །འགོག་དང་སྟོང་པ་ཉིད་ཞི་བ། །དེ་བཞིན་ཉིད་ཀྱང་ཆོས་རྣམས་ཀྱིས། །རང་གི་ངོ་བོ་དེ་ཉིད་བཤད། །ལམ་གང་མྱ་ངན་འདས་ འགྲོ་བ། །ཐུབ་པ་རྣམས་ཀྱིས་ཡང་དག་གསུངས། །དེ་ཡི་རྒྱུད་ལས་སྐྱེས་གྱུར་པས། །དེས་ནི་མངོན་སུམ་དག་ཏུ་གཟིགས། །འཕགས་པའི་བདེན་པ་རྣམ་པ་བཞི། །རྟོགས་ཏེ་ཤེས་ནས་དད་གྱུར་པས། །སྐྱེས་བུ་གང་ཟག་ཟུང་བརྒྱད་པོ། །མི་ཕྱེད་དགེ་འདུན་ཞེས་བཤད་དོ། །ཉོན་མོངས་ གཞོམ་ཕྱིར་སློབ་པས་ན། །གང་ཟག་བདུན་ནི་སློབ་པ་ཡིན། །ཉེས་པ་མ་ལུས་ཟད་པའི་ཕྱིར། །བརྒྱད་པ་མི་སློབ་པར་བཤད་དོ། །དེ་རྣམས་འབྲས་བུར་གནས་པ་བཞི། །བཞི་ནི་ཞུགས་པ་པོ་ཡིན་ལ། །སྟོན་པའི་སློབ་མའི་ཚོགས་འདི་ནི། །གྲོལ་དང་གྲོལ་བའི་ལམ་ལ་གནས། །སངས་ རྒྱས་ཆོས་དང་དགེ་འདུན་ནི། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་། །གང་ཕྱིར་དབྱེ་བར་མི་ནུས་པ། །དེ་ཕྱིར་དགེ་འདུན་ཞེས་བཤད་དོ། །ཐུབ་དབང་གི་ནི་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །སྡོམ་བརྩོན་བཅས་ལ་མོས་པ་ཡིས། །གང་ཞིག་གསུམ་ལ་སྐྱབས་འགྲོ་བ། ། དགེ་བསྙེན་དུ་ནི་དམ་བཅས་པས། །སྐྱབས་ནི་གསུམ་པོ་བསྲུང་བར་བྱ། །མུ་སྟེགས་ཀུན་ལ་གུས་པ་ཡིས། །མཆོད་དང་ཕྱག་འཚལ་མི་བྱའོ། །རྟེན་གྱི་དམ་པ་བླངས་ནས་ནི། །སླར་ཡང་དམན་ལ་བརྟེན་གྱུར་ན། །ཉེས་བྱས་ཕྱོགས་ལ་གནས་པའི་ཕྱིར། །དེ་ནི་དམ་པའི་བཞད་གད་ འགྱུར། །གང་ཞིག་འཕགས་ལམ་མ་སྐྱེས་པའི། །བྱིས་རྨོངས་སོ་སོའི་སྐྱེ་བོ་དག །དེ་ནི་སློབ་དང་མི་སློབ་པ། །མིན་ཞེས་བསྟན་བཅོས་ལས་བཤད་དོ། །ཇི་ལྟར་འཁོར་ལོ་ལ་སོགས་པ། །ཉེར་བཟུང་འཁོར་ལོར་བཏགས་པ་ནི། །ཡང་དག་གཞན་དུ་རྣམ་དཔྱད་པས། །རྣམ་པ་ཀུན་དུ་ མི་དམིགས་སོ། །དེ་བཞིན་ཕུང་པོ་ནས་བརྩམས་ཏེ། །སེམས་ཅན་དུ་ནི་བཏགས་པ་ཡང་། །ཡང་དག་གཞན་དུ་དཔྱད་བྱས་པས། །ཅི་ནས་ཀྱང་ནི་དམིགས་མི་འགྱུར། །དེ་འདིར་ཐར་པའི་ཆ་ནས་ནི། །བརྩམས་ཏེ་རྟག་ཏུ་དགེ་བ་ལ། །ཉན་ཐོས་འདི་ཕྱིར་འབད་ན་ནི། །རིམ་གྱིས་ ཉན་ཐོས་ཉིད་དུ་འགྱུར། །གང་ཞིག་རང་བྱུང་ཡེ་ཤེས་འདོད། །རང་རྒྱལ་བྱང་ཆུབ་དོན་གཉེར་བས། །རྩོལ་བ་དེ་ཡང་རང་རྒྱལ་གྱིས། །བྱང་ཆུབ་ཁོ་ན་དེས་འཐོབ་བོ། །རང་དོན་ལ་གཞོལ་འདི་དག་ནི། །སྙིང་རྗེ་ཆེན་པོ་དང་བྲལ་བས། །རང་རྒྱལ་རྒྱལ་བའི་གསུང་ལས་སྐྱེས། །ཐེག་པ་ཆེན་ པོར་མི་བསྔགས་སོ། །རྒྱལ་བའི་ཡོན་ཏན་མཐའ་ཡས་པ། །ཐེག་པ་ཆེ་ལས་གསུངས་པ་དང་། །བྱང་ཆུབ་སེམས་དཔའི་མཐུ་ཐོས་ནས། །དེས་ནི་སྣོད་ཉིད་འགྱུར་བ་ཡིན། །དེ་ནི་ཐེག་པ་ཆེན་པོའི་ཤིང་། །མ་ལུས་རང་གི་ལས་ཀྱིས་བསྲེགས། །བྱང་ཆུབ་སེམས་དཔའི་ནང་དུ་ནི། ། སྐྱེས་བུ་དབུལ་པོ་ལྟ་བུར་གནས། །འདི་དག་སྲིད་པས་སྐྲག་པ་ཡི། །ཡིད་ཀྱིས་བྱང་ཆུབ་གཉིས་ཐོབ་པ། །ཚེ་ཟད་པར་ནི་དགར་འགྱུར་ཞིང་། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་སྐྱེ་བ་ནི། །དེ་དག་ལ་ཡང་མེད་མོད་ཀྱི། །ཟག་ པ་མེད་པའི་དབྱིངས་ན་འཁོད། །མི་ཤེས་ཉོན་མོངས་མིན་སྤོང་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་བས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ནས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །འཁོར་ལོས་སྒྱུར་བ་རྒྱལ་པོ་ཡི། །མཚན་གྱིས་ཡང་དག་བརྒྱན་པ་ལ། །བློ་དང་ལྡན་ ཡང་བློན་པོ་ཡིས། །རྒྱལ་པོ་ལྟ་བུར་མཐོ་བར་མཐོང་། །ཉན་ཐོས་རང་སངས་རྒྱས་དག་གིས། །རྫོགས་སངས་རྒྱས་ཀྱི་རིགས་བྱུང་བའི། །བྱང་ཆུབ་སེམས་དཔའ་བློ་ལྡན་ཡང་། །ཐུབ་པའི་དབང་པོ་ལྟ་བུར་མཐོང་། །བྱང་ཆུབ་སེམས་ནི་ལེགས་བསྐྱེད་པའི། །སྡོམ་བརྩོན་མཆིལ་ ལྷམ་ཁུར་བ་ལ། །བྱང་ཆུབ་སེམས་སོགས་ལ་གུས་པས། །དགྲ་བཅོམ་པ་ཡིས་བཟློག་པར་བཤད། །ཤར་རིའི་ལུང་ལས་དགྲ་བཅོམ་པས། །བྱང་ཆུབ་སེམས་དཔའ་ཕྱག་བྱས་ཉིད། །འདི་དག་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཇི་ལྟར་ དགྲ་བཅོམ་ཟད་ཡེ་ཤེས། །ས་བདུན་སྔོན་དུ་འགྲོ་བ་ཅན། །དེ་བཞིན་རྫོགས་སངས་རྒྱས་ཡེ་ཤེས། །ས་བཅུ་སྔོན་དུ་འགྲོ་བ་ཡིན། །འདི་ནི་གཅིག་པུ་མི་འགྲོ་ཡི། །ས་བཅུ་པོ་ནི་སྦྱོང་བྱེད་དེ། །གང་ཕྱིར་ཕ་རོལ་ཕྱིན་པ་བཅུས། །ས་དེ་རྣམས་ལ་རྫོགས་པར་བྱེད། །འབྲས་བུར་གནས་དང་ ཞུགས་པ་ནི། །འཕགས་པའི་ལམ་གྱིས་རབ་ཕྱེ་བའི། །སློབ་པ་རྣམས་ཀྱི་ས་བདུན་ནི། །མངོན་པའི་ཆོས་ལས་ཇི་སྐད་བཤད། །དེ་བཞིན་སྡེ་སྣོད་རྒྱས་པ་ལས། །ས་བཅུའི་བསྔགས་པ་བརྗོད་པ་ཡིན། །ཐམས་ཅད་འཕགས་ལམ་བདག་ཉིད་ཅན། །དེ་ལས་འཕགས་ མིན་ཇི་ལྟར་འགྱུར། །ཉན་ཐོས་རྣམས་ཀྱི་དབང་མཛད་ནས། །སྡེ་སྣོད་གསུམ་དུ་འདོད་པ་ཡིན། །བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི། །ངེས་པ་དེར་ནི་ཡོད་མ་ཡིན། །འཕགས་པ་ནུབ་ཀྱི་རིར་བཤད་དང་། །ཤར་གྱི་རི་པའི་ཉན་ཐོས་ཀྱིས། །བྱང་ཆུབ་སེམས་དཔའི་དབང་བྱས་པ། །སྡེ་ སྣོད་བདུན་དུ་བཤད་པ་ཡིན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། །དེ་བཞིན་རིག་འཛིན་ཞེས་བྱ་དང་། །མདོ་སྡེ་ཆོས་མངོན་འདུལ་བ་དང་། །རྒྱས་དང་དེ་བཞིན་སྐྱེས་པའི་རབས། །དེ་ལྟར་སྡེ་སྣོད་བདུན་པོ་ནི། །ལུང་ནི་གཉིས་ལས་བསྟན་པ་ཡིན། །གང་ལ་དེ་ནི་ཚད་མིན་གྱུར། །དེས་ནི་དགྲ་བཅོམ་སྤངས་པ་ཉིད། །ཤེས་བྱ་ མཐའ་ཡས་དབང་གིས་ན། །འཁོར་བ་ན་ནི་སྐད་ཅིག་ཡོད། །གལ་ཏེ་རེ་རེའི་དབྱེ་བས་རིང་། །དེ་བཞིན་འདི་ཡང་སྲིད་མཚུངས་འགྱུར། །བྱ་བ་རྒྱ་ཆེན་བྱེད་པའི་ཕྱིར། །སྲིད་པ་རིང་སྙམ་མི་སེམས་སོ། །བསོད་ནམས་ཡེ་ཤེས་སྟོབས་ཀྱིས་ནི། །ལུས་སེམས་སྡུག་བསྔལ་གྱིས་མི་ནོན། །དེ་བས་རྣམ་པ་ཐམས་ཅད་དུ། ། བྱང་ཆུབ་སེམས་དཔའ་སྨད་མི་བྱ། །ཁམས་གསུམ་པར་གཏོགས་ཉོན་མོངས་ཟད། །བྱང་ཆུབ་ཀྱི་ནི་སྣོད་གྱུར་ཉིད། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཟུགས་བརྙན་མཚུངས་པར་མཐོང་བས་ན། །ཉན་ཐོས་རང་སངས་རྒྱས་དག་ནི། །སྟོང་ནི་གཉིས་དང་གསུམ་པོ་མཐོང་། །རྣམ་པ་ ཀུན་མཁྱེན་ཡེ་ཤེས་ནི། །རྫོགས་སངས་རྒྱས་ཀྱི་ཡིན་པར་བཤད། །རྒྱལ་བས་ལམ་གྱི་རྣམ་པ་ཤེས། །བྱང་ཆུབ་སེམས་དཔའ་ཡིན་པར་གསུངས། །རབ་ཏུ་དགའ་བ་ཐོབ་པ་ན། །ཀུན་སྦྱོར་གསུམ་པོ་ལེགས་ཟད་པས། །བྱང་ཆུབ་སེམས་དཔའ་འཕགས་འགྱུར་ཞིང་། །རྫོགས་ སངས་རིགས་ལས་བྱུང་བ་ཡིན། །ས་ནི་གོང་མ་གོང་མ་ལ། །བྱང་ཆུབ་སེམས་དཔའི་ཡོན་ཏན་དང་། །ཉེས་ཟད་གང་ཡིན་ས་བཅུ་པའི། །མདོ་ཉིད་ལས་ནི་ཤེས་པར་བྱ། །ཡོན་ཏན་དམ་པ་རེ་རེ་ཞིང་། །མཐའ་ཡས་དེ་ནི་མཁའ་དང་མཉམ། །བྱང་ཆུབ་ལ་སེམས་རྟག་ཕྱག་འཚལ། ། བློ་ལྡན་བྱང་ཆུབ་ལ་སྐྱབས་མཆི། །ཐེག་ཆེན་ཚུལ་ལ་བརྟེན་ནས་ནི། །སྐྱབས་གསུམ་རྣམ་པར་ཕྱེ་བ་ལས། །བསོད་ནམས་གང་དེས་འཇིག་རྟེན་རྣམས། །དཀོན་མཆོག་གསུམ་ལ་མཆོག་གཞོལ་ཤོག །གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་ པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཥ་ཌཾ་ཨ་ག་ཤ་ར་ཎཾ། བོད་ སྐད་དུ། སྐྱབས་འགྲོ་ཡན་ལག་དྲུག་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱབས་འགྲོ་ཡན་ལག་དྲུག་པ་བཤད། །ཅིས་འགྲོ་དགོས་དང་ཡུལ་དུས་དང་། །ཕན་ཡོན་བསླབ་བྱ་བླང་བ་རྣམས། །རྩ་བ་སྡོམ་དུ་བཤད་པ་ཡིན། །འཇིགས་དང་ཡོན་ཏན་དྲན་པས་འགྲོ། ། གནས་གསུམ་བསྟན་པའི་ཡུལ་དེ་ལ། །འདི་ནས་བྱང་ཆུབ་ཐོབ་པར་རོ། །མུ་སྟེགས་སྤྱོད་ལས་ལོག་པ་ཡིན། །གསུམ་དུ་མི་སྐྱེ་རྟེན་དུ་འགྱུར། །བར་ཆད་མེད་པས་ནད་ཉུང་རིང་། །འབྱང་ཞིང་སོགས་པའི་ཕན་ཡོན་ནོ། །སྐྱབས་གསུམ་དང་པོའི་བསླབ་བྱ་ནི། །གནོད་སྦྱིན་མི་བསྟེན་ ཕྱག་མི་འཚལ། །གཉིས་པ་སེམས་ཅན་ཐམས་ཅད་ལ། །འཚེ་བ་སྤང་ཞིང་བརྩེ་བར་བྱ། །གསུམ་པ་བདག་དང་གཞན་གྱི་ཡུལ། །སྡིག་པ་ཅན་དང་འགྲོགས་པ་མིན། །སྐུ་གཟུགས་ཚིགས་སུ་བཅད་པ་དང་། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་སྒོ་ནས་བརྟེན་པར་ བདག །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་པ་མི་གདབ་སྤྱི་བོར་བླང་། །གང་ཟག་དག་དང་མ་དག་ལ། །དམ་པར་བལྟ་བར་བྱ་བ་ཡིན། །ལུས་སྲོག་ཕྱིར་ཡང་གསུམ་མི་སྤང་། །དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་། །མགོན་སྐྱབས་གཞན་དུ་བཙལ་བ་མིན། །ཆེ་བའི་ ཡོན་ཏན་ཟས་དག་གིས། །རྟག་ཏུ་དྲན་ཅིང་མཆོད་པ་ཡིན། །རྒྱུན་གྱི་སྐྱབས་འགྲོ་བརྗོད་བྱ་བ། །དུས་དྲུག་རྒྱུན་གྱི་བསྐུལ་མ་ཡིན། །བླང་བ་དང་པོར་ཤེས་བྱ་བ། །འཇིགས་པ་བྱུང་ཚེ་བསྐུལ་མ་ཡིན། །རྒྱུད་ལ་ཤེས་བྱ་མང་མཆིས་ཀྱང་། །རྒྱལ་བློན་ཡིད་ཆེས་མ་གྱུར་པས། །སྐྱབས་ འགྲོའི་ཆོ་ག་བདག་གིས་བཤད། །ལེགས་པར་བྲིས་ཤིག་ཀུ་མཱ་ར། །བསོད་ནམས་འགྲོ་བ་ཡང་ལ་བསྔོ། །སྐྱབས་འགྲོ་ཡན་ལག་དྲུག་པ། སློབ་དཔོན་བི་མ་ལས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱ་པཏྟི་དེ་ཤ་ན་བི་དྷི། བོད་སྐད་དུ། ལྟུང་བ་བཤགས་པའི་ཆོ་ག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་ཀྱིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲག་དོག་དང་། སེར་སྣའི་དབང་གིས། ལུས་མ་བསྒོམས་པ་དང་། ཚུལ་ཁྲིམས་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པ་དང་། དྲན་པ་ཉམས་པ་ཉིད་ཀྱིས། ལུས་དང་ངག་དང་ཡིད་ཀྱིས་དགེ་སློང་དང་རྗེས་སུ་མཐུན་པ་མ་ལགས་པ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་བགྱིད་པ་ལ་རྗེས་སུ་ཡི་རང་ བ་དེ་དག་ཐམས་ཅད། དགེ་འདུན་བཙུན་པ་རྣམས་ལ་བཟོད་པར་གསོལ་གྱིས་བཟོད་པར་མཛད་དུ་གསོལ། ཁྱེད་ལ་ཇི་ལྟར་བཟོད་པར་གསོལ་བ་དེ་བཞིན་དུ་མཁན་པོ་དང་། སློབ་དཔོན་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་དང་ལྟ་བ་མཐུན་པ་དང་། རྟག་ཏུ་རྗེས་སུ་འབྲང་བ་དང་། གཙུག་ལག་ ཁང་དང་བྲང་ཁང་ན་གཉུག་མར་གནས་པའི་ལྷ་དང་། ལམ་དང་ཉེ་བའི་ལམ་ན་གཉུག་མར་གནས་པའི་ལྷ་དང་། བསྟན་པ་འདི་ལ་མངོན་པར་དགའ་བའི་ལྷ་དང་། གཞན་གྱི་བསྟན་པ་ལ་མངོན་པར་དགའ་བའི་ལྷ་དང་། ཕ་དང་། མ་དང་། གཏོང་བ་པོ་དང་། སྦྱིན་བདག་དང་། ཇི་སྲིད་སྲིད་པའི་རྩེ་མོའི་ བར་གྱི་སེམས་ཅན་ཏེ། འཕྲོག་མའི་བུ་ལྔ་བརྒྱ་འཁོར་དང་བཅས་པ་དང་། ནག་པོ་ཆེན་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་ན་གནས་པའི་སེམས་ཅན་ཐམས་ཅད་ལ་ནོངས་པ་བགྱིས་པ་གང་ལགས་པ་དེ་བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཡོངས་སུ་རྫོགས་པར་བགྱི་བའི་སླད་ དུ་བཟོད་པར་གསོལ་གྱིས་བཟོད་པར་མཛད་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བས་ལྟུང་བ་རིགས་ལྔ་པོ་དག་ལ། ལུས་དང་ངག་དང་ཡིད་ཀྱིས་སྦྱོར་ བ་དང་། དངོས་གཞི་དང་མཇུག་རྣམས་སུ། འདོད་ཆགས་ཀྱིས་ཀུན་ནས་བསླང་བ་དང་། ཞེ་སྡང་གིས་ཀུན་ནས་བསླང་བ་དང་། གཏི་མུག་གིས་ཀུན་ནས་བསླང་བ་དང་། ཆད་པས་ཀུན་ནས་བསླང་བ་དང་། སྐྱེད་ཀྱིས་ཀུན་ནས་བསླང་བ་དང་། དེའི་ཚན་དུ་གཏོགས་པ་དང་། དེའི་སྡེར་གཏོགས་པ་ དང་། དེའི་རིགས་སུ་གཏོགས་པ་དང་། དེའི་མཚན་ཉིད་དང་། དེའི་ངོ་བོ་ཉིད་དང་། ནང་དུ་བཙོས་པ་དང་། ནང་དུ་ཞག་ལོན་པ་དང་། ཆེད་དུ་བྱས་པ་དང་། བཏང་ནས་ཟ་བ་དང་། ཁམ་འཕྲོར་བཅད་པ་དང་། ཁ་བཀང་ནས་སྨྲ་བ་དང་། ལག་ཉར་བླངས་པ་དང་། བྱིན་ལེན་མ་བྱས་པ་དང་། གསོག་འཇོག་བྱས་པ་དང་། དུས་མ་ཡིན་པའི་ཟས་ཏེ། མདོར་ན་ཕས་ཕམ་པའི་ཆོས་བཞི་དང་། དེས་ཀུན་ནས་བསླང་བའི་ལྟུང་བ་སྦོམ་པོ་སྦྱོར་བ་དང་དངོས་གཞི་དང་། མཇུག་གིས་བསྡུས་པ་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། དེས