Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 112

Văn bản gốc(Tây Tạng)

Trang 10 / 17 (50.000 ký tự/trang)
འི་རྣམ་པ་དང་། གཞག་པའི་རྣམ་པ་དང་། རིན་པོ་ཆེར་འདུ་ཤེས་པའི་རྣམ་པ་དང་། སྨན་དུ་འདུ་ཤེས་པའི་རྣམ་པ་དང་། ཉོན་མོངས་པའི་ནད་
ཐམས་ཅད་གཞིལ་བའི་རྣམ་པ་དང་། དྲན་པའི་སྣོད་ཀྱི་རྣམ་པ་དང་། རྟོགས་པ་ཤེས་པའི་རྣམ་པ་དང་། བློ་གྲོས་འདོད་པའི་རྣམ་པ་དང་། བློ་ལ་འཇུག་པའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ལ་མི་ངོམས་པར་ཉན་པའི་རྣམ་པ་དང་། གཏོང་བ་སྤེལ་བའི་རྣམ་པ་དང་། དུལ་ཞིང་ཅང་ཤེས་
ཀྱི་རྣམ་པ་དང་། མང་དུ་ཐོས་པ་བསྟེན་པའི་རྣམ་པ་དང་། ནན་ཏན་དུ་བྱས་ཏེ་དགའ་བ་མྱོང་བའི་རྣམ་པ་དང་། ལུས་བདེ་བའི་རྣམ་པ་དང་། སེམས་ཚིམ་པའི་རྣམ་པ་དང་། མི་སྦྱོར་བར་མཉན་པའི་རྣམ་པ་དང་། དོན་མཉན་པའི་རྣམ་པ་དང་། ཆོས་མཉན་པའི་རྣམ་པ་དང་། ནན་ཏན་དུ་
མཉན་པའི་རྣམ་པ་དང་། གཞན་གྱིས་བསྟན་པ་མཉན་པའི་རྣམ་པ་དང་། བཀུར་སྟི་བྱ་བའི་རྣམ་པ་དང་། མ་ཐོས་པ་མཉན་པའི་རྣམ་པ་དང་། མངོན་པར་ཤེས་པ་མཉན་པའི་རྣམ་པ་དང་། ཐེག་པ་གཞན་ལ་འདོད་པ་མེད་པའི་རྣམ་པ་དང་། ཕ་རོལ་ཏུ་ཕྱིན་པ་མཉན་པའི་རྣམ་པ་དང་། བྱང་ཆུབ་
སེམས་དཔའི་སྡེ་སྣོད་མཉན་པའི་རྣམ་པ་དང་། བསྡུ་བའི་དངོས་པོ་མཉན་པའི་རྣམ་པ་དང་། ཐབས་མཁས་པ་མཉན་པའི་རྣམ་པ་དང་། ཚངས་པའི་གནས་མཉན་པའི་རྣམ་པ་དང་། དྲན་པ་དང་ཤེས་བཞིན་དུ་མཉན་པའི་རྣམ་པ་དང་། སྐྱེ་བ་ལ་མཁས་པ་མཉན་པའི་རྣམ་པ་དང་། མི་སྐྱེ་བ་ལ་མཁས་
པ་མཉན་པའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། བྱམས་པའི་རྣམ་པ་དང་། རྐྱེན་དང་འདུ་བ་ཚོགས་ཏེ་འབྱུང་བའི་རྣམ་པ་དང་། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་
རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། མངོན་པར་འདུས་མ་བྱས་པའི་རྣམ་པ་དང་། དགེ་བ་མངོན་པར་འདུ་བྱ་བའི་རྣམ་པ་དང་། སེམས་ཅན་བྱིན་གྱིས་བརླབས་པའི་རྣམ་པ་དང་། ཆུད་མི་གསན་པའི་རྣམ་པ་དང་། རང་དབང་གི་རྣམ་པ་དང་། བདག་གི་སེམས་བསྲུང་བའི་རྣམ་

པ་དང་། བརྩོན་འགྲུས་མི་ཀློད་པའི་རྣམ་པ་དང་། ཆོས་ལ་བརྟག་པའི་རྣམ་པ་དང་། ཉོན་མོངས་པ་མེད་པའི་རྣམ་པ་དང་། བདག་གི་ཕྱོགས་བསྲུང་བའི་རྣམ་པ་དང་། ཕ་རོལ་གྱི་ཕྱོགས་དང་ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང་། ནོར་བདུན་ལ་བརྟེན་པའི་
རྣམ་པ་དང་། དབུལ་བ་ཐམས་ཅད་གཅོད་པའི་རྣམ་པ་དང་། མཁས་པས་བསྔགས་པའི་རྣམ་པ་དང་། མཁས་པ་མགུ་བའི་རྣམ་པ་དང་། འཕགས་པ་བསམ་པའི་རྣམ་པ་དང་། མ་འཕགས་པ་དད་པར་འགྱུར་བའི་རྣམ་པ་དང་། འཕགས་པའི་བདེན་པ་མཐོང་བའི་རྣམ་པ་དང་། ཕུང་
པོའི་ཉེས་པ་སྤང་བའི་རྣམ་པ་དང་། འདུས་བྱས་ཀྱི་ཉེས་པ་གཞིལ་བའི་རྣམ་པ་དང་། དོན་ལ་བརྟེན་པའི་རྣམ་པ་དང་། ཆོས་ལ་བརྟེན་པའི་རྣམ་པ་དང་། ཡེ་ཤེས་ལ་བརྟེན་པའི་རྣམ་པ་དང་། མདོ་སྡེ་ངེས་པའི་དོན་ཅན་ལ་བརྟེན་པའི་རྣམ་པ་དང་། སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང་།
བདག་དང་གཞན་ལ་ཕན་པའི་རྣམ་པ་དང་། ལས་ལེགས་པར་བྱས་པའི་རྣམ་པ་དང་། མི་འགྱོད་པའི་རྣམ་པ་དང་། བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་པ་སྟེ། འདི་དག་ནི་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་ཞེས་བྱ་སྟེ་ཞེས་གསུངས་སོ། །དམ་པའི་ཆོས་
དྲན་པ་ཉེ་བར་གཞག་པ་ལས་ཀྱང་། རབ་ཏུ་དང་བས་དམ་པའི་ཆོས་སྟོན་པར་བྱེད་པ་ཉན་པའི་ཡོན་ཏན་གཞན་ཡང་ཡོད་དེ། གང་འགའ་ཞིག་ཆོས་ཉན་པ་དད་པ་ཅན་རབ་ཏུ་དད་པ་དང་ལྡན་པ། དབང་པོ་འདུད་པ་དང་། བློ་གཙང་བ། གཅིག་ཏུ་དཀོན་མཆོག་གསུམ་ལ་རབ་ཏུ་དང་བའི་བློ་ཅན།
ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་སྟེ། དམ་པའི་ཆོས་ཉན་པར་འདོད་པས་ཁྱིམ་ནས་བྱུང་ནས་ལྷ་ཁང་ངམ་ཀུན་དགའ་ར་བར་འགྲོ་བར་བྱེད་པ་ན། དེ་གོམ་པ་འདོར་ཞིང་གོམ་པ་འདོར་བ་ལ་ཚངས་པའི་བསོད་ནམས་འབྱུང་བར་འགྱུར་རོ། །ཡང་གང་དག་ཆོས་སྨྲ་བ་ལ་མཆོད་པར་བྱེད་པ་དེས་ནི་
དོན་དུ་ན་དངོས་སུ་སངས་རྒྱས་ལ་མཆོད་པར་འགྱུར་རོ། །གང་ཆོས་སྟོན་པ་པོ་མཆོད་པར་བྱེད་པ་དེ་ཇི་ལྟ་ཇི་ལྟར་མཆོད་པ་དེ་དག་ཡོངས་སུ་བསྔོ་བར་བྱེད་པ་ན་དེ་ལྟ་དེ་ལྟར་ཡོངས་སུ་སྨིན་པར་འགྱུར་ཏེ། དེ་ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགྱུར་བ་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། ཆོས་ཉན་པ་ལས་སེམས་ལས་སུ་རུང་བར་འགྱུར། དེ་ལས་སུ་རུང་བར་བྱས་ན། ཐོག་མ་མེད་པའི་དུས་ནས་ཞུགས་པར་གྱུར་པའི་མུན་པ་རྣམས་འཇོམས་པར་འགྱུར་རོ། །ཇི་ལྟར་ཆོས་སྟོན་པ་པོས་བྱེད་པ་ལྟར་གཞན་འགའ་ཞིག་གིས་ཀྱང་སེམས་ལས་སུ་རུང་བར་
བྱེད་པ་མ་ཡིན་ནོ། །བཞི་པོ་རྣམས་ཀྱི་ཡང་ཕན་པ་ལ་ལན་གྱིས་གླན་པར་སླ་བ་མ་ཡིན་ནོ། །བཞི་པོ་གང་དག་ཅེ་ན། འདི་ལྟ་སྟེ། ཕ་དང་མ་དང་། སངས་རྒྱས་དང་ཆོས་སྟོན་པ་པོ་དེ་དག་རྣམས་ལ་བྱིན་པ་ནི་གཞལ་དུ་མེད་པར་འགྱུར་རོ། །བྱང་ཆུབ་ཀྱི་ཆེད་དུ་འགྱུར་རོ། །འཇིག་རྟེན་ན་བསྔགས་
པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་གི་སེམས་ཁེངས་པར་གྱུར་པ་དེ་ཆོས་བསྟན་པས་དུལ་བ་ཐོབ་པར་འགྱུར་རོ། །ཆགས་པར་གྱུར་པ་སྦྱིན་པ་ལ་མོས་པར་འགྱུར་རོ། །མ་རུངས་པ་འཇམ་པར་འགྱུར་རོ། །རྨོངས་པ་མཁས་པར་འགྱུར་རོ། །རྒྱུ་དང་འབྲས་བུ་ལ་ཀུན་དུ་རྨོངས་པ་རྣམས་
ནི་ཆོས་བསྟན་པ་ཐོས་ནས་རྒྱུ་དང་འབྲས་བུ་ལ་དད་པ་དང་ལྡན་པར་འགྱུར་རོ། །ལོག་པའི་ལྟ་བ་ལ་སེམས་ཀུན་དུ་ཞུགས་པ་རྣམས་ནི་ཡང་དག་པའི་ལྟ་བ་དང་ལྡན་པར་འགྱུར་རོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་ལ་དགའ་བ་རྣམས་ནི་ཆོས་བསྟན་པ་དག་ཐོས་ནས་དེ་
དག་ལས་ལྡོག་པར་འགྱུར་རོ། །དེ་ཆོས་བསྟན་པས་ལས་སུ་རུང་བ་བྱས་ནས་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །དེའི་ཕྱིར་རྒྱུ་འདིས་ཆོས་སྟོན་པར་བྱེད་པ་པོ་ལ་ལན་གླན་པར་སླ་བ་མ་ཡིན་ནོ་ཞེས་གསུངས་སོ།། །།ཐོས་པ་ཉུང་བ་ཡོངས་སུ་སྤང་བ་ལ་དགོངས་པ་བསྟན་
པ། བྱང་ཆུབ་ཀུན་དུ་རྒྱུའི་མདོ་ལས་ཀྱང་། ཟབ་ཅིང་འཇིགས་རུང་སྡུག་བསྔལ་མང་མི་བཟད། །རྒྱ་མཚོར་ལྷུང་བ་ཤིན་ཏུ་བ་ལྟ་དཀའ་ལ། །སེམས་བརླག་ངལ་བ་དོན་མེད་ཇི་བཞིན་དུ། །དེ་བཞིན་མཁས་པ་ཡིས་ཀྱང་བསམ་བྱ་སྟེ། །རྨོངས་པ་བསྟེན་པ་བྱས་པར་གྱུར་ཀྱང་ནི། །ཤེས་པ་ཁྱད་
འཕགས་ཐོབ་པར་འགྱུར་མ་ཡིན། །གང་ཞིག་སྡིག་བློ་དེ་འདྲ་སྟེན་བྱེད་པ། །བསྟེན་ཀྱང་དེ་ཡི་ངལ་བ་དོན་མེད་འགྱུར། །ཇི་ལྟར་ལོང་བའི་མདུན་ན་འདུག་པ་དང་། །འོན་པའི་གླུ་དང་རོལ་མོ་ཅི་འདྲ་བ། །དེ་བཞིན་བླུན་པོ་བསྟེན་པར་བྱས་གྱུར་ཀྱང་། །ཁྱད་པར་སྐྲ་ཉག་ཙམ་དུའང་འགྱུར་མ་ཡིན། །

