Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 112
Văn bản gốc(Tây Tạng)
Trang 2 / 17 (50.000 ký tự/trang)
། འཇིག་རྟེན་ཕ་རོལ་བསྲུང་བར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྲུང་བར་བྱ་བའི་ ཕྱིར་མཁས་པས་སྲོག་གི་ཕྱིར་ཡང་སྡིག་པ་མི་བྱ་ཞིང་བྱ་བ་མ་ཡིན་པ་མི་བྱའོ་ཞེས་གསུངས་སོ། །ཆོས་སྨྲ་བ་པོ་ལ་སྐྱོན་འདོགས་པའི་དགོངས་པ་བསྟན་པ་ལ། ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང་། དེ་ལ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་ པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུངས་གང་དུ་འདི་ལྟ་བུའི་དགེ་སློང་དག་གིས་བྱང་ཆུབ་དོན་དུ་གཉེར་བ། སྐྱེ་བོ་མང་པོ་ལ་བརྩེ་བ་ཅན་རྣམས་ལ་གཤེ་བར་བྱེད། སྤྱོ་བར་བྱེད། ཚངས་པར་སྤྱོད་པ་མ་ཡིན་པ་འཁྲིག་པའི་ཆོས་ཀྱིས་སྐུར་བར་བྱེད། དེ་ལྟ་བུའི་རང་བཞིན་ ཅན་གྱི་དགེ་སློང་གི་དྲུང་ནས་སྐྱེ་བོ་མང་པོ་འབྱེད་པར་བྱེད་པ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གི་སྤྱོད་པ་དག་ལ་ལྟོས། འོད་སྲུངས་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། ཡངས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ་དག་ན། དེའི་ཚེ་དེའི་ དུས་ན། གང་ཁྱབ་འཇུག་གླིང་འགྲོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་གྱུར་པ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །འོད་སྲུངས་དེ་བཞིན་གཤེགས་པ་དེ་འཚོ་ཞིང་ གཞེས་པ་ན། རྣམ་པར་སྒྲོགས་པའི་རྒྱལ་པོ་ཞེས་བྱ་བའི་དགེ་སློང་མང་དུ་ཐོས་པ། སྣ་ཚོགས་པ་གཏམ་པར་བྱེད་པ་སྤོབས་པ་བཟང་བ། དེ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་ཆོས་སྟོན་པར་གྱུར་ཅིང་། ཆོས་སྟོན་པ་ལ་ སྙོམ་ལས་མེད་པར་གྱུར་ཏོ། །ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། འཚོ་བའི་རྐྱེན་སྨན་དང་། ཡོ་བྱད་རྣམས་རྙེད་པར་ཡང་གྱུར་ཏོ། །ཡང་དེའི་ཚེ་ལེགས་ཐོབ་ཅེས་བྱ་བའི་དགེ་སློང་ཞིག་བྱུང་བར་གྱུར་ཏོ། །དེ་རྣམ་པར་སྒྲོགས་པའི་རྒྱལ་པོ་ལ་གཤེ་བར་བྱེད། སྤྱོ་བར་བྱེད། ཚངས་པར་སྤྱོད་པ་མ་ཡིན་པ་འཁྲིག་པའི་ཆོས་ཀྱིས་སྐུར་བར་བྱེད། ཕྱོགས་དང་ཕྱོགས་མཚམས་སུ་མི་སྙན་པ་དང་། བསྔགས་པ་ཡང་མ་ཡིན་པ་རྒྱས་པར་བྱེད་པར་གྱུར་ཏོ། །ཡང་དེའི་ཚེ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་བྱུང་བར་གྱུར་ཏོ། །དེས་ མི་སྙན་པ་དང་། བསྔགས་པ་མ་ཡིན་པ་དེ་ཐོས་ནས་སེམས་མ་རངས་པས། ཆོས་ཉན་པའི་ཕྱིར་དོང་བར་མ་གྱུར། གཞན་སྲོག་ཆགས་སྟོང་ཕྲག་བརྒྱ་ཚང་བ་ཡང་མ་སོང་ངོ་། །དེ་དག་ཀྱང་མ་སོང་བས་མཐོ་རིས་སུ་སྐྱེ་བ་དང་། དལ་བ་རྙེད་པ་དང་། འབྲས་བུ་ཐོབ་པ་ལས་ཡོངས་སུ་ ཉམས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ནི་བཟོད་པ་ལས་ཡོངས་སུ་ཉམས་པར་གྱུར་ཅིང་། ལུས་ཞིག་ནས་ཤི་བའི་འོག་རོལ་དུ་ངན་འགྲོ་ངན་སོང་ལོག་པར་ལྟུང་བ་དམྱལ་བ་ངུ་འབོད་ཆེན་པོར་སྐྱེས་ཏེ། དེ་དང་དེ་དག་དེར་ལོ་བྱེ་བ་ཕྲག་དྲུག་ཏུ་འཚེད་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ནི་དམྱལ་བ་ཆེན་པོ་ཚ་བར་སྐྱེས་ཤིང་། དེར་ཡུན་རིང་པོར་མི་གནས་ཏེ། དེ་ཐང་ཅིག་གིས་ལྡང་བར་གྱུར་ཏོ། །འོད་སྲུངས་ཡང་དགེ་སློང་ལེགས་ཐོབ་བྱང་ཆུབ་སེམས་དཔའ་དེ་ལ་སྐུར་པ་བཏབ་ནས། སེམས་ཅན་དམྱལ་བ་ཆེན་པོ་ མནར་མེད་པར་སྐྱེས་སོ། །གང་ཡང་འདིས་སྲོག་ཆགས་སྟོང་ཕྲག་དེ་དག་ཕྱེ་ཞིང་། མི་དགེ་བའི་རྩ་བ་དེས་སེམས་ཅན་རེ་རེའི་རྒྱུས་ལོ་བྱེ་བ་ཚང་བར་གན་རྐྱལ་དུ་ཐུར་མ་བརྒྱ་ཕྲག་མང་པོས་ཕུག་ཅིང་། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར་ཏོ། །ལོ་བྱེ་བ་ཡོངས་སུ་ཚང་ བར་ཁ་སྦུབ་ཏུ་དང་། ལོ་བྱེ་བ་ཡོངས་སུ་ཚང་བར་གཡས་ལོགས་སུ་དང་། ལོ་བྱེ་བ་ཡོངས་སུ་ཚང་བར་གཡོན་ལོགས་སུ་དང་། ལོ་བྱེ་བ་ཡོངས་སུ་ཚང་བར་འགྲེང་བ་ཉིད་དང་། ལོ་བྱེ་བ་ཡོངས་སུ་ཚང་བར་སྤྱིའུ་ཚུགས་ཉིད་དུ་ཐུར་མ་བརྒྱ་ཕྲག་མང་པོས་ཕུག་ཅིང་སྡུག་བསྔལ་གྱི་ ཚོར་བ་ཉམས་སུ་མྱོང་བར་གྱུར་ཏེ། གང་ཡང་བྱང་ཆུབ་སེམས་དཔའ་དེ་ལ་སྐུར་པ་བཏབ་པ་དང་། བྱང་ཆུབ་སེམས་དཔའ་དེ་ཕྱེ་ཞིང་། མི་དགེ་བའི་རྩ་བ་དེས་དེ་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་དམྱལ་བ་ནས་ཤི་འཕོས་ཏེ་དམྱལ་བ་རྣམས་སུ་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་སྨྲ་བ་ པོའི་དགེ་སློང་རྣམས་ཀྱི་བསྔགས་པ་མ་ཡིན་པ་རྒྱས་པར་བྱ་བའི་ཕྱིར། མངོན་པར་བརྩོན་པ་དེ་ནི་འོད་སྲུངས་དེ་བཞིན་གཤེགས་པའི་བསྟན་པ་ནུབ་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །འོད་སྲུངས་ཆོས་སྨྲ་བ་པོའི་དགེ་སློང་ལ་རེ་ཞིག་བདེན་པའི་བསྔགས་པ་མ་ཡིན་པ་ཡང་རྒྱས་པར་མི་ བྱ་ན་ཡང་དག་པ་མ་ཡིན་པ་མ་རྟོགས་པ་བཞིན་དུ་སྦྱར་ནས་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་དེ་ལྟ་བུའི་ངོ་བོའི་དགེ་སློང་རྣམས་ནི་ཉམས་པ་གསུམ་དང་ལྷན་ཅིག་མི་གནས་སོ། །འོད་སྲུངས་དེའི་ཚེ་དེའི་དུས་ན་དགེ་སློང་རྣམ་པར་སྒྲོགས་པའི་རྒྱལ་པོ་ ཆོས་སྨྲ་བར་གྱུར་པ་དེ་ཁྱོད་དེ་ལྟར་གཞན་ཞིག་ཡིན་སྙམ་དུ་སེམས་ན། འོད་སྲུངས་ཁྱོད་ཀྱིས་དེ་ལྟར་ནི་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན། དགེ་སློང་རྣམ་པར་སྒྲོགས་པའི་རྒྱལ་པོ་ཆོས་སྨྲ་བར་གྱུར་པ་དེར་གྱུར་ཏོ། །འོད་སྲུངས་ཁྱོད་དེའི་ཚེ་དེའི་ དུས་ན། གང་དག་དགེ་སློང་ལེགས་རྙེད་ཀྱིས་སྤྱོ་བ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོར་གྱུར་པ་དེ་ནི་གཞན་ཡིན་སྙམ་དུ་སེམས་ན། འོད་སྲུངས་ཁྱོད་ཀྱིས་དེ་ནི་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བྱམས་པ་འདི་ཉིད་དེའི་ཚེ་དེའི་དུས་ན། བྱང་ ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོར་གྱུར་ཏོ། །འོད་སྲུངས་དེའི་ཚེ་དེའི་དུས་ན་དགེ་སློང་ལེགས་རྙེད་དུ་གྱུར་པ་དེ་ནི། ཁྱོད་དེ་ལྟར་གཞན་ཞིག་ཡིན་སྙམ་དུ་སེམས་ན། འོད་སྲུངས་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་སྦྱིན་འདི་ཉིད་དེའི་ཚེ་དེའི་དུས་ན་ལེགས་ རྙེད་ཅེས་བྱ་བ་སྡིག་པའི་དགེ་སློང་དུ་གྱུར་ཏོ། །འོད་སྲུངས་དེའི་ཕྱིར་ཁྱོད་མོས་པར་བྱ་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ཇི་ལྟར་ཡང་དེ་དོན་དུ་གཉེར་བ་དང་། ཕན་པ་འདོད་པ་ནི། དཔེར་ན་དགེ་སློང་ལེགས་རྙེད་ལྟར་དགེ་བའི་བཤེས་གཉེན་སྙིང་བརྩེ་བ་ཅན་ལ་ཕྱིར་ཕྱོགས་པར་མི་འགྱུར་ རོ་ཞེས་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་ལྷ་སྦྱིན་དགེ་བའི་རྩ་བ་དེ་ལྟ་བུ་དང་ལྡན་པ་ལ་ལྟོས། རིགས་ཀྱི་བུ་ལྷ་སྦྱིན་ནི་མི་ཆེན་པོའི་མཚན་སུམ་ཅུ་དང་ལྡན་པར་གྱུར་ཏོ། །དེ་ལྟ་བུའི་དགེ་བའི་རྩ་བ་དང་ལྡན་པ་དེ་ཡང་ཆོས་ཀྱི་ཚུལ་ འདི་མི་ཤེས་པས། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཡོངས་སུ་ཆད་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་། ཇི་ལྟར་ཆོས་ཀྱི་ཚུལ་འདི་ཁོང་དུ་མ་ཆུད་པ་རྣམས་ཀྱི་དགེ་བའི་རྩ་བ་ཆད་པར་འགྱུར་བར་རིག་པར་བྱའོ། ། རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་ཤིན་ཏུ་བགྲང་བ་ལས་འདས་པ། ཚད་མེད་པ། ཡངས་པ། གཞལ་དུ་མེད་པ་དེའི་ཕ་རོལ། དེའི་ཡང་ཕ་རོལ་གྱི་ཆེས་ཕ་རོལ་ཞིག་གི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དགུ་བཅུ་རྩ་དགུར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་མིང་ནི་གསེར་མདོག་འོད་འཕྲོ་བ་ཞེས་བྱ་བར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་ནི་གསེར་གྱི་རྒྱུ་ལས་གྲུབ་པར་གྱུར་ཏོ། །སེམས་ཅན་རྣམས་ཀྱང་གང་ འདི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཐེག་པ་གསུམ་པོ་ཉིད་ཀྱིས་མྱ་ངན་ལས་འདའ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་ཚོགས་དང་པོ་ནི། དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤ་སྟག་གི་ཚོགས་སུ་གྱུར་ཏོ། །ཚོགས་གཉིས་པ་ནི། དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ བདུན་ཅུའི་ཚོགས་སུ་གྱུར་ཏོ། །ཚོགས་གསུམ་པ་ནི། དགེ་སློང་བྱེ་བ་ཁྲག་ཁྲིག་དྲུག་ཅུའི་ཚོགས་སུ་གྱུར་ཏོ། །ཚོགས་བཞི་པ་ནི། དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་ པར་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་གི་ཚོགས་སུ་གྱུར་ཏོ། །དགེ་སློང་མའི་ཚོགས་ནི་དེའི་ཉིས་འགྱུར་དུ་གྱུར་ཏོ། །དགེ་བསྙེན་གྱི་ཚོགས་དང་། དགེ་བསྙེན་མའི་ཚོགས་ཀྱང་དེའི་ཉིས་འགྱུར་ཉིས་འགྱུར་དུ་གྱུར་ཏོ། ། བྱང་ཆུབ་སེམས་དཔའི་ཚོགས་ཀྱང་དེའི་ཉིས་འགྱུར་དུ་གྱུར་ཏོ། །ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དང་ལྡན་པ། ཏིང་ངེ་འཛིན་གྱི་ཚུལ་མངོན་པར་སྒྲུབ་པ་ལ་མཁས་པ། སྒོ་མཐའ་ཡས་པའི་གཟུངས་རབ་ཏུ་ཐོབ་པ་ཕྱིར་མི་ལྡོག་ པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཤ་སྟག་གི་ཚོགས་སུ་གྱུར་ན། བྱང་ཆུབ་སེམས་དཔའི་ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ཀྱི་ཚོགས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེར་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་ཡང་ཚད་མེད་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་དེའི་ཚེ་བཅོམ་ལྡན་འདས་དེའི་ འཁོར་གྱི་ཚོགས་ནི་ཚད་མེད་པར་འདུས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་འོད་འཕྲོ་བ་དེ་ན་ཤིང་ངམ། ལྡུམ་བུ་གང་ཅི་ཡོད་པ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱུ་ལས་གྲུབ་པར་གྱུར་ཏེ། ཤིང་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ་གང་འདི་སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་ མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། སྐྱེ་བ་མེད་པའི་སྒྲ་དང་། འགག་པ་མེད་པའི་སྒྲ་དང་། དངོས་པོ་མེད་པའི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། དེ་ལྟ་བུའི་སྒྲ་དག་འབྱུང་བར་འགྱུར་ཏེ། སྒྲ་དེ་དག་བྱུང་བས་སེམས་ཅན་དེ་དག་གི་སེམས་རྣམ་པར་གྲོལ་ བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཏེ། དེ་ཕྱིན་ཆད་སྒྲ་དེ་དག་ཀྱང་ཤིང་དེ་དག་ལས་འབྱུང་བ་མེད་པར་གྱུར་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་པོ་དེས་ཡང་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ་དམ་པའི་ཆོས་ཡོངས་སུ་འཛིན་པར་བསྐོས་ནས། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །དེའི་ཚེ་དགེ་སློང་སྤྱོད་པའི་བློ་གྲོས་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ནི་ཚུལ་ ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་ཞིང་། འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏེ། འདུལ་བའི་སྡེ་སྣོད་ལའང་མངོན་དུ་བྱང་བར་གྱུར་ཏོ། །དགེ་སློང་དེ་ནི་དཀའ་ཐུབ་ཀྱི་མཆོག་དང་ལྡན། ངན་ངོན་ལ་མོས་པ་འཁོར་གྱི་ནང་ན་སྤྱོད་པ་སྟེ། དེས་གཙུག་ ལག་ཁང་ཅིག་བརྩིགས་ནས་དེ་ན་གནས་ཤིང་དེའི་འཁོར་དུ་གྱུར་པ་རྣམས་ཀྱང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་དག་པ་ལ་བཀོད་པར་གྱུར་ཏེ། སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་ལ་མོས་པར་གྱུར་ཏོ། །དགེ་སློང་དེ་ནི་བརྩོན་འགྲུས་བརྩམས་ཤིང་རྟག་པར་བྱང་ཆུབ་ཀྱི་སེམས་ལ་གནས་པར་ གྱུར་ཏོ། །བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་། སྤྱོད་ལམ་དེ་ཉིད་ལ་ཡང་དག་པར་བསྐུལ་ཏེ། དམིགས་པ་ཅན་གྱི་ལྟ་བ་ལ་ཡང་དག་པར་བསྐུལ་ལོ། །དེའི་འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་བྱ་བར་འཛིན་དུ་བཅུག་གོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་ཞེས་བྱ་བར་འཛིན་དུ་ བཅུག་གོ། །འདུ་བྱེད་ཐམས་ཅད་བདག་མེད་ཅེས་བྱ་བར་འཛིན་དུ་བཅུག་གོ། །དགེ་སློང་དེ་ནི་ཏིང་ངེ་འཛིན་ལ་མཁས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མཁས་པ་མ་ཡིན་ཞིང་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཏོ། །དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་དེ་ནི། སེམས་ ཅན་རྣམས་ཀྱི་དབང་པོ་མཆོག་དང་ཐ་མ་ཤེས་པ་ལ་མཁས་པར་གྱུར་ཏེ། དེའི་འཁོར་དུ་གྱུར་པ་ཇི་སྙེད་པ་དེ་དག་ཀྱང་། སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་ལྷུར་ལེན་པར་གྱུར་ཏེ། མི་དམིགས་པའི་བཟོད་པ་ཅན་ཐབས་ལ་མཁས་པ་དག་ཏུ་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་ཆོས་སྨྲ་བ་སྤྱོད་པ་རྣམ་ པར་དག་པ་འཁོར་དང་བཅས་ཏེ། དགེ་སློང་སྤྱོད་པའི་བློ་གྲོས་གང་ན་གནས་པའི་གཙུག་ལག་ཁང་དེར་ཕྱིན་ནས་དེ་ན་གནས་པར་གྱུར་ཏེ། དེ་གཙུག་ལག་ཁང་དེ་ནས་ཡང་དང་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར། གྲོང་དུ་འགྲོ་ཞིང་དེ་དག་ཏུ་ཟས་ཀྱི་བྱ་བ་བྱས་ནས་ཕྱིར་འོང་བར་གྱུར་ ཏོ། །དེས་དེ་དག་ཏུ་རིགས་བརྒྱ་སྟོང་དུ་མ་དད་པར་བྱས་པར་གྱུར་ཏོ། །དེའི་འཁོར་ཇི་སྙེད་པ་དེ་དག་ཀྱང་ཚུལ་ལ་མཁས་པར་གྱུར་ཏོ། །དེ་དག་ཀྱང་དེ་དག་ཏུ་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་དག་གིས་ཀྱང་སྲོག་ཆགས་བརྒྱ་སྟོང་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་བཀོད་པར་གྱུར་ཏོ། །དགེ་སློང་སྤྱོད་པའི་བློ་གྲོས་ཀྱི་འཁོར་དེ་དག་ནི་བསམ་གཏན་ལྷུར་ལེན་ཅིང་གྲོང་དག་ཏུ་ཡང་འཁོར་བར་མི་འདོང་ངོ་། །དེ་ནས་དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དག་ལ་མ་དད་པའི་སེམས་བསྐྱེད་ནས། དེ་དག་ནི་གྲོང་དུ་ཡང་ དང་ཡང་འཇུག་གོ་ཞེས་དེས་གཎྜཱི་བརྡུངས་ཏེ། དགེ་སློང་གི་དགེ་འདུན་བསྡུས་ནས་བཅའ་བ་བྱས་པ། བདག་ཅག་གི་ནང་ནས་སུས་ཀྱང་གྲོང་དུ་འཇུག་པར་མི་བྱའོ། །ཁྱོད་ནི་ཤེས་བཞིན་མེད་པར་སྤྱོད་པ་ཡིན་ཏེ། ཉུང་ངུ་སྨྲ་བ་མ་ཡིན་གྱིས་ཁྱོད་གྲོང་དུ་འགྲོ་བས་ཀྱང་ ཅི་ཞིག་བྱ་སྟེ། དགོན་པ་ལ་གནས་པ་ནི། བཅོམ་ལྡན་འདས་ཀྱིས་གནང་ཞིང་བསྔགས་པ་ཡིན་གྱི་ཁྱོད་གྲོང་དུ་མ་འདོང་བར་བསམ་གཏན་གྱི་བདེ་བས་རྣམ་པར་སྤྱོད་ཅིག་ཅེས་བསྒོའོ། །རིགས་ཀྱི་བུ་དེ་ནས་སྤྱོད་པ་རྣམ་པར་དག་པས་དེའི་འཁོར་གྱིས་དེ་ཟེར་བ་ལྟར་མ་མཉན་ཏེ། ཡང་དང་ཡང་ གྲོང་དག་ཏུ་འདོང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་དེ་དག་ནམ་གྲོང་ནས་ཕྱིར་འོངས་པར་གྱུར་པ་དེའི་ཚེ། དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་ཡང་གཎྜཱི་བརྡུངས་ནས། དགེ་སློང་གི་དགེ་འདུན་བསྡུས་ཏེ། འདི་སྐད་དུ་གལ་ཏེ་ད་ཕྱིན་ཆད་ཁྱོད་གྲོང་དུ་འདོང་དང་། ཁྱོད་གཙུག་ལག་ཁང་ འདི་ན་མ་གནས་ཞེས་བསྒོའོ། །རིགས་ཀྱི་བུ་དེ་ནས་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པས། དགེ་སློང་དེའི་སེམས་བསྲུང་བའི་ཕྱིར་རང་གི་འཁོར་རྣམས་བོས་ཏེ་འདི་སྐད་དུ། ཁྱེད་གྲོང་དུ་སུ་ཡང་མ་འདོང་ཅིག་ཅེས་སྨྲས་སོ། །དེ་ནས་དེའི་ཚེ་དགེ་སློང་དེ་དག་གིས་སེམས་ཅན་ གང་ཇི་སྙེད་ཅིག་སྨིན་པར་བྱས་པ་དེ་དག་དགེ་སློང་དེ་དག་དང་མ་ཕྲད་པས། ཤིན་ཏུ་མི་དགའ་བར་ཡང་གྱུར། དགེ་བའི་རྩ་བ་ཡང་ཡོངས་སུ་འགྲིབས་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཟླ་བ་གསུམ་པོ་དེ་དག་འདས་ནས། གཙུག་ལག་ཁང་དེ་ནས་ གཙུག་ལག་ཁང་གཞན་དུ་འཕོས་ནས། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་འགྲོ་ཞིང་། སེམས་ཅན་དག་ལ་ཆོས་སྟོན་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཡང་དང་ ཡང་དུ་འགྲོ་བ་ཡང་མཐོང་། དེའི་འཁོར་རྣམས་ཀྱང་སྤྱོད་ལམ་ཐ་མལ་པ་ཅན་དུ་མཐོང་ནས་དེས་ཀྱང་དེ་ལ་མ་དད་པའི་སེམས་བསྐྱེད་པར་གྱུར་ཏེ། དགེ་སློང་འདི་ནི་ཚུལ་ཁྲིམས་འཆལ་པ་ཅན། ཚུལ་ཁྲིམས་ལོག་པ་ཅན་ཏེ། འདིས་བྱང་ཆུབ་ག་ལ་འཐོབ། དགེ་སློང་འདིའི་ བྱང་ཆུབ་ནི་རྒྱང་རིང་ངོ་། །དགེ་སློང་འདི་ནི་འདུ་འཛིར་གནས་པའོ་ཞེས་འགྲོ་བ་མང་པོ་དག་ལ་དེ་སྐད་ཅེས་བརྗོད་དོ། །རིགས་ཀྱི་བུ་དེ་ནས་དུས་གཞན་ཞིག་ན་དགེ་སློང་སྤྱོད་པའི་བློ་གྲོས་དེ་འཆི་བའི་དུས་བྱས་པར་གྱུར་ནས། དེ་དེ་ལྟར་འཆི་བའི་དུས་བྱས་པ་དང་། ལས་དེའི་རྣམ་པར་ སྨིན་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་། །དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་དགུར་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་གྱི་ཚོར་བ་མྱོང་བར་གྱུར་ནས། ཚེ་རབས་དྲུག་ཅུར་མི་སྙན་པར་བརྗོད་པ་ཐོབ་པར་གྱུར་ཏོ། །ཚེ་རབས་སྟོང་ཕྲག་སུམ་ཅུ་རྩ་ གཉིས་སུ་རབ་ཏུ་བྱུང་བ་ལས་ཕྱིར་བབས་པར་གྱུར་ཏོ། །ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱི་ལྷག་མས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་འཕྲོ་དྲི་མ་མེད་པའི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །དེ་རབ་ཏུ་བྱུང་ནས་ལོ་བྱེ་བ་བརྒྱ་སྟོང་ ཕྲག་དྲུག་ཏུ་མགོའི་ཐོད་ལ་མེ་འབར་བ་ལྟར་རྣམ་པར་སྤྱད་ཀྱང་། མཐུན་པའི་བཟོད་པ་ཙམ་ཡང་མ་ཐོབ་སྟེ། ཚེ་རབས་བརྒྱ་སྟོང་མང་པོར་དབང་པོ་རྟུལ་པོར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན་ དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མི་སྒུལ་བ་ནི། དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ ན་དེ་སྙམ་དུ་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་ནི་དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏེ། ང་ཡང་དེ་ལྟ་བུའི་ཐབས་ཕྲ་མོས་དེ་ལ་མ་དད་པའི་སེམས་བསྐྱེད་དེ། ལས་ཀྱི་སྒྲིབ་པ་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བ་དག་ཏུ་ལྷུང་བར་གྱུར་ཏེ། རིགས་ཀྱི་ བུ་དེ་ལྟར་ཕྲ་བ་ནི་ལས་ཀྱི་སྒྲིབ་པ་ཡིན་གྱི། རིགས་ཀྱི་བུ་ལས་ཀྱི་སྒྲིབ་པ་དེ་ལྟ་བུ་མི་འདོད་པ་དེ་དག་གིས་གཞན་གྱི་སྤྱོད་པ་ལ་ཁོང་ཁྲོ་བར་མི་བྱའོ། །དེའི་སྤྱོད་པ་ཐམས་ཅད་ལ་ཡིད་ཆེས་པར་བྱའོ། །འདི་སྙམ་དུ་ཕ་རོལ་གྱི་སེམས་ནི་བདག་གིས་མི་ཤེས་ཏེ། སེམས་ཅན་གྱི་སྤྱོད་ པ་ནི་ཤེས་པར་དཀའོ། །དེ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དོན་གྱི་དབང་དེ་གཟིགས་ནས་དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་བསྟན་ཏེ། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱའོ། །གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན། རྨ་ འབྱུང་བར་འགྱུར་ཏེ། ངའམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ལ་ཚོད་བཟུང་བའོ། །རིགས་ཀྱི་བུ་སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལ་ཡང་བརྟག་པར་མི་བྱའོ། །དེ་དག་ལ་འདི་ནི་འདི་འདྲའོ། །འདི་ནི་འདི་འདྲའོ་ཞེས་དཔྱ་བར་མི་བྱའོ། །ཉིན་མཚན་ དུ་སངས་རྒྱས་ཀྱི་ཆོས་ལ་བརྩོན་པར་བྱའོ། །རིགས་ཀྱི་བུ་ཆོས་ལ་བསྒོམ་པའི་ཡིད་ཀྱིས་བསམ་པ་ཐག་པ་ནས་ཡང་དག་པར་ཞུགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ནི་གཞན་ལ་དཔྱ་བར་བརྩོན་པར་མི་གནས་སོ། །རིགས་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས། བྱང་ཆུབ་སེམས་དཔའ་གང་གཅིག་པུ་དབེན་པར་འདུག་སྟེ། ཆུང་ངུ་ན་སེ་གོལ་གཏོགས་པ་ཙམ་དུའང་ཆོས་ཐམས་ཅད་ ཚུལ་གཅིག་པར་ཡིད་ཆེས་ཤིང་། ཐ་ན་ཆུང་ངུ་ན་འདྲི་བའམ། དཔྱད་པའམ། ལུང་འབོགས་པའམ། ཁ་ཏོན་བྱ་བའི་ཕྱིར་གནས་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཚུལ་འདི་ཁོང་དུ་ཆུད་པས། བྱང་ཆུབ་སེམས་དཔའ་རྣམས་ ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་འཐོབ་བོ། །སེམས་ཅན་ཐམས་ཅད་ལ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བར་གྱུར་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཡང་མྱུར་དུ་འཐོབ་པར་འགྱུར་རོ་ཞེས་གསུངས་སོ། །སངས་རྒྱས་སྤོང་བའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཚ་བ་མེད་པ་ལ་གནས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅུ་པོ་འདི་དག་ཐམས་ཅད་ཀྱིས་ནི་སངས་རྒྱས་སྤོང་བར་བྱས་སོ། །གསོལ་པ། བཅོམ་ལྡན་འདས་སངས་ རྒྱས་སྤོང་བ་ཞེས་བགྱི་བ་དེ་གང་ལགས། བཀའ་སྩལ་པ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་སུམ་ཅུ་འདས་པ་དེའི་ཚེ་དེའི་དུས་ན། འཇིག་རྟེན་གྱི་ཁམས་སྨིག་རྒྱུ་ཅན་དུ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་པའི་ང་རོ་ཅན་ཞེས་བྱ་བ་བྱུང་བར་གྱུར་པ་དེའི་ཚེ། དེ་བཞིན་ གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱི་མའི་དུས་ཕྱི་མའི་ཚེ་ན། རིགས་ཀྱི་བུ་བཅུ་པོ་འདི་དག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་གཞོན་ནུར་གྱུར་ཏོ། །དེའི་ཚེ་རིགས་ཀྱི་བུ་བཅུ་པོ་འདི་དག་ཐམས་ཅད་ཀྱིས་གཙུག་ལག་ཁང་ལྔ་བརྒྱ་བྱེད་དུ་བཅུག་གོ། །གཙུག་ལག་ཁང་རེ་རེར་ཡང་ དགེ་སློང་སྟོང་སྟོང་གནས་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་ཆོས་སྨྲ་བ་སྤོབས་པ་བརྩེགས་པ་ཞེས་བྱ་བ་གཟུངས་ཐོབ་པ་ཞིག་ཆོས་སྟོན་ནོ། །རིགས་ཀྱི་བུ་ཆོས་སྨྲ་བ་སྤོབས་པ་བརྩེགས་པ་དེ་ཆོས་ཀྱི་སྟན་ལ་འདུག་པ་ལ་སངས་རྒྱས་ལྔ་སྟོང་སྤོབས་པ་གྲུབ་པར་མཛད་དེ། ལྷ་དུང་ཕྱུར་ ཕྲག་བརྒྱད་ཀྱང་། ལུས་ཡོངས་སུ་སྦྱང་བའི་ཕྱིར་བརྩོན་པར་གྱུར་ཏོ། །དེའི་ཆོས་བཤད་པ་གཅིག་གིས་སྲོག་ཆགས་བདུན་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སྲོག་ཆགས་ཁྲི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །རིགས་ ཀྱི་བུ་དེའི་ཚེ་རྒྱལ་པོ་ཟླ་བས་བྱིན་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེས་ཆོས་ལ་གུས་པས་ཆོས་སྨྲ་བ་དེ་ལ་མཆོད་པའི་ཕྱིར་བུད་མེད་ལྔ་བརྒྱ་དང་། གླུ་དབྱངས་དང་རོལ་མོ་བྱས་སོ། །དགེ་སློང་དེ་ལ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་ཀྱང་མངོན་པར་གཏོར་ཏེ། ཙནྡན་གྱི་བྱུག་པས་ཀྱང་ བྱུགས་སོ། །རས་བཅོས་བུ་ལྔ་བརྒྱས་ཀྱང་བཀབ་བོ། །བདེ་བའི་རིམ་གྲོ་ཐམས་ཅད་ཀྱིས་མཆོད་པ་འདི་ལྟ་སྟེ། ཆོས་སྨྲ་བ་ལ་མཆོད་པའི་མཆོག་གིས་ཞག་བདུན་དུ་རིམ་གྲོ་བྱས་སོ། །དེ་ནས་དགེ་སློང་དེ་ལ་ཁྱིམ་བདག་གི་བུ་དེ་དག་གིས་འཆལ་བའི་ཚུལ་ཁྲིམས་ཀྱིས་གླེངས་སོ། ། ལས་དེའི་རྣམ་པར་སྨིན་པས་དེ་དག་ལོ་དགུ་ཁྲིར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སོ། །ཚེ་རབས་ལྔ་བརྒྱར་ནི་མི་རྣམས་ཀྱི་ནང་དུ་ཟ་མ་དང་ཀླ་ཀློ་དང་། ལོག་པར་ལྟ་བའི་ཁྱིམ་རྣམས་སུ་སྐྱེས་སོ། །ཚེ་རབས་དྲུག་བརྒྱར་ནི་དམུས་ལོང་དང་། ལྕེ་མེད་པར་གྱུར་ཏོ། །ཚེ་ རབས་བདུན་བརྒྱར་ནི་རབ་ཏུ་བྱུང་ནས། ཇི་སྲིད་འཚོའི་མཐར་ཐུག་གི་བར་དུ་གཟུངས་མ་ཐོབ་པར་འཆི་བའི་དུས་བྱས་ཏེ། ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱིས་རིགས་ཀྱི་བུ་དེ་དག་བསྒྲིབས་སོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། ཆོས་སྨྲ་བ་ལ་མངོན་སུམ་དུ་མཐོང་ཡང་འཆལ་པའི་ཚུལ་ཁྲིམས་ཀྱིས་བརྗོད་པར་མི་བྱ་ན་ཐོས་པས་ལྟ་ཅི་སྨོས། རིགས་ཀྱི་བུ་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པར་བྱེད་པ་བས་ནི། གང་ཞིག་ཆོས་སྨྲ་བ་ལ་གཤེ་བའི་བསམ་པས་ ལྟ་བར་བྱེད་ན། དེ་ནི་དེ་བས་ཆེས་ཁ་ན་མ་ཐོ་བའི་ལས་ཆེ་བ་ཡིན་ནོ། །གང་ཞིག་སེམས་ཅན་ཐམས་ཅད་འཆིང་བར་བྱེད་ལ། གང་ཞིག་ཆོས་སྨྲ་བ་མཐོང་ན་རྒྱབ་ཀྱིས་ཕྱོགས་ཏེ། འདུག་པར་བྱེད་ན་བསོད་ནམས་མ་ཡིན་པ་འདི་ལ་བསོད་ནམས་མ་ཡིན་པ་སྔ་མ་དེས་བརྒྱའི་ཆར་ཡང་ ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་སྨྲ་བ་ལ་སྐུར་པ་འདེབས་པ་དེས་ནི་སངས་རྒྱས་ལ་སྐུར་པ་བཏབ་པར་འགྱུར་བའི་ཕྱིར་རོ། །སངས་རྒྱས་ལ་བསྙེན་བཀུར་བྱ་ བར་འདོད་པས་ཆོས་སྨྲ་བ་ལ་བསྙེན་བཀུར་བྱའོ། །སངས་རྒྱས་ལ་མཆོད་པར་འདོད་པས། ཆོས་སྨྲ་བ་ལ་མཆོད་པར་བྱའོ། །སངས་རྒྱས་ལ་ཕྱག་འཚལ་བར་འདོད་པས་ཆོས་སྨྲ་བ་ལ་ཕྱག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ལས་བྱུང་ བའི་ཕྱིར་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་བྱུང་བའི་ཕྱིར་རོ། །གང་ལ་བརྟེན་ཏེ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལ་བརྟེན་ནས། དེ་ནི་ཉོན་མོངས་པ་རྣམས་ཀྱིས་འདོད་པའི་ལོངས་སྤྱོད་ལ་གནས་པར་བརྗོད་པར་མི་ བྱ། དེ་ནི་ནམ་དུ་ཡང་ཚངས་པར་སྤྱོད་པ་ལ་གནས་པར་བརྗོད་པར་མི་བྱ། དེ་ནི་གཟུགས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཀྱང་གཟུགས་མེད་པར་ཉེ་བར་འགྲོ་བར་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ནི་ཉོན་མོངས་པའི་དབང་གིས་མི་སྐྱེ་སྟེ། བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་གྱི་དབང་གིས་སྐྱེ་བའི་ཕྱིར་རོ། །དེ་ནི་བྱིས་པའི་སྤྱོད་པ་ཐམས་ཅད་ལས་གྲོལ་བའི་ཕྱིར། གང་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམས་སྟོན་པར་འདོད་པ་དེས་ནི། ནམ་མཁའི་ཁམས་ཀྱི་གཟུགས་བསྟན་པར་འདོད་དུ་ཟད་དོ། །རིགས་ཀྱི་ བུ་འདི་ལྟ་སྟེ། དཔེར་ན་ཀླུ་ཐམས་ཅད་ཀླུ་ཉིད་དུ་སྤྱིར་སོང་བ་ཡིན་པས་ཀླུའི་རྒྱལ་པོ་མ་དྲོས་པ་ནི་ཀླུའི་བགྲང་བར་ཡང་འགྲོ་ལ། ཀླུའི་ཉེས་པ་གསུམ་གྱིས་ཀྱང་གོས་པར་མི་འགྱུར་རོ། །གསུམ་གང་ཞེ་ན། མགོ་ལ་བྱེ་ཚན་མི་འབབ་པ་དང་། སྐྱེ་བ་པོའི་ལུས་དང་ལྷན་ཅིག་ཏུ་ ཀུན་ཏུ་མི་གནས་པ་དང་། དེ་ལ་ནམ་མཁའ་ལྡིང་གི་འཇིགས་པ་མི་འབྱུང་བ་སྟེ། རིགས་ཀྱི་བུ་ཀླུའི་སྐྱོན་གསུམ་པོ་འདི་དག་གིས་གོས་པར་མི་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩེད་མོ་དང་། དགའ་བ་ཐམས་ཅད་ཉམས་སུ་ མྱོང་བར་བྱེད་ཀྱང་སྲིད་པ་གསུམ་དུ་འདོད་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པར་བརྗོད་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སེམས་ཅན་གྱི་རིགས་ཉ་ཞེས་བྱ་བ་ཡོད་དེ། དེ་ནི་ཆུ་ལ་སྤྱོད་ཆུ་ལ་ལྟ་ཡང་། དེར་འཆི་བའི་དུས་བྱེད་ པར་མི་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་ན་སྤྱོད་ཀྱང་། དེ་ཉིད་དུ་བྱིས་པའི་སྤྱོད་པ་ལ་གནས་ཀྱང་། ཡེ་ཤེས་ཀྱི་སྤྱོད་པ་འཚོལ་ལོ། །ཆོས་ཡང་དག་པར་བླངས་པས་ཀྱང་རྨོངས་པར་མི་འགྱུར་རོ། །བྱིས་པ་དང་ལྷན་ ཅིག་ཏུ་གནས་པས། སྲིད་པ་གསུམ་གྱི་སྡུག་བསྔལ་ཉམས་སུ་མྱོང་བར་ཡང་མི་འགྱུར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་བསྲུང་བར་བྱའོ་ཞེས་གསུངས་སོ། །རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་ཀྱང་། མི་ཕམ་པ་སྔོན་བྱུང་ བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་འཕྲོ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་ལོ་ཁྲག་ཁྲིག་བརྒྱད་ ཅུར་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ། །དེའི་གསུང་རབ་ལ་དགེ་སློང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བ་ཆོས་སྨྲ་བ། གཏམ་སྣ་ཚོགས་སྨྲ་བ། སྐྱེ་བོ་མང་པོ་ལ་ཡང་དག་པར་བསྟན་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་འཛིན་དུ་འཇུག་པ། སྐྱེ་བོ་ མང་པོ་ལ་ཡང་དག་པར་གཟེངས་བསྟོད་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་དགའ་བར་བྱེད་པ་བྱུང་ནས། དེ་ལ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་འཕྲོ་ལས་བྱུང་བའི་གྲགས་པ་དེས། ཕྱི་མའི་ཚེ་ཕྱི་མའི་དུས་ན། དམ་པའི་ཆོས་བསྡུ་བར་བཅོལ་ཏེ། དེས་དེ་བཞིན་ གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བྱེ་བར་དམ་བཅས་པའི་ཆོས་ཀྱི་ཚུལ་བཟུང་སྟེ། དེ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཞུགས་ནས་ཆོས་སྟོན་ཏེ། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེས་ གྲོང་ཁྱེར་སྟོང་ཕྲག་བརྒྱད་ཅུར་སྨོན་ལམ་ཇི་ལྟ་བ་བཞིན་དུ། སེམས་ཅན་རྣམས་རབ་ཏུ་དགའ་བར་བྱས་ནས། དེ་གྲོང་ཁྱེར་ཆེན་པོ་བཟང་པོ་ཞེས་བྱ་བར་སོང་སྟེ། ཁྱིམ་པ་བྱེ་བ་ཕྲག་བརྒྱད་ཅུ་ལ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ནས། གྲོང་ཁྱེར་དེ་ནས་སྲོག་ཆགས་བྱེ་བ་ཕྲག་ བརྒྱད་ཅུ་རབ་ཏུ་དད་པར་བྱས་སོ། །དེའི་ནང་ནས་བྱེ་བ་ཕྲག་གཅིག་ནི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །སེམས་ཅན་བྱེ་བ་ཕྲག་བདུན་ཅུ་རྩ་དགུ་ནི་ཉན་ཐོས་ཀྱི་ཐེག་པ་ལ་རབ་ཏུ་བཀོད་དེ་བཏུལ་ལོ། །དེ་ནས་དགེ་སློང་འཚོ་བ་ཡོངས་སུ་དག་པ་དེ་དགེ་སློང་ཁྲི་དང་ལྷན་ཅིག་ཏུ་བྱང་ཆུབ་ ཀྱི་སྙིང་པོ་ག་ལ་བ་དེར་ཡུལ་རྒྱུ་ཞིང་སོང་ངོ་། །མི་ཕམ་པ་དགེ་སློང་འཚོ་བ་ཡོངས་སུ་དག་པ་སོང་ནས་རིང་པོ་མ་ལོན་པར་གྲོང་ཁྱེར་ཆེན་པོ་བཟང་པོ་དེར། དགེ་སློང་ཆོས་ཞེས་བྱ་བ་ཕྱིན་ཏེ། དེས་རྣམ་པར་འཐག་པའི་མདོ་སྟོང་བཟུང་ངོ་། །བསམ་གཏན་བཞི་ཡང་ཐོབ་པར་གྱུར་ཏོ། ། དགེ་སློང་འཚོ་བ་ཡོངས་སུ་དག་པས་ནི་མདོ་སྡེ་བྱེ་བ་ཕྲག་བཅུ་དང་། རྣམ་པར་འཐག་པའི་མདོ་དྲུག་ཁྲི་བཟུང་བར་གྱུར་ཏོ། །དེ་ནས་དགེ་སློང་ཆོས་དེས་གྲོང་ཁྱེར་ཆེན་པོ་བཟང་པོ་དེར་ཚུལ་གཅིག་གི་ཆོས་བསྟན་པས། སྐྱེ་བོ་མང་པོ་རབ་ཏུ་དགའ་བར་བྱས་ཀྱང་། དེ་མོས་པ་ཇི་ལྟ་བ་བཞིན་ དུ་ཆོས་བསྟན་པ་ལ་མཁས་པ་མ་ཡིན་ཏེ། སྐྱེ་བོ་དེ་དག་ལ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་སྟོང་པ་ཉིད་ཀྱིས་འདོམས་ཤིང་སྟོང་པ་ཉིད་ཀྱིས་རྗེས་སུ་སྟོན་ཏེ། གང་ངས་ཆོས་ཐམས་ཅད་སྟོང་པའོ་ཞེས་བསྟན་པ་འདི་ནི་དེ་བཞིན་གཤེགས་པའི་བཀའ་ཁོ་ན་ཡིན་ནོ། །གང་འཚོ་བ་ ཡོངས་སུ་དག་པ་དེས་བཤད་པ། དེ་ནི་སྐྱོན་ཆགས་པ་སྟེ། དགེ་སློང་དེ་འཚོ་བ་ཡོངས་སུ་དག་པ་མ་ཡིན་ན། ཅིའི་ཕྱིར་དགེ་སློང་དེའི་མིང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ། དེ་ནི་འཚོ་བ་ཡོངས་སུ་དག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མེ་ཏོག་ཡོངས་སུ་ལེན་ཅིང་བླངས་ནས་ཡོངས་ སུ་སྤྱོད་དོ། །སྤོས་དང་བྱུག་པ་ཡོངས་སུ་ལེན་ཅིང་བླངས་ནས་ཡོངས་སུ་སྤྱོད་དོ། །དེ་ནི་ཤེས་པ་མ་ཡིན་ཏེ་བྱིས་པའོ། །ང་ནི་ཚངས་པར་སྤྱད་ནས་ཡུན་རིང་བ་ཡིན་གྱི་དེ་ནི་གསར་བུ་སྟེ། བསྙེན་པར་རྫོགས་ནས་རིང་པོར་མ་ལོན་པ་ཡིན་གྱིས། དེ་ལྟར་ཡིད་ཆེས་པར་མ་བྱེད་ ཅིག་ཅེས་ཟེར་རོ། །དགེ་སློང་དེ་ནི་བག་ཡོད་པ་ཡིན་ཏེ། དགེ་སློང་འཚོ་བ་ཡོངས་སུ་དག་པ་དེ་ལ་སྐྱེ་བོ་དེ་དག་རབ་ཏུ་དད་པས་དེ་ལྟར་དེས་སྐྱེ་བོ་དེ་དག་ལ་དབྱེན་བྱས་ཀྱང་དབྱེ་བར་མ་ནུས་སོ། །དེ་ནས་དགེ་སློང་ཆོས་དེ་འཆི་བའི་དུས་བྱེད་པར་གྱུར་ཏེ། འཆི་བའི་དུས་བྱས་ནས། འདི་ལྟར་ དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་པ་དང་། འདི་ལྟར་ཆོས་སྤངས་པས། བསྐལ་པ་བདུན་ཅུར་སེམས་ཅན་དམྱལ་བར་སྐྱེས་སོ། །དེ་བསྐལ་པ་བདུན་ཅུ་པོ་དེ་དག་འདས་ནས། བསྐལ་པ་དྲུག་ཅུར་བྱང་ཆུབ་ཀྱི་སེམས་བརྗེད་དེ། བསྐལ་པ་དྲུག་ཅུ་པོ་དེ་དག་འདས་ནས། དེ་ བཞིན་གཤེགས་པ་ཀུན་ནས་སྤོས་རིན་པོ་ཆེའི་འོད་ཀྱི་གསུང་རབ་ལ། དེ་བཞིན་གཤེགས་པ་དེས་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་བཅུག་ནས། དེས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཚེ་རབས་དགུ་ཁྲིར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་སོ། །ཚེ་རབས་དྲུག་ཁྲིར་མི་དབུལ་པོ་རྣམས་ ཀྱི་ནང་དུ་སྐྱེས་ཏེ། ཐམས་ཅད་དུ་ཡང་ལྕེ་མེད་པར་གྱུར་ཏོ། །དེ་སངས་རྒྱས་ཁྲག་ཁྲིག་ཕྲག་ལྔའི་གན་ན་ཆོས་སྨྲ་བར་གྱུར་ཏེ། ཐམས་ཅད་དུ་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བོད་པར་འོས་པར་གྱུར་ཏོ། །ཆོས་ཐམས་ ཅད་ལ་ཡོངས་སུ་དག་པར་ཆོས་སྟོན་པར་ཡང་གྱུར་ཏོ། །མི་ཕམ་པ་དེའི་ཚེ་དེའི་དུས་ན། དགེ་སློང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་ཁྱོད་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་འོད་དཔག་ མེད་ཅེས་བྱ་བ་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བར་གྱུར་ཏོ། །མི་ཕམ་པ་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་ ཞེས་བྱ་བར་གྱུར་ཏེ། ང་ཉིད་ལས་དེ་ལྟ་བུའི་མི་འཚལ་བ་བྱུང་ངོ་། །མི་ཕམ་པ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ནི་དེ་ལྟར་ཤེས་པར་དཀའ་སྟེ། ལས་དེའི་རྣམ་པར་སྨིན་པས་ང་སྙིགས་མ་ལྔའི་དུས་ན། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མི་ ཕམ་པ་བྱང་ཆུབ་སེམས་དཔའ་གང་དག་གཉིས་སུ་འབྱེད་ཅིང་ཆོས་སྟོན་པ་དེ་དག་ནི། ལས་དེའི་རྣམ་པར་སྨིན་པས་དུས་ཀྱི་སྙིགས་མའི་ཚེ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་གི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་པར་བྱ་བ་དང་། ཆོས་བསྟན་པ་ལ་བདུད་དང་ བར་ཆད་མང་པོ་འབྱུང་བར་འགྱུར་རོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་མཆི་མ་བླགས་ཏེ་ངུས་ནས། ཚིག་འདི་སྐད་ཅེས་དེང་ཕན་ཆད་དགེ་སློང་ཆོས་ཀྱིས་ཇི་སྐད་སྨྲས་པ་ལྟར་སུ་ཡང་ཆོས་སྟོན་པར་མ་གྱུར་ཅིག་ཅེས་འཛེར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་འཁོར་དེར་འདུས་པ་དག་ཀྱང་སྟན་ལས་ལངས་ཏེ། ས་ལ་འཁོད་དོ། །ས་ལ་འཁོད་ནས་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་ཕྱིར་ས་ལ་འཁོད་ཅིང་ངུ་། དེ་དག་གིས་ གསོལ་པ། བཅོམ་ལྡན་འདས་བདག་ཅག་ནི་ལས་ཀྱི་སྒྲིབ་པ་དེ་དང་ལྡན་པར་བདག་ཅག་ཉིད་ཀྱིས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་མར་མེ་མཛད་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་གསུང་ རབ་ལ་ཤེས་རབ་བརྩེགས་ཞེས་བྱ་བ་ཆོས་སྨྲ་བ་ཞིག་བྱུང་བ་ལ་ཁྱེད་ཀྱིས་སྨད་དེ། དེ་ཕྱིན་ཆད་ཁྱེད་ཀྱིས་ནམ་ཡང་སངས་རྒྱས་མ་མཐོང་ངོ་། །ནམ་ཡང་བྱང་ཆུབ་ཀྱི་སེམས་མ་རྙེད་དོ། །གཟུངས་དང་ཏིང་ངེ་འཛིན་མ་རྙེད་དོ། །རིགས་ཀྱི་བུ་དག་ཁྱེད་ངའི་བྱང་ཆུབ་ལ་ཡང་དག་པར་ ཞུགས་ཀྱང་། བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་གང་དག་འབྱུང་བ་ཐ་མའི་ཚེ། ཁྱེད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །དེ་ཕྱིན་ཆད་བསྐལ་པ་གྲངས་མེད་པ་གསུམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བས་ན། བྱང་ཆུབ་སེམས་དཔའ་དག་གིས་བྱང་ཆུབ་སེམས་དཔའ་མཐོང་ན། སེམས་ཀྱིས་གཞན་བསམ་པར་མི་བྱ་སྟེ། བདག་ཅག་གིས་མཆོད་རྟེན་ནམ། དེ་བཞིན་གཤེགས་པ་མཐོང་ངོ་། །བདག་ཅག་གི་མདུན་ན་སངས་ རྒྱས་བཞུགས་སོ་སྙམ་དུ་བསམ་མོ། །རིགས་ཀྱི་བུ་དག་གལ་ཏེ་བྱང་ཆུབ་སེམས་དཔས། བྱང་ཆུབ་སེམས་དཔའ་མཐོང་ན་མཆོད་རྟེན་གྱི་འདུ་ཤེས་སམ། དེ་བཞིན་གཤེགས་པའི་འདུ་ཤེས་བསྐྱེད་པ་མ་གཏོགས་པར་འདུ་ཤེས་གཞན་བསྐྱེད་པར་མི་བྱའོ། །གཞན་དུ་གྱུར་ན་བྱང་ཆུབ་ སེམས་དཔས་བདག་ཉིད་ལ་རྨ་ཕྱུང་བར་འགྱུར་རོ། །དེ་ལ་དགོངས་ཏེ་དེ་བཞིན་གཤེགས་པ་མི་འཁྲུགས་པས་ཐུགས་དམ་བཞེས་པ། གལ་ཏེ་བདག་གིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་མཐོང་སྟེ། སངས་རྒྱས་ཀྱི་འདུ་ཤེས་མ་བསྐྱེད་ན། ངས་འཇིག་རྟེན་གྱི་ཁམས་ དཔག་ཏུ་མེད་པ་རྣམས་ན། གང་དག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསླུས་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རིགས་ཀྱི་བུ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་གང་སུ་དག་གཟུངས་ཐོབ་པའམ། ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་དག་ཐམས་ཅད་ནི་ དེ་བཞིན་གཤེགས་པའི་མཐུས་ཐོབ་པར་གྱུར་ཏེ། རིགས་ཀྱི་བུ་དེ་ལྟ་བས་ན་འདི་ལ་སུ་ཡང་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེས་ནི། དེ་བཞིན་གཤེགས་པ་སྤངས་པར་འགྱུར་རོ། །རིགས་ཀྱི་བུ་དག་གང་སུ་ཞིག་སེམས་ཅན་དག་ཇི་ལྟར་མོས་པའི་མོས་པ་བཞིན་དུ། ཆོས་སྟོན་པ་དེ་ཐམས་ ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །འཁོར་གང་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་ལན་འགའ་ཞིག་སྤུ་ཟིང་ཞེས་བྱེད་དམ། མཆི་མ་ལན་འགའ་ཞིག་ཀློག་པ་དེ་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པའི་མཐུར་ཤེས་པར་བྱ་བ་ཡིན་ན། དེ་ལ་ མི་བླུན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པར་བྱང་ཆུབ་སེམས་དཔར་ཁས་འཆེ་བ། བྱང་ཆུབ་སེམས་དཔའ་སུན་འབྱིན་པར་གྱུར་པ། ཆོས་རྐུ་བ། ཚུལ་འཆོས་པ། ཆོ་ག་ངན་པ་ལ་སྤྱོད་པ་དེ་དག་ཁ་ཅིག་འདི་སྐད་ཅེས་འདི་ལྟ་ཞིག་ཅི་ཤེས་ཞེས་ཟེར་རོ། །བྱམས་པ་ངས་བྱང་ཆུབ་ཀྱི་ཕྱིར་ སྤྱོད་པ་ན། བདག་ཉིད་ཀྱིས་གང་ཚིགས་སུ་བཅད་པ་ཉོས་པ་ནི་རང་གི་ལུས་ཡོངས་སུ་བཏང་བ་དང་། ཆུང་མ་ཡོངས་སུ་བཏང་བ་དང་། བུ་དང་བུ་མོ་ཡོངས་སུ་བཏང་བ་དང་། རྒྱལ་སྲིད་ཡོངས་སུ་བཏང་བས་ཉོས་ཤིང་། བྱམས་པ་ལེགས་པར་བཤད་པའི་ཚིགས་སུ་བཅད་ པ་གཅིག་གི་ཕྱིར་འཛམ་བུའི་གླིང་བྱིན་ཏེ། ཉོས་པར་ངས་མངོན་པར་དྲན་ན། དེ་དག་ནི་རྙེད་པ་དང་། བཀུར་སྟི་བསྲུང་ཞིང་སངས་རྒྱས་དང་འདྲ་བའི་གནས་སུ་འགྲོ་བར་མི་སེམས་སོ། །མི་ཕམ་པ་དམ་པའི་ཆོས་ཀྱི་ཚུལ་འདི་བཟུང་བ་ཡང་འབྱོར་པ་དང་ལྡན་པས་ནུས་ཀྱི་མི་ལྡན་ པས་མ་ཡིན་ནོ། །མི་ཕམ་པ་ངས་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཆོས་གང་བསྟན་པ་དེ་ལ་དེ་དག་འདི་སྐད་དུ། དེ་ནི་ལུང་མནོད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ཏེ། སེམས་ཅན་དེ་དག་འབྱུང་བ་མ་ཡིན་ཏེ་ཉེས་པ་ཆེན་པོ་ཇི་ཙམ་དང་ལྡན་ པ་ལ་ལྟོས། མི་ཕམ་པ་དགེ་སློང་ཆོས་དེས་རྣམ་པར་འཐག་པའི་མདོ་སྟོང་བསྟན་ཏེ། བསམ་གཏན་བཞི་བསྐྱེད་ཀྱང་དེ་ལྟ་བུའི་གནས་སུ་གྱུར་ན། གང་ཕྱོགས་ཙམ་མམ་ཆ་ཙམ་ལ་རེག་པ་རྣམ་པར་འཐག་པ་འཛིན་པའི་དགེ་སློང་རྣམས་ལ་མངོན་པར་མི་དགའ་ཞིང་། རྣམ་ པར་འཐག་པ་ལ་སྐྱོན་འདོགས་པ་ལྟ་ཅི་སྨོས་ཏེ། དེ་དག་ནི་ཆོས་སྨྲ་བའི་དགེ་སློང་ལ་སྐུར་པ་འདེབས་པ་ཡིན། སངས་རྒྱས་ཀྱི་ཆོས་སྤོང་བ་ཡིན། རློམ་སེམས་ཆེན་པོས་སྐུར་པ་འདེབས་པ་ཡིན་ཏེ། སེམས་ཅན་དམྱལ་བར་སྐྱེ་བ་དེ་དག་ལ་ནི་ལེགས་པར་བྱས་ཞེས་ང་མི་སྨྲའོ། ། དེ་ཅིའི་ཕྱིར་ཞེ་ན། གང་དག་ཆོས་སྨྲ་བ་ལ་རྣམ་པར་སྨོད་པ་དེ་དག་ནི། སངས་རྒྱས་ལ་རྣམ་པར་སྨོད་པ་ཡིན། ཆོས་ལ་རྣམ་པར་སྨོད་པ་ཡིན་ནོ། །གང་དག་ཆོས་སྨྲ་བ་ལ་རིམ་གྲོ་མེད་པ་དེ་དག་ནི་སངས་རྒྱས་ལ་རིམ་གྲོ་མེད་པ་ཡིན་ནོ། །གང་དག་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེ་དག་ ནི། སངས་རྒྱས་མཐོང་བར་མི་འདོད་པ་ཡིན། སངས་རྒྱས་ལ་མི་སྙན་པར་བརྗོད་པ་ཡིན་ནོ། །གང་དག་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པ་དེ་དག་གིས་ནི། སངས་རྒྱས་ཡོངས་སུ་བཏང་བ་ཡིན་ཏེ། ཇི་སྙེད་དུ་ཁོང་ཁྲོ་བའི་སེམས་སྐྱེད་པར་ བྱེད་པ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་དམྱལ་བར་གནས་པར་གོ་ཆ་བགོས་སོ། །ཇི་ཙམ་དུ་ཁོང་ཁྲོ་བའི་མིག་གིས་ལྟ་བ་དེ་སྲིད་དུ་ལོང་བའི་སྐྱེ་མཆེད་ཐོབ་པར་འགྱུར་རོ། །ཇི་ཙམ་དུ་མི་སྙན་པར་བརྗོད་པ་དེ་སྲིད་དུ་ལྕེའི་སྐྱེ་མཆེད་མེད་པ་ཐོབ་པར་འགྱུར་རོ། །མི་ཕམ་པ་ཇི་ལྟར་བྱང་ཆུབ་ སེམས་དཔའ་རྣམས་ལ་གནོད་པའི་སེམས་བསྐྱེད་པས། བྱང་ཆུབ་སེམས་དཔའ་ངན་སོང་དུ་ལོག་པར་ལྷུང་བར་འགྱུར་བའི་ཆོས་དེ་ལྟ་བུ་གཞན་ནི་ངས་མ་མཐོང་ངོ་། །མི་ཕམ་པ་སེམས་ཅན་གྱི་འདུ་ཤེས་དང་། ཆོས་ཀྱི་འདུ་ཤེས་ལ་གནས་པ་རྣམས་ལ་ནི། ལས་མངོན་པར་འདུ་ བྱས་པ་ཡོད་དེ། མི་དམིགས་པ་ལ་ནི་མེད་དོ། །བྱང་ཆུབ་སེམས་དཔའ་གང་དག་ཆོས་ཐ་དད་དུ་འབྱེད་ཅིང་སྟོན་པ་དེ་དག་ནི་སྤྲོས་པ་ལ་གནས་པ་ཡིན་ནོ། །མི་ཕམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་གྲུབ་པ་ནི། བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་ཡང་ མི་བླུན་པོ་དེ་དག་འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ་ཞེས་ཟེར་ཞིང་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་སུན་འབྱིན་ཏོ། །མི་ཕམ་པ་འདི་ཇི་སྙམ་དུ་སེམས། ཀ་ཤི་ཀའི་རྒྱལ་པོ་གང་ཡིན་པས་མགོ་བྱིན་པར་གྱུར་པ་དེ་འཆལ་བའི་ ཤེས་རབ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ཀྱང་འཆི་བའི་དུས་བགྱིས་ནས། དོག་སའི་སྒོ་ཕྱེ་སྟེ། སེམས་ཅན་དམྱལ་བ་ཆེན་པོར་ ལྷུང་ངོ་། །དེ་སུག་ལས་ཀྱི་སྒྲིབ་པ་དེས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སྡུག་བསྔལ་ཚ་ཞིང་རྩུབ་ལ་ཡིད་དུ་མི་འོང་བའི་ཚོར་བ་མི་བཟད་པ་མྱོང་བར་གྱུར་ཏོ། །ཚེ་རབས་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་བཞིར་མི་སྙན་ པར་བརྗོད་པ་ཐོབ་པར་གྱུར་ཏོ། །བསྐལ་པ་བརྒྱ་སྟོང་མང་པོར་དེ་བཞིན་གཤེགས་པའི་མཚན་ཙམ་ཡང་མ་ཐོས་པར་གྱུར་ཏོ། །དེ་དེ་ནས་སླད་ཀྱི་དེ་བཞིན་གཤེགས་པ་གཞན་དང་གཞན་དག་མཇལ་ཏེ། དེ་དག་གི་བསྟན་པ་ལ་རབ་ཏུ་བྱུང་ནས་མངོན་པར་མོས་པར་མ་གྱུར་ཏེ། ཚེ་རབས་ སྟོང་ཕྲག་བདུན་ཅུ་རྩ་དྲུག་ཏུ་རབ་ཏུ་བྱུང་བ་ལས་སླར་བབས་པར་གྱུར་ཏོ། །སུག་ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱི་ལྷག་མས། ཚེ་རབས་སྟོང་ཕྲག་མང་པོར་དབང་པོ་རྟུལ་བར་གྱུར་ཏོ། །བཅོམ་ལྡན་འདས་དེའི་ཚེ་བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་སྨྲ་བ་རབ་ཏུ་དགའ་བའི་དབང་པོ་ཞེས་བགྱི་བ་ བྱུང་བས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ད་ལྟར་བཞུགས་ཤིང་འཚོ་གཞེས་ཆོས་ཀྱང་སྟོན་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྟོང་འདས་པ་ན། སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་ཚོགས་ཀྱི་འཇིག་རྟེན་གྱི་ཁམས་ ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་སྡུག་ཅིང་དྲི་མ་མེད་ལ་ཉི་ཟླ་ཟིལ་གྱིས་གནོན་པ་བཞུགས་ཤིང་། འཚོ་གཞེས་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དགེ་སློང་རྒྱལ་བའི་བློ་གྲོས་ཞེས་བགྱི་བར་གང་གྱུར་པ་དེ་ནི། བདག་ཉིད་དེའི་ ཚེ་དེའི་དུས་ན། དགེ་སློང་རྒྱལ་བའི་བློ་གྲོས་ཞེས་བགྱི་བར་གྱུར་ཏེ། བཅོམ་ལྡན་འདས་བདག་གིས་དེ་ལྟ་བུའི་ཚུལ་འདི་མ་འཚལ་བས། དེ་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ཏོ། །བཅོམ་ལྡན་འདས་བདག་ནི་དེ་འདྲ་བའི་གནས་སུ་གྱུར་ཏེ། དེ་ལྟ་བུའི་སྡུག་བསྔལ་མ་མཆིས་པའི་སྡུག་ བསྔལ། ཡོངས་སུ་བརྟགས་པའི་སྡུག་བསྔལ། ཕྱིན་ཅི་ལོག་གི་སྡུག་བསྔལ་རྣམ་པ་དེ་ལྟ་བུ་མྱོང་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའམ། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་གང་ཡང་རུང་སྟེ། དེ་ལྟ་བུའི་སུག་ ལས་ཀྱི་སྒྲིབ་པ་མི་འཚལ་ཞིང་། དེ་ལྟ་བུའི་སྡུག་བསྔལ་མི་འཚལ་ན། དེས་དམ་པའི་ཆོས་སྤང་བར་མི་བགྱིའོ། །དམ་པའི་ཆོས་ལ་དཔྱ་བར་མི་བགྱིའོ། །ཆོས་གང་ལ་ཡང་ཁོང་ཁྲོ་བར་མི་བགྱིའོ་ཞེས་གསུངས་སོ། །ཆོས་སྤོང་བ་ལ་དགོངས་པ་བསྟན་པ་སྙིང་རྗེ་ཆེན་པོ་ལ་འཇུག་ པའི་མདོ་ལས་ཀྱང་། འཇིག་རྟེན་འབྲས་བུའི་འདུ་ཤེས་ཅན། །ཕྱི་མའི་དུས་ན་འབྱུང་འགྱུར་ཏེ། །དེ་དག་དགྲ་བཅོམ་པ་ཡི་ཟས། །ཟོས་ནས་སངས་རྒྱས་སྤོང་བར་བྱེད། །གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་ཞིག་མདོ་སྡེ་ སྤོང་བྱེད་པའི། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །གང་གིས་གང་གཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་ཞིག་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །ཞེས་གསུངས་སོ། །རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་ ཀྱང་། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས་ལ། ལ་ལ་ནི་ངན་པར་འདུ་ཤེས་པ་དེ་ནི་ཆོས་སྤོང་བའོ། །གང་ཆོས་སྤོང་བ་དེས་ཆོས་སྤངས་པས། དེ་བཞིན་ གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ། །འདི་ནི་མི་རིགས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ་ ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་རང་སངས་རྒྱས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པ་མ་ཡིན་ནོ་ཞེས་ཟེར་ན་དམ་པའི་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་སྤོབས་ པ་ཡོད་དོ་ཞེའམ། སྤོབས་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་ནི་ཆོས་མ་ཡིན་པར་སྟོན་ཏོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སངས་རྒྱས་འབྱུང་བ་མེད་པར་ཡང་གཟུངས་ཐོབ་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །གཟུངས་ཐོབ་པ་ནི་ཡོངས་སུ་དག་པ་མ་ཡིན་ཞེས་ཟེར་ན་ ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བའི་སྤྱོད་པ་ཉེས་པར་བྱས་པ་དང་ལྡན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་ལམ་གྱི་བག་མེད་པས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་ ལམ་གྱིས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་པ་དང་ཚུལ་ཁྲིམས་ཉམས་པས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤོབས་པ་གོ་བར་མི་བྱེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སྣང་བ་ལེགས་པར་མ་བཤད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཁོང་དུ་མ་ཆུད་པས་ཚིག་དང་ཚིག་ཏུ་ འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་གིས་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །མདོ་སྡེ་དང་མདོ་སྡེར་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཚིགས་སུ་བཅད་པ་དང་ཚིགས་སུ་བཅད་པར་ འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །དོན་ལ་ལ་ལ་མོས་ཤིང་དོན་ལ་ལ་ལ་མི་མོས་ན་ཆོས་སྤོང་བ་ཡིན་ནོ། །ཆོས་འཆད་པའི་ཚེ་གཏམ་གཞན་དུ་བསྒྱུར་ན་ཆོས་སྤོང་བ་ཡིན་ནོ། །དཀྲུགས་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ། །ཀུན་དུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ ནོ། །འདི་ལ་སྤྱད་འདི་ལ་མི་སྤྱད་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་ལེགས་པར་སྨྲས་པ་འདི་ནི་ལེགས་པར་མ་སྨྲས་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་སངས་རྒྱས་ཀྱི་བཀའི་དམ་ཚིག་གོ། །འདི་ནི་སངས་རྒྱས་ཀྱི་བཀའི་དམ་ཚིག་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཉན་ཐོས་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །འཇམ་དཔལ་ངས་ནི་ཉན་ཐོས་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དང་། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད། དེ་བཞིན་གཤེགས་པའི་མཐུ་ལས་བྱུང་བར་སྨོན་ལམ་ལེགས་པར་བཏབ་པ་ཡིན། འཇམ་དཔལ་ངས་ནི་བྱང་ཆུབ་ཏུ་ཡང་སྨོན་ལམ་ལེགས་པར་བཏབ་པ་ཡིན་ན། འདི་ལྟར་མི་བླུན་པོ་དེ་དག་ངན་སོང་དུ་འགྲོ་ བར་བདུད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། དེ་ལ་ཡང་སྐྱོན་འདོགས་པར་སེམས་སོ་ཞེས་བྱ་བ་ནས། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ལ་ལ་ཞིག་སྡིག་པའི་གྲོགས་པོའི་དབང་གིས་ཆོས་སྤོང་བ་ འདི་ལྟ་བུ་འདི་བགྱིས་པར་གྱུར་ན། བཅོམ་ལྡན་འདས་དེའི་ཚེ་འདི་ཉིད་ལ་ཇི་ལྟར་ཐར་བར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གལ་ཏེ་ལོ་བདུན་གྱི་བར་དུ་ཉིན་གཅིག་ཅིང་། དུས་གསུམ་དུ་ཉེས་པ་ལ་ཉེས་པར་བཤགས་ན། དེའི་འོག་ཏུ་བྱང་བར་འགྱུར་ཏེ། དེ་ཕྱིན་ཆད་ཉུང་ན་བསྐལ་པ་བཅུས་བཟོད་པ་ཐོབ་པར་འགྱུར་རོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཞིག་ཆོས་ཀྱི་རྣམ་གྲངས་འདི་མ་བཟུང་། མ་བཀླགས་ པར་སྨྲ་ན། ཆོས་ཀྱིས་ཕོངས་པར་འགྱུར་བ་ལས་མ་སྨས་པར་ཤིན་ཏུ་ཐར་བར་དཀའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་འདི་ལ་བསླབས་ནས། ཕྱིས་ཆོས་སྟོན་པར་བྱ་སྟེ། དེ་ལྟར་ན་དེ་སྨོས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་སོ། །རབ་ཏུ་རྣམ་པར་འབྱེད་པའི་མདོ་ལས་ ཀྱང་། ཤ་ར་དྭ་ཏིའི་བུ་ལྕགས་ཀྱི་རང་བཞིན་མཚོན་རྣོན་པོས་ལྕེ་བཅད་པ་ནི་བླའི། འཁོར་གྱི་ནང་ན་འདུག་གམ། དབེན་པ་ན་འདུག་གམ། བདག་ཉིད་ཟླ་དང་བཅས་པར་འདུག་ཀྱང་རུང་སྟེ། ཡོངས་སུ་མ་དག་པའི་ཆོས་སྟོན་པ་ནི་མ་ཡིན་པ་ཉིད་དོ། །ཤ་ར་དྭ་ཏིའི་བུ་དེའི་ཕྱིར་རྣམ་གྲངས་ འདིས་དེ་ལྟར་རིག་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པ་ཆེན་པོ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བའི་བར་དང་། བཀོད་པ་ ཆེན་པོ་ཞེས་བྱ་བ་དེའི་ཚེ་ཚད་ནི་ལོ་བྱེ་བ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དུ་གྱུར་ཏོ་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། ཆོས་འདུལ་བ་རྣམ་པ་ལྔར་གྱུར་ཏེ། འདི་ལྟར་ཀུན་དུ་དངོས་པོ་ཞེས་བྱ་བ་དང་། བརྩོན་འགྲུས་ ལེན་ཞེས་བྱ་བ་དང་། ཐམས་ཅད་ཀྱི་གསོང་པོར་སྨྲ་བ་ཞེས་བྱ་བ་དང་། ངག་ཤེས་པ་ཞེས་བྱ་བ་དང་། ཉེ་བར་བཅིངས་པ་ཞེས་བྱ་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལ་དེའི་ཚེ་ན། ཀུན་དུ་ཞེས་བྱ་བ་དང་། བརྩོན་ལེན་ཞེས་བྱ་བ་དང་། གསོང་པོར་སྨྲ་བ་ཞེས་བྱ་བ་ དང་། ངག་ཤེས་ཞེས་བྱ་བ་དང་། ཉེ་བར་བཅིངས་པ་ཞེས་བྱ་བ་དང་། དགེ་སློང་ལྔ་པོ་དེ་དག་འཁོར་དང་ལྡན་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལ་གང་ཀུན་དངོས་ལྡན་ཞེས་བྱ་བར་གྱུར་པ་དེ་དག་ནི། སངས་རྒྱས་ཀྱི་གསུང་འདི་ཀུན་ནས་ཤེས་ཤིང་། སྟོང་པ་ཉིད་སྨྲ་བ་དང་། དམིགས་ པ་མེད་པར་གྱུར་ཏོ། །ཡང་དགེ་སློང་བཞི་པོ་འཁོར་དང་བཅས་པ་གང་ཟག་ཏུ་སྨྲ་བ་དེ་དག་ནི་ཕལ་ཆེར་ལམ་གོལ་བ་འཛིན་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལ་གང་དག་ཀུན་དངོས་པོ་ལྡན་ཞེས་བྱ་བའི་དགེ་སློང་དུ་གྱུར་པ་དེ་ནི། བཞི་པོ་དེ་དག་གིས་ཟིལ་གྱིས་མནན་པར་གྱུར་ཅིང་ལྡང་བར་མ་ནུས་ སོ། །བཞི་པོ་དེ་དག་ཀྱང་སྐྱེ་བོ་མང་པོས་བཀུར་བར་བྱ་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་སྡིག་པའི་དགེ་སློང་དེ་དག་གིས་སྐྱེ་བོའི་ཚོགས་ཆེན་པོ་ལོག་པར་ལྟ་བ་ཡང་དག་པར་ལེན་དུ་བཅུག་པར་གྱུར་ཏོ། །དེ་ལྟར་བཅོམ་ལྡན་འདས་དེའི་གསུང་རབ་དེ། གཞན་དང་གཞན་གྱིས་མ་གུས་པ་ དང་། གཞན་དང་གཞན་གྱིས་སྤངས་པ་ཉིད་ཀྱིས་བསྣུབས་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་གང་དག་ཀུན་དུ་དངོས་པོ་ཞེས་བྱ་བའི་ཆོས་བསྟན་པ་ཀུན་དུ་ཤེས་ཤིང་ཁོང་དུ་ཆུད་ལ། ལྷག་པར་མོས་པ་བྱེ་བ་ཁྲག་ཁྲིག་དྲུག་ཅུ་རྩ་བརྒྱད་པོ་དེ་དག་ནི། སངས་རྒྱས་ལྔ་སྟོང་དག་གི་ཉན་ཐོས་སུ་གྱུར་ ཅིང་། དེ་ཉིད་དུ་མྱ་ངན་ལས་འདས་པ་ངས་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ལྟར་འགྱུར་ཏེ། དམིགས་པ་མེད་པར་སྤྱོད་པ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལ་གང་བརྩོན་ལེན་ཞེས་བྱ་བའི་དགེ་ སློང་དང་། ཀུན་ཤེས་ཞེས་བྱ་བ་དང་། ངག་ཤེས་ཞེས་བྱ་བ་དང་། ཉེ་བར་བཅིངས་པ་ཞེས་བྱ་བ་འཁོར་དང་བཅས་པ་དེ་དག་ཐམས་ཅད་དམིགས་པ་ཅན་དུ་གྱུར། བདག་ཏུ་སྨྲ་བ་ལ་བརྟེན་པ་དང་། གང་ཟག་ཏུ་སྨྲ་བར་གྱུར། གང་ཟག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་དང་། སྐྱེ་བོ་མང་པོའི་ འཁོར་དང་ལྡན་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་དམ་པ་མ་ཡིན་པ་དེ་དག་གིས། ཁྱིམ་པ་དང་རབ་ཏུ་བྱུང་བའི་སྐྱེ་བོའི་ཚོགས་ཆེན་པོ་རྣམས་ལོག་པར་ལྟ་བ་ལ་བཀོད་པར་གྱུར་ཏོ། །དོན་དམ་པ་སྤངས་པར་གྱུར། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། དམིགས་པ་མེད་པ་དང་། སྨོན་ པ་མེད་པའི་ཆོས་རྣམས་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་གཅེར་བུ་པའི་ཚིག་ཏུ་འདུ་ཤེས་པར་གྱུར་ཏོ། །དེ་དག་གི་ལོག་པར་ལྟ་བ་ཡོངས་སུ་འཛིན་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལ་གང་དགེ་སློང་བཞི་པོ་འཁོར་དང་བཅས་པ་དང་། སྐྱེས་བུ་དམ་པ་མ་ཡིན་པ་བཞི་པོ་དེ་དག་གི་རྗེས་སུ་ འབྲང་བ། དེའི་སྨྲ་བ་སྨྲ་བ། དེ་དག་གི་སྨྲ་བ་ལ་གུས་པར་ཉན་པར་གྱུར་པ་དེ་རྣམས་ཀྱིས། དེ་མེད་པས་གསུང་རབ་བསྣུབས་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལ་གང་དག་དམ་པའི་ཆོས་མ་ཡིན་ནོ་ཞེས་བཟུང་ནས། སྦྱོར་ཞིང་འབད་ལ་རྣལ་འབྱོར་དུ་བྱེད་པ་དེ་དག་གིས་ནི་ནམ་ཡང་ཟས་ཡོངས་སུ་ སྦྱོར་བའི་ལས་བྱས་པ་མ་ཡིན་ནོ། །དེ་དག་གིས་ནམ་དུ་ཡང་རྗེས་སུ་མཐུན་པའི་བཟོད་པ་ཡང་མ་སྐྱེད་ན། འབྲས་བུ་འཐོབ་པ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་ཁྱིམ་པར་གྱུར་པ་དང་། ཁྱིམ་པ་རབ་ཏུ་བྱུང་བར་གྱུར་པ་གང་དག་ཡིན་པ་དེ་དག་ཅེས་བྱ་བ་ནས། དམ་པའི་ཆོས་ཐམས་ཅད་ནས་ཐམས་ཅད་དུ་དམ་པའི་ཆོས་ནུབ་པའི་རྒྱུས་སླར་ཡང་ངན་སོང་དུ་འགྲོ་བར་འགྱུར་གྱི། བདེ་འགྲོར་འགྲོ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དང་། ཤ་ར་དྭ་ཏིའི་བུ་དེ་ལྟར་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་སངས་རྒྱས་ཀྱི་བྱང་ཆུབ་དེ་དག་ཀྱང་བསྣུབས་ཤིང་ སེམས་ཅན་རྣམས་ལ་དོན་མ་ཡིན་པ་ཆེན་པོ་བྱས་སོ། །སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ཀྱང་དུས་བྱས་ནས་མནར་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། །དེ་ལ་ལོ་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུར་གན་རྐྱལ་དང་ཁ་སྦུབ་ཏུ་བཙོས་སོ། །ལོ་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུར་ངོས་ གཡས་གཡོན་དུ་ཕབ་སྟེ་བཙོས་སོ། །དེ་དག་དེ་ནས་ཤི་འཕོས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་སུ་རབ་ཏུ་ལྟུང་ངོ་། །སེམས་ཅན་དམྱལ་བ་ཆེན་པོ་ རེ་རེར་དེ་སྙེད་ཅིག་དུས་དེ་སྙེད་དུ་བཙོས་སོ། །དེ་དག་སླར་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ལས་ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་ ཆེན་པོར་རབ་ཏུ་ལྷུང་ངོ་། །ཤ་ར་དྭ་ཏིའི་བུ་རྣམ་གྲངས་འདིས། དེ་དག་དང་འབྲེལ་པ་ཁྱིམ་པ་དང་། རབ་ཏུ་བྱུང་བ་གྲོགས་པོའི་ཚོགས་དང་། སློང་མོ་སྟེར་བའི་ཚོགས་སུ་གྱུར་པ་དེ་དག་ཀྱང་། དེ་དག་དང་ལྷན་ཅིག་ཏུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ཤི་འཕོས་ཤིང་སྐྱེས་ནས། ཚོར་བ་ཡིད་དུ་མི་འོང་བའང་མྱོང་བར་གྱུར་ཏོ། །གང་དག་དེ་དག་གི་ཡིན་པར་གྱུར་པ་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ་སྔོན་མེད་ཅིང་ཕྱིས་བྱུང་བ་དེ་དག་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་ཤི་འཕོས་ཤིང་སྐྱེས་སོ། །ཤ་ར་དྭ་ཏིའི་བུ་གང་དག་གིས་ཡིན་པར་གྱུར་པ་ གྲོགས་པོའི་ཚོགས་དང་། སློང་མོ་སྟེར་བའི་ཚོགས་དང་། ཉེ་གནས་ཀྱི་ཚོགས་དང་། དགེ་སློང་དང་། སློབ་དཔོན་དང་། དེའི་སློབ་དཔོན་དང་། ཐད་ན་འཁོད་པ་དང་། ཉེ་བར་འཁོད་པ་ཇི་སྙེད་པ་དང་། དེ་དག་གི་རྗེས་སུ་འབྲང་བར་གྱུར་པའི་སེམས་ཅན་ཇི་སྙེད་པ་གང་དག་ འཛིན་པ་དེས་ལོག་པར་འགྲོ་བར་གྱུར་པ་སྡིག་པའི་དགེ་སློང་དེ་དག་དང་ལྷན་ཅིག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་ཤི་འཕོས་ཤིང་སྐྱེས་པ་དེ་རྣམས་བགྲང་བར་ཡང་ཇི་ལྟར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་པ་ལྟར་ཁྱེད་ཀྱིས་ཤེས་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་རྣམ་གྲངས་ འདིས་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ་དེ་རྣམས་བསྐལ་པ་ཚང་བར་ངན་སོང་དུ་སྐྱེས་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་གང་གི་ཚེ་བསྐལ་པ་བསྲེགས་པར་གྱུར་པ་དེའི་ཚེ་མི་བླུན་པོ་དེ་དག་དེ་བཞིན་དུ་རབ་ཏུ་ལྟུང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་རབ་ཏུ་སྤོང་བའི་ལས་དེ་ནི་མི་བཟད་པའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་འཁོར་དེ་ནས་གུད་དུ་འདོང་བར་འགྱུར་ཏེ། ལུས་དང་ སེམས་ཀྱིས་མཐུན་པར་སྤྱོད་པར་མི་འགྱུར་རོ། །དེ་དག་ནི་ཤེས་རབ་འཆལ་པར་འགྱུར་བའི་ལས་སོགས་པ་ཡིན་ཏེ། དེ་དག་ཤེས་རབ་འཆལ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ་སྤོང་བར་འགྱུར་ཏེ། དེ་དག་གིས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤངས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པར་འགྱུར་ཏེ། དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པ་ལས་བྱུང་བའི་ལས་མངོན་པར་འདུ་བྱས་ཤིང་ བསགས་པ་དང་། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོའི་བར་དུ་སེམས་ཅན་དམྱལ་བར་སྲེག་པར་འགྱུར་རོ། །དེ་དག་སེམས་ཅན་ དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་ཚེ་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བར་འགྱུར་ཏེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕངས་པར་འགྱུར་ཏེ། དེ་དག་ཏུ་སྐྱེ་བར་འགྱུར། དེ་དག་ཏུ་བསྲེག་པར་འགྱུར་ རོ། །དེར་འཕངས་ཏེ། དེར་སྐྱེས་ནས་ཀྱང་། སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་ཚེ། མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་ སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་། ཤར་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕངས་པར་འགྱུར། ལྷོ་ དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕངས་པར་འགྱུར་རོ། །དེ་དག་ཏུ་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་ དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེར་ཡང་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་ འབྱུང་བའི་ཚེ། དེ་ནས་ཤི་འཕོས་ནས་ཆོས་འཇིག་པར་འབྱུང་བའི་ལས་དེ་མ་ཟད་པས་ཡང་འདིར་སྐྱེས་ཏེ། དེ་དག་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་རོ། །དེ་དག་དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ ཏུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཉམས་སུ་འབབ་པར་འགྱུར་རོ། །དེ་དག་ཏུ་ཡང་མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་མ་བྱུང་གི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་མྱོང་བར་འགྱུར་རོ། །དེ་དག་ མེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་བྱུང་ནས་ཀྱང་། དེ་དག་དེ་ནས་ཤི་འཕོས་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ལྷོ་དང་། ནུབ་ དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་པ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་དག་ཏུ་ཡང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ ཀྱི་བར་དུ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་དག་དེར་སྐྱེས་ནས་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བའི་ལས་ཟད་ནས། ཇི་སྟེ་བརྒྱ་ལ་མིར་སྐྱེ་བ་ཐོབ་ན་ཡང་ཆོས་འཇིག་པར་འགྱུར་བའི་ལས་བྱས་པ་དང་བསགས་པ་དང་། བསྒྲུབས་པ་དང་། ཚང་བ་དང་། རྫོགས་ པའི་རྣམ་པར་སྨིན་པ་དེས་དེ་དག་ལ་གང་དང་གང་དུ་སྐྱེ་བ་དེ་དང་དེར་དམུས་ལོང་གི་རིགས་སུ་སྐྱེ་བར་འགྱུར། ཕྱག་དར་བའི་རིགས་སུ་སྐྱེ་བར་འགྱུར། གདོལ་པའི་རིགས་སུ་སྐྱེ་བར་འགྱུར། སྨྱིག་མ་མཁན་གྱི་རིགས་སུ་སྐྱེ་བར་འགྱུར། དེ་དག་དེར་སྐྱེས་ནས་ཀྱང་དམུས་ལོང་དུ་སྐྱེ་བར་འགྱུར་ བ་ཡིན། ཞར་བར་འགྱུར་བ་ཡིན། སྣ་མེད་པར་འགྱུར་བ་ཡིན། ལྕེ་མེད་པར་འགྱུར་བ་ཡིན། ལག་པ་མེད་པར་འགྱུར་བ་ཡིན། རྐང་པ་མེད་པར་འགྱུར་བ་ཡིན། མཛེ་ཅན་དུ་འགྱུར་བ་ཡིན། ཤ་བཀྲ་ཅན་དུ་འགྱུར་བ་ཡིན། སྒུར་པོར་འགྱུར་བ་ཡིན། གང་ན་སངས་རྒྱས་ཀྱི་སྒྲ་མེད་པ་ དང་། ཆོས་ཀྱི་སྒྲ་མེད་པ་དང་། དགེ་འདུན་གྱི་སྒྲ་མེད་པ་དེ་དག་ཏུ་སྐྱེ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནས། རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤོང་བར་འགྱུར་རོ། །གསོལ་བ། བཞི་གང་དང་གང་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། སྐྱེས་བུ་གླེན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། རབ་འབྱོར་རྒྱུ་དང་པོ་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །ཆོས་ཟབ་མོ་རྣམས་ལ་ཡིད་ཆེས་པ་དང་དད་ཅིང་མོས་པ་མེད་པ་ཡིན་ ཏེ། རྒྱུ་གཉིས་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །རབ་འབྱོར་སྐྱེས་བུ་གླེན་པ་དེ་དག་ནི་བརྩོན་འགྲུས་མེད་ཅིང་། ཕུང་པོ་ལྔ་ལ་མངོན་པར་ཞེན་པས། རྒྱུ་གསུམ་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ། །རབ་འབྱོར་ སྐྱེས་བུ་གླེན་པ་དེ་དག་ནི་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས་ཞེ་སྡང་གི་སྤྱོད་པ་ཅན་ཡིན་ཏེ། དེ་དག་བདག་ལ་བསྟོད་ཅིང་གཞན་སྨོད་པར་གྱུར་པས། རྒྱུ་བཞི་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱིར་སྤོང་བར་འགྱུར་ཏེ། རབ་འབྱོར་རྣམ་པ་བཞི་པོ་དེ་དག་གིས་སྐྱེས་བུ་གླེན་ པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་སོ། །རྒྱ་ཆེར་རོལ་པའི་མདོ་ལས་ཀྱང་། ཀུན་དགའ་བོ་ད་ལྟར་སྐྱེས་བུ་གླེན་པ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་ཟིལ་གྱིས་ནོན་པ། མི་གཙང་བར་བྱིང་བ། རིམ་གྲོའི་ ཟིལ་གྱིས་ནོན་པ། མ་རབས་ཀྱི་ངང་ཚུལ་ཅན་དག་སངས་རྒྱས་ཀྱི་ཚུལ་སྤོང་ཞིང་བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་མང་པོ་ཇི་སྙེད་ཅིག་མངོན་པར་འདུ་བྱེད་པ་ལ་ལྟོས། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མ་བྱུང་བའི་དུས་ན། དེ་ལྟ་བུའི་མདོ་ སྡེ་བཟང་པོ་ལ་ཡང་སྤོང་ཞིང་མི་སྙན་པར་བརྗོད་པ་དེ་ལྟ་བུའི་དགེ་སློང་དག་འབྱུང་ལགས་པ་ལྟ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་ནི་མདོ་སྡེ་འདི་ལྟ་བུ་སྤོང་ཞིང་མི་སྙན་པར་བརྗོད་པར་མ་ཟད་དེ། སྡིག་པ་རྣམ་པ་དུ་མ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་ཅིང་། དགེ་སྦྱོང་གི་དངོས་པོ་དོན་དུ་མི་གཉེར་བ་དག་ཀྱང་འབྱུང་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འོ་ན་སྐྱེས་བུ་དམ་པ་མ་ལགས་པ་དེ་འདྲ་བ་དེ་དག་གི་འགྲོ་བ་ནི་ཅི་འདྲ་བ་ཞིག་ཏུ་འགྱུར། ཚེ་རབས་འཕོས་ནས་ཇི་ལྟ་བུ་ཞིག་ཏུ་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ དག་ནི་སངས་རྒྱས་ཀྱི་བྱང་ཆུབ་མེད་པར་བྱས་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་སྙན་པས་སྐུར་པ་བཏབ་པའི་འགྲོ་བ་གང་ཡིན་པའི་འགྲོ་བ་དེར་འགྲོ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྤུ་གཡོས་ནས་སངས་ རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེས་བུ་དམ་པ་མ་ལགས་པ་དེ་དག་གི་སྤྱོད་པ་འདི་ཐོས་ནས་བདག་ནི་བརྒྱལ་བ་དང་འདྲ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་གི་སྤྱོད་པ་ནི་ མཉམ་པར་མི་འགྱུར་ཞིང་། སེམས་ཅན་དེ་དག་ནི་མི་མཉམ་པའི་སྤྱོད་པ་ཅན་དུ་འགྱུར་རོ། །ཀུན་དགའ་བོ་དེ་དག་ནི་ཚུལ་དང་མི་འདྲ་བའི་སྤྱོད་པ་དེས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དགེ་སློང་ངམ། དགེ་སློང་ མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་མ་མོས་ཤིང་ཡིད་མི་ཆེས་པ་དང་། སྤོང་བ་དེ་དག་ནི་ཤི་འཕོས་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་ ནི་ཚད་དུ་མ་བྱེད་ཅིག་ཅེས་གསུངས་སོ། །སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། ཤཱ་རིའི་བུ་དགེ་སློང་ཇི་སྙེད་པ་སངས་རྒྱས་ཀྱི་བྱང་ཆུབ། དོན་ཟབ་མོ། དམིགས་པ་མེད་པ། དོན་དམ་པ། སྟོང་པ་ཉིད་ཁོང་དུ་མ་ཆུད་པར། དེ་བཞིན་གཤེགས་པས་གསུངས་པའི་ མདོ་སྡེ་དེ་ལྟ་བུའི་ངོ་བོ་འདི་ཐོས་ནས། །དེ་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྤོང་ཞིང་། སྐྱེ་བོ་རྣམས་དེ་ལྟར་ཤེས་པར་བྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གང་ཆོས་སྤངས་ནས། དགེ་སྦྱོང་དུ་མི་འགྱུར། ཤཱཀྱའི་སྲས་པོར་མི་འགྱུར་བ་ འདི་ནི། དེ་བཞིན་གཤེགས་པས་ཆོས་སྤོང་བར་གསུངས་སོ། །སྐྱེས་བུ་བླུན་པོ་དེ་ནི་སྲིད་པ་ན་བྱེ་བ་ཕྲག་བརྒྱ་སྟོང་རྣམས་ལ་བརླག་པར་འོས་པའི་རྨ་ཆེན་པོ་འབྱིན་པར་བྱེད་དོ། །དོན་མ་ཡིན་པ་བྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བུའི་རང་བཞིན་ཅན་གྱི་དགེ་སློང་རྣམས་ལ། གལ་ཏེ་སངས་རྒྱས་སྟོང་ཕྲག་གམ། སངས་རྒྱས་བྱེ་བ་ཕྲག་བརྒྱ་སྟོང་གིས་ཆོ་འཕྲུལ་གསུམ་གྱིས་ཆོས་སྟོན་པར་བྱེད་ཀྱང་། དེ་དག་གིས་ཆོས་མ་ཤེས་ཤིང་། དེ་དག་གིས་འབྲས་བུ་ཐོབ་པར་མི་ནུས་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ལམ་འགོག་ པ། དད་པ་དང་བྲལ་བ། ཟས་དང་གོས་ལྷུར་ལེན་པ། འཇིག་རྟེན་གྱི་ཟང་ཟིང་ལ་བརྐམ་པ། སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བ་ཡིན་ནོ་ཞེས་ང་སྨྲའོ། །ཤ་ར་དྭ་ཏིའི་བུ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ཆོས་དཀོན་མཆོག་འདི་སྤངས་ནས་བདེ་འགྲོ་ལ་རེ་བར་ འགྱུར་བར་མི་བྱའི། འོན་ཀྱང་ངན་འགྲོ་ལ་རེ་བར་འགྱུར་བར་བྱའོ། །དམུས་ལོང་དུ་རེ་བར་འགྱུར་བར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། ཤཱ་རིའི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གྱུར་པ་དེའི་ཚེ་དེའི་དུས་ན། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་གསུང་རབ་ལ་སྡིག་པའི་དགེ་སློང་དྲུག་འདི་ལྟ་སྟེ། ཤིན་ཏུ་མཐོང་བ་ཞེས་བྱ་བ་དང་། རྙེད་སླ་དང་། དགའ་བྱེད་དང་། དགེ་བྱེད་དང་། གྲགས་པ་དང་། མེས་བྱིན་ཞེས་བྱ་བ་རྣམས་བྱུང་སྟེ། བདག་ཏུ་སྨྲ་བ། གང་ཟག་ཏུ་སྨྲ་བ། ཆད་པར་སྨྲ་བ། རྟག་པར་སྨྲ་བ་རྣམས་འགྲོགས་ལྡང་ཞིང་ཕན་ཚུན་དུ་ཡིད་རྟོན་ཅིང་གནས་པ་དེ་དག་གིས། ཁྲིམས་འདི་ལྟ་བུ་ཞིག་བྱས་ཏེ། བདག་ཅག་རེ་རེས་ཀྱང་ཁྱིམ་ལྔ་བརྒྱ་ལྔ་བརྒྱ་གཟུང་བར་བྱའོ། །ཁྱིམ་བརྒྱ་ཡོངས་སུ་རྫོགས་པ་ན་དེར་འོངས་ཏེ་གཅིག་ལ་གཅིག་བསྙད་པར་བྱའོ། ། ཁྱིམ་ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། བརྒྱར་མ་གྲུབ་པ་ལ་བསྙད་པར་བྱའོ་ཞེས་དེ་ལྟ་བུའི་ཁྲིམས་བྱས་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་དང་། ཕོ་བྲང་འཁོར་དུ་དོང་ནས། དེ་དག་ཐམས་ཅད་ཁྱིམ་གཅིག་ཏུ་དོང་ ངོ་། །ཁྱིམ་དུ་དོང་ནས་གཅིག་ལ་གཅིག་ཐོག་མ་ཉིད་དུ་སངས་རྒྱས་ལ་མི་སྙན་པ་ཟེར་རོ། །སངས་རྒྱས་ལ་མི་སྙན་པ་ཇི་སྐད་ཅེས་ཟེར་ཞེ་ན། ཁྱིམ་དེར་ཕྱིན་ནས་འདི་སྐད་ཅེས་སྨྲས་ཏེ། བདག་ཡོད་དོ། །སེམས་ཅན་ཡོད་དོ། །སྲོག་ཡོད་དོ། །གང་ཟག་ཡོད་དོ། །གལ་ཏེ་བདག་མེད་ དུ་ཟིན་ན་འོང་བ་སུ། འགྲོ་བ་སུ། འགྲེང་བ་སུ། འདུག་པ་སུ། ཉལ་བ་སུ། སྨྲ་བ་སུ། མི་སྨྲ་བར་འགྱུར་བ་སུ། སྦྱིན་པ་སྦྱིན་པར་བྱེད་པ་སུ། ལེན་པ་སུ། ཟ་བ་སུ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་སོ་སོར་ཡང་དག་པར་མྱོང་བ་སུ། གང་ཁྱེད་ལ་འདི་སྐད་དུ། བདག་མེད། སེམས་ཅན་ མེད། སྲོག་མེད། གང་ཟག་མེད་ཅེས་སྨྲ་བ་དེ་ནི་ཁྱེད་ཀྱི་མི་དགེ་བའི་བཤེས་གཉེན་ཏེ། དགེ་བའི་བཤེས་གཉེན་མ་ཡིན་ནོ་ཞེས་ཟེར་བ་དང་། དེ་ལ་ཤཱ་རིའི་བུ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དག་ན་རེ་གང་དགེ་བའི་བཤེས་གཉེན་མ་ཡིན་པ་དེ་ནི་སྡིག་པའོ། །དེའི་ ཕྱིར་སྡིག་པའི་གྲོགས་པོར་གྱུར་པ་དེ་དགེ་བའི་བཤེས་གཉེན་མ་ཡིན་ནོ་ཞེས་དེ་སྐད་སྨྲས་པ་དང་། དེ་དག་གིས་དེ་དག་ལ། ཁྱེད་དེ་ལྟར་ཤེས་པ་ནི་མཁས་པ་ཡིན་ཏེ། སྡིག་པའི་གྲོགས་པོ་གང་ཡིན་པ་དེ་ནི་དགེ་བའི་བཤེས་གཉེན་མ་ཡིན་ནོ། །དེའི་ཕྱིར་གང་ཁྱེད་ལ་འདི་སྐད་དུ། བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད་ཅེས་ཟེར་བ་ལ་བརྟེན་པར་མི་བྱ། འགྲོགས་པར་མི་བྱ། བསྙེན་བཀུར་བར་མི་བྱའོ་ཞེས་སྨྲས་ཏེ། དགེ་སློང་དེ་དག་རེ་རེས་ཀྱང་ཟླ་བ་ཕྱེད་ཀྱིས་ཁྱིམ་ལྔ་བརྒྱ་ལྔ་བརྒྱ་ལོག་པར་འཛིན་དུ་བཅུག་གོ། །ཤཱ་རིའི་བུ་དེ་ནས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་དགེ་སློང་དགྲ་བཅོམ་པ་དྲི་མ་དང་ཉོན་མོངས་པ་བསལ་བ་དག་གྲོང་དུ་དོང་སྟེ་ཕྱ