Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 112

Văn bản gốc(Tây Tạng)

Trang 11 / 17 (50.000 ký tự/trang)
བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་མཆོག་ཅེས་བྱའོ་ཞེས་བྱ་བ་ནས་གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་དང་། ཤཱ་རིའི་བུ་དེ་ལྟར་ན་སེམས་བསྐྱེད་པ་མཆོག་རྣམས་ལ། གང་ཞིག་བར་དུ་གཅོད་
པར་བརྩོན་པ་དེ་ནི་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་དོ། །གང་ཞིག་རང་སངས་རྒྱས་དེ་དག་གི་རང་གི་བྱང་ཆུབ་ལ་བར་ཆད་བྱ་བའི་ཕྱིར་བརྩོན་པ་དང་། གང་ཞིག་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱ་བའི་ཕྱིར་བརྩོན་པ་དེ་གཉིས་ལས། འདི་ནི་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེས་
མང་དུ་སྐྱེད་དོ་ཞེས་གསུངས་སོ། །ངེས་པ་དང་མ་ངེས་པ་ལ་འཇུག་པར་འགྲོ་བའི་ཕྱག་རྒྱའི་མདོ་ལས་ཀྱང་། འཇམ་དཔལ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞིག་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་འདུན་བཟློག་པར་
བྱེད་ལ། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཞིག་ཐ་ན་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཐེག་པ་ཆེན་པོ་ལ་འདུན་པ་ཟློག་པར་བྱེད་ན། འདི་ཉིད་དེ་བས་སྡིག་པ་ཆེས་གྲངས་མེད་པར་སྐྱེད་དོ་ཞེས་གསུངས་སོ། །བུ་མོ་ཡོན་ཏན་གྱིས་བརྒྱན་

པས་ཞུས་པའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ལ་བུ་མོ་ཡོན་ཏན་གྱིས་བརྒྱན་པ་མངོན་པར་ཤེས་པ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་དང་ལྷན་ཅིག་གནས་པ་གཅིག་གིས་གནས་པར་མི་བགྱི་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་དགེ་བའི་
བཤེས་གཉེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཐེག་པ་ཆེན་པོར་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་མ་གཏོགས་པ། གང་དག་བྱང་ཆུབ་སེམས་དཔའི་མི་དགེ་བའི་བཤེས་གཉེན་ནི་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་
བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་བཅས་པ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་སྐྱེ་དགུ་ལ་ངས་མ་མཐོང་ངོ་། །བུ་མོ་ཉན་ཐོས་དང་རང་སངས་རྒྱས་དག་ནི་བྱང་ཆུབ་སེམས་དཔའི་མི་དགེ་བའི་བཤེས་གཉེན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཉིད་
ལ་ཕན་པར་ཞུགས་པའི་ཕྱིར་རོ། །སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང་གནས་པ་གཅིག་གིས་གནས་པར་མི་བྱའོ། །གནས་ཁང་གཅིག་གམ། སྟན་གཅིག་གམ། འཆག་ས་གཅིག་གམ། ལམ་གཅིག་ཏུ་འགྲོ་
བར་མི་བྱ་སྟེ། གཞན་དུ་ན་ཐེག་པ་ཆེན་པོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་མི་ཕྱེད་པའི་དད་པ་དང་ལྡན་པས་དེ་དག་དང་ལྷན་ཅིག་གནས་པར་བྱ་བར་ངས་རྗེས་སུ་གནང་ངོ་། །དགེ་བའི་རྩ་བ་མ་སྨིན་པ་
དགེ་བ་འདི་ལྟ་བུའི་མདོ་སྡེ་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་བྱང་ཆུབ་ཀྱི་སེམས་ལ་བར་དུ་གཅོད་པར་བྱེད་པའོ། །འདི་དག་ནི་བྱང་ཆུབ་ཀྱི་སེམས་ལ་འདུན་པ་ཟློག་པར་བྱེད་པའོ། །འདི་དག་ནི་བྱང་ཆུབ་ཀྱི་སེམས་ལ་ཅོ་འདྲི་བར་བྱེད་པའོ། །བུ་མོ་བྱང་ཆུབ་སེམས་དཔས་
སྲོག་ཡོངས་སུ་གཏང་བར་བྱ་བ་ནི་བླའི། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཏང་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་ནི་མ་ཡིན་ནོ། །བུ་མོ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཏང་ཞིང་། དམ་པའི་ཆོས་ཡོངས་སུ་

འཛིན་པ་བཏང་། དེ་བཞིན་གཤེས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་བཏང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཏང་ནས་གང་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་སེམས་སྐྱེད་པར་བྱེད་པ་དང་། གང་ཞིག་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་
སེམས་ལ་འདུན་པ་ཟློག་པར་བྱེད་ཅིང་ཅོ་འདྲི་བར་བྱེད་ན། དེ་གཉི་ག་ཡང་ངན་འགྲོ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །བུ་མོ་བྱང་ཆུབ་སེམས་དཔས་བཤའ་ས་དང་ལྡན་པའི་ལས་ལྔ་བྱས་པ་ནི་བླའི། བྱང་ཆུབ་ཀྱི་སེམས་དང་བྲལ་བས་རྒྱུན་དུ་ཞུགས་པའི་འབྲས་བུ་བསྟེན་པས་ནི་མ་
ཡིན་ནོ། །བུ་མོ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བས། བསྐལ་པའམ་བསྐལ་པ་བརྒྱའམ་བསྐལ་པ་སྟོང་ངམ་བསྐལ་པ་བརྒྱ་སྟོང་དུ་སེམས་ཅན་དམྱལ་བར་གནས་པ་ནི་བླའི། བྱང་ཆུབ་ཀྱི་སེམས་དང་བྲལ་བས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྟེན་པ་ནི་མ་ཡིན་ནོ། །
བུ་མོ་བྱང་ཆུབ་སེམས་དཔའ་དུད་འགྲོའི་སྐྱེ་གནས་དག་ཏུ་ལྷུང་བ་ནི་བླའི། བྱང་ཆུབ་ཀྱི་སེམས་དང་བྲལ་བས་ཕྱིར་མི་འོང་བའི་འབྲས་བུ་བསྟེན་པ་ནི་མ་ཡིན་ནོ། །བུ་མོ་བྱང་ཆུབ་སེམས་དཔས་སྲོག་གཅོད་པ་བྱས་ནས་སེམས་ཅན་དམྱལ་བར་གནས་པ་ནི་བླའི། དགྲ་བཅོམ་པ་མངོན་དུ་བྱས་ནས་རྐུན་པོ་
བྲེད་ཤ་ཐོན་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མ་ཡིན་ནོ། །བུ་མོ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པའི་བསམ་པ་ཅན་མེའི་འོབས་སུ་འདུག་པ་ནི་བླའི། བྱང་ཆུབ་ཀྱི་སེམས་དང་བྲལ་བས་ཉན་ཐོས་ཀྱི་མྱ་ངན་ལས་འདས་པའི་དབྱིངས་སུ་གནས་པ་ནི་མ་ཡིན་ནོ། །
བུ་མོ་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མཆོད་པར་འོས་པར་འགྱུར་རོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་།
རབ་འབྱོར་གལ་ཏེ་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་སངས་རྒྱས་ཀྱི་ཆ་ལུགས་སུ་འོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལུང་སྟོན་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་འདི་

ནི་གདོན་མི་ཟ་བར་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་པ་ཡིན་གྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་ཡང་དག་པར་འཛིན་
དུ་འཇུག་པར་མཛད་པ་ནི་མ་ཡིན་ནོ་ཞེས་སེམས་པར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ཀློག་ཅིང་ཁ་ཏོན་བྱེད་པ་ལ། བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་ལུགས་སུ་འོངས་ནས་འདི་སྐད་ཅེས་འདི་དག་ནི་སངས་རྒྱས་
ཀྱིས་གསུངས་པ་མ་ཡིན་ཞིང་ཉན་ཐོས་ཀྱིས་ཀྱང་མ་ཡིན་ལ། གང་ལ་ཁྱོད་སྤྱོད་པའི་མདོ་སྡེ་འདི་དག་ནི་བདུད་ཀྱིས་སྨྲས་པའོ་ཞེས་སྨྲ་བར་འགྱུར་བ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་འབྱེད་
པར་བྱེད་པ་དེ་ནི་གདོན་མི་ཟ་བར་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ།། །།བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་དགོངས་པ་བསྟན་པ། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས་ཀྱང་། དེ་སྐད་ཅེས་གསོལ་པ་
དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། །བཞི་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་ང་རྒྱལ་དང་། ཆོས་ལ་མ་གུས་པ་
དང་། དགེ་བའི་བཤེས་གཉེན་ལ་ཁྱད་དུ་གསོད་པ་དང་། ལོག་པའི་ཚིག་སྨྲ་བ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་
འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རྣལ་འབྱོར་སྤྱོད་པ་དག་དང་འདྲིས་པར་བྱེད་པ་དང་། ཐེག་པ་དམན་པ་ལ་མོས་པ་དང་། བྱང་ཆུབ་སེམས་དཔའ་སྡང་ཞིང་སྐུར་པ་འདེབས་པ་དང་། ཆོས་རྣམས་ལ་སློབ་དཔོན་དཔེ་མཁྱུད་བྱེད་པ་སྟེ། སྲེད་མེད་ཀྱི་བུ་བྱང་

ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྒྱུ་བྱེད་པ་དང་། སེམས་ཅན་རྣམས་ལ་གཡོས་
སྟེན་པར་བྱེད་པ་དང་། དགེ་བའི་བཤེས་གཉེན་རྣམས་ལ་ལྕེ་གཉིས་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་
བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བདུད་ཀྱི་ལམ་ལ་གཏོགས་པ་དང་། ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང་། ལྷག་པའི་བསམ་པ་སྟོབས་ཆུང་བ་དང་། ཤེས་རབ་དང་ཐབས་མེད་པ་སྟེ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་
དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ་ཞེས་གསུངས་སོ། །ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། རྒྱལ་པོ་ཆེན་པོ་བཅུ་དྲུག་པོ་འདི་དག་ནི་གང་ཟག་ཕྲག་དོག་ཅན་གྱི་མཚན་མ་ཡིན་པར་རིག་པར་བྱ་སྟེ། བཅུ་དྲུག་གང་ཞེ་ན། ཁ་ལུག་ལྟར་ལྐུགས་པ་དང་། མུ་ཅོར་སྨྲ་བ་དང་།
ལེགས་པར་མ་བསྡམས་པ་དང་། གཞན་གྱི་བསྔགས་པ་མ་ཡིན་པ་བདེན་པར་འཛིན་པ་དང་། གཞན་གྱི་ཡོན་ཏན་དག་ལ་ཡིད་མི་ཆེས་པ་དང་། བསམ་པ་མང་བ་དང་། མྱ་ངན་མང་བ་དང་། ཡིད་མི་བདེ་བ་མང་བ་དང་། མིག་སེར་བ་དང་། ཁ་དོག་དང་དབྱིབས་ཉམས་པ་དང་། ང་རྒྱལ་གྱིས་ནོན་པ་
དང་། དགེ་སློང་ལ་མི་དགའ་བ་དང་། གློ་བུར་དུ་འོངས་པ་ལ་བསྟིང་བའི་ངང་ཚུལ་ཅན་དང་། བརྩད་དུ་རུང་བའི་འཁྲུལ་པ་ཚོལ་བ་དང་། གནས་ལ་སེར་སྣ་བྱེད་པ་དང་། ཆོས་ཉན་དུ་འགྲོ་བ་ལ་རྣ་བླགས་ཏེ་མི་ཉན་པ་དང་། སེམས་རྣམ་པར་གཡེངས་ཤིང་གཞན་དང་གཞན་དུ་གཏམ་རླུང་ལ་སྐུར་བར་བྱེད་ཅིང་
ཆོས་ཀྱི་གཏམ་ལ་མི་དགའ་སྟེ། འདི་སྐད་དུ་འདི་ཅི་ཟེར་བ་ངས་མི་ཤེས་སོ། །འདི་ནི་བླུན་པོ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱིས་ཆོས་སྟོན་ཏོ་ཞེས་ཀྱང་ཟེར་ཏེ། གང་འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་ལ་མ་གུས་པ་འདི་ཉིད་མི་བླུན་པོ་དེ་དག་མི་ཤེས་པ་ཡིན་ནོ། །བདག་གིས་ནི་