ཇི་ལྟར་མ་ནིང་ཆུང་མ་གཞོན་ནུ་དང་། །རྐང་པ་བཅད་པ་ཕྲིན་ཡིག་འཁྱེར་བ་དང་། །སྣ་བཅད་མེ་ལོང་ལྟ་བར་བྱེད་པ་དག །འདི་ཀུན་དོན་མེད་འགྱུར་ཞིང་མི་རིགས་ལྟར། །དེ་བཞིན་རྨོངས་པ་རིགས་དམའ་བསམ་མིན་པ། །སེམས་འགྱུར་བསྟེན་པ་བྱས་པར་གྱུར་ཀྱང་ནི། །དེ་ལས་
བྱས་པ་ཤེས་པའང་འཐོབ་མི་འགྱུར། །དེ་ཉིད་ཕྱིར་ན་དེ་ནི་མཁས་པས་སྤོང་། །ཅོད་པན་བཅིངས་པའི་སྤྲེའུ་དང་ཀོ་ལྤགས་མཁན། །ཙན་དན་བཟང་པོས་མཆོད་པ་མཛེས་མ་ཡིན། །མཁས་པས་རྨོངས་ལ་བསྟེན་པ་མཛེས་མིན་ཏེ། །གནས་གསུམ་འདི་དག་སྐལ་བ་མཉམ་མ་ཡིན། །ང་ནི་ཁྱོད་
ཀྱི་ཁྱིམ་འདིར་མི་འདུག་སྟེ། །གང་ཕྱིར་ཁྱོད་ནི་རྟག་ཏུ་སྐལ་མི་མཉམ། །མི་དབང་ཁྱོད་ལ་རྣམ་ཀུན་ཤེས་ཡོད་མིན། །དེ་ཕྱིར་ཁྱོད་ནི་རྟག་ཏུ་མགོན་མེད་པར། །རྒྱལ་པོ་དེ་ཕྱིར་ང་ཡིས་རབ་བསྟན་པའི། །དམ་ཆོས་བརྟེན་གྱིས་ལོག་པར་ཅི་སྟེ་ལྟ། །ཤེས་ནས་དེ་ནི་སྤོང་གིས་སྤངས་བྱས་ནས། །
ཕྱི་མའི་ཚེ་ལ་ཁྱོད་ནི་བདེ་བར་འགྱུར། །ཞེས་གསུངས་སོ། །ཡིད་གཉིས་ཡང་དག་པར་འཇོམས་པ་ལས་ཀྱང་། འོད་སྲུངས་དགེ་སློང་ཆོས་བཞི་དང་ཡང་དག་པར་ལྡན་པ་ནི་དེ་བཞིན་གཤེགས་པའི་བསྟན་པ་སྤོང་བར་འགྱུར་ཞིང་དེ་བཞིན་དུ་དགེ་སློང་མདོ་སྡེ་འཛིན་པ་ལ་ལུས་ཀྱིས་གཟིར་བ་
དང་། ཚིག་གིས་སྨོད་པར་འགྱུར་རོ། །བཞི་པོ་གང་ཞེ་ན། སྡིག་པའི་ཆོས་ཅན་ཚུལ་ཁྲིམས་འཆལ་པར་གྱུར་པ་དང་། ཐོས་པར་ཁས་འཆེ་བ་ཐོས་པ་ཉུང་བར་གྱུར་པ་དང་། འཇིག་ཚོགས་ལ་ཞེན་པ་བདག་ཏུ་སྨྲ་བར་གྱུར་པ་དང་། བདུད་ཀྱིས་ཡོངས་སུ་ཟིན་པ་ལྷག་པའི་ང་རྒྱལ་ཅན་དུ་
གྱུར་པ་སྟེ། འོད་སྲུངས་དགེ་སློང་ཆོས་བཞི་པོ་འདི་དག་དང་ལྡན་ན་ནི་དེ་བཞིན་གཤེགས་པའི་བསྟན་པ་སྤོང་བར་འགྱུར་རོ་ཞེས་གསུངས་སོ། །གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་། རྨོངས་པ་ནི་བརྗེད་ངས་པར་འགྱུར་རོ། །གང་བརྗེད་ངས་པ་དེ་ལ་དགེ་སྦྱོང་གི་ཚུལ་མེད་དོ། །གང་དགེ་སྦྱོང་གི་ཚུལ་
མེད་པ་དེ་ལ་མྱ་ངན་ལས་འདའ་བ་མེད་དོ། །ཡོངས་སུ་མྱ་ངན་ལས་མི་འདའ་བ་དེ་ནི་ཟག་པ་དང་བཅས་པའི་ལུས་ཀྱི་ལས་མངོན་པར་འདུ་བྱེད་པ་དང་། ཟག་པ་དང་བཅས་པའི་ངག་གི་ལས་མངོན་པར་འདུ་བྱེད་པ་དང་། ཟག་པ་དང་བཅས་པའི་ཡིད་ཀྱི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །

གང་ཡང་ཟག་པ་དང་བཅས་པའི་ལས་མངོན་པར་འདུ་བྱེད་པ་དེ་དག་ཉིད་མངོན་པར་འདུ་བྱེད་པའི་ཟས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང་། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་དང་ལྡན་པ་ལྔ་བརྒྱ་པ་ཐ་མ་
ལ། དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་མ་སྣད་ཅིང་མ་སྨས་པ་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་ཏེ། བཞི་གང་ཞེ་ན། ཐོས་པ་ཉུང་ངུའི་སེམས་ཅན་ཡོངས་སུ་སྤོང་བ་དང་། འཁོར་མི་བསྡུ་བ་དང་། བས་མཐའི་གནས་མལ་ལ་བརྟེན་པ་དང་། བདག་དུལ་བ་དང་ཞི་བ་དང་ཞི་གནས་
ཀྱི་སྦྱོར་བ་ལ་བརྩོན་པ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་པོ་དེ་དག་དང་ལྡན་ན་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་མ་སྣད་ཅིང་མ་སྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་
ལས་ཀྱང་། མཁས་ཤིང་རྟོགས་པ་བློ་གྲོས་ལྡན་པ་དག །བྱིས་པ་གང་ནས་ལེགས་པར་འོངས་ཞེས་སྨྲ། །དེ་བཞིན་སྙན་པའི་ཚིག་གིས་ཉེར་བསྡུས་ནས། །དེ་དག་ལ་ནི་སྙིང་རྗེ་ཉེ་བར་འཇོག །བྱིས་པ་ལ་ནི་གང་ཕན་སྙིང་བརྩེ་བ། །དེ་ལ་གནོད་པ་བྱུང་ན་བྱིས་པ་དགའ། །དེ་ལྟའི་ཉེས་
ཕྱིར་བྱིས་པ་རྣམས་སྤངས་ཏེ། །རི་དགས་བཞིན་དུ་གཅིག་པུ་དགོན་པར་གནས། །མཁས་པས་འདི་འདྲའི་ཉེས་པ་རིག་ནས་ནི། །ཤེས་རབ་དམན་བསྟེན་བདག་གི་མཐོ་རིས་ཉམས། །བྱང་ཆུབ་ཐོབ་པར་ག་ལ་འགྱུར་སྙམ་སྟེ། །ཞེས་གསུངས་སོ།། །།མི་འདྲི་བའི་སྐྱོན་ལ་དགོངས་པ་བསྟན་
པ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང་། གཞན་ཡང་ཆོས་བཅུ་གཅིག་པ་ནི་དགེ་སློང་བསམ་གཏན་དང་ཀློག་པའི་གེགས་བྱེད་པ་དང་མཆོག་ཏུ་དགའ་བ་བྱེད་པར་འགྱུར་རོ། །འདི་གང་ཞེ་ན། འདི་ལྟ་སྟེ། ང་རྒྱལ་གྱིས་འདྲི་བར་མི་བྱེད་པའོ། །འདིར་ནང་དུ་བློ་དམན་
པར་འགྱུར་ཞིང་བློ་གྲོས་རྒྱས་པར་མི་འགྱུར་རོ། །ཇི་ལྟར་བདག་ནི་བསྟན་བཅོས་ཐམས་ཅད་ཀྱི་དོན་དང་ཚིག་གི་སྒོ་ནས་འཛིན་པ་དང་། དོན་དང་ཚིག་གི་སྒོ་ནས་རྗོད་པར་བྱེད་པ་ཡིན་ནོ། །ཞེས་ཕྱི་རོལ་དུ་བདག་ཉིད་སྟོན་པར་འགྱུར་རོ། །ང་ནི་ཡེ་ཤེས་ཀྱི་ཚོགས་རྣམས་མ་ལུས་པར་འཛིན་པར་

བྱེད་པ་ཡིན་ནོ། །བདག་གིས་དོན་བརྒྱ་སྟོང་ཕྲག་དུ་མ་རྣམས་ལྷན་ཅིག་ཏུ་གནས་པ་རྣམས་དང་། ཞམ་འབྲིང་བ་རྣམས་ལ་ཡང་ངེས་པར་བསྟན་ཏོ། །ང་དང་མཚུངས་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས། དེ་ལྟར་གཞན་དག་རྣམས་ལ་ཡང་སྒྲོགས་པར་བྱེད་འགོད་པར་
བྱེད། སེམས་ལ་རབ་ཏུ་འཇོག་པར་བྱེད་དེ། དེ་ནི་ཤེས་པའི་མངོན་པའི་ང་རྒྱལ་འབའ་ཞིག་ཏུ་ཟད་པར་གྱུར་པ། སེམས་ཅན་ཐམས་ཅད་ལ་རང་གི་ཡོན་ཏན་རིག་པར་བྱེད་པ། སྐྱེ་བོ་ཐམས་ཅད་ཀྱིས་གོ་བར་འགྱུར་བ་སྟེ། ཇི་ལྟར་འདི་ཤེས་པ་ཐམས་ཅད་ལས་ཕ་རོལ་ཏུ་སོན་པ་དེ་དང་འགྲན་པར་
མཚུངས་པ་རྣམས་འགའ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་འཇིག་རྟེན་པ་རྣམས་བརྗོད་པར་འགྱུར་རོ། །དེ་ཡང་ཤིན་ཏུ་ཐོས་པ་ཆུང་བར་འགྱུར་བ་དང་། ནང་སྟོང་པར་འགྱུར་བ་དང་། གསོག་དུ་འགྱུར་བ་དང་། གསོབ་ཏུ་འགྱུར་བ་དང་། སྣོད་སྟོང་པ་དང་མཚུངས་པ་དང་། སྟོན་ཀའི་སྤྲིན་དག་དང་འདྲ་
བ་དང་། བསམ་གཏན་དང་ཀློག་པ་ལས་ཕྱི་རོལ་དུ་བྱས་པ་དང་། སྐྱེ་བོ་དམན་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །དེ་ནི་གང་གི་ཚེ་དགེ་སྦྱོང་བསམ་གཏན་དང་ཀློག་པ་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། བརྩོན་འགྲུས་བརྩམས་པར་གྱུར་པ་དང་། དམིགས་པ་དང་རང་བཞིན་གྱིས་ཐོས་པ་རྒྱ་ཆེན་
པོར་གྱུར་པ་དང་། དུལ་བ་དང་ཤིན་ཏུ་སྦྱངས་པའི་རྒྱན་གྱིས་བརྒྱན་པ། སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གཅེས་པར་འཛིན་པ། སྤྲོ་བ་ལོག་པ་མེད་པར་གྱུར་པ། ཤེས་རབ་ཆེན་པོའི་དྲིས་རྒྱུད་བསྒོས་པར་གྱུར་པ་རྣམས་ཀྱི་ནང་ན་གནས་པ་ནི། དེ་དེའི་ཚེ་ན་ནང་སྟོང་པ་གསོག་དང་གསོབ་ཏུ་གྱུར་པ་
ནི་འདི་སྙམ་དུ་གལ་ཏེ་དགེ་སློང་དེ་དག་གིས་བདག་ལ་ཇི་ལྟ་བ་བཞིན་སྟོན་ཅིག་ཅེས་སྨྲས་པར་གྱུར་ན། དེ་དག་གིས་བདག་ཟིལ་གྱིས་གནོན་པར་འགྱུར་རོ། །གང་ཡང་སྦྱིན་པ་པོ་སྦྱིན་བདག་དེ་རྣམས་ཀྱིས་བདག་ལ་མཆོད་པར་བྱེད་པ་ལས་དེ་དག་གི་དྲུང་ནས་དེ་དག་རྣམས་ཀྱང་འབྱུང་བར་མི་འགྱུར་
རོ། །བདག་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །ང་རྒྱལ་དང་ངར་འཛིན་པས་གཟུང་བ་དེ་རང་ཉིད་ཀྱི་ཤེས་རབ་ཀྱིས་དོན་རྣམས་གོ་བར་མི་འགྱུར་རོ། །ཟིལ་གྱིས་མནན་པར་གྱུར་པའི་འཇིགས་པས་གཞན་ལ་ཡང་འདྲི་བར་མི་བྱེད་དོ། །ཅི་སྟེ་གང་དག་