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་སྦྱོར་བ་དང་། དངོས་གཞི་དང་། མཇུག་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། དེས་ཀུན་ནས་བསླང་བའི་ཉེས་པ་སྦྱོར་བ་དང་། དངོས་གཞི་དང་། མཇུག་དང་། ལྟུང་བྱེད་ཀྱི་ཆོས་བཅུ་དགུ་དང་། དེས་ཀུན་ནས་བསླང་བའི་ཉེས་པ་སྦྱོར་བ་དང་། དངོས་གཞི་དང་། མཇུག་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། དེས་ཀུན་ནས་བསླང་བའི་ཉེས་པ་སྦྱོར་བ་དང་། དངོས་གཞི་དང་། མཇུག་དང་། བསླབ་པར་བྱ་བའི་ཆོས་བརྒྱ་རྩ་མང་པོ་དང་། དེས་ཀུན་ནས་བསླང་བའི་ཉེས་པ་སྦྱོར་བ་དང་། དངོས་གཞི་དང་། མཇུག་དང་། རྩོད་པ་ཉེ་བར་ཞི་བར་བྱ་བའི་ཆོས་བདུན་དང་། དེས་ཀུན་ནས་བསླང་བའི་ཉེས་ པ་སྦྱོར་བ་དང་། དངོས་གཞི་དང་། མཇུག་སྟེ། དེ་དག་དང་། གཞན་ཡང་གང་སངས་རྒྱས་ཀྱིས་བཅས་པའི་བསླབ་པ་དང་འགལ་བ་དང་། དགེ་འདུན་གྱིས་བཅས་པའི་ནང་ཁྲིམས་དྲལ་བ་དང་། གོས་པ་དང་། གོས་པར་བགྱིས་པ་དེ་དག་ཐམས་ཅད་བདག་གི་ཚུལ་ཁྲིམས་ཀྱི་ཕུང་ པོ་ལ་སོགས་པ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། དགེ་འདུན་གྱི་སྤྱན་སྔར་མི་འཆབ་པའི་སེམས་ཀྱིས་མཐོ་ལོ་བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་ལགས་སོ། །དེ་བཞིན་དུ་ ལན་གཉིས་ལན་གསུམ་དུ་བཟླས། ལྟུང་བ་དེ་དག་ལ་ལྟུང་བར་མཐོང་ངམ། ཁ་ཅིག་ལ་ཁུམས་ལགས། ཕྱིན་ཆད་ཤིན་ཏུ་ལེགས་པར་སྡོམ་མམ། ཆོས་ཇི་ལྟ་བ་དང་འདུལ་བ་ཇི་ལྟ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་ལེགས་པར་སྡོམ་ལགས་ཀྱིས། ཡང་འདི་ ལྟར་ཤེས་བཞིན་དུ་ཕྱིན་ཆད་མི་བགྱིད་ལགས་སོ་ཞེས་དང་། ཐབས་ཡིན་ནོ། །ལེགས་སོ། །ལྟུང་བ་བཤགས་པའི་ཆོ་ག་ཐམས་ཅད་ཡོད་པར་སྨྲ་བའི་པཎྜི་ཏ་དེ་བ་ཤཱནྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་ རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱ་པཏྟི་དེ་ཤ་ན་བི་དྷི། བོད་སྐད་དུ། ལྟུང་བ་བཤགས་པའི་ཆོ་ག །སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བཙུན་པ་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མ་མཆིས་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་མི་ དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་ བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བཙུན་པའི་སྤྱན་སྔར་མཐོ་ལོ་བཤགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདག་ བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་མཐོང་སྡོམ་དྲིས་ལ་ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་དོ། །དང་པོར་སྦྱོར་བའི་ཆོ་ག་ནི། བདག་མིང་འདི་ཞེས་བགྱི་བ་ལ་འཁོར་བ་ཐོག་མ་མེད་པ་ནས་ཀྱི་ ཉོན་མོངས་པ་མང་བའམ། བག་མེད་པ་ལ་སོགས་པའི་སྟོབས་ཀྱིས་ཉེས་ལྟུང་གི་ཚོགས་མང་པོ་བདོག་སྟེ་མཆི་བས། དེ་དག་དགེ་འདུན་གྱི་སྤྱན་སྔར་བཤགས་པར་འཚལ་བས་ཐུགས་ཀྱིས་གཟུང་འཚལ་ཞེས་པ་དང་མཇུག་ལྟུང་བ་ལས་བསླང་བ་ཤིན་ཏུ་བཀའ་དྲིན་ཆེ་ལགས་ཞེས་པ་དང་། ཆོས་བཞིན་དུ་ མཛད་པ་རྗེས་སུ་ཡི་རང་ཞེས་བརྗོད་པར་བྱའོ། །ལྟུང་བ་བཤགས་པའི་ཆོ་ག་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄། །ཁ་ཏོན་དང་གླེགས་བམ་ཀླག་པའི་སྔོན་དུ་བྱ་བའི་ཆོ་ག་བཞུགས། ༄༅༅། །ཁ་ཏོན་དང་གླེགས་བམ་ཀླག་པའི་སྔོན་དུ་བྱ་བའི་ཆོ་ག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་བྱང་ཆུབ་སེམས་དཔའ་ཆོས་ཁ་ཏོན་དུ་བྱ་བར་འདོད་པ་དང་གླེགས་བམ་དུ་བྱ་བ་ ཀློག་པར་འདོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་བཏབ་སྟེ། ཡིད་ཀྱིས་ཀུན་དུ་དམིགས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་ཆོ་གས། ཕྱག་འཚལ་བ་ལ་སོགས་པ་ཡན་ ལག་བདུན་གྱི་ཚུལ་དུ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དོ། །དེའི་རྗེས་ལ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་གཞག་སྟེ། ཡང་དག་པའི་ལྷག་པའི་བསམ་པས་དེ་ལྟར་བསམས་པའི་རྗེས་ལ། ཚིག་ལན་གསུམ་བརྗོད་པར་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་ ཚིག་གཅིག་གི་དོན་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་ཡང་ཡིན་ན། འོན་ཀྱང་བདག་ནི་རང་གི་ལས་ཀྱི་ཉེས་པས་ཤེས་རབ་ཆུང་ཞིང་བློ་ཞེན་ཏེ། དེ་ལྟ་ཡིན་དུ་ཟིན་ཀྱང་། གང་བཅོམ་ལྡན་འདས་ཀྱི་གསུང་རབ་བཟུང་ནས་དེས་བདག་གི་ཁ་ཏོན་བྱས་ཏེ། ཆོས་ཀྱི་སྒྲ་དེ་སེམས་ཅན་གང་གི་རྣ་ལམ་དུ་གྲག་པ་ དེ། དེ་བཞིན་གཤེགས་པའི་སྤོབས་པ་ཐོབ་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཚིག་གཅིག་གི་དོན་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ཀྱི་ཡང་ཡིན་ན། འོན་ཀྱང་བདག་ནི་རང་གི་ལས་ཀྱི་ཉེས་པས་ཤེས་རབ་ཆུང་ཞིང་བློ་ཞེན་ཏེ། དེ་ལྟར་ཡིན་དུ་ཟིན་ཀྱང་། གང་བདག་གིས་ གླེགས་བམ་དུ་བྱས་པའི་ཆོས་ཀླག་པར་བྱ་སྟེ། ཆོས་ཀྱི་སྒྲ་དེ་སེམས་ཅན་གང་རྣམས་ཀྱི་རྣ་ལམ་དུ་གྲག་པ་དེ་དག །དེ་བཞིན་གཤེགས་པའི་སྤོབས་པ་ཐོབ་པར་གྱུར་ཅིག །ཅེས་ལན་གསུམ་དུ་བརྗོད་པར་བྱའོ། །ཁ་ཏོན་དང་གླེགས་བམ་ཀླག་པའི་ཆོ་ག །སློབ་དཔོན་ མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།༄། །ཚ་ཚ་གདབ་པའི་ཆོ་ག་བཞུགས། ༄༅༅། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་བྷ་ ག་བ་ཏེ། བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུཀྵྨེ་ས་མེ་ས་མ་ཡེ་ས་མ་ཏེ་ས་མཱ་རོ་པེ་ཨ་ན་བ་ར་ཎེ། ཏ་རཾ་བྷེ། ཡ་ཤོ། མ་ཧཱ་ཏེ་ཛེ། ནིར་ཀུ་ལེ། ནིར་བ་ཎི། སརྦ་ཏ་ཐཱ་ག་ཏ། ཧྲྀ་ད་ཡ། ཨ་ཏིཥྛཱ་ན་ཨ་དྷིཥྠྀ་ཏེ་སྭཱ་ཧཱ། གཟུངས་འདི་འཇིམ་པའི་གོང་བུའམ་བྱེ་མའི་གོང་ བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་མཆོད་རྟེན་བྱའོ། །མཆོད་རྟེན་དེ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མཆོད་རྟེན་བྱེ་བ་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལྷ་དང་མི་རྣམས་ཀྱི་སྐྱེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་ན་སྐྱེ་བ་དྲན་ པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དང་པོར་འཇིམ་པ་བརྡུང་བ་བདག་གམ་གཞན་ཡང་རུང་བས་བྱམས་པ་དང་སྙིང་རྗེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཞིང་བརྡུང་ངོ་། །དེ་ནས་འབི་འབི་བྱིན་གྱིས་བརླབ་པ། འོག་མིན་ ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་ལ་ཕྱག་འཚལ་བར་བསམ་ཞིང་། སྔགས་ཀྱི་གྲངས་གོང་མ་བཞིན་དུ་བརྗོད་དོ། །དེ་ནས་རྟེན་འབྲེལ་གྱི་སྔགས་བཟླས་ཤིང་གདབ་པོ། །དེ་ནས་འབྲུ་འམ་མེ་ཏོག་ལ་རྟེན་འབྲེལ་ གྱི་སྔགས་ལན་གསུམ་མམ་བདུན་བཟླས་ལ་དབུལ་ལོ། །དེ་ནས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་དབའ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་སྨོན་ལམ་གདབ་བོ། ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག །སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སྷོ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ།། །། ༄༅༅། །རྒྱ་གར་སྐད་དུ། གུ་རུ་ཀྲི་ཡ་ཀྲ་མ། བོད་སྐད་དུ། བླ་མའི་བྱ་བའི་རིམ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོར་ཚད་དང་ལྡན་པའི་སློབ་དཔོན་གྱིས། སློབ་མ་ལ་དད་པ་དང་ཡིད་ཆེས་པ་དང་འདོད་པའི་དད་པ་བསྐྱེད་ལ། དེ་ ནས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བརྗོད་ལ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་གནས་ཁང་ཁྱད་པར་ཅན་དུ་མཆོད་པའི་ཚོགས་ཁྱད་པར་ཅན་བཤམས་ལ། འཕགས་པའི་ཚོགས་སྤྱན་དྲངས་ཏེ། ཕྱག་འཚལ་བ་དང་། ཞབས་བསིལ་ཞིང་གདན་དབུལ་བ་དང་། བླ་ན་ཡོད་པ་དང་། བླ་ན་མེད་ པའི་མཆོད་པའི་ཚོགས་ཀྱིས་ལེགས་པར་མཆོད་ཅིང་། མཆོད་པའི་སྤྲིན་གྱི་སྔགས་ཀྱང་ལན་གསུམ་བརྗོད་དོ། །བསྟོད་པ་བྱེད་པས་བདེ་བར་གཤེགས་པའི་ཡོན་ཏན་ཁྱད་པར་ཅན་དྲན་པའི་སྒོ་ནས་གུས་པས་བསྟོད་ཅིང་། དེ་དང་དེ་འཕེལ་བའི་ཚིག་ཀྱང་བརྗོད་དོ། །དེ་ནས་བཤགས་ པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། བསྔོ་བ་ལ་སོགས་པ་བྱ་སྟེ། དེ་ནས་སློབ་མ་དད་པ་དང་ལྡན་པས་སློབ་དཔོན་ལ་ཕྱག་བྱས་ལ། གསོལ་བ་གདབ་པ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལེགས་པར་བསྐྱེད་ལ། དེ་དག་གི་རང་ གི་ངོ་བོ་དང་། དབྱེ་བ་དང་། ཁྱད་པར་ཡང་བརྗོད་དོ། །དེ་ནས་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་དང་། ཚད་མེད་པ་བཞི་ལ་སོགས་པའི་མཚན་ཉིད་དང་། རྒྱུ་དང་། འབྲས་བུ་དང་། བསླབ་པའི་གོ་རིམས་དང་། ཉམས་པ་དང་། མ་ཉམས་པའི་སྐྱོན་ཡོན་ དང་། ཚུལ་ཇི་ལྟར་བསླབ་པ་ལ་སོགས་པ་ཡང་རྒྱས་པར་བསྟན་པར་བྱའོ། །དེ་ཡང་བག་ཡོད་པ་དང་། ཤེས་བཞིན་དང་། དྲན་པས་ཟིན་པར་བྱའོ་ཞེས་བསླབ་པར་བྱའོ། །དེ་དག་གི་མཚན་ཉིད་དང་། གོ་རིམས་དང་། ཉམས་པ་དང་། མ་ཉམས་པའི་སྐྱོན་ཡོན་ལ་སོགས་པ་ཡང་བསླབ་པར་ བྱའོ། །དེ་དག་བྱེད་པ་ལ་ཡང་བརྩོན་འགྲུས་དྲག་པོ་བསྐྱེད་ལ་ཇི་སྙམ་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། མ་ཡེངས་པའི་བསམ་གཏན་དང་ཤེས་རབ་ཀྱི་རང་བཞིན་མེད་པར་ཤེས་པར་བྱས་ལ། བསླབ་པ་གསུམ་མམ། ཤེས་རབ་རྣམ་པ་གསུམ་ལ་མཉམ་པར་ གཞག་པ་དང་། སྤྱོད་ལམ་གྱི་ཚུལ་གྱིས་བསླབ་པར་བྱའོ་ཞེས་བསྟན་པར་བྱའོ། །མཐར་སྨོན་ལམ་གྱིས་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་ཀྱང་བརྗོད་པར་བྱའོ། །འདི་ནི་སློབ་དཔོན་གྱིས་བསྟན་པའི་ལས་ཀྱི་གོ་རིམས་སོམོ། །སློབ་མས་ཀྱང་ཚུལ་ཇི་ལྟར་བསྟན་པ་དེ་བཞིན་དུ་བསླབ་པར་བྱའོ། ། འདི་ནི་མཚན་ཉིད་ཐེག་པ་ཆེན་པོའི་སེམས་བསྐྱེད་པ་དང་བསླབ་པ་བསྟན་པའི་ཚུལ་ལམ་གོ་རིམས་ཆེ་ལོང་ཙམ་བསྟན་པ་ཡིན་ནོ། །རྒྱས་པར་ནི་གཞན་ནས་ཤེས་པར་བྱའོ། །བླ་མའི་བྱ་བའི་རིམ་པ་མདོར་བསྡུས་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་ མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏྲི་སམྦ་ར་ཀྲ་མ། བོད་སྐད་དུ། སྡོམ་པ་གསུམ་གྱི་རིམ་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་སློབ་པ་ལ། བསྙེན་གནས་དབོག་པ་དང་། དགེ་བསྙེན་གྱི་ སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དང་པོར་བྱའོ། །བསྙེན་གནས་དབོག་པ་ནི། བཙུན་པའམ། སློབ་དཔོན་དགོངས་སུ་གསོལ། བདག་དགེ་བསྙེན་མིང་འདི་ཞེས་བགྱི་བ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་ སུ་མཆིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བྱའོ། །དེ་ལྟར་བཙུན་པས་བདག་ལ་གསུམ་ལ་སྐྱབས་སུ་སོང་བར་གཟུང་དུ་གསོལ་ཞེས་བྱའོ། །བཙུན་པའམ་སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་དགེ་བསྙེན་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། སྲོག་ཆགས་སོ་ཅོག་གསོད་པ་དང་། གཞན་གྱི་ནོར་འཕྲོག་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། མྱོས་བྱེད་འཐུང་བ་དང་། དུས་མ་ཡིན་པར་ཟ་བ་དང་། ཕྲེང་བ་དང་། ཁ་དོག་བསྒྱུར་བ་དང་། གར་དང་། གླུ་དང་། རྩེད་ འཇོ་དང་། མལ་སྟན་མཐོན་པོ་ལ་སོགས་པ་ལྡོག་པར་བགྱིད་པ། ཡོན་ཏན་བརྒྱད་ཀྱིས་བདག་དགྲ་བཅོམ་པ་རྣམས་ཀྱི་ཚུལ་དུ་འཇོག་གོ་ཞེས་བྱ་བ་ནི་བསྙེན་གནས་དབོག་པའོ། །ཚེ་དང་ལྡན་པ་བརྗོད་ཅིང་། བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་ འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཙུན་པས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། ཐབས་ཡིན་ནོ། །ལེགས་སོ། །ཚེ་དང་ལྡན་ པ་བརྗོད་ཅིག །སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་དེང་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིད་དོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པ་དང་རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་ པའི་ཆང་མྱོས་པར་འགྱུར་བའི་བག་མེད་པའི་གནས་ལས་སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་ མྱོས་པར་གྱུར་པ་བག་མེད་པའི་གནས་སྤངས་ཏེ། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིད་དོ། །ཡན་ལག་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ། །དགེ་བསྙེན་གྱི་སྡོམ་པ་དབོག་པའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ གིས། བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་དེང་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང་། སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང་། སེམས་ཅན་དབུགས་མ་ཕྱིན་པ་རྣམས་དབུགས་ཕྱིན་པ་དང་། སེམས་ཅན་ ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བའི་སླད་དུ། བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པར་བགྱིའོ། །བདག་གི་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་མི་ལ་སོགས་པ་དགའ་བར་གྱིས། །ཞེས་དེ་ལྟར་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་སྐྱོང་བ་བརྒྱད་ལ་སོགས་པའི་ལྷ་རྣམས་ཐམས་ཅད་ཡིད་ཀྱིས་དམིགས་ཏེ། དད་པ་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ལྟར་ཀུན་རྫོབ་ཀྱི་རྣམ་པ་སྨོན་ལམ་གྱི་རང་བཞིན་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །དོན་དམ་པ་ ལ་ནི་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་བྱའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །སྡོམ་པ་གསུམ་གྱི་རིམ་པ། སློབ་དཔོན་ཆེན་པོ་རྙོག་མེད་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཏུ་ལྱ་དཱ་ས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུ་རཱཾ་ག་དྷརྨ་ཙཱརྱ། བོད་སྐད་དུ། ཆོས་སྤྱོད་ཡན་ལག་བཞི་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྟོན་པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ནི། སྙིང་པོ་བྱང་ཆུབ་མཆིས་ཀྱི་བར། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་ གསུམ་སྐྱོབ་པ་བླ་མེད་ལ། །རབ་ཏུ་གུས་པས་སྐྱབས་སུ་མཆི། །རྟེན་གཟུང་བར་བྱ་བའི་ཕྱིར་སྐྱབས་སུ་འགྲོ་བའི་ཡན་ལག་སྟེ་དང་པོའོ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཐོག་མེད་དུས་ནས་ད་ལྟའི་བར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ལུས་དང་ ངག་དང་ཡིད་སྒོ་ནས། །སྡིག་པ་མི་དགེ་ཅི་བགྱིས་པ། །མ་ལུས་འགྱོད་པས་སོ་སོར་བཤགས། །སླན་ཆད་ཅི་ནུས་བསྡམ་པར་བགྱི། །རྒྱུད་དག་པར་བྱ་བའི་ཕྱིར་སྡིག་པ་བཤགས་པའི་ཡན་ལག་སྟེ་གཉིས་པའོ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་ན། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་སངས་རྒྱས་རྣམས་དང་། །འཇིག་རྟེན་པ་ནི་གང་གིས་ཀྱང་། །མ་ལུས་དགེ་བ་ཅི་བགྱིད་པ། །དེ་ལ་རང་ཉིད་བྱེད་པ་བས། །ལྷག་པར་དགའ་བས་ཡི་རང་ངོ་། །དགེ་བའི་རྩ་བ་ཚེགས་ཆུང་ངུས་བསྐྱེད་པའི་ཕྱིར་རྗེས་སུ་ཡི་རང་བའི་ཡན་ལག་སྟེ་གསུམ་པའོ། །སློབ་ དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སྐྱོབ་རྣམས་ཀྱིས། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བྱང་ཆུབ་མཆོག་རབ་ཐུགས་བསྐྱེད་པ། །དེ་ལྟར་བདག་ཀྱང་མ་རྣམས་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བླ་ན་མེད་པའི་བྱང་ཆུབ་ངེས་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་ བསྐྱེད་པའི་ཡན་ལག་སྟེ་བཞི་པའོ། །མཐར་དགེ་བའི་རྩ་བ་གཉིས་དོན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་བྱང་ཆུབ་མཆོག་ཏུ་བསྔོ་བའི་ཡན་ལག་ཀྱང་བྱ་སྟེ། བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །གདུལ་དཀའི་སེམས་ནི་རབ་ཞི་ནས། །འགྲོ་བའི་བླ་མ་ཐོབ་ པར་ཤོག །ཅེས་བྱ་བའོ། །ཆོས་སྤྱོད་ཡན་ལག་བཞི་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲཱ་ནནྡས་མཛད་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སཔྟ་ཨཾ་ག་ སདྡྷརྨ་ཙཱརྱ་ཨ་བ་ཏཱ་ར། བོད་སྐད་དུ། དམ་པའི་ཆོས་སྤྱོད་ལ་འཇུག་པའི་ཡན་ལག་བདུན་པ། དེ་བཞིན་གཤེགས་པ་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་འཕགས་ཚོགས་ནི། །སྐྱབས་མཆོག་བདེན་གཉིས་ཡོངས་བཟུང་བས། །ཤེས་རབ་སྙིང་རྗེ་མཉམ་སྦྱོར་ལ། །བདག་ནི་གུས་ པས་ཕྱག་འཚལ་ལོ། །ཕྱག་བཙལ་བའི་ཡན་ལག་སྟེ་དང་པོའོ། །སྐྱབས་གསུམ་བླ་མེད་རིན་ཆེན་ལ། །ཕྱི་ནང་ཁོ་ན་ཉིད་དོན་ཅན། །མཆོད་སྤྲིན་བསམ་མི་ཁྱབ་རྣམས་ཀྱིས། །ལེགས་པར་མཆོད་པའི་ཆོ་གས་མཆོད། །མཆོད་པ་འབུལ་བའི་ཡན་ལག་སྟེ་གཉིས་པའོ། །འགྲོ་རྣམས་བསྒྲལ་འདོད་བསམ་ པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་ཏུ་གུས་པས་སྐྱབས་སུ་མཆི། །སྐྱབས་སུ་འགྲོ་བའི་ཡན་ལག་སྟེ་གསུམ་པའོ། །བདག་གིས་ལུས་ངག་ཡིད་སྒོ་ནས། །མི་བཟད་སྡིག་པ་གང་བགྱིས་དང་། །བགྱིད་སྩལ་རྗེས་སུ་ཡི་རང་གང་། །དེ་ དག་ཐམས་ཅད་སོ་སོར་བཤགས། །སྡིག་པ་བཤགས་པའི་ཡན་ལག་སྟེ་བཞི་པའོ། །རྫོགས་སངས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་རྒྱལ་བའི་སློབ་མ་དང་། །འཇིག་རྟེན་བསོད་ནམས་གང་བགྱིད་ལའང་། །དགའ་བས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བའི་ཡན་ལག་སྟེ་ལྔ་པའོ། །ཤེས་རབ་སྙིང་རྗེ་དང་ བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱིད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཡན་ལག་སྟེ་དྲུག་པའོ། །བསོད་ནམས་ཚོགས་ཀྱི་ཆོས་འདི་དག །བྱང་ཆུབ་གསུམ་གྱི་རྒྱུར་གྱུར་པ། །བདག་མེད་གཉིས་ཀྱི་ལམ་ བརྟེན་པས། །མཐོ་རིས་ཐར་པ་སྒྲུབ་གྱུར་ཅིག །བདག་གི་བསོད་ནམས་གང་བགྱིས་པས། །སྐྱེ་བོས་རྒྱལ་བ་ཐོབ་གྱུར་ཏེ། །གུས་པས་སེམས་ཅན་ཐམས་ཅད་དོན། །རྒྱ་ཆེན་ཡང་དག་བྱེད་གྱུར་ཅིག །བདག་ནི་ཚེ་རབས་ཐམས་ཅད་དུ། །སངས་རྒྱས་མཐོང་བ་རྙེད་གྱུར་ཅིག །དམ་པའི་ཆོས་ནི་ཉན་པ་དང་། །དགེ་ འདུན་ཞབས་འབྲིང་བྱེད་གྱུར་ཅིག །ཐབས་མཁས་ཡང་དག་བཤེས་གཉེན་ལྡན། །ཆོས་དང་ཟང་ཟིང་སྦྱིན་བྱེད་ཅིང་། །ལོངས་སྤྱོད་སེམས་ཅན་ཐུན་མོང་དང་། །ཕ་རོལ་ཕྱིན་པ་ཀུན་རྫོགས་ཤོག །འབྱོར་པ་ཕུལ་བའི་བསོད་ནམས་དང་། །ཚུལ་ཁྲིམས་ལེགས་པར་གཟུང་བ་དང་། །དམ་ཆོས་ཡང་དག་མཉན་ པ་ཡིས། །བདག་ནི་བྱང་ཆུབ་མཆོག་ཐོབ་ཤོག །བདག་ནི་འདི་ནས་ཤི་འཕོས་ཚེ། །དགའ་ལྡན་སྐྱེས་ནས་ཡིད་དགེ་བས། །མྱུར་དུ་བྱམས་མགོན་བསྙེན་བྱས་ཏེ། །བྱང་ཆུབ་ལུང་བསྟན་རྙེད་པར་ཤོག །སྨོན་ལམ་གདབ་པའི་ཡན་ལག་སྟེ་བདུན་པའོ། །དམ་པའི་ཆོས་སྤྱོད་ལ་འཇུག་པའི་ ཡན་ལག་བདུན་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། །།