བྱང་ཆུབ་ཐོབ་ནས་གདོད་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཆོས་ལ་གུས་པར་གནས་པར་བྱའོ་ཞེས་ཟེར་ཞིང་། དགེ་སློང་རྣམས་ལ་ཆོས་སྟོན་པ་ན་ཡང་ཕྱི་སྒོ་ནས་འགྲེང་ཞིང་འདུག་ལ་ཆོས་ཉན་པར་བྱེད་དེ། སྟན་ལ་འདུག་མི་འདོད་ན་ཡང་དགེ་སློང་དག་ལ་འཚོལ་བར་བྱེད་དེ། བརྒྱད་སྡེའི་བྱང་ཆུབ་ཀྱི་ཡན་ལག་
གི་གཏམ་སྟོན་པ་ན་ཡན་ལག་བདག་གིས་མཉན་པར་བྱའོ། །དེ་ཐོས་ན་བདག་གི་ནད་དེ་འབྱང་པར་འགྱུར་རོ་སྙམ་མོ། །དེ་བས་ན་མི་བླུན་པོ་དེ་དག་ཆོས་མ་ཡིན་པ་འདོད་པས་བྱང་ཆུབ་ཡོངས་སུ་བཙལ་བར་སེམས་པ་དག་ནི་དཔེར་ན། མིའི་མིག་གཉིས་ཕྱུང་ནས་བལྟ་བར་འདོད་པའམ། ནོར་ཐམས་
ཅད་མེད་པར་བྱས་ནས་མགྲོན་པོ་མང་པོ་དང་མི་མཐུན་པར་འདོད་པའམ། རྐང་པ་བཅད་ནས་ལམ་དུ་འགྲོ་བར་འདོད་པ་དང་འདྲ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་འདོད་པའི་མི་བླུན་པོ་དེ་དག་གི་བྱང་ཆུབ་ནི་དེ་འདྲ་བ་སྙམ་བྱེད་དོ། །རྒྱལ་པོ་ཆེན་པོ་ཆོས་ཉི་ཤུ་རྩ་ལྔ་དང་ལྡན་ན་གང་ཟག་བྱང་ཆུབ་
ལས་ཉམས་པར་རིག་པར་བྱ་སྟེ། ཉི་ཤུ་རྩ་ལྔ་གང་ཞེ་ན། གནས་ལ་སེར་སྣ་བྱེད་པ་དང་། ཁྱིམ་ལ་སེར་སྣ་བྱེད་པ་དང་། བསྔགས་པ་ལ་སེར་སྣ་བྱེད་པ་དང་། ཕྲག་དོག་ཅན་དང་། མ་དད་པ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་དང་། སྡིག་པའི་བསམ་པ་ཅན་དང་། གཡོ་བའི་བསམ་པ་ཅན་དང་།
གཞན་ལ་གནོད་པ་ཅན་དང་། སྤྱོད་ལམ་ཁོང་དུ་ཆུད་པ་དང་། ཚུལ་འཆོས་པ་དང་། འཁོན་དམ་དུ་འཛིན་པ་དང་། གསོག་འཇོག་གི་ཤས་ཆེ་བ་དང་། དེ་བཞིན་གཤེགས་པས་གསུངས་པ་ལ་སྐྲག་ནས་ལོག་པར་བརྡ་སྤྲོད་ཅིང་སྒྲོ་འདོགས་ཏེ་ཆོས་སྤོང་བར་བྱེད་པ་དང་། ལྷག་པའི་ང་རྒྱལ་ཅན་ཡིན་ཏེ་མི་
འདྲི་བའི་ངང་ཚུལ་ཅན་དང་། ཆོས་ལ་སླུ་བ་བྱས་ཀྱང་མི་འགྱོད་པ་དང་། སྙིང་མི་འབེབས་ཤིང་དགྲ་ཟླ་མང་བ་དང་། འཁོར་གྱི་ནང་དུ་སོང་བ་དང་མཐོང་མ་ཐག་ཏུ་གཞན་གྱི་མོས་པ་བཟློག་པའི་ཕྱིར་གཞན་དག་གི་མཚང་འདྲུ་བ་དང་། གསང་བའི་གནས་ལ་ཡིད་བརྟན་པ་ལས་འཁུ་བ་དང་། སྔོན་མཐོང་
ཡང་རུང་མ་མཐོང་ཡང་རུང་བའི་དགེ་སློང་དག་ལ་འདི་རྣམས་ལ་སུ་ཡང་དགའ་བར་མི་འགྱུར་བར་བྱའོ་སྙམ་སྟེ། གནོད་པར་བྱ་བའི་ཕྱིར་བསྔགས་པ་མ་ཡིན་པ་བརྗོད་པ་དང་། གཞན་གྱི་བསྔགས་པ་མ་ཡིན་པ་བརྗོད་པར་བྱ་བའི་ཕྱིར་གཞན་སྦོད་པ་དང་། རྙེད་པའི་བསམ་པས་བདག་བསྙེན་པར་

རྫོགས་པ་དེ་ཉམས་པར་གྱུར་ན་མི་རུང་ངོ་སྙམ་ཏེ་སོ་སོར་བརྟགས་ནས་ཚུལ་ཁྲིམས་གཙང་བའོ། །རྒྱལ་པོ་ཆེན་པོ་གང་ཟག་དེ་འདྲ་བ་དེ་དག་ནི་བསྟན་པ་ལས་ཚབས་ཆེར་ཉམས་པར་འགྱུར་བའམ་ཁྱིམ་གྱི་གནས་སུ་འགྲོ་བར་འགྱུར་ཞེས་གསུངས་སོ། །ཉི་མའི་སྙིང་པོའི་མདོ་
ལས་ཀྱང་། དེ་ནས་བདུད་ཀྱིས་བཀྲབས་པ་ཚུལ་ཁྲིམས་ཀྱི་རྟེན་སྔོན་གྱི་ཚེ་རབས་དང་སྨོན་ལམ་དང་སངས་རྒྱས་རྣམས་ལ་མཆོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསྐུལ་བས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྩྭ་བཀྲམ་པ་ལྟ་བུར་འོངས་པར་གྱུར་ཏེ། གདོང་མཆི་མ་དང་བཅས་པས་ཐལ་མོ་
རབ་ཏུ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱིས་པ་ཇི་ལྟ་བ་དང་། མྱོས་པ་ཇི་ལྟ་བ་དང་། སེམས་འཁྲུགས་པ་ཇི་ལྟ་བ་བཞིན་དུ་ནོངས་པ་ཆགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ནོངས་པ་ཆགས་ལགས་སོ། །འདི་ལྟར་བདག་གིས་དྲན་ལགས་ཏེ། གྲངས་མ་
མཆིས་པ་ཅིག་རྫོགས་པར་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་སྤྱད་ལགས་སོ། །དགེ་བའི་རྩ་བ་ཡོངས་སུ་སྦྱང་བ་མང་དུ་བགྱིས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདས་པ་རྣམས་བཞུགས་པ་བརྒྱ་
སྟོང་ཕྲག་བྱེ་བ་ལ་བདག་གིས་བསྙེན་བཀུར་དང་བཀུར་སྟི་རྣམ་པ་སྣ་ཚོགས་བགྱིས་ཏེ་ཆོས་ཀྱང་ཐོས་ལགས་སོ། །སྨོན་ལམ་ཡང་བཏབ་ལགས་སོ། །དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་ལ་ལ་ཉན་ཐོས་ཀྱི་གཏམ་རྗེས་སུ་སྐུལ་བར་བགྱིད་ལགས་ཏེ། དེ་ནས་བདག་
གིས་མ་བསམས་པར་ཀྱེ་མ་དགེ་སྦྱོང་གི་ལུས་བྱད་ཀྱི་གང་ཟག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་མདུན་དུ་ཉན་ཐོས་ཀྱི་གཏམ་འཆད་པ་འདི་ནི་བདུད་དོ་ཞེས་སྡིག་པ་ཅན་གྱི་ཚིག་བརྗོད་ལགས་ཏེ། དེར་གལ་ཏེ་བདག་གིས་སྡིག་པ་ཅན་གྱི་ཚིག་དེ་མ་སྨས་པར་གྱུར་ན་ནི་དེར་བདག་
གིས་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་ལགས་ན། སུག་ལས་ཀྱི་ལྷག་མ་དེས་བདག་དེ་ནས་ཤི་འཕོས་ནས་བདུད་ཀྱི་གནས་སུ་སྐྱེས་ཏེ། དགུང་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། དགུང་ལོ་བརྒྱ་སྟོང་དག་ཏུ་དེར་བླ་ན་མ་མཆིས་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་བདག་གི་སེམས་བསྐྱེད་པ་གཅིག་ཀྱང་མ་བྱུང་ལགས་ན། ཚངས་པའི་གནས་པ་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ལགས་ཞེས། དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་ལན་གཉིས་ཀྱི་བར་དུ་བཟོད་པ་གསོལ་ཏོ། །ཇི་སྲིད་དུ་སྔོན་གྱི་མཐའི་འཁོར་
བར་འཁོར་བ་དེ་སྲིད་དུ་སླད་ཀྱིས་ཕྱི་མའི་མཐའི་མུར་སེམས་ཅན་དམྱལ་བར་གནས་པར་སྤྲོ་ལགས་ཀྱི་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་ལྡོག་པར་ནི་མི་བགྱིད་ལགས་སོ་ཞེས་གསུངས་སོ། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། འོད་སྲུངས་བྱང་ཆུབ་
སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། སྦྱིན་གནས་ལ་སླུ་བ་དང་། གཞན་འགྱོད་པ་མེད་པ་དག་ལ་འགྱོད་པ་ཉེ་བར་སྒྲུབ་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་
པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་དང་། སྒྱུ་དང་གཡོན་ཅན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་
ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ་ཞེས་གསུངས་སོ། །བརྗོད་ཀྱིས་མི་ལང་བའི་མདོ་ལས་ཀྱང་། དེ་ནས་འཁོར་དེ་ཉིད་དུ་བུ་མོ་རིན་པོ་ཆེ་ཞེས་བྱ་བ་འདུས་པར་གྱུར་ཅིང་འདུག་པ་དེས། བྱང་ཆུབ་སེམས་དཔའ་དགའ་བ་དང་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ། །སྣག་གི་གཉེན་
མཚམས་སངས་རྒྱས་འབྱུང་བ་ནི་རབ་ཏུ་མོས་པར་བྱའོ། །སངས་རྒྱས་འབྱུང་བ་ནི་རྙེད་པར་དཀའོ། །སངས་རྒྱས་འབྱུང་བ་ནི་བརྩོན་འགྲུས་ཞན་པ་དང་། བཅོས་མའི་བསམ་པ་ཅན་དང་། གཡོན་ཅན་དང་། སྒྱུ་ཅན་དང་། ང་རྒྱལ་གྱིས་བཅོམ་པ་དང་། གནོད་སེམས་ཅན་དང་།
ཁྲོ་བ་དང་། ཁོང་ཁྲོ་བ་མང་བ་དང་། སེར་སྣ་ཅན་དང་། བྱས་པ་མི་ཤེས་པ་དང་། བསམ་པ་གསུམ་ཡོངས་སུ་མ་དག་པ་དང་། ཁམས་གསུམ་པ་ལ་མངོན་པར་ཞེན་པ་དང་། དྲི་མ་གསུམ་དང་ལྡན་པ་དང་། དཀོན་མཆོག་གསུམ་ལ་མི་གུས་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་

ལ་སྐྲག་པ་དང་། རྒོད་པ་དང་། ཁེངས་པ་དང་། མུ་ཅོར་སྨྲ་བ་དང་། ངག་གཡེངས་པ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ལུས་དང་ངག་དང་སེམས་ཚུལ་འཆོས་པ་དང་། མ་གུས་པ་དང་། ཁྱིམ་གྱི་གནས་ན་འདུག་པ་དང་། ཚུལ་འཆོས་པ་དང་། ཁ་གསག་
ཅན་དང་། བདག་དང་གཞན་སླུ་བ་དང་། རྙེད་པ་དང་བཤེས་དང་བཀུར་སྟི་ལ་ལྷག་པར་ཞེན་པ་དང་། སྒོ་མ་བསྡམས་པ་དང་། ཉན་ཐོས་ཀྱི་སྤྱོད་པ་ལྷུར་ལེན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་དང་། སེར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་མང་བ་དང་། སྙོམ་
ལས་ཅན་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་པ་དང་། ཐབས་ལ་མི་མཁས་པ་དང་། བྱམས་པ་དང་སྙིང་རྗེ་དང་བྲལ་བ་དང་། ཉོན་མོངས་པ་སེར་སྣའི་རྗེས་སུ་འཇུག་པ་དང་། བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ཏུ་མངོན་པར་ཞེན་པ་དང་། རྒྱུ་དང་བྱ་བ་དང་ལས་དང་རྣམ་པར་སྨིན་
པ་དང་འགལ་བ་དང་། མི་རིགས་པ་དང་མངོན་པར་མི་བརྩོན་པ་དང་། ཐོས་པ་ཆུང་བ་དང་། ཐོས་པ་ལ་མཁས་པ་དང་བྲལ་བ་དང་། རྒྱགས་པ་དང་། བག་མེད་པ་ལ་སྤྱོད་པ་དང་། སྦྱངས་པའི་ཡོན་ཏན་གྱི་ཡོ་བྱད་བསྙུངས་པ་དང་བྲལ་བ་དང་། ལུགས་མ་ཡིན་པ་སྤྱོད་པ་དང་། དགའ་
བ་དང་མི་དགའ་བ་ལ་ལོག་པ་དང་བཅས་པ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བས་བཅོམ་པ་དང་། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ་དང་། ལུས་དང་སྲོག་ལ་ལྷག་པར་ཞེན་པ་དང་། གཟུགས་ལ་དགའ་བ་དང་། སྒྲ་ལ་དགའ་བ་དང་། དྲི་ལ་དགའ་བ་དང་། རོ་ལ་དགའ་
བ་དང་། རེག་བྱ་ལ་དགའ་བ་དང་། སྨྲ་བ་ལ་དགའ་བ་དང་། གཉིད་ལ་དགའ་བ་དང་། འདུ་འཛི་ལ་དགའ་བ་དང་། དུས་མི་ཤེས་པ་དང་། ཚོད་མི་ཤེས་པ་དང་། སྡིག་པའི་གྲོགས་པོ་བསྟེན་པ་ཅན་དང་། དགེ་བའི་བཤེས་གཉེན་དང་བྲལ་བ་དང་། བསྡུ་བའི་དངོས་པོ་སྤངས་པ་དང་།
བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་དང་བྲལ་བས་ནི་བསྙེན་པར་དཀའོ་ཞེས་གསུངས་སོ།། །།དགེ་སློང་རྣམས་ལ་གསོ་དཔྱད་དགག་པ་ལ་དགོངས་པ་བསྟན་པ། གཞི་རྩོམ་པའི་མདོ་ལས་ཀྱང་། དེ་ལ་ཤཱ་རིའི་བུ་དགེ་སློང་གང་དག་ཚུལ་ཁྲིམས་ཞིག་པར་གྱུར་པ་དེ་དག་ནི་ཁྱིམ་