རང་ཉིད་ཀྱི་བློས་མི་རྟོགས་ཤིང་ཐོས་ཀྱང་རྟོགས་པའམ་མི་རྟོགས་པའི་དོན་འགའ་ཞིག་ཡོད་པ་དེ་དག་ནང་སྟོང་པ་ཟིལ་གྱིས་གནོན་པས་འཇིགས་པ་དེས། བདག་ཉིད་ཀྱིས་མི་རྟོགས་ལ་ཟིལ་གྱིས་གནོན་པའི་འཇིགས་པས་གཞན་ལ་ཡང་མི་འདྲིའོ། །དེ་ལྟར་ལོག་པར་སྨྲ་བ་དེ་ནི་
བསླབ་པའི་གཞི་ལྔ་ལས་འདའ་བར་འགྱུར་རོ། །འདི་ལྟ་སྟེ། བརྫུན་དུ་སྨྲ་བར་འགྱུར་ཏེ། ཤེས་པས་རྟོགས་པ་མེད་བཞིན་དུ་འོན་ཀྱང་སྨྲ་བར་བྱེད་པ་ནི་བསླབ་པའི་གཞི་ལས་འདའ་བ་དང་པོའོ། །བསླབ་པའི་གཞི་ལས་འདའ་བ་གཞན་གང་ཞེ་ན། འདི་ལྟ་སྟེ། མཆོད་པ་གང་ཞིག་
དེ་ཤེས་པ་དང་ལྡན་པར་བསམས་ནས་སྦྱིན་པ་པོ་དང་སྦྱིན་བདག་གིས་བྱེད་པར་འགྱུར་བ་དེ་མི་འོས་བཞིན་དུ་ཐོས་པ་གཞན་པ་དེས་ལེན་པར་བྱེད་པ་ན་བློ་གྲོས་གཞན་པ་དེའི་མ་བྱིན་པར་ལེན་པ་བར་དུ་གཅོད་པར་བྱེད་པར་འགྱུར་བ་སྟེ། འདི་ནི་བསླབ་པའི་གཞི་ལས་འདའ་བ་གཞན་ཡིན་ནོ། །ཡང་
བསླབ་པའི་གཞི་ལས་འདའ་བ་གཞན་གང་ཞེ་ན། འདི་ལྟ་སྟེ། གང་གི་ཚེ་དགེ་སློང་རབ་ཏུ་བྱུང་བར་གྱུར་པ་དེའི་ཚེ། ཇི་ལྟར་ཚུལ་ཁྲིམས་ལ་ཀུན་ནས་བརྟེན་པ་དང་། ཚུལ་ཁྲིམས་ལ་རབ་ཏུ་གནས་པ་དང་ཚུལ་ཁྲིམས་དམིགས་པར་བྱས་ནས། ངས་ཁྱིམ་གྱི་གནས་ཡོངས་སུ་གཏང་བར་བྱའོ་
སྙམ་པས་བསླབ་པའི་གཞི་ཡོངས་སུ་འཛིན་པར་བྱེད་དོ། །གང་ཞིག་ཐོས་པ་མེད་ཅིང་གཞན་དག་ལ་ཡང་ཐོས་པ་སྟོན་པར་མི་བྱེད་པ་དེའི་ཚུལ་ཁྲིམས་འཆལ་པ་ཡིན་ནོ། །འདི་ནི་བསླབ་པའི་གཞི་ལས་འདའ་བ་གཞན་ཡིན་ནོ། །ཡང་བསླབ་པའི་གཞི་ལས་འདའ་བ་གཞན་ནི་འདི་ལྟ་སྟེ།
གཞན་གྱིས་དྲིས་པ་དང་སླར་དྲིས་པ་བསྟན་པ་ན། ཟིལ་གྱིས་གནོན་པའི་འཇིགས་པས་འཇིགས་པར་འགྱུར་ཏེ། ཆོས་ལ་སྐུར་པ་འདེབས་པར་འགྱུར་རོ། །འདི་ནི་ཆོས་མ་ཡིན་གྱི་དེ་ནི་མཆོག་ཏུ་དཀའ་བ་མཆོག་ཏུ་སྡིག་པའོ་ཞེས་ཆོས་མ་ཡིན་པར་རྗོད་པར་བྱེད་དོ། །ཡང་བསླབ་པའི་གཞི་
ལས་འདའ་བ་གཞན་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་མི་ཤེས་པ་དེའི་ཚེ། ཚངས་པར་སྤྱོད་པ་དང་བཅས་པ་དེ་དག་གིས། ཁྱོད་ཀྱིས་སངས་རྒྱས་ཀྱི་གསུང་ཡང་དག་པར་གྱུར་པ་ཟབ་མོ་འདི་ལྟ་བུ་མ་ཐོས་སོ་ཞེས་བརྗོད་པར་འགྱུར་རོ། །ཇི་ལྟར་ང་ཁོ་ནས་ཤེས་ཀྱི་ཁྱེད་ཀྱིས་ནི་མ་ཡིན་ནོ་ཞེས་

དེ་དགེ་འདུན་ལ་སྤྱོ་བར་འགྱུར། ཟིལ་གྱིས་གནོན་པའི་འཇིགས་པས་འཇིག་རྟེན་སྐུར་བར་འགྱུར་རོ། །ཇི་ལྟ་བ་བཞིན་དམ་པའི་ཆོས་ཀྱི་ཡོན་ཏན་ཉམས་པར་འགྱུར་བར་ཆོས་བརྗོད་པར་འགྱུར་རོ། །མི་འདྲི་བ་ཉིད་ཀྱིས་མཆོག་ཏུ་བརྫུན་དུ་སྨྲ་བ་ནི་ལུས་ཞིག་ནས་
ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །མི་འདྲི་བ་དེ་ལ་སྐྱོན་ཆེན་པོ་གཞན་ཡང་ཡོད་དེ། འདི་ལྟ་སྟེ། གལ་ཏེ་ཅི་ཞིག་ལྟར་ང་རྒྱལ་དེ་ཉིད་ཀྱིས་ནགས་སུ་འཇུག་པར་འགྱུར་རོ། །ཟིལ་གྱིས་མནན་པས་ན་ལམ་བཟང་པོ་སྟོན་པ་པོ་ལ་མི་འདྲི་སྟེ། ང་རྒྱལ་
གྱི་སྐྱོན་གྱིས་ལམ་གང་ཞིག་ཡིན་པར་འགྱུར། ཇི་ལྟར་དམིགས་པ་ཡིད་ལ་བྱ། རྣམ་པ་གང་གིས་ལམ་ཆུད་ཟོས་པར་འགྱུར་བ་སླར་ཡང་ཡིད་ལ་གཞག་པར་བྱ་ཞེས་དེ་སྐད་དུ་མི་འདྲིའོ། །དེ་ལྟར་མ་རྙེད་པ་དེའི་ཡིད་སྐྱོ་བར་འགྱུར་རོ། །ཡང་དེའི་སྐྱིལ་ཀྲུང་ལས་མ་ལངས་པར་ད་འདི་
སྙམ་དུ་རྒན་རབས་དེ་དག་འདི་ལ་ལམ་དང་བསམ་གཏན་མེད་སྙོམས་པར་འཇུག་པ་མེད། དེ་ང་རྒྱལ་གྱི་སྐྱོན་དང་ཟིལ་གྱིས་གནོན་པའི་འཇིགས་པས་བསམ་གཏན་གྱི་འབྲས་བུ་དང་སྙོམས་པར་འཇུག་པའི་འབྲས་བུ་ལ་སྐུར་པ་འདེབས་པར་འགྱུར་རོ། །ཞེས་ང་ལ་སྐྱོ་བར་འགྱུར་རོ་སྙམ་
དུ་སེམས་སོ། །ལོག་པར་ལྟ་བ་དེ་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུངས་དེས་ཚིགས་སུ་བཅད་དེ་གསུངས་པ། དགེ་སློང་བདག་ཤེས་ང་རྒྱལ་ཉམས། །དེ་བཞིན་བླ་མ་
ལ་འདྲི་ཞིང་། །བརྩོན་འགྲུས་ལ་ནི་བརྩོན་འགྱུར་བས། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཇི་སྙེད་ཅིག་ནི་ཐོས་གྱུར་པ། །དེ་སྙེད་ཁོ་ན་རབ་ཏུ་འཆད། །བདག་ཤེས་ལམ་ལས་མ་ཉམས་པ། །དགེ་སློང་གིས་ནི་དེ་ཉིད་རིག །གང་ཞིག་རློམ་དང་བརྙས་པ་ཉམས། །ལམ་དང་ལམ་མ་
ཡིན་ལ་མཁས། །རང་དང་གཞན་དག་ཚུལ་ཤེས་ཤིང་། །ཆོག་ཤེས་དེ་ནི་དགེ་སློང་བརྗོད། །རློམ་ཞིང་མ་རུངས་སེམས་དང་ལྡན། །སྤོབས་པ་ཆུང་ཞིང་འགྱུར་བག་ཅན། །རྙེད་པ་དང་ནི་བཀུར་སྟི་ལ། །ཆགས་པ་ཞི་བར་ག་ལ་འགྱུར། །དེ་ལྟར་མི་འདྲི་ཞིང་རློམ་པ་མ་རུངས་པའི་སེམས་དང་ལྡན་པ་

དེ་ལ་བསམ་གཏན་དང་ཀློག་པའི་བྱ་བ་ཡོད་པ་མ་ཡིན་ནོ། །གཞན་གྱི་ཟས་ཟ་བ་དེ་ཆ་ལུགས་འཛིན་པ་ཙམ་འབའ་ཞིག་གིས་དགེ་སློང་གི་མིང་རྙེད་པར་འགྱུར་ཞིང་ང་རྒྱལ་གྱི་སྐྱོན་དང་མི་འདྲི་བ་ཉིད་ཀྱིས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་
འགྱུར་རོ། །དེའི་ཕྱིར་དགེ་སློང་འདྲི་བའི་རང་བཞིན་ཅན་ནི་ཇི་སྲིད་འཚོའི་བར་དུ་བདེ་བ་དང་ཡིད་བདེ་བར་འགྱུར་རོ། །ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མ་ཐོ་རིས་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་རབ་ཏུ་དང་བ་དང་སྤངས་པའི་ཡོན་ཏན་དེས་མྱ་ངན་ལས་འདའ་བར་འགྱུར་
རོ་ཞེས་དེ་ལྟར་བསླབ་པར་བྱའོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས་ཤིང་ང་རྒྱལ་གྱིས་རེངས་པར་གྱུར་ཏེ། དེ་ང་རྒྱལ་དེས་བླ་མ་རྣམས་དང་། སྦྱིན་གནས་རྣམས་དང་། ཕ་མ་དང་།
སློབ་དཔོན་དང་། མཁན་པོ་རྣམས་དང་། དེ་ལས་གཞན་པ་བླ་མ་ལྟ་བུའི་གང་ཟག་རྣམས་ལ་ཀུན་དུ་འདུན་པ་དང་། འདུད་པ་དང་། རབ་ཏུ་འདུད་པར་མི་བགྱིད་ཅིང་། དེ་ལ་མ་གུས་པར་གྱུར་པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་མཁས་པ། ཁྱད་པར་ཐོབ་པ།
གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའི་བགྱི་བ་ཐམས་ཅད་ཚར་ཕྱིན་པ་དེ་དག་གི་གན་དུ་མི་མཆི། མི་བསྙེན། མི་བསྟེན། བསྙེན་བཀུར་མི་བགྱི། ཡོངས་སུ་མི་འདྲི། ཡོངས་སུ་འདྲིར་མི་འཚལ་ཞིང་། དེ་མ་ཐོས་པའི་ཆོས་ཉན་པར་མི་བགྱིད། ཐོས་
པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མི་བགྱིད། དེ་ལས་གཞན་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་བདུད་ཀྱི་ལྕགས་ཀྱུས་ཟིན་པ། ཆོས་ངན་པ་ལ་སྤྱོད་པ་དེ་དག་ལ་དགའ་བ་རྙེད་པ་དང་། དེ་དག་ཀྱང་དེ་བཞིན་དུ་དེའི་རྗེས་སུ་འཇུག་པར་གྱུར་པ་དང་། དེ་དམན་པ་ལ་བརྟེན་
ཞིང་ཁྱད་པར་དང་བྲལ་བས་འདི་ལྟ་སྟེ་ཞན་པའི་འགྲོ་བ་བླུན་པ། འོན་པ། ལྐུགས་པའི་འགྲོ་བ་དམན་པ་ཉིད་དུ་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་གིས་གྲམ་པའི་ས་ཕྱོགས་སུ་ཤིང་ཙམ་པ་ཀ་བསྐྲུན་ལ། ཆབ་ཚོལ་བར་མི་བགྱིད་ཀྱིས་གང་ནས་ཆབ་མཆི་