པའི་ལས་ཀྱི་མཐའ་བྱེད་པར་འགྱུར། ཕོ་ཉའི་ལས་ཀྱིས་འཚོ་བ་རྟོག་པར་འགྱུར། །གསོ་དཔྱད་ཀྱི་འཇུག་པས་ཀྱང་འཚོ་བ་རྟོག་པར་འགྱུར། །ཤཱ་རིའི་བུ་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་སྒོ་ནས་འཚོ་བར་འགྱུར། དེ་བཞིན་གཤེགས་པ་ལ་དགྲ་ཟླ་ཉིད་
དུ་ཀུན་དུ་སྤྱོད་པ་ལ་ལྟོས། ཤཱ་རིའི་བུ་དེའི་ཚེ་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། གཞན་ཡང་ལྷ་སྟོང་ཕྲག་མང་པོ་དེ་ལྟ་བུའི་ངོ་བོའི་གསུང་རབ་ལ་རྣམ་པར་འགྱུར་བ་ཆེན་པོ་མཐོང་ནས་སྨྲེ་སྔགས་ཆེར་འདོན་པར་འགྱུར་
རོ། །ཤཱ་རིའི་བུ་གང་ང་ལ་བརྟེན་ནས་ཁྱིམ་པ་རྣམས་ལ་རིམ་གྲོ་བྱེད་པ་འདི་ནི་འོས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཤཱཀྱ་ཐུབ་པ་ངའི་ཉན་ཐོས་དག་ནི་ལྷ་དང་། ཀླུ་དང་། གནོད་སྦྱིན་རྣམས་ཀྱི་ཉེ་གནས་སམ་རིམ་གྲོ་བྱེད་པར་མི་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་སྐྱེས་བུ་
བླུན་པོ་ཁྱིམ་པ་ལ་བསྙེན་བཀུར་བྱེད་པ་ན། དམིགས་པ་མེད་པའི་ཆོས་སྟོང་པ་ཉིད་བསྟེན་པར་འགྱུར་བའམ། གནས་པར་འགྱུར་བ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེའི་ཚེ་དགེ་སློང་ཚུལ་ཁྲིམས་འཆལ་པ་དག་ཁྱིམ་པ་རྣམས་ལ་ཆང་ཕོར་གང་གི་ཕྱིར་སངས་རྒྱས་ཀྱི་གསུང་སྟོན་པར་
འགྱུར་རོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཆགས་པ་ཤས་ཆེ་བ་དང་། རྨོངས་པ་ཤས་ཆེ་བ་དང་། འདུ་འཛི་ལ་དགའ་བ་དང་། སྨྲ་བ་ལ་དགའ་བ་དང་། ལུས་ལ་ཆགས་པ་དང་། སྤྱོད་པ་ཡོངས་སུ་མ་དག་པ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཆོས་དམིགས་པ་མེད་པ་ཤེས་པའམ།
གཏིང་དཔོག་པའམ། མོས་པའམ། དགེ་སྦྱོང་གི་ཆོས་བསྟན་པའམ། འཐོབ་པར་ནུས་སམ་སྟེ། དེ་ནི་གནས་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང་། འཇིག་རྟེན་རྒྱང་པན་པའི་གཏམ་ལ་ལྟོས་པ་མེད་པ་འགྱུར་བར་བྱ། ཉོ་ཚོང་གི་སྤྱོད་པ་ལས་
ལྡོག་པ་དང་། གསོ་དཔྱད་ལ་དགའ་བ་མ་ཡིན་པ་དང་། ཕོ་ཉ་ལ་དགའ་བ་མ་ཡིན་པ་དང་། ཕོ་ཉའི་ལས་ཀྱི་མཐའ་དང་ལྡན་པ་མ་ཡིན་པར་འགྱུར་བར་བྱའོ་ཞེས་གསུངས་སོ། །རྒྱས་པས་ཞུས་པའི་མདོ་ལས་ཀྱང་། གང་ཞིག་ལུས་ན་བའི་འཇིགས་པས་སྨན་པ་ལ་བྱིན་

པར་བྱེད་པ་དེའི་སྦྱིན་པ་ཡང་ཡོངས་སུ་མ་དག་པར་འགྱུར་རོ་ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང་། ཁ་ན་མ་ཐོ་བ་དང་བཅས་པ་སྲོག་གཅོད་པ་བསྡུས་པ་གཉིས་པ་སྤང་བར་བྱ་ཞིང་མི་བྱའོ། །དེ་གང་ཞེ་ན། འདི་ལྟ་སྟེ། གསོ་དཔྱད་དོ། །
དགེ་སློང་གསོ་དཔྱད་བྱེད་པ་ན་བསམ་གཏན་དང་། ཀློག་པ་ལ་སྤྱོད་པར་མི་འགྱུར་རོ། །དེ་གསོ་དཔྱད་བྱེད་པ་ན་རྣམ་པ་གཞན་དུ་བྱེད་ཅིང་། རྣམ་པ་གཞན་དུ་སྨྲ་བར་འགྱུར་རོ། །དེ་ནད་པ་དག་ལ་སེམས་གཏོད་ཅིང་། བློ་དེར་སོན་པར་འགྱུར་རོ། །དེ་དེ་ལྟར་བྱེད་པ་ལ་འདོད་པ་སྟོབས་ཆེ་བར་
འགྱུར་རོ། །འདོད་པས་ཟིལ་གྱིས་ནོན་པ་དེ་སླར་ཡང་ཅི་ནས་ནད་ཚབས་ཆེ་བ་སྣ་ཚོགས་པ་འབྱུང་བར་འགྱུར་ཞིག་གུ། དེས་སེམས་ཅན་རྣམས་གཟིར་ན་སླར་ཡང་རྙེད་པ་དང་བཀུར་སྟི་རྣམ་པ་དུ་མ་འབྱུང་བར་འགྱུར་རོ། །བདག་གྲོང་ནས་གྲོང་དང་། གྲོང་ཁྱེར་ནས་གྲོང་ཁྱེར་དང་། རི་བྲགས་
ནས་རི་བྲགས་སུ་ལྗོངས་རྒྱུ་བས་སོ་སོར་ཡང་དག་པར་རྒྱུ་བར་བྱའོ་སྙམ་དུ་སེམས་པར་འགྱུར་རོ། །དེ་ལྟར་སེམས་པ་བརྣབ་སེམས་ཀྱི་ཟིལ་གྱིས་ནོན་པ་དེ་ལ་ཡིད་ཀྱི་དྲི་མར་འགྱུར་གྱི། དགེ་བ་ལ་སྤྱོད་པར་ནི་མི་འགྱུར་རོ། །གཞན་ཡང་གསོ་དཔྱད་བྱེད་པ་ན་དགེ་སློང་མ་ཡིན་པ་དགེ་སློང་དུ་ཁས་འཆེ་བ་ལ་ཉེས་
པ་ཆེན་པོར་འགྱུར་ཏེ། གང་གི་ཚེ་སྲོག་ཆགས་རྣམས་རླུང་ལ་སོགས་པ་ནད་རྣམས་ཀྱིས་ཟིལ་གྱིས་མནན་པ་དེའི་ཚེ། ཇི་ལྟར་མྱུར་བར་ཏིལ་མར་འོན་ཅིག །གལ་ཏེ་མེད་ན་ཏིལ་ཚིར་ཅིག་ཅེས་རྫས་ཉེ་བར་འདོམས་སོ། །ཏིལ་ཚིར་བ་ལས་ནི་སྲོག་གཅོད་པ་ཆེན་པོར་འགྱུར་ཞིང་སྲིན་བུ་མང་པོ་གསོད་
པར་འགྱུར་རོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་ལ་སྐྱོན་གཞན་འདི་ཡང་ཡོད་དེ། ནད་ལ་ལྟོས་ནས་ཤ་སར་པ་མཚོན་གྱིས་གཅོད་པ། ཧ་ཅང་ཚིལ་ཅན་མ་ཡིན་ལ། མ་ཤི་བ། ནད་ཀྱིས་མ་མནར་བ་གཅན་གཟན་གྱིས་མ་བསད་པ། མི་རིད་པ་འོན་ཅིག་ཅེས་སྒོ་བར་བྱེད་དེ། དེ་
ལྟར་སྒོ་བར་བྱེད་དོ། །གང་ལ་བསྒོ་བ་དང་གང་སྲོག་གཅོད་པ་ལ་སྒོ་བར་བྱེད་པ་ཡང་སྲོག་གཅོད་པ་དང་ལྡན་པར་འགྱུར་ཞིང་། ལས་མཚུངས་པ་དེ་གཉི་ག་སེམས་ཅན་དམྱལ་བ་ཡང་སོས་སུ་འགྲོ་བར་འགྱུར་རོ། །དེ་ལྟར་བརྣབ་སེམས་དང་གནོད་སེམས་ཀྱི་སྐྱོན་གྱིས་ནི་གསོ་དཔྱད་མི་བྱའོ། །

སྨན་པ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ། ཆོམ་རྐུན་པོ་སྡིག་པའི་སྐྱེས་བུ་ལ་ཉེས་པ་གཞན་ཡང་ཡོད་དེ་གང་གི་ཚེ་ནད་ཚབས་ཆེ་བར་གྱུར་བ་དེའི་ཚེ་ནགས་ཀྱི་སྨན་གྱི་ཚོགས་གང་ལྗོན་ཤིང་དང་ལྕུག་མ་དང་གེལ་པ་རྣམས་ཏེ། དོན་གྱི་རྒྱུས་སེམས་ཅན་གྱི་ཚོགས་ཀྱིས་ཡོངས་སུ་
བཟུང་བ་དང་། བརྟེན་པ་དང་བཅས་པ་དང་། ནང་སྲིན་བུ་དག་གིས་གང་བ་དེ་དག་རྫས་ཀྱི་ཕྱིར་བསྒོ་བའམ་གཅོད་པར་འགྱུར་རོ། །དེས་བརྐོ་བ་ན་ས་ལ་གནས་པའི་སྲོག་ཆགས་དེའི་རྩ་བ་ལ་བརྟེན་པ་རྣམས་གསོད་པར་འགྱུར་ཚང་འཇིག་པར་བྱེད་དོ། །གཅོད་པར་བྱེད་པ་ན་དེའི་
ནང་གི་སྲོག་ཆགས་གསོད་པར་བྱེད་ཅིང་དེ་ལ་བརྟེན་པའི་སྲོག་ཆགས་རྣམས་ཀྱང་གསོད་པར་བྱེད་དོ། །གསོ་དཔྱད་བྱེད་པ་ན་ཉེས་པ་གཞན་འདི་ཡང་ཡོད་དེ། དེ་ལྟར་འཚོ་བའི་ཆོས་ཅན་རབ་ཏུ་ཆགས་པའི་ཆོས་ཅན་དེ་ལ་བསམ་གཏན་དང་ཀློག་པ་ལ་མངོན་པར་དགའ་བའི་
སེམས་འབྱུང་བར་ག་ལ་འགྱུར་ཞིང་། དེ་ལ་རྗེས་སུ་ཆགས་པའི་ཡིད་ཅན་ཉེས་པ་སྟོབས་ཆེན་པོ་ཅན་དུ་འགྱུར་རོ། །དེ་ལྟར་ངན་དུ་སེམས་པ་ཅན་སྡིག་པའི་ཆོས་ཅན་དེས་ལྗོངས་འཇོམས་པ་སེམས་པར་བྱེད་དེ། ཇི་ལྟར་གང་གི་ཚེ་ལྗོངས་ཀྱི་སེམས་ཅན་རྣམས་འཇོམས་པར་འགྱུར་བ་དེའི་ཚེ།
བདག་ལ་མཆོད་པ་དང་རྫས་དང་བཟའ་བཏུང་དང་སྟན་དང་མལ་ཆ་དག་གི་རྙེད་པ་དང་བཀུར་སྟི་མང་པོ་འབྱུང་བར་འགྱུར་རོ་སྙམ་དུ་སེམས་པར་འགྱུར། འདོད་པ་མ་བཅོམ་པའི་བློ་ཅན་དེ་དགེ་བའི་ཆོས་རྣམས་སེམས་པར་མི་འགྱུར། བསམ་གཏན་དང་ཀློག་པའི་རང་བཞིན་ཅན་དུ་མི་འགྱུར། བླ་མ་
སྟེན་པར་མི་བྱེད། དགེ་བའི་བཤེས་གཉེན་དང་ཕྲད་པ་ཅན་དུ་མི་འགྱུར། སངས་རྒྱས་ལ་ཕྱག་འཚལ་བའི་རང་བཞིན་ཅན་དུ་མི་འགྱུར་རོ། །ངན་དུ་བྱེད་པ་ཅན་ལུས་ཞིག་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར་རོ། །དེ་དེ་ནས་ཤི་འཕོས་ཏེ་གལ་ཏེ་ལན་
གྲངས་གཞན་དུ་མྱོང་བར་འགྱུར་བའི་ལས་བྱས་པས་མིའི་ནང་དུ་སྐྱེ་བར་འགྱུར་བ་ན། དེ་སྨན་པའི་ལས་ངན་པ་དེའི་རང་བཞིན་གྱིས་རྟག་ཏུ་ནད་ཀྱིས་ཐེབས་པ་དང་ཕོངས་པ་དང་ཚེ་ཐུང་བར་འགྱུར་རོ། །གསོ་དཔྱད་བྱེད་པའི་ཉེས་པ་གཞན་ཡང་སྐྱོན་ཕལ་པ་རླུང་དང་། མཁྲིས་པ་དང་། བད་ཀན་

གསོ་བར་སླ་བ། ཐོག་མ་མེད་པ་ནས་ཞུགས་པ་མ་ཡིན་པ། དེ་དག་གིས་རིགས་མཐུན་པ་དག་ངན་སོང་དུ་འགྲོ་བ་མ་ཡིན་པ། ལུས་ཞིག་པས་དེ་དག་འཇིག་པར་འགྱུར་བ། དེ་དག་ནི་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བས་
གསོ་བར་བྱེད་ཀྱི། གང་གི་དོན་དུ་སྐྲ་དང་ཁ་སྤུ་བཞར་ཞིང་མཆོག་གི་དོན་དུ་གོས་ངུར་སྨྲིག་བགོས་ནས་རབ་ཏུ་བྱུང་བ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐོག་མ་མེད་པ་ནས་ཞུགས་པ་ལུས་ལ་གདུང་བ་དེ་དག་ནི་གསོ་བར་མི་བྱེད་དོ། །གང་དག་གིས་དེ་ལ་གདུང་བར་འགྱུར་བ་
དེ་དག་ལུས་ཚིག་ན་ཚིག་པར་མི་འགྱུར་ཞིང་ཞིག་པ་ན་འཇིག་པར་མི་འགྱུར་བར་ཕྱི་བཞིན་དུ་རྗེས་སུ་འབྲེལ་བས་འགྲོ་བ་ལྔ་པོ་དག་ཏུ་འགྲོ་བར་འགྱུར་བ། སྐྱོན་ཆེན་པོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་པོ་དེ་དག་དོར་ནས། གཞན་དག་གནོད་པར་བྱེད་པ། སྐྱེས་བུ་ངན་དུ་
སེམས་པ། རང་ཉིད་ཀྱིས་སེམས་ཡོངས་སུ་སླུ་བ་དེའི་རབ་ཏུ་བྱུང་བ་ནི་དོན་མེད་པར་འགྱུར་རོ། །དཔེར་ན་སྐྱེས་བུ་བློ་དམན་ཞིང་ཉམ་ཆུང་བ། གྲོགས་མེད་ཅིང་ནོར་མེད་པ་འགའ་ཞིག་དགྲ་སྟོབས་དང་ལྡན་པས་ནོན་པར་གྱུར་ན་དགྲ་དེ་ནོར་གྱིས་བཟློག་པར་རམ། དགྲ་ཤིན་ཏུ་སྟོབས་དང་ལྡན་
པ་དེ་སྟོབས་ཀྱིས་བསལ་བར་མི་ནུས་ཏེ། དེས་ཟིན་པར་འགྱུར་རོ། །བྱིས་པ་སོ་སོའི་སྐྱེ་བོ་བློ་གྲོས་ངན་པ། ཐོས་པ་དང་མི་ལྡན་པ། དགྲ་དེའི་འཇིགས་པ་ལ་རྩིས་མེད་པར་བྱས་ནས་སྐྱེས་བུ་གཞན་དམན་པའི་དགྲའི་འཇིགས་པས་འཇིགས་པའི་སྟོབས་བྱེད་པར་འགྱུར་བ་ན། དེ་ལྟར་སྐྱེས་བུ་བློ་
ཞན་པ། ཤེས་རབ་འཆལ་པ་བག་མེད་པ། བྱ་བ་གཞན་ལ་བག་མེད་པ་དེ་ལ་དགྲ་འོངས་ནས་འཇོམས་པར་འགྱུར་བ་དེ་བཞིན་དུ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་གང་ཞིག །རང་གི་དགྲ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟོབས་ཆེ་བ། བརྩོན་པ་སྣ་ཚོགས་པ་ཅན། འཇིག་རྟེན་
གཞན་དུ་འབྲང་ཞིང་རྗེས་སུ་གནས་པ། གཏི་མུག་པ། ལྷན་ཅིག་གནས་པ་དང་ལྡན་པ་འདྲིས་པ། རྣམ་པར་རྟོག་པ་དང་མཉམ་དུ་འཇུག་པ། སྟོབས་ཆེན་པོ་གཞན་གྱི་རྗེས་སུ་གནས་པ་མ་ཡིན་པ་བཟོད་པར་བྱས་ནས། གང་དག་གི་དོན་དུ་རང་གི་སྐྱེ་བོ་དང་གྲོགས་པོ་དང་ཆུང་མ་དག་ཡོངས་སུ་

སྤངས་ཏེ་རབ་ཏུ་བྱུང་བ་དོར་ནས། ཇི་ལྟར་བདག་གིས་ཁྱེད་ཅག་གི་རླུང་དང་མཁྲིས་པ་དང་བད་ཀན་གང་དག་ཡིན་པ་དེ་དག་གཞོམ་པར་བྱའོ་ཞེས་ནོར་གྱི་རྒྱུས་གཞན་དག་ལ་སྟོངས་པར་བྱེད་པར་འགྱུར་བ་ན། དེ་ལྟ་བུའི་བློ་ཅན་ཡིད་གཡེངས་པ་ཅན་དེ་ལ་འཆི་བདག་གི་རྒྱལ་པོ་མངོན་པར་འོངས་པར་འགྱུར་
རོ། །གང་དག་གིས་འདོད་པའི་ཐག་པས་བཅིངས་པ། ཤིན་ཏུ་བག་མེད་པ། བྱ་བ་གཞན་ལ་རབ་ཏུ་ཆགས་པ། འདོད་པ་སྟོབས་ཆེན་པོ་ཅན། བློ་གྲོས་གཡེངས་པར་གྱུར་པ་དེ་འཇིག་རྟེན་ཕ་རོལ་ཏུ་འཁྲིད་པར་བྱེད་པའི་དགྲ་སྟོབས་ཆེ་བ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་རྗེས་སུ་འབྲང་བར་འགྱུར།
དེའི་ཕྱིར་ཉེས་པ་འདི་དག་རིག་ནས་གསོ་དཔྱད་མི་བྱའོ། །གལ་ཏེ་བྱེད་ནའང་གང་ལས་ཕུལ་དུ་བྱུང་བའི་བདེ་བར་འགྱུར་བ་སེམས་གསོ་བའི་གསོ་དཔྱད་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེས་ཚིགས་སུ་བཅད་པ་བཀའ་སྩལ་པ། འདི་ལྟ་སྟེ། རླུང་སོགས་ཉེས་པར་མི་འགྱུར་ཞིང་། །འདོད་
ཆགས་ལ་སོགས་སྐྱོན་དུ་འདོད། །རླུང་ལ་སོགས་པས་མི་རྣམས་ནི། །ངན་འགྲོ་དག་ཏུ་ལྟུང་མི་འགྱུར། །སེམས་སྐྱོན་ཉེས་པ་ཆེན་པོ་སྟེ། །རྟག་ཏུ་ངན་འགྲོ་སྟོན་པར་བྱེད། །དེ་ཕྱིར་དེ་དག་ཞི་བ་དགེ། །རླུང་སོགས་ཞི་བས་འདིར་མ་ཡིན། །རང་གི་བྱ་བ་ཡོངས་བཏང་ནས། །གང་ཞིག་
གཞན་གྱི་བྱ་ལ་འཇུག །དེ་ནི་མྱུར་བར་འཆི་འགྱུར་ཞིང་། །མཁས་པ་རྣམས་ཀྱིས་བསྟིང་བར་འགྱུར། །ལུས་ཞིག་པ་ལས་ལུས་ཅན་གྱི། །རླུང་ལ་སོགས་པ་འཇིག་འགྱུར་གྱི། །ཚེ་རབས་སྟོང་ཕྲག་དག་ཏུ་ཡང་། འདོད་ཆགས་ལ་སོགས་ཞི་མི་འགྱུར། །དེ་ཕྱིར་འདོད་ཆགས་ཞི་བ་
དགེ །རླུང་སོགས་ཞི་བས་འདིར་མ་ཡིན། །འདོད་ཆགས་ཡང་དག་ཞི་བ་ལས། །གཏན་དུ་བ་ཡི་དགེ་བ་ཐོབ། །གང་ཞིག་སེམས་ཅན་གསོ་དེ་སྨན། །ཡིན་གྱི་ལུས་གསོ་སྨན་པ་མིན། །ཡིད་གསོ་བ་ནི་ཤེས་དཀའ་ཡིས། །འཇིག་རྟེན་པའི་ཤིས་དེ་ལྟར་མིན། །དེ་ལྟར་ན་བཅོམ་
ལྡན་འདས་འོད་སྲུངས་ཀྱིས་རྒྱུ་འདིས་རབ་ཏུ་བྱུང་བས་གསོ་དཔྱད་མི་བྱའོ་ཞེས་གསུངས་སོ། །གསོ་དཔྱད་བྱེད་པ་ནི་སེམས་ཅན་དམྱལ་བ་དང་མཐུན་པར་སྐྱོན་ལ་འཇུག་པ། གསོ་དཔྱད་ཀྱི་ཉེས་པ་གཞན་ཡང་འདི་ལྟ་སྟེ། འདོད་པས་ཟིལ་གྱིས་ནོན་པར་འགྱུར། ཟླར་གྱུར་པའི་སྨན་པ་ལ་བརྟེན་

ནས་ང་རྒྱལ་བྱེད་པར་འགྱུར། ཟླར་གྱུར་པའི་སྨན་པ་དེ་ལ་སྨོད་པར་འགྱུར་ཞིང་། འཚོ་བ་ལ་འཇོམས་པར་འགྱུར། དེ་ཡི་དགས་ཀྱི་རྒྱུ་ལ་འཇུག་པར་འགྱུར། དེ་ལྟ་བུའི་དྲི་མས་ཟིལ་གྱིས་མནན་པ་སེམས་སྟོབས་དང་ལྡན་པ་དེའི་གཏི་མུག་སྟོབས་ཆེ་བར་འགྱུར། གཏི་མུག་གིས་
ཟིལ་གྱིས་མནན་པ་དེ་བུད་མེད་མངོན་པར་མཐོང་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བསྐུལ་བར་འགྱུར། བློ་གྲོས་རྨོངས་པ་དེ་བུད་མེད་མངོན་པར་མཐོང་ནས་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པར་འགྱུར། རླུང་ལ་སོགས་པ་སྐྱོན་གཞན་གསོ་བ་ན་དེ་ཉིད་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་རྒྱུར་
གྱུར་པ་འདོད་ཆགས་ལ་སོགས་པའི་སྐྱོན་སྟོབས་ཆེ་བ་དང་ལྡན་པར་འགྱུར་རོ། །དེ་དག་གིས་ཟིལ་གྱིས་མནན་ཅིང་ལྟ་བ་ངན་པས་ཟིལ་གྱིས་མནན་པའི་སྨན་པ་ངན་པ་དེ་ཉེས་པ་ཆེན་པོ་དེས་བཅིངས་ནས་སེམས་ཅན་དམྱལ་བར་འཁྲིད་པར་འགྱུར་རོ། །དེའི་ཕྱིར་རབ་ཏུ་བྱུང་བས་རྣམ་པ་ཀུན་གྱིས་རྟག་ཏུ་འདོད་ཆགས་ལ་སོགས་པ་
ཞི་བ་ལ་རབ་ཏུ་འབད་པར་བྱའི། རླུང་ལ་སོགས་པ་ནི་མ་ཡིན་ནོ། །གཞན་ཡང་བསམ་གཏན་དང་ཀློག་པ་ལ་གེགས་བྱེད་པའི་ཆོས་གཉིས་པ་འདི་ནི་དགེ་སྦྱོང་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པས་མི་བྱའོ་ཞེས་གསུངས་སོ།། །།དགེ་སྦྱོང་རྣམས་ཀྱིས་རྒྱུ་སྐར་རྟོག་པ་སྤང་བ་ལ་
དགོངས་པ་བསྟན་པ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང་། ལྔ་པ་འདི་དགེ་སྦྱོང་གི་བསམ་གཏན་དང་ཀློག་པའི་བར་ཆད་བྱེད་པ་ཡིན་ཏེ། དེ་གང་ཞེ་ན། འདི་ལྟ་སྟེ། དགེ་སྦྱོང་ངམ་དགེ་སྦྱོང་དུ་ཁས་འཆེ་བ་རྒྱུ་སྐར་བརྩི་བ་དང་སེམས་པའོ། །གནས་སྐབས་ཐམས་
ཅད་དུ་རྒྱུ་སྐར་གྱི་རྩིས་དང་། སེམས་པ་མི་བྱ་སྟེ་དེ་ནི་སྨད་པའོ། །དགེ་སྦྱོང་གི་ཆོས་བསམ་གཏན་དང་ཀློག་པའི་བར་ཆད་བྱེད་པར་འགྱུར་རོ། །དེ་དག་སེམས་པ་ན་བསོད་ནམས་དང་ཚེའི་འདུ་བྱེད་ནུབ་པར་འགྱུར་རོ། །དེ་དག་ཐོབ་པར་མི་འགྱུར་རོ། །ཚེ་ཟད་པ་བྱ་བ་མ་བྱས་པ་དེ་ན་བ་དང་།
རྒ་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། ཉེ་བར་འཚེ་བ་ལས་གྲོལ་བར་མི་འགྱུར་རོ། །དེ་དུས་རིང་པོར་འཁོར་བར་ཡོངས་སུ་འཁྱམ་པར་འགྱུར་རོ། །དེ་ལ་རྒྱུ་སྐར་གྱིས་ཅུང་ཟད་ཀྱང་བྱེད་པར་མི་འགྱུར་ཞིང་། རྒྱུ་སྐར་ནི་བདག་དང་