བར་མཐོང་བའི་ཕྱོགས་དེ་ཡང་གོར་མ་དང་གྱོ་མོ་དག་གིས་བཀུམ་ན། བཅོམ་ལྡན་འདས་དེ་ལྟར་ན་ཞུགས་ཤིང་ཙམ་པ་ཀ་ཆབ་དང་བྲལ་བ་དེ་ལ་ཡལ་ག་དང་། ལོ་མ་དང་ཡལ་ག་ཕྲེའུ་མ་ཆགས་པ་རྣམས་ཀྱང་ཆགས་པར་མི་འགྱུར། ཡལ་ག་དང་། ལོ་མ་དང་། ཡལ་
ག་ཕྲེའུ་ཆགས་པ་རྣམས་ཀྱང་བསྐམས་ཏེ་དོག་ས་ལ་ལྟུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། ང་རྒྱལ་གྱིས་ཁེངས་ཤིང་། ང་རྒྱལ་གྱིས་རེངས་པར་གྱུར་ན། དེ་དགེ་བའི་བཤེས་གཉེན་དང་། ཆོས་མཉན་པ་དང་བྲལ་ཏེ་
མ་ཐོས་པའི་ཆོས་རྣམས་ཀྱང་མི་ཉན། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཚེ། གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་རོ། །དེ་གཞོལ་བའི་སླད་དུ་ཆུ་ཀླུང་ཐམས་
ཅད་དང་། ཆབ་མིག་དང་། འབབ་ཆུ་ཐམས་ཅད་ཚེགས་ཆུང་ངུས་དེར་འབབ་པོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པ། བླ་མ་དང་སྦྱིན་གནས་ལ་གུས་པ་ལ་ཡང་ཚེགས་ཆུང་ངུས་ཆོས་ཟབ་མོའི་སྒོ་ནས་རྣ་བའི་དབང་པོ་ལ་གྲག་པར་འགྱུར་རོ། །དེ་དྲན་
པ་ལ་ཡང་གནས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས་པ་ང་རྒྱལ་གྱིས་རེངས་པར་གྱུར་ཏེ། བླ་མ་དང་སྦྱིན་གནས་རྣམས་ལ་ཀུན་དུ་མི་འདུད་ཅིང་འདུད་པར་མི་བགྱིད་ལ་རབ་ཏུ་མི་འདུད་ན། བཅོམ་ལྡན་འདས་ཀྱེ་མའོ་བྱང་ཆུབ་སེམས་
དཔའ་འདི་ནི་བདུད་ཀྱི་ལྕགས་ཀྱུས་ཟིན་པར་རིག་པར་བགྱི་སྟེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ང་རྒྱལ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་གཅིག་པའོ་ཞེས་གསུངས་སོ།། །།ཆོས་རྐུ་བ་ལ་དགོངས་པ་བསྟན་པ། གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་།
རྐུན་པོ་ཆེན་པོ་བཞི་པོ་འདི་དག་ནི་གསོ་བར་ནུས་ཀྱི། བསྟན་པ་འདི་ལ་ཆོས་རྐུ་བ་ནི་མ་ཡིན་ནོ། །ཡང་ཆོས་རྐུ་བ་ཞེས་བྱ་བ་གང་ཞིག་ཅེ་ན། གང་ཞིག་འདི་ནི་རུང་ངོ་འདི་ནི་མི་རུང་ངོ་ཞེས་ཅུང་ཟད་ཙམ་གྱིས་དེ་བཞིན་གཤེགས་པའི་གསུང་མ་སྦས་པ་དཀྲུགས་པར་བྱེད་པ་དེ་ནི་རང་གི་སྤོབས་

པ་ཅན་ཞེས་བརྗོད་དོ། །ཡང་གང་ཞིག་རང་གི་སྤོབས་པས་དཀྲུགས་པར་བྱེད་ཅིང་དེ་དེ་བཞིན་གཤེགས་པས་གསུངས་པར་སྨྲ་བ་དེ་ནི་དེ་བཞིན་གཤེགས་པ་ལ་སྐུར་པར་འགྱུར་རོ། །སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་འགྱུར་ཞིང་གང་ཞིག་དེ་དག་ཐམས་ཅད་ལ་ཡང་དག་པ་མ་ཡིན་
པའི་ཚིག་དག་གིས་གཤེ་བར་འགྱུར། སྤྱོ་བར་འགྱུར། སྐུར་པར་འགྱུར་ལ། ཡང་དད་པ་ཅན་ནམ། དད་པ་ཅན་མ་ཡིན་པ་ཡང་རུང་སྟེ། གང་ཞིག་སློབ་དཔོན་གྱིས་མཛད་པ་མ་གྲུབ་པ་ལ། རང་གི་སྤོབས་པས་བྱས་པའི་ཆོས་འཇུག་པ་འདི་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་ཞེས་
བྱའོ། །གང་ཞིག་རང་སངས་རྒྱས་དེ་དག་ལ་སྐུར་པ་དང་། གང་ཞིག་དེ་བཞིན་གཤེགས་པ་ལ་སྐུར་པ་དག་ལས། དེ་བཞིན་གཤེགས་པ་ལ་སྐུར་པ་འདི་ཆེས་ལྕི་བ་ཡིན་ནོ། །ཡང་གང་ཞིག་འདི་སྐད་དུ་བསླབ་པ་སྤོང་། སངས་རྒྱས་སྤོང་། ཆོས་སྤོང་། དགེ་འདུན་སྤོང་ངོ་
ཞེས་སྨྲ་བར་འགྱུར་བ་དེ་དག་ནི་གལ་ཏེ་སྟོན་པའི་གསུང་སྤངས་ནས་རང་གི་སྤོབས་པས་བྱས་པའི་ཚིག་ལ་བསྟོད་ན་དེ་ལྟར་ན་སྤངས་པར་འགྱུར་ཏེ། ཀུན་དགའ་བོ་འདི་ནི་ཆོས་རྐུ་བ་ཞེས་བྱའོ། །གང་ཞིག་རང་གི་སྤོབས་པས་ཚིག་གཅིག་ནང་དུ་བཅུག་ནས་སློབ་དཔོན་གྱིས་མཛད་པ་
ཡོངས་སུ་རྫོགས་པར་བྱས་སོ་སྙམ་དུ་སེམས་པ་འདི་ནི་དོན་མ་ཡིན་པ་དེས་ཆོས་རྐུན་པོ་དང་ཆོས་ཀྱི་ཆོམ་རྐུན་པ་ཞེས་བྱ་བ། ཆོས་སུན་འབྱིན་པར་བྱེད་པ་ཞེས་བྱའོ། །ཀུན་དགའ་བོ་འཛིན་པ་དེ་དག་དང་ལྡན་པ་དེ་གང་སངས་རྒྱས་ལ་རབ་ཏུ་དང་བ་བསྒོམ་པ་དང་། ཆོས་དང་དགེ་འདུན་ལ་
རབ་ཏུ་དང་བ་བསྒོམ་པ་ནི་གནས་མེད་ཅིང་གོ་སྐབས་མེད་དེ་འདི་ནི་གནས་མེད་དོ། །ཕྱི་ནས་དེ་ནི་འདི་ནི་རིགས་སོ། །འདི་ནི་མི་རིགས་སོ། །འདི་ནི་འབྲེལ་ལོ། །འདི་ནི་མི་འབྲེལ་ལོ་ཞེས་མདོ་སྡེ་ཐོས་པ་ཙམ་དུ་འགྱུར་བ་སྤོང་ངོ་ཞེས་དེ་ལྟར་འདོད་པར་བྱའོ། །མི་དགེ་བའི་རྩ་བ་དང་
ལྡན་པ་དེ་མཁས་པས་ལྷག་པར་རློམ་པར་འགྱུར་རོ། །དེ་ལུས་ཞིག་ནས་ཤི་བའི་འོག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ཡང་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་བླུན་པོར་འགྱུར། འོན་པར་འགྱུར། ལྕེ་མེད་པར་འགྱུར། ལྕེ་གཉིས་པར་འགྱུར། ལྕེ་ཐོར་པ་ཅན་

དུ་འགྱུར། མི་འབྲེལ་པ་སྨྲ་བའི་ལྕེ་ཅན་དུ་འགྱུར། ལྕེ་ལྐུགས་པ་ཅན་དུ་འགྱུར་རོ་ཞེས་གསུངས་སོ།། །།བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་ལ་དགོངས་པ་བསྟན་པ། བརྗོད་དུ་མེད་པའི་མདོ་ལས་ཀྱང་། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་
དགའ་བ་དང་ལྡན་པ་འཁོར་དེར་འདུས་པར་གྱུར་ཅིང་འདུག་པ་དེས། བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་ལ་སློབ་པ་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་སླུ་བར་བྱེད་པ་ཡིན། སྨྲས་པ། དེ་གལ་ཏེ་བདག་ནི་ཚུལ་ཁྲིམས་དང་
ལྡན་ནོ། །གཞན་ནི་ཚུལ་ཁྲིམས་འཆལ་ལོ་ཞེས་དེ་ལྟར་སློབ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་གལ་ཏེ་བདག་ནི་གཏོང་བ་དང་ལྡན་ནོ། །གཞན་དག་ནི་སེར་སྣ་ཅན་ནོ། །བདག་ནི་བཟོད་པ་དང་ལྡན་ནོ། །གཞན་ནི་གནོད་སེམས་ཅན་ནོ། །བདག་ནི་བརྩོན་འགྲུས་དང་ལྡན་ནོ། །གཞན་
ནི་སྙོམ་ལས་ཅན་ནོ། །བདག་ནི་བསམ་གཏན་པའོ། །གཞན་ནི་སེམས་གཡེངས་པའོ། །བདག་ནི་ཤེས་རབ་དང་ལྡན་པའོ། །གཞན་དག་ནི་ཤེས་རབ་འཆལ་པའོ་ཞེས་དེ་ལྟར་སློབ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །བདག་ནི་འདོད་པ་ཆུང་བའོ། །ཆོག་ཤེས་པའོ། །རབ་ཏུ་རྣམ་
པར་དབེན་པའོ། །དགང་སླ་བ། གསོ་སླ་བ། དགོན་པ་པ་བསོད་སྙོམས་ལ་རྒྱུ་བ། ཕྱག་དར་ཁྲོད་པ། སྦྱངས་པ་ལ་གནས་པ། མ་འདྲེས་པ་རྣམ་པར་དབེན་པ་ལ་དགའ་བ། བརྩོན་པ། མངོན་པར་བརྩོན་པ། མང་དུ་ཐོས་པ། བླང་བར་འོས་པའི་ཚིག་དང་ལྡན་པ། སྟན་པར་སྨྲ་བ། ཚིག་འཇམ་
པ། དྲན་པ་དང་ལྡན་པ། བློ་གྲོས་དང་ལྡན་པ། ཆོ་ག་དང་སྤྱོད་པ་ཕུན་སུམ་ཚོགས་པ། བཀའ་བློ་བདེ་བ། མཐུན་པར་འཛིན་པ། དེས་པ། གནས་བདེ་བ། ཡང་དག་པར་འཛིན་པ་ལ་བརྩོན་པ། བྱམས་པ་ལ་གནས་པ། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཐོབ་པ། བདེན་པར་སྨྲ་བ་དང་།
ཚིག་བདེན་པ་དང་། ཚིག་ཡང་དག་པ་ཅན། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའོ། །བདག་གིས་བདུད་ཀྱི་ལས་རྟོགས་ནས་ཀྱང་སྤང་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དག་ལ་བསླབ་པར་བྱའོ། །བདག་ནི་ཟབ་མོ་ལ་བཟོད་པ་ཅན་ནོ། །བདག་ནི་དེ་བཞིན་གཤེགས་པའི་གསུང་དང་ལན་གྱི་གསུང་

རྟོག་པ་ལ་གནས་པའོ། །བདག་ནི་སྟོན་པ་དང་གསོལ་བ་འདེབས་པ་དང་རྗེས་སུ་ཡི་རངས་པ་དང་ཡོངས་སུ་བསྔོ་བ་ལ་མཁས་པའོ། །བདག་ནི་སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡོམ་པ་དང་དེས་པ་ཕུན་སུམ་ཚོགས་པའོ། །བདག་ནི་འཛིན་པ་དང་ཀློག་པ་དང་རྣམ་པར་རིག་པར་བྱེད་པ་
ལ་མཁས་པའོ། །བག་ཡོད་པས་དགེ་བའི་སྤྱོད་པ་ཐམས་ཅད་ཀྱི་རྒྱུ་མངོན་པར་སྒྲུབ་པར་བྱེད་པའོ། །གཞན་དག་ནི་དེ་དག་སྒྲུབ་པར་བྱེད་པ་མ་ཡིན་ཞེས་དེ་གལ་ཏེ་དེ་ལྟར་བདག་ཉིད་ལ་ཡོངས་སུ་འཛིན་པར་བྱེད་ཅིང་། གཞན་ལ་སྨོད་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །རིགས་
ཀྱི་བུ་གཞན་ཡང་དེ་གལ་ཏེ་འདི་སྙམ་དུ་ཆོས་འདི་དག་ཀུན་ཆུབ་པར་བྱ། ཆོས་འདི་དག་སྤང་བར་བྱ། འདི་དག་འགོག་པར་བྱ། འདི་དག་བསྒོམ་པར་བྱ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་
གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དེ། ཆོས་ཀྱི་དབྱིངས་འདི་ནི་ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན། མངོན་སུམ་དུ་བྱ་བ་མ་ཡིན། བསྒོམ་པར་བྱ་བ་མ་ཡིན་ནོ། །བདག་ནི་བདེན་པར་སྨྲ་བའོ་སྙམ་ན་དེ་བཞིན་གཤེགས་པ་སླུ་
བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདེན་པ་ལ་ནི་ངའོ་ངའི་འོ་སྙམ་དུ་གཉིས་སུ་འཇུག་པ་མེད་དོ། །བདག་གིས་ཐོབ་པོ། །བདག་གིས་མངོན་སུམ་དུ་བྱས་སོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་གིས་ཡོངས་སུ་དག་པར་བྱ་བ་མེད། ཐོབ་པར་བྱ་བ་མེད།
མངོན་སུམ་དུ་བྱ་བ་མེད་དོ། །འདི་ནི་སྦྱོར་བའོ་འདི་ནི་སྤང་བའོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་སྦྱོར་བ་དང་མི་སྦྱོར་བ་མེད་པའོ། །བདག་ནི་དྲན་པ་ཉེ་བར་གཞག་པ་ལ་གནས་པའོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་
ཕྱིར་ཞེ་ན། ཆོས་ཐམས་ཅད་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པར་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་སོ། །བདག་ནི་ཡང་དག་པར་སྤོང་བ་ལ་ཞུགས་སོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྤངས་