གཞན་ལ་སྐྱོབ་པ་པོར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཉིད་སྐྱོབ་པ་པོ་ཡིན་གྱི་རྒྱུ་སྐར་ནི་སྐྱོབ་པ་པོ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་སྐར་གཅིག་ཉིད་ལ་སྐྱེས་བུ་སྐྱིད་པ་དང་། སྡུག་པ་དང་། རིགས་དང་ལྡན་པ་དང་། རིགས་ངན་པ་དང་། ཆོས་དང་ལྡན་པ་དང་། ཆོས་དང་མི་ལྡན་པ་
དང་། ཕྱུག་པ་དང་ཕོངས་པ་དང་། རྒྱལ་པོ་དང་ཆོམ་རྐུན་དང་། མཁས་པ་དང་རྨོངས་པ་དང་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་དང་། བརྩོན་འགྲུས་བརྩམས་པ་དང་སྙོམ་ལས་ཅན་དང་། འཇིག་རྟེན་པ་དགའ་བ་དང་འཇིག་རྟེན་པ་མི་དགའ་བ་དང་། དེ་ལ་སོགས་པ་གཞན་
ཡང་སྐྱེ་བར་འགྱུར་རོ། །གལ་ཏེ་རྒྱུ་སྐར་གྱི་རྒྱུ་ཡིན་པར་འགྱུར་ན་ནི། ཇི་སྐད་བཤད་པའི་སྐྱེས་བུ་དེ་དག་ཐམས་ཅད་མཚུངས་པར་འགྱུར་ཏེ། དེ་དག་གི་སྐྱེ་བའི་སྐར་མ་གཅིག་ཡིན་ནོ། །རང་གི་ཡོན་ཏན་དང་སྐྱོན་མངོན་པར་མི་ཤེས་པ་ཐོག་མར་དགེ་བ་དང་མི་དགེ་བའི་འབྲས་བུ་ཅན་གྱི་རྒྱུ་སྐར་
དག་མི་རྩི་ཞིང་། སྐར་མར་གཏོགས་པའི་རྒྱུ་སྐར་བརྩི་བར་འགྱུར་རོ། །གཞན་ཡང་རྒྱུ་སྐར་བརྩི་བ་དང་སེམས་པ་དག་མཛེས་པ་དང་དགེ་བར་མི་འགྱུར་ཏེ། འདི་ལྟ་སྟེ། རྒྱུ་སྐར་གཅིག་ཉིད་ལ་མི་དང་དུད་འགྲོ་དང་ཡི་དགས་རྣམས་སྐྱེ་བ་དང་། རྒྱུ་སྐར་གྱི་མཐུས་མཚུངས་པར་མི་འགྱུར་རོ། །རྣམ་
པ་འདིས་རྒྱུ་སྐར་སེམས་པ་ནི་མི་དགེ་ལ། ལས་སེམས་པ་ནི་དགེ་ཞིང་དེ་སེམས་པ་མྱ་ངན་ལས་འདའ་བར་བྱེད་པར་འགྱུར་རོ། །གཞན་ཡང་རྒྱུ་སྐར་སེམས་པ་མི་དགེ་བར་འགྱུར་བ་འདི་ལྟ་སྟེ། རྒྱུ་སྐར་སྟོབས་དང་ལྡན་པ་ཕན་ཚུན་བཟུང་བ་ན་འཕེལ་བར་འགྱུར། ཟིལ་གྱིས་གནོན་པར་འགྱུར་རོ། །
རྒྱུ་སྐར་གྱིས་རྒྱུ་སྐར་ཟིལ་གྱིས་གནོན་པར་འགྱུར་ཞིང་། དུས་གཞན་དུ་སླར་ཡང་རྒྱུ་སྐར་དེ་ཉིད་ཟིལ་གྱིས་གནོན་པར་འགྱུར་རོ། །དེའི་ཕྱིར་རྒྱུ་སྐར་སེམས་པ་ནི་དགེ་བ་དང་མཛེས་པར་མི་འགྱུར་རོ། །ཇི་ལྟར་གང་དག་བདེ་བ་དང་སྡུག་བསྔལ་རྒྱུ་སྐར་ལ་རག་ལས་པར་བརྩི་བ་དང་། སེམས་པ་དེ་དག་གི་
སེམས་པ་ནི་དགེ་བ་དང་མཛེས་པར་མི་འགྱུར་རོ། །གང་དག་བདག་ཉིད་ཀྱི་བདེ་བ་དང་སྡུག་བསྔལ་བ་ལ་ནུས་པ་མེད་པ་དེ་དག་གིས་ཇི་ལྟར་ན་གཞན་ལ་བདེ་བ་དང་སྡུག་བསྔལ་བ་བྱེད་པར་འགྱུར། དེའི་ཕྱིར་དགེ་བ་དང་མི་དགེ་བའི་འབྲས་བུ་ནི་ལས་ཁོ་ནའི་ཡིན་གྱི་རྒྱུ་སྐར་རྣམས་ཀྱིས་ནི་མ་ཡིན་ནོ། །གཟའ་

རྣམས་ཀྱང་གཟའ་རྣམས་ཀྱིས་འཁྲུག་པར་འགྱུར་བ་དེའི་ཚེ། དེ་དག་ཀྱང་གཟིར་བར་འགྱུར་ཏེ། དཔེར་ན་ཟླ་བ་གཟའ་སྒྲ་གཅན་གྱིས་བཟུང་བས་གཟིར་བར་འགྱུར་བ་བཞིན་ནོ། །དེ་བས་ན་གང་དག་བདག་ལ་ནུས་པ་མེད་པ་དེ་དག་ཇི་ལྟར་གཞན་ལ་ནུས་པར་འགྱུར། དེའི་ཕྱིར་
དགེ་སྦྱོང་ངམ་དགེ་སྦྱོང་དུ་ཁས་འཆེ་བས་རྒྱུ་སྐར་བསམ་པར་མི་བྱའོ། །གཟའ་ནི་གསུམ་པོ་འདི་དག་གོ། །འདི་ལྟ་སྟེ། ན་བ་དང་རྒ་བ་དང་འཆི་བའོ། །གང་དག་རྟག་ཏུ་གནས་པ་གསུམ་པོ་འདི་དག་ནི་གཟའ་ཆེན་པོ་སྟེ། འཇིག་རྟེན་ལ་སྣ་ཚོགས་པར་སེམས་པར་བྱེད་དོ། །དགེ་སྦྱོང་ངན་པ་
དགེ་སྦྱོང་དུ་ཁས་འཆེ་བ། བློ་གྲོས་མེད་པ། ཐོས་པ་དང་མི་ལྡན་པ། བྱིས་པ་གཟའ་གཞན་དག་སེམས་པར་བྱེད་ཅིང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འཇིག་རྟེན་པ། སྐྱོན་དང་བཅས་པ་སེམས་པར་བྱེད་པ་དེ་ནི། གང་བསམས་ཏེ་ཡང་དག་པར་སོ་སོར་བརྟགས་ནས་མྱ་ངན་ལས་འདས་པའི་གྲོང་
ཁྱེར་དུ་འཇུག་པར་འགྱུར་བ། འཇིག་རྟེན་ལས་འདས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སེམས་པར་མི་བྱེད་དོ། །དེ་དག་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་དང་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དག་གོ། །དེ་དག་འདོད་ཆགས་དང་བྲལ་བ་དང་བསལ་བ་དང་། བསྡམས་པ་དང་དུལ་
བས་ཡང་དག་པ་ཉིད་དུ་བསམས་ནས་མྱ་ངན་ལས་འདའ་བར་འགྱུར་གྱི། དགེ་སློང་རྒྱུ་སྐར་བསམས་ནས་ནི་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གཞན་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་ནི་གང་དག་བརྩིས་པས་དོན་དུ་མི་འགྱུར་ཞིང་། འཁོར་བ་ནས་མྱ་ངན་ལས་འདའ་བར་
མི་འགྱུར་བ། རིམ་གྱིས་ཟླ་བ་བཅུ་གཉིས་རྩི་བར་བྱེད་ཀྱི། ཡང་དག་པར་སྡོམ་པ་དང་། ཡང་དག་པའི་དོན་ཤེས་པ་དང་། འདོད་ཆགས་དང་བྲལ་བ་གང་དག་མྱ་ངན་ལས་འདའ་བར་འགྱུར་བ་སྐྱེ་མཆེད་བཅུ་གཉིས་བགྲང་བར་མི་བྱེད་དོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་དེ་དག་
མ་བརྩིས་པར་གཞན་གྱི་བྱ་བ་ཀུན་ནས་ཉོན་མོངས་པ་ཅན་སེམས་པར་བྱེད་དོ། །གཞན་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བས་ངན་དུ་སེམས་པ་ནི་གང་དག་བསམས་པས། ན་བ་དང་རྒ་བ་དང་འཆི་བ་དག་ལས་གྲོལ་བར་མི་འགྱུར་བ། འཇིག་རྟེན་པ་ཀུན་ནས་ཉོན་མོངས་པ་ཅན།

ཉེ་བར་འཚེ་བ་དང་བཅས་པའི་དུས་དྲུག་རིམ་གྱིས་རྩི་བར་བྱེད་ཀྱི། གང་དག་བསམས་ཏེ་ཡང་དག་པར་སོ་སོར་བརྟགས་ནས་དེ་དག་དང་བྲལ་བ་ལས་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ། ལུས་ལ་སུམ་ཅུ་རྩ་དྲུག་པོ་སེམས་པར་མི་བྱེད་དོ། །གཞན་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་དུས་
ཀྱིས་བྱས་པའི་དུས་སྦྱོར་འཇིག་རྟེན་པ་ཇི་ལྟར་དུས་སྦྱོར་ཆེ་གེ་མོ་ནི་བཟང་ངོ་། །ཆེ་གེ་མོ་ནི་མི་བཟང་ངོ་། །དུས་འདིར་དུས་སྦྱོར་འདི་འབྱུང་བར་འགྱུར་རོ། །དུས་འདིར་འབྱུང་བར་མི་འགྱུར་རོ་ཞེས་སེམས་པར་འགྱུར་ཞིང་། དེ་ལྟ་བུའི་ངོ་བོའི་བསམ་པ་གང་ཞིག་དགེ་བར་བྱེད་པ་མ་ཡིན་པ་དང་། བདེ་བར་བྱེད་པ་མ་ཡིན་པ་དང་། མྱ་ངན་
ལས་འདའ་བར་བྱེད་པ་མ་ཡིན་པ་དང་། མྱ་ངན་ལས་འདའ་བའི་མཐར་ཐུག་པར་བྱེད་པ་མ་ཡིན་པ་སེམས་པར་བྱེད་ཀྱི། སེམས་ཀྱི་མཚན་ཉིད་དམིགས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་དུས་སྦྱོར་སེམས་པ་ཇི་ལྟ་བ་བཞིན་དུ་དམིགས་པ་དགེ་བ་སེམས་ཀྱི་དུས་སྦྱོར་ཆེ་གེ་མོ་སྐྱེས་པ་དེ་ནི་བཟང་བ་སྟེ།
བདག་བདེ་འགྲོར་འགྲོ་བར་བྱེད་པའམ། མྱ་ངན་ལས་འདའ་བར་འགྲོ་བར་བྱེད་པར་འགྱུར་རོ། །བདག་ལ་དམིགས་པ་མི་དགེ་བའི་སེམས་མི་དགེ་བ་ཀུན་ནས་ཉོན་མོངས་པ་ཅན་ཆེ་གེ་མོ་སྐྱེས་པ་དེ་བདག་ལ་བདེ་བར་བྱེད་པ་མ་ཡིན། དགེ་བར་བྱེད་པ་མ་ཡིན། བདེ་འགྲོར་འགྲོ་བར་བྱེད་པ་མ་ཡིན་པ་
འབྱུང་བར་འགྱུར་རོ། །དམིགས་པ་ལུང་དུ་མ་བསྟན་པའི་སེམས་ཆེ་གེ་མོ་སྐྱེས་པ་དེའི་རྣམ་པར་སྨིན་པ་ལུང་དུ་མ་བསྟན་པ་ཁོ་ནའོ་ཞེས་སེམས་པར་མི་བྱེད་དོ། །གཞན་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་དེ་འཇིག་རྟེན་པའི་ལམ་གྱི་དམིགས་པ་དུས་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་
དང་ཉིན་མོ་དང་ཟླ་བ་དང་། ཟླ་བ་ཕྱེད་དང་ལྡན་པར་སེམས་པར་བྱེད་ཀྱི། ཇི་ལྟར་བདག་གི་ཚེའི་འདུ་བྱེད་སྐད་ཅིག་མ། སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་དང་། ཉིན་མོ་དང་། ཟླ་བ་དང་། ཟླ་བ་ཕྱེད་དུ་སྡོད་པ་འཛད་ཅིང་། འཆི་བའི་དུས་སྟོབས་ཆེ་བ། ཕྱིར་བཅོས་སུ་མེད་པ་འོང་ངོ་
ཞེས། དགེ་བ་དང་མི་དགེ་བའི་འབྲས་བུ་ཅན། མི་དང་མི་མ་ཡིན་པའི་ཚེའི་འདུ་བྱེད་ཟད་པའི་དུས་ནི་སེམས་པར་མི་བྱེད་དོ། །གཞན་ཡང་འཇིག་རྟེན་པའི་ཚུལ་ཀུན་ནས་ཉོན་མོངས་པ་ཅན་གྱི་རྒྱུ་སྐར་སེམས་པ། བསམ་གཏན་དང་ཀློག་པ་ལ་བར་དུ་གཅོད་པ་སེམས་པར་བྱེད། སྒོམ་པར་བྱེད། ལན་

མང་དུ་བྱེད། རབ་ཏུ་སྒོམ་པར་བྱེད། འཇོག་པར་བྱེད། ཇི་ལྟ་བ་བཞིན་རྒྱུ་སྐར་ཆེ་གེ་མོ་ཞེས་བྱ་བ། གཟའ་ཆེ་གེ་མོ་ཞེས་བྱ་བས་བཟུང་ཞིང་། འཚེ་བར་བྱེད་དོ་ཞེས་གཞན་དག་ལ་འདོམས་པར་བྱེད་དོ། །སྐྱེ་བོ་ངན་པ་དེ་ལྟར་སེམས་པའི་བསམ་པ་དེ་ནི། ན་བ་དང་མྱ་ངན་དང་སྨྲེ་སྔགས་
འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལས་སྒྲོལ་བར་བྱེད་པར་མི་འགྱུར་རོ། །འཁོར་བ་དང་མྱ་ངན་ལས་འདས་པ་ནི། ཇི་ལྟ་བ་བཞིན་རྒྱུ་སྐར་ལྟ་བུའི་ཆོས་གཞན་དག་གཟའ་ལྟ་བུའི་ཆོས་རྣམས་ཀྱིས་ཟིལ་གྱིས་གནོན་པ་ནི་འདི་ལྟ་སྟེ། སྐྱེ་བའི་རྒྱུ་སྐར་ནི་འཆི་བའི་གཟས་ཉེ་བར་འཚེའོ། །
ལྷའི་འཇིག་རྟེན་གྱི་རྒྱུ་སྐར་ནི་འཆི་འཕོ་བའི་གཟས་ཉེ་བར་འཚེའོ། །ཕུན་སུམ་ཚོགས་པའི་རྒྱུ་སྐར་ནི་རྒུད་པའི་གཟས་ཉེ་བར་འཚེའོ། །མཛའ་བོ་དང་འདུ་བའི་རྒྱུ་སྐར་ནི་མཛའ་བོ་དང་བྲལ་བའི་གཟས་ཉེ་བར་འཚེའོ། །མི་སྐྱེ་བའི་རྒྱུ་སྐར་ནི་ཡོངས་སུ་ཚོལ་བའི་གཟས་ཉེ་བར་འཚེའོ། །ཚོར་བ་བདེ་བའི་
རྒྱུ་སྐར་ནི་ཚོར་བ་སྡུག་བསྔལ་གྱི་གཟས་ཉེ་བར་འཚེའོ། །དགེ་བའི་སེམས་སྐྱེས་པའི་རྒྱུ་སྐར་ནི་མི་དགེ་བའི་སེམས་སྐྱེས་པའི་གཟས་ཉེ་བར་འཚེའོ། །མི་སྡུག་པའི་རྒྱུ་སྐར་ནི་འདོད་ཆགས་ཀྱི་གཟས་ཉེ་བར་འཚེའོ། །བྱམས་པའི་རྒྱུ་སྐར་ནི་ཞེ་སྡང་གི་གཟས་ཉེ་བར་འཚེའོ། །ཡེ་ཤེས་ཀྱི་རྒྱུ་
སྐར་ནི་གཏི་མུག་གི་གཟས་ཉེ་བར་འཚེའོ་ཞེས་དེ་ལྟར་སེམས་པར་བྱེད་དོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བ་རང་གི་སེམས་པ་འཇིག་རྟེན་ལས་འདས་པ་སེམས་པར་མི་བྱེད་ཀྱི། གཞན་གྱི་སེམས་པ་སེམས་པར་བྱེད་དོ། །ཇི་སྐད་བཤད་པའི་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པ་བསམས་ཏེ། སྔར་བཞིན་ཡང་དག་པ་ཉིད་དུ་སོ་སོར་བརྟགས་ནས་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པས་ཡང་དག་པ་ཇི་སྐད་བསྟན་པའི་གཟའ་རྣམས་ལ་སྔ་མ་བཞིན་དུ་གཟའ་བསམ་པ་བསྒོམས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞི་བའི་ལམ་ཡན་ལག་བརྒྱད་ཀྱིས་སོ་སོར་
བརྟགས་ནས་གཟའ་དང་རྒྱུ་སྐར་སེམས་པ་ནི། མྱ་ངན་ལས་འདའ་བའི་ཕྱིར་དང་བདེ་བའི་ཕྱིར་དང་ཞི་བའི་ཕྱིར་འབྲས་བུ་དང་བཅས་པར་འགྱུར་གྱི། གཟའ་ཐ་མལ་པ་འཇིག་རྟེན་པ་དེ་དག་དང་རྒྱུ་སྐར་བསམས་ནས་ནི་མ་ཡིན་ནོ། །སེམས་པ་ནི་སྐྱེས་བུ་བརྒྱ་ཕྲག་སྟོང་བརླག་པར་གྱུར་ཅིང་།

སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོར་འགྱུར་ཏེ། གང་གི་ཕྱིར་འཇིག་རྟེན་པ་འཁོར་བ་འགྲུབ་པར་བྱེད་པ། དེ་དག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེད་པར་བྱེད་པར་འགྱུར་རོ། །རྣལ་འབྱོར་སྤྱོད་པ་བརྒྱ་སྟོང་ཕྲག་གང་དག་གིས་འཇིག་རྟེན་ལས་འདས་པའི་ལམ་
བསྒོམས་པས། གཟའ་དང་རྒྱུ་སྐར་དེ་དག་བསམས་ཏེ། ཡང་དག་པ་ཇི་ལྟ་བར་སོ་སོར་བརྟགས་ནས། རྒ་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་བྲལ་བའི་གོ་འཕང་འཐོབ་པར་འགྱུར་བ། རྟག་པ་རྒ་བ་མེད་པ། འཆི་བ་
མེད་པ། ཟག་པ་མེད་པའི་གོ་འཕང་མྱ་ངན་ལས་འདས་པ་འདི་ལ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེ་བས་གདོན་མི་ཟ་བར་བསླབ་པར་བྱའོ། །སྡུག་བསྔལ་མི་འདོད་པས་འཁོར་བའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རྒྱུ་སྐར་སེམས་པ་དང་ལུས་སེམས་པ་བསྒོམ་པར་བྱའོ། །ཇི་སྐད་བཤད་པའི་ཐ་
མལ་པ་ཀུན་ནས་ཉོན་མོངས་པ་ཅན་ནི་མ་ཡིན་ནོ། །གང་ཞིག་ཤེས་ཀྱང་གཏན་དུ་བའི་བདེ་བ་བྱེད་པར་མི་འགྱུར། དགེ་བར་མི་འགྱུར། མྱ་ངན་ལས་འདས་པའི་མཐར་ཐུག་པར་བྱེད་པར་མི་འགྱུར་གྱི། དགེ་སློང་གི་བསམ་གཏན་དང་ཀློག་པའི་གེགས་བྱེད་པ་འབའ་ཞིག་ཏུ་འགྱུར་རོ། །དེ་ལྟར་ན་དགེ་
སློང་རྒྱུ་སྐར་སེམས་པ་དང་བརྩི་བ་ནི་སྨད་པར་འགྱུར་རོ་ཞེས་གསུངས་སོ། །ནམ་མཁའི་སྤྱན་གྱི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཅང་མ་སྨྲ་ཤིག །རིག་པའི་གནས་བཅུ་གཉིས་པོ་དེ་མ་ལུས་པར་འཇིག་རྟེན་ན་དར་བར་འགྱུར་བ་ནི་མེད་དོ། །དེའི་ཚེ་
གང་ཚངས་པ་དང་། གང་བརྒྱ་བྱིན་དང་། གང་ལྷ་དང་དྲང་སྲོང་རྣམས་ཀྱིས་བསྟན་པ་དེ་རབ་ཏུ་བྱུང་བ་རྣམས་ལ་རྗེས་སུ་མཐུན་པར་བསྟན་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། གང་དུ་འདུས་ནས་གསོད་པ་དང་། ཡན་ལག་དང་ཉིང་ལག་གཅོད་པ་དང་གྲོང་ཁྱེར་འཇིག་པ་དང་། ནོར་འཇིག་པ་དང་། གྲོགས་
པོ་འབྱེད་པ་དང་། གཡོག་འཁོར་འབྱེད་པ་དང་། གྲོང་འཇིག་པ་དང་། ཁྱིམ་འཇིག་པ་དང་། སྲོག་གཅོད་པ་ལ་བརྩོན་པ་ནས། ལོག་པར་ལྟ་བའི་བར་ལ་བརྩོན་པ་ཡོད་པའི་གཏམ་ནི་རབ་ཏུ་བྱུང་བ་ལ་རྗེས་སུ་མཐུན་པར་བརྗོད་པར་མི་བྱའོ་ཞེས་གསུངས་སོ། །རིན་པོ་ཆེའི་

ཏོག་གི་མདོ་ལས་ཀྱང་། ཀུན་དུ་རྟོག་པའི་སྤྱོད་ཡུལ་ཅན། །བྱིས་པ་གང་ལ་ཆགས་འདུག་པ། །དེ་ནི་བྱིས་པའི་རྨོངས་པ་སྟེ། །སེམས་ལ་གནས་ཤིང་རིམས་ནད་བཅས། །ཁྱི་དང་སྦྲུལ་དང་རུས་སྦལ་དང་། །སྲོག་ཆགས་གཞན་ཡང་རྣམ་མང་པོ། །སྐར་མ་རྒྱལ་ལ་
གང་སྐྱེས་པ། །དེ་དག་བདེ་ལ་བརྟེན་མ་ཡིན། །ཇི་ལྟར་བསམ་གཏན་རྫུ་འཕྲུལ་དང་། །ཐར་པ་ཁྱོད་ཀྱིས་རྙེད་པ་བཞིན། །ང་ཡང་ཐམས་ཅད་གཟིགས་པ་ན། །ཅི་ཕྱིར་ང་ལ་ཁྱོད་མི་འདྲི། །ཞེས་གསུངས་སོ། །སྟག་རྣའི་མདོ་ལས་ཀྱང་། བྲམ་ཟེ་བདེ་འགྲོར་འགྲོ་བ་ནི། །གལ་ཏེ་སྔགས་ཀྱིས་
འཐོབ་འགྱུར་ན། །གནག་དང་དཀར་བའི་ལས་རྣམས་ནི། །འདི་ནི་འབྲས་བུ་མེད་པར་འགྱུར། །གང་ཕྱིར་དཀར་དང་གནག་པ་དང་། །འབྲས་བུར་བཅས་པ་འགྲོ་བ་ལྔར། །སྨིན་པར་སྣང་བ་དེ་ཡི་ཕྱིར། །གྲགས་པ་ཆེན་པོ་ཚར་གཅོད་མིན། །ཞེས་གསུངས་སོ།། །།རྒྱལ་པོ་ལ་བརྟེན་པ་སྨད་
པ་ལ་དགོངས་པ་བསྟན་པ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང་། གཞན་ཡང་བསམ་གཏན་དང་ཀློག་པ་ལ་བར་ཆད་བྱེད་པའི་ཆོས་དགུ་པ་ཡོངས་སུ་སྤང་བར་བྱའོ། །དེ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་ལ་བརྟེན་པའོ། །དགེ་སྦྱོང་གིས་རྒྱལ་པོ་ལ་བརྟེན་པ་ནི་གནས་སྐབས་
ཐམས་ཅད་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ལ་བརྟེན་པ་ནི་ཡུལ་འཁོར་བ་ཐམས་ཅད་ཀྱིས་མཆོད་པར་མི་འགྱུར་རོ། །དགེ་སློང་རྒྱལ་པོ་ལ་བརྟེན་པ་དང་ལྡན་པ་དེ་ནི། ནོར་གྱི་ཚོགས་སམ་གྲོང་ཁྱེར་རམ་གྲོང་ངམ་རི་བྲགས་སམ། དེ་ལྟ་བུའི་རྣམ་པ་གཞན་ཅི་ཞིག་སློང་བར་བྱེད། གལ་ཏེ་དགེ་སློང་
དེ་སློང་བར་བྱེད་ན་འདོད་པ་མང་བར་འགྱུར་རོ། །ཡང་ན་མི་སློང་ན་དེ་དོན་མེད་པ་ལ་ཉོན་མོངས་པ་ལ་སྤྱོད་པར་འགྱུར་བ་དང་། བསམ་གཏན་དང་ཀློག་པ་ལས་ཉམས་པར་འགྱུར་རོ། །དེ་ཐར་པའི་ལམ་ལ་གནས་པ་ན་འཆིང་བའི་ལམ་དུ་འགྲོ་བར་འགྱུར་རོ། །དེ་ལྟར་ན་དགེ་སློང་གིས་རྒྱལ་པོ་
ལ་བརྟེན་པར་མི་བྱའོ། །དེ་ལ་བརྟེན་པ་ནི་འགྲོགས་པའོ། །མི་བསྟེན་པ་ནི་ཡོངས་སུ་སྤང་བ་སྟེ། སུ་ཞིག་ལ་བྱ། འདི་ལྟ་སྟེ། དཔེར་ན་སྡིག་པའི་གྲོགས་པོ་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་འདོད་པའི་ཡོན་ཏན་ལྔ་པོ་ཀུན་ནས་ཉོན་མོངས་པ་ཅན་དང་། ཚུལ་བཞིན་མ་ཡིན་པ་ཡིད་

ལ་བྱེད་པ་དང་། རྨུགས་པ་དང་གཉིད་དང་། བས་མཐའི་གྲོང་ན་གནས་པ་བསྟེན་པར་མི་བྱའོ། །ལེ་ལོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚུལ་འཆོས་ཅན་རྣམས་དང་འགྲོགས་པར་མི་བྱའོ། །ཞིམ་ལྟོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚོང་པ་དང་ལྷན་ཅིག་འདྲི་རྨེད་ཀྱང་མི་བྱའོ། །
ཟོལ་གྱིས་འཚོ་བ་རྣམས་དང་མ་ཡིན། རང་བཞིན་གྱིས་དྲི་མ་ཅན་དང་མ་ཡིན། ལྟ་བ་ལོག་པ་དང་མ་ཡིན། འགྱུར་བག་ཅན་དང་མ་ཡིན། ང་རྒྱལ་ཅན་དང་མ་ཡིན། ཁེངས་པ་དང་མ་ཡིན། ལྟུང་བར་གྱུར་ནས་ལངས་པ་དང་མ་ཡིན། རྒྱན་པོས་འཚོ་བ་དང་མ་ཡིན། ཆང་ཁང་བ་དང་མ་ཡིན། ཆང་ཚོང་
དང་མ་ཡིན། འཐབ་ཀྲོལ་ཅན་དང་མ་ཡིན། བུད་མེད་ལ་དད་ཆེ་བ་དང་མ་ཡིན། ཉོ་ཚོང་གིས་ཉེ་བར་འཚོ་བ་དང་མ་ཡིན། སྡང་མིག་ཅན་དང་མ་ཡིན། སྐྱེས་བུ་བྱ་མ་རྟ་དང་མ་ཡིན། བྱ་བ་དང་མ་ཡིན། སྤྲོས་པ་ཅན་རྣམས་དང་མ་ཡིན། མུ་སྟེགས་ཅན་ཞུགས་པ་དང་མ་ཡིན། སྐྱེ་བོ་ཐམས་
ཅད་དང་ཞེ་འགྲས་པ་རྣམས་དང་མ་ཡིན་ཏེ། ལྷན་ཅིག་ཏུ་འགྲོགས་པ་དང་ངག་བརྗོད་པའམ་ལམ་དུ་འགྲོགས་པ་ཡང་དགེ་སློང་གིས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞན་གྱི་སྐྱོན་རྣམ་པར་དག་པའི་སྐྱེས་བུའམ་རབ་ཏུ་བྱུང་བ་ལ་སྐྱེ་བོ་མང་པོ་དག་ཇི་ལྟར་གང་ཞིག་དེ་ལྟར་བསྟེན་པའམ་འགྲོགས་
པར་བྱེད་པ་ནི། ངེས་པར་དེ་ལྟ་བུའི་ངང་ཚུལ་ཅན་དུ་འགྱུར་རོ་ཞེས་སེམས་པར་བྱེད་དོ། །དེ་གཞན་གྱི་སྐྱོན་དེས་གོས་པར་བྱེད་དོ། །དེའི་ཕྱིར་དེ་དག་ལ་བརྟེན་པར་མི་བྱའོ། །ཁྱོད་ལ་རྒྱལ་པོ་ལ་བརྟེན་པས་ཅི་ཞིག་བྱ་སྟེ། དེ་ནི་རྣམ་པ་ཐམས་ཅད་དུ་སྨད་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་
དེས་ཚིགས་སུ་བཅད་པ་བཀའ་སྩལ་པ། འདི་ལྟ་སྟེ། དགེ་སློང་ནགས་ན་གནས་པ་ཡིས། །རྒྱལ་པོ་བསྟེན་པ་སྨད་པར་གྱུར། །ངུར་སྨྲིག་གང་ན་བསྟེན་པ་འདིའི། །གཡོག་བཞིན་ལག་གིས་འཚོ་གང་ན། །གང་ཞིག་ལྷས་ཀྱང་བསྟེན་བྱ་བའི། །དགེ་སློང་གིས་བསྟེན་འོས་མིན་ཏེ། །
གཙང་སྦྲ་སྟེན་བྱེད་ངང་པ་ནི། །རོ་དང་འགྲོགས་པར་འོས་མ་ཡིན། །ལུས་ངན་ང་ཡིར་འཛིན་མེད་ཅིང་། །རེ་བ་མེད་པར་སྤྲོས་མེད་པ། །འཁོར་བའི་འཇིགས་པས་འཇིགས་མེད་པས། །རྒྱལ་པོ་བསྟེན་པ་མཛེས་མ་ཡིན། །ནགས་དང་དགོན་པ་དུར་ཁྲོད་དང་། །ལྟེང་ཀ་རི་ཡི་ས་ཕྱོགས་