པར་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་སོ། །བདག་གི་མངོན་པར་ཤེས་པ་དང་། རིག་པ་དང་། རྫུ་འཕྲུལ་གྱི་ཚུལ་དག་ལ་བརྩོན་ནོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པའི་མཐའ་ནི་མ་འདྲེས་པར་
དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་སོ། །བདག་གི་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་དང་ལྡན་ནོ་སྙམ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་འདུས་མ་བྱས་པའོ། །འཇིག་
ཚོགས་ནི་གཞན་ཁོ་ནའོ། །བགྲོད་པ་གཅིག་པའི་ལམ་ནི་གཞན་ཁོ་ནའོ་ཞེས་དེ་ལྟར་སློབ་ན་དེ་བཞིན་གཤེགས་པ་སླུ་བར་བྱེད་དོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་མདོ་ལས་ཀྱང་། གང་དག་རྙེད་པ་ཅན་དུ་གྱུར་པ་དེ་དག་རྙེད་པ་ཅན་མ་ཡིན་པ་ལ་སྨོད་པར་
འགྱུར། གང་དག་རབ་ཏུ་དང་བ་བྱེད་པར་གྱུར་པ་དེ་དག་རབ་ཏུ་དང་བར་བྱེད་པ་མ་ཡིན་པ་ལ་སྨོད་པར་འགྱུར། གང་དག་ལྟ་བར་བྱེད་པར་གྱུར་པ་དེ་དག་ལྟ་བར་བྱེད་པ་མ་ཡིན་པ་ལ་སྨོད་པར་འགྱུར། གང་དག་བལྟ་ན་སྡུག་པར་འགྱུར་བ་དེ་དག་བལྟ་ན་སྡུག་པ་མ་ཡིན་པ་ལ་སྨོད་པར་འགྱུར་
གང་དག་སྤྲོས་པ་དང་ལྡན་པར་འགྱུར་བ་དེ་དག་སྤྲོས་པ་དང་མི་ལྡན་པ་ལ་སྨོད་པར་འགྱུར། གང་དག་གཏོང་བ་ལ་མོས་པར་གྱུར་པ་དེ་དག་སེར་སྣ་ཅན་དག་ལ་སྨོད་པར་འགྱུར། གང་དག་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དེ་དག་ཚུལ་ཁྲིམས་འཆལ་པ་ལ་སྨོད་པར་འགྱུར། གང་དག་བཟོད་པ་
ཙམ་ཐོབ་པར་གྱུར་པ་དེ་དག་གནོད་སེམས་ཅན་ལ་སྨོད་པར་འགྱུར། གང་དག་བརྩོན་འགྲུས་དང་ལྡན་པར་གྱུར་པ་དེ་དག་སྙོམ་ལས་དང་ལྡན་པ་ལ་སྨོད་པར་འགྱུར། གང་དག་བསམ་གཏན་པར་གྱུར་པ་དེ་དག་སེམས་རྣམ་པར་གཡེངས་པ་ལ་སྨོད་པར་འགྱུར། གང་དག་ཤེས་རབ་དང་
ལྡན་པར་གྱུར་པ་དེ་དག་ཤེས་རབ་འཆལ་པ་ལ་སྨོད་པར་འགྱུར། གང་དག་ཐབས་ལ་མཁས་པར་གྱུར་པ་དེ་དག་ཐབས་ལ་མི་མཁས་པ་ལ་སྨོད་པར་འགྱུར། གང་དག་མང་དུ་ཐོས་པ་དེ་དག་ཐོས་པ་ཉུང་བ་ལ་སྨོད་པར་འགྱུར། ཡིད་དུ་འོང་བ་གང་དང་གང་རྙེད་པར་གྱུར་པ་དེ་དག་དེ་ཉིད་ཀྱིས་

གཞན་ལ་སྨོད་པར་འགྱུར་ཞེས་གསུངས་སོ། །སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་སྦྱིན་པ་སྒྲིབ་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་སྒྲིབ་
པ་ལགས། ཇི་ལྟར་ན་བཟོད་པ་སྒྲིབ་པ་ལགས། ཇི་ལྟར་ན་བརྩོན་འགྲུས་སྒྲིབ་པ་ལགས། ཇི་ལྟར་ན་བསམ་གཏན་སྒྲིབ་པ་ལགས། ཇི་ལྟར་ན་ཤེས་རབ་སྒྲིབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །འཇམ་དཔལ་ཆོས་ཐམས་ཅད་སྒྲིབ་པ་མེད་པ་ཡིན་མོད་གྱི་འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་རང་གི་རྣམ་པར་རྟོག་པས་སྦྱིན་པ་སྒྲིབ་པའི་བྱ་བ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་ནི་སྦྱིན་པ་སྦྱིན་པ་ན། སེར་སྣ་ཅན་རྣམས་ལ་མི་
དད་པའི་སེམས་སྐྱེད་པར་བྱེད་དོ། །མ་དད་པའི་སེམས་དེས་དེ་ལ་ཐ་བའི་སྐྱོན་འབྱུང་བར་འགྱུར་རོ། །ཐ་བའི་སྐྱོན་སྐྱེས་པས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ཚུལ་ཁྲིམས་སྲུང་བ་ན་ཚུལ་ཁྲིམས་འཆལ་པ་རྣམས་ལ་སྨོད་ཅིང་གཤེ་ལ། དེ་དག་གི་མི་སྙན་པ་
སྨྲའོ། །དེ་ལས་དེ་དག་གི་སྐྱོན་ཐོས་ནས་སྐྱེ་བོ་མང་པོ་མ་དད་པར་བྱེད་དོ། །དེ་མ་དད་པ་དེས་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་བཟོད་པ་སྒོམ་པ་ན་བདག་ནི་བཟོད་པ་དང་ལྡན་པ་ཡིན། གཞན་འདི་དག་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནོ་སྙམ་དུ་བཟོད་པའི་རྒྱགས་པས་
བག་མེད་པར་འགྱུར་ཏེ། བཟོད་པའི་རྒྱགས་པས་བག་མེད་པའི་རྩ་བ་ལས་བྱུང་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བརྩོན་འགྲུས་རྩོམ་པ་ན་དགེ་སློང་འདི་དག་ནི་ལེ་ལོ་ཅན་དུ་གནས་པ། མངོན་པར་མི་བརྩོན་པ། དད་པས་བྱིན་པ་ཡོངས་སུ་སྤྱོད་པ་སྟེ། འདི་དག་ནི་ཆུ་ཕོར་
གང་གིའང་འོས་ཀྱང་མ་ཡིན་ནོ། །དེ་བརྩོན་འགྲུས་རྩོམ་པ་དེས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པས་དེ་བྱིས་པ་ཡིན་ནོ་ཞེས་ང་སྨྲའོ། །དེ་བསམ་གཏན་ལ་སྙོམས་པར་འཇུག་པ་ན། བསམ་གཏན་དང་སྙོམས་པར་འཇུག་པ་དེས་འདོད་པ་སྐྱེད་ཅིང་འདི་སྙམ་དུ་སེམས་ཏེ།

བདག་ཅག་ནི་ཏིང་ངེ་འཛིན་ལ་གནས་པ་ཡིན། དགེ་སློང་གཞན་འདི་དག་ནི་སེམས་གཡེངས་པར་གནས་པ་ཡིན། འདུ་འཛི་ལ་དགའ་བས་གནས་པ་སྟེ། དེ་དག་སངས་རྒྱས་སུ་ག་ལ་འགྱུར། འདི་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ལས་རིང་ངོ་། །དེ་འདུ་
ཤེས་ཡིད་ལ་བྱེད་པ་དས་རློམ་པ་དང་བཅས་པའི་སེམས་བསྐྱེད་པ་ཇི་སྙེད་པ་སྐྱེད་པར་བྱེད་པ་དེ་སྙེད་ཀྱི་བསྐལ་པར་འཁོར་བ་ཡོངས་སུ་འཛིན་པར་འགྱུར་རོ། །དེར་དེ་དག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱད་པར་བྱ་དགོས་སོ། །གལ་ཏེ་དེ་མང་དུ་ཐོས་པ་ཞིག་ཡིན་ན། དེ་ཡི་གེ་མེད་པའི་
ཆོས་ཐམས་ཅད་ལ་མི་བདེན་པའི་རྣམ་པར་ཤེས་པར་བརྟགས་ནས་ཤེས་རབ་ཏུ་དམིགས་ཤིང་རློམ་པར་ལྷུར་ལེན་ཏེ་དེ་ནི་མི་བླུན་པོའོ་ཞེས་ང་སྨྲའོ། །མི་ཤེས་པས་བཅོམ་པའོ་ཞེས་ང་སྨྲའོ། །སྐྱེས་བུ་དམ་པ་མ་ཡིན་ནོ་ཞེས་ང་སྨྲའོ། །རྟོག་པས་བཅོམ་པའོ་ཞེས་ང་སྨྲའོ། །གལ་
ཏེ་དེ་ཐེག་པ་ཆེན་པོ་ལ་གནས་པ་ཞིག་ཡིན་ན་དེ་འདི་སྙམ་དུ་འགྱུར་ཏེ། ང་ནི་འཇིག་རྟེན་ན་རྒན་པའོ། །ང་ནི་འཇིག་རྟེན་ན་གཙོ་བོའོ། །ང་ནི་འཇིག་རྟེན་ན་མཆོག་ཏུ་འགྱུར་རོ་སྙམ་མོ། །གལ་ཏེ་དེས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དག་མཐོང་ན། དེ་དག་ལ་མ་དད་པའི་སེམས་སྐྱེད་པར་
བྱེད་དོ། །སྨོད་པར་བྱེད། གཤེ་བར་བྱེད། མི་སྙན་པ་རྗོད་པར་བྱེད་དོ། །དེ་ངན་དུ་སེམས་པ་དེ་དང་ངན་དུ་བརྗོད་པ་དེས་ངན་སོང་དུ་འགྲོ་བ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་
བྲལ་བར་འགྱུར་ཞེ་ན། འདི་ན་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་སོང་བ་རབ་ཏུ་དབེན་པ་ན་གནས་པ་ནི། བདག་ནི་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་ཞུགས་པ། གཞན་གང་དག་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་སྟེ། དེ་ཐམས་ཅད་འདྲེས་པར་གནས་པ། འདྲིས་པ་
མང་བ། དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་བརྩོན་པ་དོར་བའོ་སྙམ་དུ་དེ་ལྟར་སེམས་སྐྱེད་པར་མི་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ནོ་ཞེས་གསུངས་སོ། །དད་པའི་སྟོབས་སྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་

མདོ་ལས་ཀྱང་། བདག་ནི་བདག་ལ་མི་བསྟོད་པ་དང་གཞན་ལ་མི་སྨོད་པ་ལ་གནས་པས། གཞན་དག་ཀྱང་བདག་ལ་མི་བསྟོད་པ་དང་གཞན་ལ་མི་སྨོད་པ་ལ་དགོད་པར་བྱའོ་ཞེས་དབུགས་འབྱིན་པ་ཐོབ་པར་འགྱུར་རོ། །དེ་ལ་བདག་ལ་བསྟོད་པ་ཉིད་ནི། གང་བདག་ཉིད་
ལ་ཡང་དག་པ་མ་ཡིན་པའི་ཡོན་ཏན་སྒྲོ་འདོགས་པ་ཉིད་དོ། །གཞན་ལ་སྨོད་པ་ཉིད་ནི་གང་གཞན་གྱི་ཡང་དག་པའི་ཡོན་ཏན་འཇོམས་པ་ཉིད་དོ་ཞེས་གསུངས་སོ།། །།བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་བརྗོད་པ་ལ་དགོངས་པ་བསྟན་པ། ཡེ་ཤེས་སྒྲོན་མེའི་མདོ་ལས་ཀྱང་།
ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡམས་པར་འགྱུར་ཞེ་ན། འདི་ན་བྱང་ཆུབ་སེམས་དཔའ་བདག་གིས་སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །འོ་ན་
ཅི་ཞེ་ན་བདག་གིས་དེ་བཞིན་གཤེགས་པས་མདོ་སྡེ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་རབ་ཏུ་བརྟགས་པ་དེ་དག་ལ་རབ་ཏུ་བསླབ་པར་བྱའོ་ཞེས་དེ་ལྟར་ན་སྤྱོད་པར་བྱེད་པའོ་ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་
པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡང་ལགས་ལ། སོ་སོར་ཐར་པ་ཙམ་གྱིས་ཡང་དག་པར་མི་སེམས་ཏེ།
བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བརྟེན་པ་ཡང་ལགས་སོ། །ཆོ་ག་དང་སྤྱོད་པ་ལ་ཕུན་སུམ་ཚོགས་པ་ཡང་ལགས་ལ། ཆོ་ག་དང་སྤྱོད་ཡུལ་ཙམ་གྱིས་དག་པར་མི་སེམས་ཏེ། བྱང་ཆུབ་སེམས་དཔའི་ཆོ་ག་དང་སྤྱོད་ཡུལ་ལ་བརྟེན་པ་ཡང་ལགས་སོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་
དག་ལ་ཡང་འཇིགས་པར་ལྟ་ཞིང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་ཡང་བརྟེན་པ་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཤེས་པས་ལས་དང་ཉོན་མོངས་པས་འཇིགས་ཤིང་སྐྲག་པ་

མ་མཆིས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ལགས་སོ་ཞེས་གསུངས་སོ། །སྡོང་པོ་བཀོད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་
འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རབ་ཏུ་བསྟན་པས་ས་ལྟ་བུའོ། །ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པར་བྱེད་པས་ཆུ་ལྟ་བུའོ། །འཇིག་རྟེན་ཐམས་ཅད་ལ་བརྟེན་པ་མེད་པས་རླུང་ལྟ་བུའོ། །ལྟ་བའི་ཉེ་བར་ལེན་པའི་རྩྭ་ཐམས་ཅད་རབ་ཏུ་སྲེག་པས་མེ་ལྟ་
བུའོ། །སེམས་ཅན་ཐམས་ཅད་ཀྱི་གནས་སྣང་བར་བྱེད་པས་ཉི་མ་ལྟ་བུའོ། །ཆོས་དཀར་པོའི་དཀྱིལ་འཁོར་ཡོངས་སུ་རྒྱས་པར་བྱེད་པས་ཟླ་བ་ལྟ་བུའོ། །ཆོས་ཀྱི་སྣང་བ་བྱེད་པས་སྒྲོན་མེ་ལྟ་བུའོ། །མཉམ་པ་དང་མི་མཉམ་པ་ཡོངས་སུ་མཐོང་བར་བྱེད་པས་མིག་ལྟ་བུའོ། །ཐམས་ཅད་
མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ལམ་ལྟ་བུའོ། །མུ་སྟེགས་ངན་པ་རྣམ་པར་སྤོང་བས་མུ་སྟེགས་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་གནས་པས་བཞོན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་སྒོར་འཇུག་པར་བྱེད་པས་
སྒོ་ལྟ་བུའོ། །ཏིང་ངེ་འཛིན་གྱི་ཁང་པ་ན་གནས་པར་བྱེད་པས་གཞལ་མེད་ཁང་ལྟ་བུའོ། །ཆོས་ཀྱི་དགའ་བ་དང་། མོས་པ་ཉམས་སུ་མྱོང་བར་བྱེད་པས་བཟའ་ཤིང་གི་ར་བ་ལྟ་བུའོ་ཞེས་བྱ་བ་ནས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ལ་མཆོད་རྟེན་ལྟ་བུའོ། །
ཞེས་བྱ་བའི་བར་དུ་གསུངས་པ་དང་། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། འཇིགས་པ་མེད་པ་ཞེས་བྱ་བའི་རྩི་ཡོད་དེ། དེ་འཆད་ན་འཇིགས་པ་ལྔ་མི་འབྱུང་སྟེ། འདི་ལྟར་མེས་མི་ཚིག་གོ། །དུག་གིས་མི་ཚུགས་སོ། །མཚོན་གྱིས་མི་ཆོད་དོ། །ཆུས་མི་འཁྱེར་རོ། །དུ་བས་མི་འཆིའོ། །
རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་སེམས་ཀྱི་རྩི་འཆད་པའི་བྱང་ཆུབ་སེམས་དཔའ་ཡང་འདོད་ཆགས་ཀྱི་མེས་མི་འཚིག་གོ། །ཡུལ་གྱི་དུག་གིས་མི་ཚུགས་སོ། །ཉོན་མོངས་པའི་མཚོན་གྱིས་མི་ཆོད་དོ། །སྲིད་པའི་ཆུས་མི་འཁྱེར་རོ། །ཡོངས་སུ་རྟོག་པའི་དུ་བས་མི་འཆིའོ་ཞེས་

གསུངས་པའི་བར་དང་། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་ནོར་བུ་རིན་པོ་ཆེའི་རྒྱལ་པོ་རིན་པོ་ཆེ་ཐམས་ཅད་ཡོངས་སུ་སྡུད་པ་ཞེས་བྱ་བ་ཡོད་དེ། དེ་འཇིག་རྟེན་གྱི་ཁམས་གཞན་དུ་མ་འཕོས་ན། རྒྱ་མཚོ་ཆེན་པོ་ལ་བསྐལ་པས་འཚིག་པའི་མེ་ཐམས་ཅད་ཀྱིས་ཀྱང་ཏལ་ཙམ་ཡང་བསྐམ་
པར་ནུས་པའི་གནས་མེད་སྐབས་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནོར་བུ་རིན་པོ་ཆེ་ཐམས་ཅད་ཡོངས་སུ་སྡུད་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་བསམ་པ་དང་། སེམས་ཀྱི་རྒྱུད་ལ་ཡོད་པ་རྣམས་ཀྱིས་དགེ་བའི་རྩ་བ་
ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་འགའ་ཞིག་རྣམ་པར་ཆུད་ཟ་བར་འགྱུར་བ་དེ་ལྟ་བུའི་གནས་མེད་སྐབས་མེད་དེ། དེ་ནི་མི་སྲིད་དེ། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡོངས་སུ་གཏོང་བ་ཞིག་ཏུ་གྱུར་ན་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱང་སྐམ་པར་འགྱུར་རོ་
ཞེས་གསུངས་པའི་བར་དང་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཇི་སྲིད་དུ་ཉི་ཟླའི་དཀྱིལ་འཁོར་གྱི་འོད་ཀྱིས་སྣང་བར་བྱེད་པ་དེ་སྲིད་དུ་ནོར་དང་། འབྲུ་དང་། རིན་པོ་ཆེའི་རྣམ་པ་དང་། གསེར་དང་། དངུལ་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། གོས་དང་། ལོངས་སྤྱོད་
གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ། །དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མི་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་
ཟག་པ་ཡོད་པའམ། ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ་ཞེས་གསུངས་པའི་བར་དང་། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་
ཡོད་དེ། དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ། ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོས་

པའི་ཡེ་ཤེས་ཀྱིས་བཟུང་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང་། ཉོན་མོངས་པའི་ལྕགས་
ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ། ཟད་པར་མི་ནུས་སོ་ཞེས་གསུངས་པའི་བར་དང་། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་ཐམས་ཅད་ལས་ཁྱད་པར་འཕགས་པའི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་
རྡོ་རྗེ་རིན་པོ་ཆེ་བསམ་པ་ལོག་པར་ཞུགས་པས་ཆག་པར་གྱུར་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་ཕོངས་པ་ཐམས་ཅད་རྣམ་པར་སེལ་ལོ། །དེ་བཞིན་དུ་ཐམས་ཅད་མཁྱེན་
པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་ནན་ཏན་མེད་པས་ཆག་པར་གྱུར་ཀྱང་། འཁོར་བའི་ཕོངས་པ་ཐམས་ཅད་རྣམ་པར་སེལ་ལོ་ཞེས་བྱ་བའི་བར་དུ་གསུངས་སོ། །བྱམས་པ་འཇུག་པའི་མདོ་ལས་ཀྱང་། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་བརྩེ་
བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་བསླབ་པ་གཞན་ལས་འགལ་བར་བྱས་སམ། ངས་ལྟུང་བར་འགྱུར་བའི་ཆོས་བཞི་གང་དག་གསུངས་པ་དེ་དག་གི་ཉེས་པ་བྱས་སམ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་
ཏེ་འདུག་གམ། མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་སེམས་ཀྱང་མ་བཏང་མ་སྤངས་ཏེ། བྱང་ཆུབ་ཀྱི་སེམས་དང་མ་བྲལ་ལ་དམིགས་པ་ཅན་གྱི་སེམས་དང་། མངོན་པར་ཞེན་པའི་སེམས་ཀྱང་མི་སྐྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ཚུལ་ཁྲིམས་དང་
ལྡན་པ་ཁོ་ན་ཡིན་པ་དང་། ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་འདྲེས་པ་དང་། ཚུལ་ཁྲིམས་མ་ཞིག་པ་དང་། ཚུལ་ཁྲིམས་མ་རལ་བ་དང་། ཚུལ་ཁྲིམས་ནག་ནོག་ཅན་མ་ཡིན་པར་གཟུང་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་བསླབ་པ་ཡང་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། ད་དག་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྡིག་པའི་ལས་བྱས་པས་སྲིད་པར་འགྲོ་བ་བསྐྱེད་དུ་ཟིན་ཀྱང་། འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་ཇི་ཙམ་དུ་སྲིད་པར་འགྲོ་བ་བསྐྱེད་པ་དེ་ཙམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་
རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་བསླབ་པ་ཇི་ལྟར་བཅས་པ་ལ་བསླབས་སུ་ཟིན་ཀྱང་། དེ་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་སམ། དམིགས་པར་ལྟ་བ་དང་ལྷན་ཅིག་རྟེན་པར་བྱེད་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཚུལ་
ཁྲིམས་ལས་ཉམས་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སེམས་མི་གཏོང་ལ། དམིགས་པར་ལྟ་བའི་སེམས་ཀྱང་མི་སྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡིན་ནོ། །རིགས་ཀྱི་བུ་གཞན་
ཡང་གནོད་སེམས་ཀྱི་ཐ་བའི་ཉེས་པའི་སེམས་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སེམས་ཅན་རྣམས་ལ་མི་སྙོམས་པའི་ལས་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སེམས་ཅན་རྣམས་དང་ཆོས་རྣམས་ལ་ཐ་དད་པར་འདུ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སེམས་ཅན་
དམིགས་པ་ལ་བརྟེན་པའི་བྱམས་པ་ཕྱོགས་གཅིག་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སྟོང་པ་ཉིད་ལ་མི་བཟོད་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་སྦྱིན་ནོ་འདི་ལ་ནི་མི་སྦྱིན་ནོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་ཡོན་དབུལ་ལོ་འདི་ལ་ནི་མི་
དབུལ་ལོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་ཆོས་བཤད་པར་བྱའོ། །འདི་ལ་ནི་ཆོས་བཤད་པར་མི་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་བསྙེན་བཀུར་བྱའོ། །འདི་ལ་ནི་བསྙེན་བཀུར་མི་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་
པའོ། །བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སོ་སོར་འབྱེད་པར་བྱེད་དེ། འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་འཆལ་པའོ་སྙམ་དུ་སོ་སོར་ཕྱེ་ནས་ཚུལ་ཁྲིམས་འཆལ་པ་ལ་བརྙས་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་