ན། །གནས་པའི་དགེ་སློང་རབ་མཛེས་ཀྱི། །རྒྱལ་པོའི་ཁབ་བསྟེན་མ་ཡིན་ནོ། །དེ་ལྟར་རྒྱལ་པོ་ལ་བརྟེན་པ་ཐབས་དུ་མས་སྨད་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་ཐམས་ཅད་ཀྱིས་སྨད་དོ། །གལ་ཏེ་དགེ་སློང་གིས་བྱ་བ་ནི་ཡེ་ཤེས་ཀྱི་རྒྱལ་པོ་བསྟེན་པར་བྱའོ། །དེ་ནི་གཏན་
དུ་བའི་ཞི་བ་བསྟེན་པར་འགྱུར་རོ། །གདོན་མི་ཟ་བར་ལེགས་པ་འཐོབ་པར་འགྱུར་རོ། །དེ་བསྟེན་པའི་ཐབས་སུ་གྱུར་པ་ནི་འདི་ལྟ་སྟེ། བརྩོན་འགྲུས་བརྟེན་པ་ཉིད་དང་། ལས་གཞན་མེད་པ་ཉིད་དང་། བླ་མ་བསྟེན་པ་དང་། ཆོག་ཤེས་པ་ཉིད་དང་། རབ་ཏུ་བསྟེན་པ་དང་ལྡན་པ་དང་། རྟག་
ཏུ་སེམས་པ་དང་། མི་བརྐམ་པ་དང་། གོམས་པ་དང་། བླ་མ་ལ་འདྲི་བ་དང་། རབ་ཏུ་བསྟེན་པ་འཛིན་པ་དང་། དགེ་འདུན་ལ་འདུད་པ་ཉིད་དང་། སྙོམ་ལས་མེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་བསྟེན་པའོ། །འདི་དག་ནི་དགེ་སློང་གིས་ཡེ་ཤེས་ཀྱི་རྒྱལ་པོ་བསྟེན་པའི་ཐབས་ཡིན་
ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུངས་དེས་ཚིགས་སུ་བཅད་པ་བཀའ་སྩལ་པ། འདི་ལྟ་སྟེ། གོམས་དང་བླ་མ་ལ་གུས་དང་། །དེ་བཞིན་འདྲི་བ་ཉིད་དང་ནི། །སྦྱིན་དང་དེ་བཞིན་ཁྲིམས་བསྟེན་པ། །ཡེ་ཤེས་རྒྱལ་པོ་བསྟེན་པའོ། །འདི་ནི་ལྷར་བཅས་འཇིག་རྟེན་གྱི། །རྒྱལ་པོ་བདེ་བ་
སྟེན་བྱེད་པ། །སྲིད་པའི་འཆིང་བས་སྡུག་བསྔལ་གང་། །ཁས་འཆེ་རྒྱལ་པོ་མ་ཡིན་ནོ། །གང་ལ་སྡུག་བསྔལ་ཡོད་མིན་པ། །དེ་ནི་རྒྱལ་པོར་འགྱུར་བ་ཡིན། །གང་དག་སྡུག་བསྔལ་གྱིས་དཀྲིས་ཏེ། །འདི་ནི་ཇི་ལྟར་རྒྱལ་ཞེས་འོས། །དེ་ལྟར་ན་དགེ་སློང་གིས་ཡེ་ཤེས་ཀྱི་རྒྱལ་པོ་ལ་བརྟེན་
པར་བྱའི། ཐ་མལ་པ་ནི་མ་ཡིན་ཏེ། དེ་བསྟེན་པ་ན་བསམ་གཏན་དང་ཀློག་པ་ལས་ཉམས་པར་འགྱུར་རོ། །དེ་ཉམས་ན་སླར་ཡང་རྒྱལ་པོ་དེ་གང་དུ་འགྲོ་བའི་ཡུལ། དམྱལ་བ་དང་ཡི་དགས་དང་དུད་འགྲོར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་དགེ་སློང་གིས་སྐྱོན་དེ་དག་རིག་ནས་རྒྱལ་པོ་བསྟེན་
པར་མི་བྱའོ། །འདི་ནི་ནགས་ན་གནས་པ་རྣམས་ཀྱིས་སྨད་པ་སྟེ། དེའི་ཕྱིར་ཆོས་དགུ་པ་བསམ་གཏན་དང་ཀློག་པ་ལ་བར་ཆད་བྱེད་པ་འདི་ནི་སྨད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །འདུལ་བ་ལས་ཀྱང་། བཅུ་པོ་འདི་དག་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་སོ། །

བཅུ་གང་ཞེ་ན། དགེ་སློང་དག་འདི་ནི་རྒྱལ་པོ་བཙུན་མོ་དམ་པ་དང་ལྷན་ཅིག་འདུག་པར་གྱུར་ལ་དེར་དགེ་སློང་འཇུག་པ་ན། བཙུན་མོས་དགེ་སློང་མཐོང་ནས་འཛུམ་པར་བྱེད་ཅིང་། དགེ་སློང་ཡང་བཙུན་མོ་མཐོང་ནས་འཛུམ་པར་བྱེད་པ་དེའི་ཚེ་རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ། མ་ལ་འདི་གཉིས་ནི་བྱས་
སམ་བྱེད་པར་འགྱུར་རོ་སྙམ་མོ། །འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་དང་པོའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་བྱ་བ་མང་ཞིང་བྱེད་པ་མང་བ། བཙུན་མོ་གང་ཡང་རུང་བ་ལ་བགྲོད་དེ་བརྗེད་པ་ནི། དེས་དེ་མངལ་ཆགས་པར་གྱུར་པ་དེའི་ཚེ་རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ།
འདིར་རབ་ཏུ་བྱུང་བ་མ་གཏོགས་པ་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་གཉིས་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོའི་ཕོ་བྲང་འཁོར་དུ་རིན་པོ་ཆེ་གང་ཡང་རུང་བ་མ་
མཐོང་བ་དེའི་ཚེ་རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས་པར་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་གསུམ་པའོ། །དགེ་སློང་དག་གཞན་ཡང་
རྒྱལ་པོའི་ཕོ་བྲང་འཁོར་དུ་གསང་བའི་གྲོས་གང་ཡང་རུང་བ་ཕྱི་རོལ་དུ་ཐོས་པ་དེའི་ཚེ། རྒྱལ་པོ་འདི་སྙམ་དུ་འགྱུར་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས་པ་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་
དུ་འཇུག་པའི་ཉེས་དམིགས་བཞི་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོའི་ཕོ་བྲང་འཁོར་ན་བུ་ཕ་ལ་གསོལ་བ་འདེབས་པ་དེའི་ཚེ། དེ་དག་འདི་སྙམ་དུ་འགྱུར་ཏེ། འདིར་རབ་ཏུ་བྱུང་བ་མ་གཏོགས་པར་གཞན་འགའ་ཡང་འཇུག་པར་མི་འགྱུར་ཏེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་
མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་ལྔ་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་དམའ་བ་ན་འདུག་པ་གནས་མཐོན་པོར་འཇོག་པ་དེའི་ཚེ། གང་དག་དེའི་ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ་འགྱུར་ཏེ། རྒྱལ་པོ་རབ་ཏུ་བྱུང་བ་དང་འདྲིས་པ་ཞིག་

སྟེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་དྲུག་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་མཐོན་པོ་ན་གནས་པ་གནས་དམའ་བ་ལ་འཇོག་པ་དེའི་ཚེ་གང་དག་དེའི་ཡིད་དུ་མི་འོང་བ་དེ་དག་འདི་
སྙམ་དུ་འགྱུར་ཏེ། རྒྱལ་པོ་རབ་ཏུ་བྱུང་བ་དང་འདྲིས་པ་ཞིག་སྟེ་རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་བདུན་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོ་དུས་མ་ཡིན་པར་བསྟེན་པ་ལ་སྦྱོར་བ་དེའི་ཚེ་གང་དག་དེའི་
ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ་འགྱུར་ཏེ། རྒྱལ་པོ་ནི་རབ་ཏུ་བྱུང་བ་དང་འདྲིས་པ་ཞིག་སྟེ་རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་བརྒྱད་པའོ། །དགེ་སློང་དག་གཞན་ཡང་རྒྱལ་པོའི་དཔུང་གི་སྡེ་ཉེ་བར་སྦྱར་ཏེ་
ལམ་བར་ནས་ཟློག་པར་བྱེད་པ་དེའི་ཚེ། གང་དག་དེའི་ཡིད་དུ་མི་འོང་བ་དེ་དག་འདི་སྙམ་དུ་འགྱུར་ཏེ། རྒྱལ་པོ་ནི་རབ་ཏུ་བྱུང་བ་དང་འདྲིས་པ་ཞིག་སྟེ། རབ་ཏུ་བྱུང་བའི་ལས་སུ་གྱུར་པའོ་སྙམ་མོ། །དགེ་སློང་དག་འདི་ནི་རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་དགུ་པའོ། །དགེ་སློང་དག་
གཞན་ཡང་རྒྱལ་པོའི་ཕོ་བྲང་དུ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་འཚེར་ཞིང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དགའ་བར་བྱ་བ་དག་ཡོད་པ་ན་འདི་དག་ནི་རབ་ཏུ་བྱུང་བ་ལ་ལེགས་པའི་ངོ་བོ་མ་ཡིན་པའོ། །དགེ་སློང་དག་འདི་ནི་རྒྱལ་པོའི་
ཕོ་བྲང་འཁོར་དུ་འཇུག་པའི་ཉེས་དམིགས་བཅུ་པའོ་ཞེས་གསུངས་སོ།། །།ཁྱིམ་པའི་སྦྱིན་པ་ལ་དགོངས་པ་བསྟན་པ། ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པ་ནི་སྦྱིན་པ་གཉིས་ལ་
གནས་པར་བྱའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་ལ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པས་ནི་རྗེས་སུ་ཆགས་པ་མེད་པ་དང་། ཁོང་ཁྲོ་བ་མེད་པས་སྦྱིན་པ་དེ་གཉིས་ལ་གནས་པར་བྱའོ། །ཤཱ་རིའི་བུ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པས་ནི་སྦྱིན་པ་རྒྱ་ཆེན་པོ་བཞི་ལ་གནས་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྨྱུ་གུ་སྦྱིན་པ་དང་། སྣག་ཚ་སྦྱིན་པ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྦྱིན་པ་ལ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པས་ནི་སྦྱིན་པ་བཞི་པོ་དེ་དག་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི་གཏོང་བ་གསུམ་ལ་གནས་པར་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། གཏོང་བ་དང་། གཏོང་བ་ཆེན་
པོ་དང་། ཤིན་ཏུ་གཏོང་བ་ལའོ། །དེ་ལ་གཏོང་བ་ནི་རྒྱལ་སྲིད་ཡོངས་སུ་གཏོང་བའོ། །གཏོང་བ་ཆེན་པོ་ནི་ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའོ། །ཤིན་ཏུ་གཏོང་བ་ནི་མགོ་དང་ལག་པ་དང་རྐང་པ་དང་མིག་དང་། པགས་པ་དང་། རུས་པ་དང་། རྐང་ཡོངས་སུ་གཏོང་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི་ཡོངས་སུ་གཏོང་བ་གསུམ་པོ་དེ་དག་ལ་གནས་པར་བྱའོ་ཞེས་གསུངས་སོ།། །།བདེན་པའི་རྣམ་པའི་མདོ་ལས་ཀྱང་། དེ་ལ་སྦྱིན་པ་གང་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ལ་གང་ཡོད་པ་དེ་ཡོངས་སུ་
གཏོང་བར་བྱེད་དེ། དེ་ལག་པ་ཡོངས་སུ་གཏོང་བ་ཡིན། རྐང་པ་ཡོངས་སུ་གཏོང་བ་ཡིན། ལག་པ་དང་རྐང་པ་ཡོངས་སུ་གཏོང་བ་ཡིན། སྣ་ཡོངས་སུ་གཏོང་བ་ཡིན། མགོ་ཡོངས་སུ་གཏོང་བ་ཡིན། ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་ཡིན། བུ་ཡོངས་སུ་གཏོང་བ་ཡིན། བུ་མོ་
ཡོངས་སུ་གཏོང་བ་ཡིན། ཆུང་མ་ཡོངས་སུ་གཏོང་བ་ཡིན། སྲོག་ཡོངས་སུ་གཏོང་བ་ཡིན། ནོར་ཡོངས་སུ་གཏོང་བ་ཡིན། བདེ་བ་ཡོངས་སུ་གཏོང་བ་ཡིན། ལུས་ཡོངས་སུ་གཏོང་བ་ཡིན། དངོས་པོ་ཡོངས་སུ་གཏོང་བ་ཡིན། ཡུལ་ཡོངས་སུ་གཏོང་བ་ཡིན། རིན་པོ་ཆེ་ཡོངས་སུ་གཏོང་
བ་ཡིན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟར་སྦྱིན་པ་སྦྱིན་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པ་ཡིན་ནོ། །དེ་ལ་སྦྱིན་པ་ཤེས་པ་གང་ཞེ་ན། ཇི་ལྟར་ལྷུང་བཟེད་དུ་ཆུད་པ་དུས་སུ་སྦྱིན་པ་དང་། རུང་བ་སྦྱིན་པ་དག་སྦྱིན་