དཔས་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། ཆོས་ཐམས་ཅད་ལ་སེམས་མཉམ་པར་བྱ་དགོས་ཤིང་། ཉི་མ་དང་ཟླ་བའི་དཀྱིལ་འཁོར་དང་འདྲ་བ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ལྟ་བུར་སྙོམས་པའི་སེམས་དང་ཞེས་གསུངས་པ་ནས།
དམའ་བའི་སྨོན་ལམ་མ་འདེབས་ཤིག །དེ་ནི་བྱིས་པའི་སྤྱོད་ཡུལ་ཡིན། །ཤེས་རབ་བཟང་པོ་མཁས་པར་གྱིས། །བྱང་ཆུབ་མཆོག་ལ་འཇུག་པར་གྱིས། །མྱ་ངན་ལས་འདས་འདོད་པའི་ཕྱིར། །སངས་རྒྱས་དེ་བཞིན་གཤེགས་རྣམས་ལ། །གང་གིས་སྟོང་གསུམ་ཐམས་ཅད་ཀྱང་། །རིན་ཆེན་བཀང་
སྟེ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ནས། །སེམས་ཀྱིས་བྱང་ཆུབ་བསྔོ་བྱས་ལ། །ཚིག་ཏུ་བརྗོད་པ་མ་བྱས་ཀྱང་། །དེ་ནི་དེ་བས་ཤིན་ཏུ་ཆེ། །གང་གིས་སེམས་ཅན་ཐམས་ཅད་ལ། །བསྐལ་པ་བྱེ་བ་བརྗོད་མེད་དུ། །སེམས་ཅན་ཀུན་ལ་བསྙེན་བྱས་ཀྱང་། །དེ་ཡི་བཅུ་དྲུག་ཆར་མི་ཕོད། །
གང་གིས་ཐལ་སྦྱར་བྱང་ཆུབ་སེམས་བསྐྱེད་དང་། །ཕྱོགས་བཅུ་དག་ན་འཇིག་རྟེན་དོན་མཛད་པ། །རྣམ་འདྲེན་སངས་རྒྱས་གང་དག་བཞུགས་རྣམས་ལ། །བསོད་ནམས་འདོད་པའི་མི་འགས་སྔོན་ཆད་ཀྱི། །འཁོར་བ་བསྐལ་པ་བྱེ་བར་མཆོད་པ་བས། །མི་གང་མཁས་ཤིང་མཛངས་པའི་རང་བཞིན་ཅན། །
བདེ་བར་གཤེགས་པའི་བསྟན་ལ་ཡིད་ཆེས་ཤིང་། །བྱང་ཆུབ་སེམས་ནི་བརྟན་པོ་བསྐྱེད་ནས་ཀྱང་། །བདེ་གཤེགས་མཆོད་རྟེན་ལ་ནི་མེ་ཏོག་དབུལ། །འདི་ནི་དེ་བས་བསོད་ནམས་ཁྱད་པར་བརྗོད། །བྱང་ཆུབ་སེམས་ཀྱི་མེ་ཏོག་དབུལ་བྱེད་ལ། །བསོད་ནམས་སྔ་མ་དེ་ནི་དཔེར་མི་རུང་། །རྒྱ་
མཚོ་དང་ནི་ཆུ་ཡི་ཐིགས་པ་བཞིན། །སངས་རྒྱས་ཞིང་འདིར་སེམས་ཅན་ཇི་སྙེད་པ། །བསྐལ་པ་རེ་རེ་ལ་ནི་སངས་རྒྱས་གྱུར། །བསྐལ་པ་མང་པོར་ལས་གཞན་མི་བྱེད་པར། །བསོད་ནམས་བཤད་ཀྱང་མཐའ་ནི་ཐུག་པ་མེད། །དེ་ནི་བྱང་ཆུབ་སེམས་ཀྱི་རྣམ་སྨིན་བསྟན། །བསྐལ་པ་མཐའ་
ཡས་བར་དུ་བཤད་ན་ཡང་། །ཅུང་ཟད་ཙམ་ཡང་ཡོངས་སུ་བརྗོད་མི་འགྱུར། །ས་གཞི་དག་ལས་རྡུལ་ནི་ལངས་པ་བཞིན། །ཞེས་བྱ་བའི་བར་དུ་གསུངས་སོ། །བྱང་ཆུབ་ཡང་དག་སྤྲིན་གྱི་མདོ་ལས་ཀྱང་། རྙེད་ཆེན་རབ་ཏུ་བཤད་བྱ་ཡིས། །རྙེད་པ་གང་དང་རྐང་གཉིས་ཀྱི། །དམ་པ་

ཡང་དག་ལྡན་གྱུར་པ། །བསྟན་ཏེ་བྲམ་ཟེ་མཉན་པར་གྱིས། །བདག་ནི་གླིང་བཞིའི་དབང་ཕྱུག་གི །འཁོར་ལོས་སྒྱུར་བར་འགྱུར་བྱ་བར། །འདོད་པར་གྱུར་པའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །སུམ་ཅུ་རྩ་གསུམ་དབང་ཕྱུག་ལ། །འཛེག་པ་བྱེད་པར་
འགྱུར་བ་ནི། །འདོད་པར་གྱུར་པའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །གང་ཞིག་འདོད་ཁམས་གཟུགས་ཁམས་དང་། །གཟུགས་མེད་བླ་ན་མེད་པར་ཡང་། །འདོད་པར་གྱུར་པའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །སེམས་ཅན་
རྣམས་ཀྱི་ཡོངས་འདྲེན་པ། །དོན་འདོད་འགྱུར་བར་བྱ་བ་ཡང་། །འདོད་པར་གྱུར་པའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །ནད་ཀུན་དག་ལས་ཐར་བྱེད་པའི། །སྨན་པའི་རྒྱལ་པོར་འགྱུར་བར་བྱ། །འདོད་པར་གྱུར་པའི་སེམས་ཅན་དེས། །སེམས་ནི་
བྱང་ཆུབ་ལ་གཞོལ་བྱ། །མུན་པ་རྣམ་པར་འཇོམས་བྱེད་པའི། །སྣང་བ་དག་ནི་བྱེད་འགྱུར་བར། །འདོད་པར་གྱུར་པའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །གང་ལས་སྲིད་པ་གསུམ་འབྱུང་བའི། །ཕྱིན་ཅི་ལོག་དག་རབ་འཇོམས་པར། །འདོད་པར་གྱུར་པའི་སེམས་ཅན་
དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །ཀུན་དུ་སྦྱོར་བ་རབ་སྤོང་ཞིང་། །བདུད་དག་ཚར་བཅད་བྱེད་པར་ཡང་། །འདོད་པར་གྱུར་པའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །མ་རིག་ཞི་བར་བྱ་བ་དང་། །སྲིད་པའི་དྲ་བ་གཅོད་འགྱུར་བར། །འདོད་པར་གྱུར་པའི་སེམས་
ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །འདོད་དང་སྲེད་པ་སྤངས་པ་དང་། །ང་རྒྱལ་ང་རྒྱལ་མི་བྱེད་པར། །འདོད་པར་གྱུར་པའི་སེམས་ཅན་དེས། །སེམས་ནི་བྱང་ཆུབ་ལ་གཞོལ་བྱ། །ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། གང་ཞིག་སངས་རྒྱས་ཞིང་འདིར་
སེམས་ཅན་ཀུན། །ཚུལ་ཁྲིམས་འདི་ལ་བསླབ་ཕྱིར་རབ་འགོད་ནའང་། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །དད་པའི་རྗེས་སུ་འབྲང་ལ་རབ་འགོད་ནའང་། །བསོད་

ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །ཆོས་ཀྱི་རྗེས་སུ་འབྲང་ལ་རབ་འགོད་ནའང་། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །
གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །རྒྱུན་དུ་ཞུགས་པའི་ཆོས་འདིར་རབ་འགོད་ནའང་། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །ལན་ཅིག་ཕྱིར་འོང་ཆོས་འདིར་རབ་འགོད་ནའང་། །
བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །ཕྱིར་མི་འོང་བའི་ཆོས་འདིར་རབ་འགོད་ནའང་། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་
སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །དགྲ་བཅོམ་ཆོས་འདིར་རབ་ཏུ་འགོད་བྱེད་ནའང་། །བསོད་ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་ཞིག་སངས་རྒྱས་ཞིང་འདིར་སེམས་ཅན་ཀུན། །རང་སངས་རྒྱས་ལ་རབ་ཏུ་འགོད་བྱེད་ནའང་། །བསོད་
ནམས་ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །བསོད་ནམས་རྒྱུས་གང་ཙན་དན་མཆོག་རབ་བཞིན། །སངས་རྒྱས་ཞིང་དུ་གཙུག་ལག་ཁང་བྱེད་འཇུག །ལྷུན་པོའི་ཚད་ཙམ་མཆོད་རྟེན་བྱེད་འཇུག་པས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །བསོད་
ནམས་དོན་གཉེར་སེམས་ཅན་སྨིན་བྱེད་པ། །གང་ཞིག་རྒྱལ་བའི་མཆོད་རྟེན་འཁོར་ཡུག་དང་། །འདྲ་བ་འདི་ན་དུ་མ་བྱེད་པ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །གང་འདིར་སེམས་ཅན་ཐམས་ཅད་བདེ་བྱའི་ཕྱིར། །མགོ་འམ་ཕྲག་ལ་བསྐལ་པར་ཁྱེར་བྱེད་ན། །བསོད་ནམས་
ཕུང་པོ་སྐྱེས་པ་དེ་འདྲ་དེས། །བྱང་ཆུབ་སེམས་ཀྱི་བཅུ་དྲུག་ཆར་མི་ཕོད། །མྱ་ངན་མེད་ཅིང་བྱང་ཆུབ་དོན་གཉེར་གང་། །མི་དེ་དག་གི་ཆོས་ཉིད་དེ་འདྲ་ཞིང་། །དེ་དག་རྟག་ཏུ་སེམས་ཅན་མཆོག་ཏུ་འགྱུར། །དེ་དག་མཚུངས་མེད་ལྷག་ལྟ་ག་ལ་ཡོད། །དེའི་ཕྱིར་དེ་འདྲའི་ཆོས་ནི་ཐོས་གྱུར་

ནས། །གུས་པར་བྱས་ནས་ཤེས་རབ་ལ་འདུན་གྱིས། །བསོད་ནམས་ཕུང་པོ་དུ་མ་འབྱུང་འགྱུར་ཞིང་། །བླ་མེད་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང་། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་སྦྲུལ་གདུག་པའི་ཕྲུ་གུ་ནི་གྲོགས་མི་དགོས་
པར་ཟའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་གྲོགས་མི་དགོས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དེ། གཅིག་པུ་གཉིས་སུ་མེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་སྲིན་
བུ་མེ་ཁྱེར་བརྒྱ་སྟོང་གིས་ཀྱང་ཉི་མའི་འོད་ཟིལ་གྱིས་གནོན་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་འོད་ཟིལ་གྱིས་གནོན་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་དུག་གི་གཉེན་པོ་ནད་མེད་པར་བྱེད་
པ་ཆུང་ངུས་ཀྱང་དུག་ཤིན་ཏུ་མང་པོ་ཞི་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ནད་མེད་པ་ཆུང་ངུས་ཀྱང་ཉོན་མོངས་པའི་དུག་མང་པོ་ཤིན་ཏུ་ཞི་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་བར་སྣང་ལས་རོ་གཅིག་པའི་ཆུའི་རྒྱུན་འབབ་པ་བབ་
ནས་སྣོད་ཀྱི་བྱེ་བྲག་གིས་རོ་བྲོ་བ་ཐ་དད་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རྣམ་པར་གྲོལ་བའི་ཡེ་ཤེས་རོ་གཅིག་པ་ཡང་དག་པར་བསྒྲུབ་སྟེ། སེམས་ཅན་གྱི་དབང་པོ་ཐ་དད་པ་རྣམས་ལ་ཆོས་བསྟན་པ་ཐ་དད་པ་སྟོན་ཏོ། །ཤ་ར་དྭ་ཏིའི་
བུ་འདི་ལྟ་སྟེ་དཔེར་ན་གང་དུ་འཛམ་བུའི་ཆུ་བོའི་གསེར་བྱུང་བ་དེར་རིན་པོ་ཆེ་ཐམས་ཅད་མོག་མོག་པོར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གང་དུ་བྱང་ཆུབ་སེམས་དཔའི་རིན་པོ་ཆེ་བྱུང་བ་དེར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མོག་མོག་པོར་འགྱུར་རོ་ཞེས་གསུངས་སོ། །
ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཉིད་ལ་རབ་ཏུ་འགོད་པར་བྱེད་ལ། འཇམ་དཔལ་གཞན་ཞིག་ཐེག་པ་

ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་སངས་རྒྱས་ལ་བསྐྲུན་པ་ཅིག་ཀྱང་རྒྱས་པར་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ་ཞེས་གསུངས་སོ། །རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང་། ཀུན་དགའ་བོ་དེ་ལྟ་བས་ན་དཀོན་མཆོག་གསུམ་
ཡོངས་སུ་འཛིན་པར་འདོད་པས་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་གཟུང་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་སྡུད་པར་བྱའོ། །ཀུན་དགའ་བོ་དོན་གྱི་དབང་འདི་གཟིགས་ནས་དེ་བཞིན་གཤེགས་པ་རྣམས་ཉན་ཐོས་དང་རང་སངས་རྒྱས་དག་ལ་བུའི་འདུ་ཤེས་ཡང་
དག་པར་སྐྱེད་པར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་གང་བར་གྱུར་ལ། དེ་དག་ལས་གང་བདག་གིས་སེམས་ཅན་ཁྱེད་ཅག་རྣམས་མགྲོན་དུ་གཉེར་བར་བྱའོ། །བདག་ཉིད་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བ་ན་སྤྱོད་པ་རྣམས་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱའོ་ཞེས་སེམས་ཅན་ཐམས་ཅད་དབུགས་འབྱིན་པར་བྱེད་པ་འགའ་ཡང་མེད་དོ། །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། ལག་པ་དང་རྐང་
པ་དག་བཅད་ན་མི་དེ་གསོན་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་གསོན་པར་འགྱུར་ལགས་སོ། །བཀའ་སྩལ་པ། ཡང་འགའ་ཞིག་སྙིང་ཕྱུང་བར་གྱུར་ན་གསོན་པར་འགྱུར་རམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་ལག་པ་དང་རྐང་
པ་ཇི་ལྟ་བ་དེ་བཞིན་དུ་ངའི་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་དག་ཡིན་ལ། སྙིང་ཇི་ལྟ་བ་དེ་བཞིན་དུ་ངའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་ཞོན་ནས། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་རྩེ་རོལ་དགའ་བར་བྱེད་ལ། འགའ་ཞིག་དེའི་
ཤིང་རྟ་འདྲེན་པར་མི་བྱེད་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ཁོ་ནས་བྱང་ཆུབ་སེམས་དཔའ་དེའི་ཤིང་རྟ་མགོ་བོས་འདྲེན་པར་མཛད་དོ། །ཀུན་དགའ་བོ་གལ་ཏེ་གནས་བརྟན་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་བསྐལ་པའམ། བསྐལ་པ་ལས་ལྷག་པར་རྣམ་པར་ཐར་པའི་སྒོ་གསུམ་ལ་

གནས་ན་ཡང་། དེ་ལ་དེ་བཞིན་གཤེགས་པ་རིམ་གྲོ་དང་བསྙེན་བཀུར་གྱི་ཕྱིར་སྤྲོ་བར་མཛད་པར་མི་འགྱུར་རོ། །ཀུན་དགའ་བོ་གང་བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་ལ་སྨད་དེ། ཉོན་མོངས་པ་ཐམས་ཅད་ཕམ་པར་བྱས་ནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་
པར་བྱེད། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་པའི་དུས་དེ་ནི་ཡོད་ལ། ཡང་ཉན་ཐོས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་འཇུག་ཅིང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་གྱོན་པར་ནུས་པའང་མ་ཡིན་ནོ། །དེས་
ན་དེ་བཞིན་གཤེགས་པ་ནི་འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་དག་པར་གཟུང་བ་གསུང་བར་མཛད་དོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་
དམ་པ་མ་ཡིན་པའི་བུ་དེ་བཞིན་དུ་ངའི་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་དང་དེ་ལས་གཞན་པའི་ཉན་ཐོས་རྣམས་ཡིན་པར་བལྟ་བར་བྱའོ། །དཔེར་ན་བཙུན་མོ་དམ་པའི་བུ་འཁོར་ལོས་སྒྱུར་བའི་མཚན་ཉིད་དང་ལྡན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡིན་པར་བལྟ་བར་བྱའོ་ཞེས་
གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག །འཛམ་བུ་གླིང་པའི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད་པ་ནས། རང་སངས་རྒྱས་ཀྱི་བར་ལ་རབ་ཏུ་འགོད་པར་བྱེད་ལ། རིགས་
ཀྱི་བུའམ་རིགས་ཀྱི་བུ་མོ་འགའ་ཞིག་སེམས་ཅན་གཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་ཕྱིར་གནས་པར་འགྱུར་རོ། །ཀཽ་ཤི་ཀ་གང་
རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱེད་ན་བསོད་ནམས་མང་དུ་སྐྱེད་དོ་ཞེས་གསུངས་སོ། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། འོད་སྲུངས་འདི་ལྟ་སྟེ་དཔེར་ན་བྱ་ཀ་ལ་པིང་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ན་འདུག་པ་མིག་མ་བྱེ་

བ་ཡང་། འདི་ལྟ་སྟེ་ཟབ་ཅིང་སྙན་པའི་སྒྲ་སྐད་ཀྱིས་བྱའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ། མ་རིག་པའི་སྒོ་ངའི་སྦུབས་ན་འདུག་པ། ལས་དང་ཉོན་མོངས་པའི་མུན་པ་དང་རབ་རིབ་ཀྱི་ལིང་
ཏོག་གིས་མིག་ཁེབས་པ་ཡང་འདི་ལྟ་སྟེ། དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སྦྱོར་བའི་སྒྲ་སྐད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ་ཞེས་གསུངས་པ་ནས། འོད་སྲུངས་འདི་ལྟ་སྟེ་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཟླ་བ་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུངས་
དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་
དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཆོས་ཐམས་ཅད་མངོན་པར་འབྱུང་བའི་མདོ་ལས་ཀྱང་། ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་
ལས་སེམས་ཅན་རེ་རེས་ཉི་མ་རེ་རེ་ཞིང་གདན་རྒྱར་གླིང་བཞི་པའི་ཚད་ཙམ་ལ་འཕང་དུ་རི་རབ་ལྷུན་པོའི་ཚད་ཙམ་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ་འཆའ་བར་བྱེད་ལ། སེང་གེའི་གདན་དེ་ཐམས་ཅད་ཀྱང་ལྷའི་གོས་ཀྱིས་གཡོགས་པ་ཞིག་གོ། །རིན་པོ་ཆེ་སྣ་བདུན་གང་ཞེ་ན། གང་འདི་
ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། ཨསྨ་གར་པ་དང་། བདུན་པ་མུ་སཱ་ར་གལ་པའོ། །ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉི་མ་རེ་རེ་ཞིང་སེམས་ཅན་རེ་རེ་ལས་རྙེད་པར་གྱུར་ལ། དེ་དག་ཀྱང་ཇི་ལྟར་འདོད་
པ་བཞིན་ཡོངས་སུ་སྤྱོད་པར་བྱེད་ན། ཤཱ་རིའི་བུ་དེ་ལྟར་བྱས་ཀྱང་བྱང་ཆུབ་སེམས་དཔའ་ཡོན་གནས་ཤིན་ཏུ་ཡོངས་སུ་དག་པ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཉན་ཐོས་དང་

རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་ཡིན་ནོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་། བྱམས་པ་འདི་ལྟ་སྟེ་དཔེར་ན་མི་འདི་ཙམ་དུ་སྟོབས་དང་ལྡན་པ། འདི་ཙམ་དུ་ཤུགས་དང་ལྡན་པ། འདི་ཙམ་དུ་མཐུ་དང་ལྡན་པ། འདི་ཙམ་
དུ་བརྩོན་འགྲུས་དང་ལྡན་པ་ལ་ལ་ཞིག་སྐྱེས་པར་གྱུར་ལ། དེས་རྒྱ་མཚོ་ཆེན་པོ་བཞི་པོ་དག་ཆུའི་ཕུང་པོ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཆུ་ཀླུང་ཆེན་པོའི་རྒྱུན་གང་དང་གང་དག་ནས། རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་པའི་ཆུ་ཀླུང་ཆེན་པོའི་རྒྱུན་དེ་དག་ཉིད་ནས་ཆུའི་མཐའ་ཕྱིར་བཟློག་
ནས། རྒྱུན་ལས་བཟློག་ཐབས་ཁོ་ནར་མཚོ་ཆེན་པོ་མ་དྲོས་པའི་ནང་དུ་བབ་པར་གྱུར་ན། བྱམས་པ་འདི་ཇི་སྙམ་དུ་སེམས། མི་དེ་དཀའ་བ་བྱེད་པ་དང་། ངོ་མཚར་ཆེ་བ་དང་། བརྩོན་འགྲུས་ཆེ་བ་ཡིན་སྙམ་མམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བདེ་བར་
གཤེགས་པ་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། དེ་བས་ཀྱང་གང་དག་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་ཀུན་དུ་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ནན་ཏན་གྱིས་མཛེས་པར་བྱེད་པ་དེ་དག་ཆེས་ཤིན་ཏུ་དཀའ་བ་བྱེད་པ་དང་ངོ་མཚར་ཆེ་བ་ཡིན་ནོ་ཞེས་གསུངས་སོ། །དཔས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་ནི་དགའ་བ་སྟེ། །སེམས་ཅན་ཐམས་ཅད་བདེ་བགྱིད་པའི། །
སེམས་ཅན་འདིར་སུ་དགའ་བསྐྱེད་པ། །དེ་དག་འཚོ་བ་ལེགས་པར་འཚོ། །སེམས་ཅན་ཀུན་ལ་ཕན་བགྱིད་པའི། །སེམས་ནི་གང་དག་སྐྱེད་གྱུར་པ། །དེ་དག་སེམས་ཅན་ཐམས་ཅད་དགའ། །དེ་དག་མཐོང་ན་དགའ་བར་འགྱུར། །བྱང་ཆུབ་སེམས་ལ་སུ་དགའ་བ། །དེ་
དག་ལུས་ནི་གསེར་འདྲ་ཞིང་། །མཚན་གྱིས་ཤིན་ཏུ་སྤྲས་པ་དང་། །འཇིག་རྟེན་སྣང་བར་བྱེད་པར་འགྱུར། །བྱང་ཆུབ་སེམས་ནི་སེམས་ཆེ་སྟེ། །སེམས་ཀུན་ནང་ན་དགེ་བ་མཆོག །ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས། །ནད་ཀུན་རབ་ཏུ་ཞི་བར་བགྱིད། །ཅེས་གསུངས་སོ། །

གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་། །དེ་ལ་ཚུལ་ཁྲིམས་ཀྱི་སྟོབས་གང་ཞེ་ན། གང་གིས་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ལོག་པར་ལྟ་བ་ཤེས་པ་དང་། གང་གིས་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ལོག་པར་ལྟ་བ་འདོར་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་
གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པ་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང་ལྡན་པ་འགའ་ཅམ་ཡང་ཚུལ་ཁྲིམས་དང་ལྡན་པར་མ་གསུངས་སོ། །འདི་ཉེ་བར་བཟུང་ནས་དེ་བཞིན་གཤེགས་པ་མངོན་པར་གྲུབ་པར་གསུང་བར་མི་མཛད་དོ། །འོན་
ཀྱང་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང་ལྡན་པ་ནི་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །སྡོང་པོ་བཀོད་པའི་མདོ་ལས་ཀྱང་། འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་གང་ལགས། སྨྲས་པ། རིགས་ཀྱི་བུ་བཅུ་པ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་
སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ལྷག་པའི་བསམ་པ་ནི་དགེ་བའི་བཤེས་གཉེན་གྱི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ས་ལ་གནས་
པ་ནི་ཕ་རོལ་ཏུ་ཕྱིན་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སྨོན་ལམ་མངོན་པར་བསྒྲུབས་པ་ནི་སྤྱོད་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །སྙིང་རྗེ་ཆེན་པོ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་རིགས་སུ་སྐྱེས་པས་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྟོགས་པར་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཐེག་པ་ཆེན་པོ་ནི་ཐབས་མཁས་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་ཚེའི་སའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བའི་རིགས་སུ་སྐྱེས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ཐབས་དང་ཤེས་རབ་གཉིས་ནི་མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་

ཀྱི་ཚེའི་སའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་ནན་ཏན་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་སྟེ། རིགས་ཀྱི་བུ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ་ཞེས་
གསུངས་སོ།། །།བྱང་ཆུབ་ཀྱི་སེམས་ལ་འདུན་པ་བཟློག་པ་ལ་དགོངས་པ་བསྟན་པ། གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་། སྡིག་པའི་དགེ་སློང་ཆོས་དྲུག་དང་ལྡན་པ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ཞིང་། རྟག་ཏུ་སངས་རྒྱས་རྣམས་མཉེས་པར་མི་བྱེད་པར་འགྱུར་རོ། །
དྲུག་གང་ཞེ་ན། འདི་ན་སྡིག་པའི་དགེ་སློང་མུ་སྟེགས་ཅན་གཞན་གྱི་ངག་ཁོང་དུ་ཆུད་པར་བྱེད་པ་དང་། དགེ་སློང་མ་ཚུལ་ཁྲིམས་དང་ལྡན་པ་དག །ཚུལ་ཁྲིམས་ཀྱི་ཕུང་པོ་ལས་ཉམས་སུ་འཇུག་པར་བྱེད་པ་དང་། དགེ་སློང་ཚངས་པར་སྤྱོད་པ་དང་བཅས་པ་དག །ཚངས་པར་སྤྱོད་པ་མ་
ཡིན་པ་འཁྲིག་པའི་ཆོས་ཀྱིས་སྐུར་པ་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་བྱང་ཆུབ་ཀྱི་སེམས་ལས་རྣམ་པར་དབྱེ་བར་བྱེད་པ་དང་། སངས་རྒྱས་ཀྱི་གསུང་དུ་གཞན་གྱིས་སྒྲོ་བཏགས་པ་འཁོར་གྱི་ནང་དུ་འདུག་སྟེ་སྨྲ་བ་དང་། དགེ་བསྙེན་བསླབ་པའི་གཞི་ལྔ་དང་ལྡན་པའི་ཆུང་མ་བགྲོད་པར་བྱེད་
པ་སྟེ། སྡིག་པའི་དགེ་སློང་ཆོས་དྲུག་པོ་འདི་དག་དང་ལྡན་པ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཞིང་། རྟག་ཏུ་སངས་རྒྱས་རྣམས་མཉེས་པར་མི་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །དཔས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། སེམས་ཅན་བསོད་ནམས་ཆུང་ངུ་
རྣམས། །བྱང་ཆུབ་སེམས་ནི་འདོད་མི་བགྱིད། །འཁོར་བ་ལ་ནི་མི་རྟོག་པ། །བྱང་ཆུབ་སེམས་ཀྱིས་སྐྱོ་བར་འགྱུར། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །
དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་ཡོངས་སུ་སྤངས་པ་ཉིད་ཀྱིས། སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱའོ་ཞེས་གསུངས་སོ། །རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང་། དེ་ལ་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་བཀའ་

སྩལ་པ། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་ཏེ། ཤཱ་རིའི་བུ་རང་སངས་རྒྱས་དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་དེ་དག་གི་ཚུལ་ཁྲིམས་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་
ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལས་བྱུང་བའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བལྟ་བར་བྱའོ། །རང་སངས་རྒྱས་དེ་དག་གི་བཟོད་པ་གང་ཡིན་
པ་དང་། བྱང་ཆུབ་སེམས་དཔའི་བཟོད་པ་གང་ཡིན་པ་ལས་བཟོད་པ་སྔ་མ་དེས་ནི་བཟོད་པ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་འགྲོའོ་ཞེས་དེ་བཞིན་དུ་སྦྱར་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་།