པར་བྱེད་དེ། ཇི་ལྟར་དགེ་སློང་རྣམས་ལ་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོ་སྨན་དང་། ཡོ་བྱད་རྣམས་ཡོངས་སུ་བཏང་ཞིང་མགྲོན་དུ་གཉེར་བར་བྱེད་དོ་ཞེས་གསུངས་སོ། །བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ལས་ཀུན་ཚད་མེད་པ་སྟེ། འདི་ལྟར་ཟས་ཀྱིས་བྲེལ་བ་རྣམས་ལ་ཚེ་དང་། སྤོབས་པ་དང་། བདེ་བ་དང་། སྟོབས་དང་། ཁ་
དོག་བརྟན་པའི་ཕྱིར་ཟས་སྦྱིན་ནོ། །བཏུང་བས་བྲེལ་བ་རྣམས་ལ་ཉོན་མོངས་པའི་སྲེད་པ་བསལ་བའི་ཕྱིར་བཏུང་བ་སྦྱིན་ནོ། །བཞོན་པས་བྲེལ་བ་རྣམས་ལ་བདེ་བ་དང་། རྫུ་འཕྲུལ་གྱི་དངོས་པོ་བསྡུ་བའི་ཕྱིར་བཞོན་པ་སྦྱིན་ནོ། །གོས་ཀྱིས་ཕོངས་པ་རྣམས་ལ་ཁྲེལ་བ་དང་། ངོ་ཚ་བ་དང་། ཁ་དོག་
མཛེས་ཤིང་དྲི་མ་སྦྱང་བའི་ཕྱིར་གོས་སྦྱིན་ནོ། །མེ་མར་གྱིས་ཕོངས་པ་རྣམས་ལ་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པར་བྱ་བའི་ཕྱིར་མེ་མར་སྦྱིན་ནོ། །སིལ་ཀྲོལ་གྱིས་བྲེལ་བ་རྣམས་ལ་སངས་རྒྱས་ཀྱི་རྣ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་སིལ་ཀྲོལ་སྦྱིན་ནོ། །སྤོས་དང་བྱུག་པས་བྲེལ་
བ་རྣམས་ལ་ཚུལ་ཁྲིམས་དང་ཐོས་པ་དང་། ཏིང་ངེ་འཛིན་གྱི་སྤོས་དང་བྱུག་པའི་ཕྱིར་སྤོས་དང་བྱུག་པ་སྦྱིན་ནོ། །ཕྲེང་བས་ཕོངས་པ་རྣམས་ལ་གཟུངས་དང་སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་འཐོབ་པའི་ཕྱིར་ཕྲེང་བ་སྦྱིན་ནོ། །ཕྱེ་མས་བྲེལ་བ་རྣམས་ལ་མི་འཕྲོགས་
པའི་གསུང་རབ་ཏུ་ཐོབ་པའི་ཕྱིར་ཕྱེ་མ་སྦྱིན་ནོ། །རོས་བྲེལ་བ་རྣམས་ལ་མི་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཏུ་འགྱུར་བ་ཐོབ་པའི་ཕྱིར་རོ་ཐམས་ཅད་སྦྱིན་ནོ། །ཁྱིམ་གྱིས་བྲེལ་བ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་གནས་དང་། དཔུང་གཉེན་དང་རྟེན་དང་། སྐྱབས་དང་
མགོན་གྱི་ཕྱིར་ཁྱིམ་སྦྱིན་ནོ། །མལ་གྱིས་བྲེལ་བ་རྣམས་ལ་སྒྲིབ་པ་ཐམས་ཅད་རབ་ཏུ་སྤང་བ་དང་། རྫུ་འཕྲུལ་གྱི་ཚངས་པའི་གནས་དེ་བཞིན་གཤེགས་པའི་གཟིམས་ས་འཐོབ་པའི་ཕྱིར་མལ་སྦྱིན་ནོ། །སྟན་གྱིས་བྲེལ་བ་རྣམས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ས་ཐམས་ཅད་

སྙིང་པོ་བྱང་ཆུབ་དང་རྡོ་རྗེའི་གདན་དུ་འགྱུར་བའི་ཕྱིར་སྟན་སྦྱིན་ནོ། །ཡོ་བྱད་ཀྱིས་བྲེལ་བ་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་གི་ཡོ་བྱད་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར་ཡོ་བྱད་སྦྱིན་ནོ། །ནད་ཀྱི་རྐྱེན་སྨན་གྱིས་བྲེལ་བ་རྣམས་ལ་རྒ་ཤི་མེད་ཅིང་འཆི་བ་མེད་པའི་བདེ་བ་འཐོབ་པའི་ཕྱིར་སྨན་སྦྱིན་
ནོ། །བྱང་ཆུབ་སེམས་དཔའ་རྣམས་བདག་དབང་དང་རང་དབང་དང་། རང་བྱུང་གི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་བྲན་ཕོ་དང་བྲན་མོ་དང་ལས་བྱེད་པའི་མི་དང་། གཡོག་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཆོག་རྣམས་
ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། བྱི་རུ་དང་། རིན་པོ་ཆེ་ཐམས་ཅད་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷབ་ལྷུབ་དང་།
ཕྱང་ཕྲུལ་སྣ་ཚོགས་ཐམས་ཅད་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། རྟ་དང་། བ་ལང་དང་། ཤིང་རྟ་དང་། རྐང་ཐང་དང་། དགལ་བ་རྣམས་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་གྱི་
ཡན་ལག་དང་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཟའ་ཤིང་གི་ར་བ་དང་། གཞལ་མེད་ཁང་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་། ཁང་པ་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དགའ་བར་འཚང་
རྒྱ་བའི་ཕྱིར་བུ་ཕོ་དང་། བུ་མོ་དང་། ཆུང་མ་སྡུག་པ་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དམ་པའི་ཆོས་ཀྱི་མཛོད་དང་། བང་བ་ཀུན་དགང་བའི་ཕྱིར་ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་རྣམ་
པ་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་བྱ་ཞིང་། སྙིང་པོ་བྱང་ཆུབ་ཏུ་འགྲོ་བའི་ཕྱིར། གྲོང་དང་། གྲོང་ཁྱེར་དང་། གྲོང་འདབ་དང་། ཡུལ་དང་། ཕོ་བྲང་དང་། རྒྱལ་པོའི་གནས་དང་། འཛམ་བུའི་གླིང་དང་། གླིང་བཞིའི་རྒྱལ་པོའི་

དབང་ཡོངས་སུ་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་དགའ་བ་དང་མོས་པ་འཐོབ་པའི་ཕྱིར་དང་། བདེ་བ་དང་། དགའ་བ་དང་། བརྩེ་བ་ཀུན་བཏང་ཞིང་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་གཙུག་ཏོར་བལྟར་མི་མངོན་པ་འཐོབ་པར་བྱ་བའི་ཕྱིར།
གཙུག་གི་ནོར་བུ་དང་ཅོད་པན་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་དམ་པའི་ཆོས་ཀྱི་རྐང་པས་སྙིང་པོ་བྱང་ཆུབ་ཏུ་འགྲོ་བའི་ཕྱིར་རྐང་པ་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་ཀྱི་ལག་པ་སྦྱིན་པའི་ཕྱིར་ལག་མཐིལ་སྦྱིན་ནོ། །དབང་པོ་མ་
ཉམས་པར་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་རྣ་བ་དང་སྣ་སྦྱིན་ནོ། །སེམས་ཅན་ཐམས་ཅད་བསྒྲིབས་པ་མེད་པའི་སངས་རྒྱས་ཀྱི་མིག་དང་། ཆོས་ཀྱི་མིག་འཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མིག་སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་
འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་འཐོབ་པར་བྱ་བའི་ཕྱིར་ཡན་ལག་གི་མཆོག་མགོ་བོ་བཏང་ཞིང་སྦྱིན་ནོ། །སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ཞིང་བཙལ་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཤ་
དང་ཁྲག་ཡོངས་སུ་བཏང་ཞིང་སྦྱིན་ནོ། །འཇམ་པ་དང་། སྣུམ་པ་དང་། ཕྲ་བ་དང་། མདོག་གསེར་གྱི་ཁ་དོག་ལྟ་བུར་ཀུན་སྦྱང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་པགས་པ་སྦྱིན་ཞིང་གཏོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟར་མི་ཆོགས་ཤིང་སྲ་
བ་དང་། སྐྱེས་བུ་མཐུ་བོ་ཆེ་ལྟར་བརྟན་པ་འཐོབ་པའི་ཕྱིར་རུས་པ་དང་རྐང་སྦྱིན་ནོ་ཞེས་བྱ་བ་ནས། སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པས་བསྒྲུབས་པ་སྐྱེ་དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མཚན་མ་མེད་པས་བསྒོམས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སྨོན་པ་མེད་
པས་རྟོགས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་འདུས་མ་བྱས་ལ་བསྔོས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་གཟུང་བ་ཤིན་ཏུ་ཟིན་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁམས་གསུམ་པ་དང་མ་འདྲེས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །

སྦྱིན་པ་དེ་ནི་རྣམ་པར་གྲོལ་བའི་འབྲས་བུའི་རྒྱུ་མཐུན་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བདུད་ཐམས་ཅད་ཤིན་ཏུ་ཆར་གཅོད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བྱེ་
བྲག་འཐོབ་པར་འགྱུར་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ལེགས་པར་བྱས་པ་གདོན་མི་ཟ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་སུ་སྤེལ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡང་དག་པར་བསྔོས་པ་སྟེ། དེའི་ཕྱིར་
ན་དེ་ནི་མི་ཟད་པའོ། །སྦྱིན་པ་དེ་ནི་སྙིང་པོ་བྱང་ཆུབ་ཀྱི་རྒྱན་གྱི་ཚོགས་སུ་དམིགས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་སེམས་ཅན་ཐམས་ཅད་འཚོ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་སྟེ། དེའི་ཕྱིར་ན་དེ་ནི་མི་ཟད་པའོ། །
སྦྱིན་པ་དེ་ནི་མཐའ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཡོངས་སུ་མ་གོད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཀུན་དུ་མ་ཞུགས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཚད་གཟུང་དུ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་
ཡངས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་གནས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐུག་པ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་མི་དཔྱ་བ་སྟེ། དེའི་ཕྱིར་ན་དེ་མི་
ཟད་པའོ། །སྦྱིན་པ་དེ་ནི་མི་ཐུལ་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཟིལ་གྱིས་མ་ནོན་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཏང་བ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །སྦྱིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་
ཕྱིར་བསྒྲུབས་པ་སྟེ། དེའི་ཕྱིར་ན་དེ་མི་ཟད་པའོ། །བཙུན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་མི་ཟད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྦྱིན་

པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མི་འཇིགས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ལན་དུ་
ཕན་འདོགས་པ་ལ་མི་རེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། སྙིང་རྗེའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མི་བརྙས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། བསྟི་སྟང་གི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མཆོད་པ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་
ཚོགས་པ་རྣམས་ཡིན། མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་
དཔའ་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་རྣམས་འཛིན་ཅིང་ཀུན་ཆུབ་པར་བྱེད་དེ། རྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིན། ཤེས་ཀྱི་ཁེ་འདོད་པའི་ཕྱིར་མ་ཡིན། གྲགས་པ་འདོད་པའི་ཕྱིར་མ་ཡིན་ཏེ། གཞན་དུ་ན་དེ་འདི་ལྟར་སེམས་ཅན་དག་གི་སྡུག་བསྔལ་ཐམས་ཅད་ཇི་ལྟར་ཟད་པར་བྱ་
སྙམ་སྟེ། ཆོས་དེ་དག་ཀྱང་ཟང་ཟིང་མེད་པའི་སེམས་ཀྱིས་གཉིས་སུ་མེད་པར་གཞན་དག་ལ་ཡང་དག་པར་སྟོན་ཏེ། ཇི་ལྟར་ན་རྒྱལ་པོའམ། བློན་པོ་ཆེན་པོ་ལ་ཡང་དག་པར་སྟོན་པ་དེ་ལྟར་གདོལ་པའམ། གདོལ་བུ་ལ་ཡང་དག་པར་སྟོན་ན། དེ་མ་ཡིན་པ་གྲོང་བ་དང་། ཡུལ་
གྱི་མི་གཞན་དག་ལ་ལྟ་ཅི་སྨོས། ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་དེས་ཁེངས་པར་ཡང་མི་འགྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་འཇིགས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་
ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བདག་གིས་དབྱིག་པ་བོར་བ་དང་། མཚོན་ཆ་བོར་བ་ཡིན་ཏེ། གཞན་དག་ཀྱང་བསླབ་པ་དེ་ཉིད་ལ་འཇོག་གོ། །དེ་སེམས་ཅན་ཐམས་ཅད་ལ་ཕར་འདུ་ཤེས་པ་ཡིན། མར་འདུ་ཤེས་པ་ཡིན། བུར་འདུ་ཤེས་པ་ཡིན།

གཉེན་བཤེས་སུ་འདུ་ཤེས་པ་ཡིན། ཉེ་དུ་འམ་སྣག་གི་གཉེན་མཚམས་དག