Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 112
Văn bản gốc(Tây Tạng)
Trang 15 / 17 (50.000 ký tự/trang)
ྱིན་པའི་ས་ལ་བརྟེན་ནས་ནི། །ཚུལ་ཁྲིམས་སྲུང་རྣམས་མཁས་པ་ཡིན། །ཚུལ་ཁྲིམས་ལྡན་པ་དུས་ཀྱིས་ནི། །ཡེ་ཤེས་ཀྱིས་ནི་ཡོངས་སུ་གྲོལ། །སྡུག་བསྔལ་ངེས་འབྱུང་ལམ་དུ་ནི། །འདི་ནི་ཐོབ་པ་རྣམས་ཀྱིས་བསྔགས། །དེ་ལྟར་རིག་ནས་མཁས་པས་ནི། ། རྟག་ཏུ་སྦྱིན་པ་དགའ་བར་བྱ། །སྔོན་དུ་བག་མེད་སྤྱད་པ་གང་། །སྦྱིན་པ་ལ་སོགས་མ་སྤེལ་བ། །ཕྱི་ནས་འཆི་བའི་དུས་ཀྱི་ཚེ། །དེ་ནི་རང་སེམས་གདུང་བར་འགྱུར། །སྦྱིན་པ་བྱེད་མི་ནོར་དེ་ནི། །རྟག་པར་ལོངས་ནི་མི་སྤྱོད་པ། །འབད་པས་ཡོངས་སུ་བསྲུངས་པ་ཡིས། །ནོར་དེ་རྣམས་ནི་ཆུད་ཟོས་འགྱུར། ། བླ་མའི་ཚོགས་ལ་སྦྱིན་པའི་ཕྱིར། །རྟག་ཏུ་ནོར་ནི་སྤྱོད་བྱེད་པའི། །ནོར་དེ་མཛེས་པར་ལྟ་བ་ཡིན། །དེ་ལས་བཟློག་པ་རྩྭ་དང་མཚུངས། །སྟོབས་ཆུང་བ་དང་དུལ་རྣམས་ལ། །སྡིག་དང་མ་འདྲེས་སྦྱིན་བྱིན་ན། །སེམས་ཅན་རྣམས་ཀྱི་མིག་ཇི་བཞིན། །འཇིག་རྟེན་འདི་དང་ཕ་རོལ་དུ། །སྦྱིན་པ་མི་ཡི་ འཇིག་རྟེན་དུ། །བྱིན་པས་དགེ་བར་འགྲོ་བའོ། །ལྷ་རྣམས་སྦྱིན་པ་མི་གཏོང་སྟེ། །འདི་ནི་འབྲས་བུའི་ས་རུ་འདོད། །མི་རྣམས་ལས་ཀྱིས་ཡིན་ཏེ། །ལྷ་རྣམས་འབྲས་བུའི་ས་ཡིན་ནོ། །ལས་ཀྱི་དབང་གིས་འབྲས་བུ་སྟེ། །རྒྱུ་མེད་པ་ལས་འབྲས་བུ་ཡིན། །བསམ་གཏན་དང་ནི་ཉན་པ་སྤངས། ། སྦྱིན་དང་ཚུལ་ཁྲིམས་རྣམས་སྤང་ཞིང་། །རྩོད་དང་རྩུབ་དང་རྨོངས་པ་ཡིན། །གསོན་ཡང་ཤི་དང་མཚུངས་པའོ། །གང་ཞིག་ཆོས་ཀྱི་རྗེས་འབྲང་ན། །འཇིག་རྟེན་འདིར་ནི་སྲོག་དང་བཅས། །རང་གིས་ཐམས་ཅད་རབ་བྱིན་པས། །རྟག་པར་སེམས་ཅན་དོན་བྱ་སྟེ། །སེམས་ཅན་ལ་གནོད་ སྦྱིན་པ་ནི། །རྒྱལ་སྲས་རྣམས་ཀྱིས་མི་བྱའོ། །འཇིགས་དང་སྐྲག་དང་ངོ་ཚས་མིན། །ལན་ལ་རེ་བས་སྦྱིན་མི་བྱ། །ལྷག་བསམ་མ་ཡིན་གཡོ་དང་སྒྱུ། །རྒྱགས་དང་བཅས་པས་མི་སྦྱིན་ནོ། །དེ་ཡི་འབྲས་བུ་སྤྱོད་འདོད་དང་། །བརྫུན་དང་རྒོད་པའི་སེམས་ཀྱིས་མིན། །བདག་བསྟོད་པ་དང་གཞན་སྨོད་ དང་། །ཁྲོ་དང་ཞེ་སྡང་གཏི་མུག་དང་། །ཡིད་ལ་གཅགས་དང་འགྱོད་པ་དང་། །གྲགས་དང་བདེ་བའི་འདུན་པས་མིན། །དེ་ནི་སྦྱིན་པ་བྱས་ནས་ཀྱང་། །སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ། །ཁམས་གསུམ་ཀུན་དུ་ཁྱབ་པ་ཡི། །བདག་མེད་པ་ནི་ཡོངས་སུ་བསྒོམ། །རྒྱུ་མཐུན་འབྲས་བུ་རྣམ་གྲོལ་ཏེ། ། བདུད་ཀྱི་འཇིགས་པ་ཀུན་བཟློག་པའོ། །གཅིག་ཏུ་མ་ངེས་ཀུན་ཁྱབ་པ། །སེམས་ཅན་ཐམས་ཅད་ཉེར་འགྲོ་བའི། །རྣམ་ཐར་བཞི་ནི་ཡང་དག་པའི། །ཚངས་གནས་བཞི་པོ་བསྒོམ་པར་བྱ། །ཉོན་མོངས་ཀུན་དང་བྲལ་བྱེད་ཅིང་། །ཁྱད་པར་འགྲོ་བའི་གཞུང་ལམ་སྟེ། །མཐའ་མེད་ཆད་པ་མེད་པ་ཡི། །ཀུན་ མཁྱེན་ཡེ་ཤེས་བྱེད་པས་སོ། །ཇི་ལྟར་གསུངས་པའི་སྐྱོན་བྲལ་ཞིང་། །ཇི་ལྟར་གསུངས་པའི་ཡོན་ཏན་ལྡན། །སྦྱིན་པ་དེ་ནི་མི་ཟད་དེ། །མི་མཐུན་ཕྱོགས་ཀྱིས་མི་ཤིགས་སོ། །རྒྱ་མཚོ་ཆེན་པོར་ཆུ་འཁྱོར་གང་། །བླུགས་པ་མི་ཟད་ཇི་བཞིན་ནོ། །འདི་ནི་སྦྱིན་པའི་གཏམ་མོ། །བདེ་བ་ཐམས་ཅད་ཐོབ་ བྱ་དང་། །སྡུག་བསྔལ་ཐམས་ཅད་ཞི་བྱའི་ཕྱིར། །མཐོ་རིས་ཚོགས་ཀྱི་བྱེད་པ་པོ། །ཚུལ་ཁྲིམས་རྟག་པར་བསྲུང་བར་བྱ། །སྡོམ་དང་སེམས་ཅན་དོན་ཀུན་བྱེད། །དགེ་བའི་ཆོས་ནི་སྡུད་པ་དང་། །ཚུལ་ཁྲིམས་རྣམ་པ་གསུམ་དུ་གྲགས། །ཉི་མའི་གཉེན་གྱིས་གསལ་བར་གསུངས། །ནོར་གྱི་ནང་ན་ཚུལ་ ཁྲིམས་མཆོག །འོད་ནང་ཉི་མ་ཇི་བཞིན་ནོ། །ནོར་དེ་སྤངས་ནས་འགྲོ་བ་སྟེ། །ཚུལ་ཁྲིམས་ཉིད་ནི་མདུན་ནས་འགྲོ། །ཇི་ལྟར་ཉི་མས་མུན་འཇོམས་པ། །དེ་བཞིན་ཚུལ་ཁྲིམས་སྡུག་བསྔལ་འཇོམས། །མཐོ་རིས་ཚོགས་ཀྱི་ལམ་བཟང་པོ། །སྐྱོང་ཞིང་འཇིགས་པ་སེལ་བར་བྱེད། །སྲིད་པའི་ལོངས་སྤྱོད་ ཕྱིར་ཕྱོགས་ཕྱིར། །ཚུལ་ཁྲིམས་དེ་ནི་མཆོག་ཏུ་བསྲུང་། །དེ་ཉིད་འཇིག་རྟེན་ཕྱི་མར་ཡང་། །ཚུལ་ཁྲིམས་ཉིད་ནི་ངེས་རྟེན་འབྱུང་། །ཚུལ་ཁྲིམས་ཀྱིས་ནི་འདིར་ཡང་སྐྱོབ། །ཕ་རོལ་དུ་ཡང་ངན་སོང་སྦྱོང་། །ཚུལ་ཁྲིམས་བདེ་འགྲོའི་སྐས་ཡིན་ནོ། །དེ་བས་ཚུལ་ཁྲིམས་ལྷག་པར་ སྤྱོད། །ཚུལ་ཁྲིམས་མི་ཟད་མཛོད་དུ་འགྱུར། །ཚུལ་ཁྲིམས་མི་ཟད་བདེ་བའོ། །རྒྱལ་པོ་ཆོམ་རྐུན་ཆུ་སོགས་ཀྱིས། །ཚུལ་ཁྲིམས་ནོར་ནི་འཕྲོག་མི་ནུས། །ཁྲིམས་ཀྱིས་ལུས་སོགས་དགེ་ལས་རྣམས། །ཉོན་མོངས་མེད་པའི་འབྲས་བུར་འགྱུར། །སྙན་དང་སྐལ་བཟང་མཆོག་ཏུ་བདེ། །བག་ཡོད་ཤིན་ཏུ་འོད་བཟང་དང་། །དྲི་མེད་སྲིད་ལ་ ཆགས་བྲལ་སོགས། །ཚུལ་ཁྲིམས་སངས་རྒྱས་ཀྱིས་རབ་བསྔགས། །འཁོར་བ་ཀུན་གྱི་སྤྱོད་པ་ལས། །ཞི་དབེན་ཐོབ་པར་བྱ་ཕྱིར་རོ། །ཚུལ་ཁྲིམས་དམ་པའི་གོས་གྱོན་པ། །ངོ་ཚ་དང་བཅས་སྐྱེས་བུ་མཆོག །གཞན་དུ་གཅེར་བུར་ཐ་མ་སྟེ། །དུད་འགྲོ་དང་མཚུངས་ངོ་ཚ་ བྲལ། །ཡན་ལག་ལྔ་ཡི་སྒོ་ནས་ནི། །དཀོན་མཆོག་གསུམ་ལ་ཕྱག་བྱ་སྟེ། །བླ་མར་གུས་ཤིང་ཉན་པར་འདོད། །དད་པ་ཤིན་ཏུ་བསྐྱེད་པར་བྱ། །ཁ་ན་མ་ཐོ་རྡུལ་ཙམ་གྱི། །འཇིགས་པས་མ་སྦགས་ཚུལ་ཁྲིམས་སོ། །ཐེག་པ་གཞན་ལ་མ་བརྟེན་པས། །མ་ཉམས་པ་ཡི་ཚུལ་ཁྲིམས་ཉིད། །མ་ རུངས་མི་བཟད་མི་སྐྱེ་བ། །སྐྱོན་མེད་པ་ཡི་ཚུལ་ཁྲིམས་ཉིད། །ཉོན་མོངས་སྐྱེ་བོས་མ་བཅིངས་པ། །དེ་བཞིན་མ་འདྲེས་ཚུལ་ཁྲིམས་ཉིད། །དབེན་ཞིང་ལྷད་མ་ཞུགས་པའི་ཕྱིར། །དཀར་པོའི་ཆོས་ནི་རྣམ་འཕེལ་ཉིད། །ཇི་ལྟར་འདོད་བཞིན་འགྲོ་བའི་ཕྱིར། །སྨིན་པ་ཡི་ནི་ཚུལ་ཁྲིམས་ཉིད། །མཁས་ པས་རབ་ཏུ་བསྔགས་པ་ནི། །ཀུན་ལ་ཡང་དག་བསྔགས་པའོ། །ཀུན་ནས་ཁ་ན་མ་ཐོ་བ། །མེད་ཕྱིར་མ་སྨད་པར་བརྗོད་དོ། །རྫོགས་པའི་སངས་རྒྱས་ཀུན་གྱིས་དེ། །རྣམ་གར་གཟིགས་ནས་རབ་ཏུ་བསྒྲགས། །དེ་དག་ལ་སོགས་རྣམ་པ་ནི། །དྲུག་ཅུ་རྩ་ལྔ་དག་པ་ནི། །ཚུལ་ཁྲིམས་ཕུང་པོ་རྣམ་པར་ དག །འགྱུར་ཞིང་ཡོངས་སུ་མི་ཟད་བརྗོད། །གཞུང་བསྡུས་ཕྱིར་ན་བདག་གིས་ནི། །དེ་དག་ཐམས་ཅད་མ་བསྡུས་སོ། །ཚུལ་ཁྲིམས་འཆལ་བའི་རབ་རིབ་ཀྱིས། །བག་མེད་པ་ནི་རྣམ་པར་སྤྱོད། །སྡིག་པ་བྱེད་ཅིང་ངན་འགྲོ་ཆེར། །རབ་ཏུ་ལྷུང་ཞིང་འཇིགས་ཆེན་མྱོང་། །དེ་བས་ཀུན་དུ་རབ་ འབད་པས། །རྒྱལ་སྲས་རྣམས་ཀྱིས་ཚུལ་ཁྲིམས་བསྲུང་། །ཆོས་ཀུན་བདག་མེད་རྣམ་བསྒོམས་པས། །ཐེག་པ་ཆེན་པོའི་རྗེས་སུ་འགྲོ། །སྲིད་པའི་ལོངས་སྤྱོད་མ་ལུས་པའི། །གཟུང་ཡུལ་ལུས་ལ་སོགས་པ་སྡོམ། །ཚུལ་ཁྲིམས་ཕུང་པོ་རྣམ་དག་པས། །རང་བཞིན་མེད་པ་གསལ་བར་ལྡན། ། དེ་ཉིད་རྫོགས་པའི་བྱང་ཆུབ་རྒྱུ། །དོན་ནི་ཐམས་ཅད་སྒྲུབ་པ་པོ། །དེ་ནི་དཔག་མེད་རྣམ་པ་སྟེ། །དེ་ལྟར་མདོ་རུ་བསྡུས་ཏེ་བརྗོད། །དེ་བས་ཀུན་དུ་རྟོག་པ་ཀུན། །རབ་ཏུ་བསྡུས་ལ་གོམས་བྱ་སྟེ། །གང་ཕྱིར་ཚུལ་ཁྲིམས་ཀུན་གྱི་ནི། །སྤྲོས་རྣམས་འདིར་ནི་འདུས་འགྱུར་བའོ། །དེ་ནི་ཚུལ་ཁྲིམས་ཀྱི་གཏམ་མོ། ། ཁྲོ་བའི་མེ་ནི་བཟོད་དཀའ་བས། །བསོད་ནམས་ལྗོན་ཤིང་ཀུན་རླག་བྱེད། །རང་བཞིན་ལུས་སོགས་སྤོང་གདུང་བ། །སྐལ་བ་ངན་པའི་རྒྱུ་གཅིག་པོ། །ཞེ་སྡང་ལས་སྐྱེས་ཁྲོ་བ་དང་། །འཁོན་དུ་འཛིན་པ་དགྲ་ཆེན་པོ། །གང་ཞིག་ཁོང་ཁྲོ་ལ་སོགས་ཀྱིས། །དབང་ཕྱུག་གཞན་ལ་གནོད་བྱེད་དེ། །གཞན་གནོད་ ལས་སྐྱེས་སྡུག་བསྔལ་ནི། །མི་བཟད་ཤིན་ཏུ་བཟོད་པར་དཀའ། །དེ་ནི་སྣ་ཚོགས་ཚུལ་གྱིས་ནི། །འབད་པས་བཟོད་པ་བསྒོམ་པར་བྱ། །དཔལ་ལྡན་ཞི་བ་ལྷས་གསུངས་པ། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་ པར་བྱ། །བདེ་གཤེགས་སྲས་ཀྱིས་གཤེ་བ་ལ། །སླར་ཡང་གཤེ་བར་མི་བྱ་སྟེ། །སྒྲ་རྣམས་སྒྲ་བརྙན་ལྟ་བུར་ནི། །ཡང་དང་ཡང་དུ་བསམ་པར་བྱ། །རྡེག་པ་ལ་ནི་སླར་ཡང་ནི། །འདིས་ནི་བརྡེག་པར་མི་བྱ་སྟེ། །ལུས་ནི་གཟུགས་བརྙན་དང་མཚུངས་པར། །མཁས་པས་ཡུན་ རིང་ཡང་དག་བསམ། །ཁྲོས་ལ་ཁྲོ་བར་མི་བྱ་སྟེ། །སེམས་ནི་སྒྱུ་མ་དང་མཚུངས་ཞེས། །ལྷག་པའི་བསམ་པ་ཉིད་ཀྱིས་ནི། །དོན་དམ་པ་ལ་དམིགས་པས་ཀྱང་། །ཤིན་ཏུ་བཟོད་པ་འབྱུང་བ་ཡིན། །དེ་ཡང་ཆོས་རྣམས་ཀུན་གྱི་ནི། །རང་བཞིན་རྣམ་པར་རིགས་པ་ཡིས། །ངོ་བོ་ཉིད་མེད་ ལ་བཟོད་པ། །མཆོག་གི་བཟོད་པ་སྐྱེ་བར་འགྱུར། །བཟོད་པ་ཁྲོ་བའི་སྦྲུལ་གྱི་ནི། །ནམ་མཁའ་ལྡིང་གི་གསང་སྔགས་མཆོག །ཁོང་ཁྲོའི་རབ་རིབ་མུན་པ་ནི། །སེལ་བའི་སྨན་མཆོག་བཟོད་པའོ། །དམ་ཆོས་ནོར་ནི་ཉམས་པ་ཡིས། །འཁོར་བའི་འགྲོ་བ་ལྔ་པོ་ལ། །གང་དག་ བཟོད་ནོར་རང་བཞིན་ཅན། །སེམས་ཅན་དེ་རྣམས་ཕྱུག་པོར་ཤེས། །སྐྱེས་བུ་རྣམས་ལ་ཐར་པ་སྟོན། །འཁོར་བའི་འཇིགས་པ་སེལ་བ་པོ། །མཐོ་རིས་སྐྱབས་སུ་གྱུར་པ་དེ། །དམྱལ་བའི་མེ་ནི་རླག་བྱེད་པའོ། །བདུད་དགྲ་ཀུན་གྱི་དཔུང་སྟོབས་ནི། །རབ་ཏུ་འཇོམས་བྱེད་རྒྱུ་ ཡི་མཆོག །ཞེ་སྡང་སོགས་ཀྱི་གཉེན་པོར་ནི། །མཁས་པས་རྟག་ཏུ་བཟོད་བསྒོམ་བྱ། །སྡུག་བསྔལ་ལྷག་བཟོད་ཆོས་ལ་ནི། །ངེས་པར་སེམས་པའི་མཚན་ཉིད་ཅན། །གཞན་གྱི་གནོད་པ་ཇི་མི་སྙམ། །ཞེས་བྱ་བཟོད་པ་གསུམ་དུ་བརྗོད། །དེ་བས་འཁོར་བའི་སྡུག་བསྔལ་ལས། །འགྲོ་བ་བསྒྲལ་བར་ འདོད་པ་ཉིད། །གཟིངས་དང་འདྲ་བའི་བཟོད་པ་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་བསྒོམ། །འདི་ནི་བཟོད་པའི་གཏམ་མོ། །སྐྱེས་བུ་ཀུན་གྱིས་ཡང་དག་དོན། །འགྲུབ་པའི་རྒྱུ་ཡི་བརྩོན་འགྲུས་བརྩམ། །ཀུན་དུ་བརྩོན་འགྲུས་ཉིད་མེད་ན། །འདོད་པ་ཅུང་ཟད་མི་འགྲུབ་སྟེ། །ལེ་ལོ་དང་ནི་གནོད་སྤྲོ་ དང་། །ཡི་ཆད་དང་ནི་ཅུང་ཟད་ཆོག །མི་མཐུན་ཕྱོགས་ཏེ་གཞོམ་པའི་ཕྱིར། །འདི་ལྟར་བརྩོན་འགྲུས་རྣམ་བསྒོམ་བྱ། །བརྩོན་འགྲུས་བརྒྱད་ནི་ཡང་དག་པར། །བླང་བར་དེ་བཞིན་གཤེགས་པས་གསུངས། །དེ་ལས་ཅུང་ཞིག་ཡང་དག་དྲངས། །མདོར་བསྡུས་ནས་ནི་མངོན་པར་བརྗོད། །བྱང་ཆུབ་སེམས་ དཔའི་གོ་ཆ་དང་། །གཞན་དོན་སོགས་ལ་མཆོག་འགྲོ་དང་། །ཡང་དག་རྙེད་དང་འགྲོ་བ་སྨིན། །བསོད་ནམས་ཡེ་ཤེས་ཚོགས་མཆོག་དང་། །ཤེས་རབ་ཅེས་བྱ་ཉིད་ཀྱི་ཚོགས། །ཡང་དག་རྫོགས་པའི་སངས་རྒྱས་ཆོས། །ཡང་དག་བླངས་པའི་བསོད་ནམས་ཚོགས། །མི་ཟད་པར་ནི་ཡོངས་སུ་བརྗོད། ། དེ་ལ་གོ་ཆ་མི་ཟད་པ། །དེ་ནི་བསྐལ་པ་ལ་སོགས་པ། །གྲངས་མེད་འཁོར་བར་མི་སྐྱོ་ཉིད། །སེམས་ཅན་ཀུན་གྱི་རྒྱུ་ཡིན་ཕྱིར། །བསོད་ནམས་ཡེ་ཤེས་ཚོགས་གང་ཡིན། །ཕ་རོལ་ཕྱིན་པ་མངོན་རྫོགས་བྱེད། །ཡང་དག་སངས་རྒྱས་ཐམས་ཅད་ཀྱི། །དམ་ཆོས་ཉན་དང་འཛིན་ལ་སོགས། ། དཀོན་མཆོག་གསུམ་དང་བླ་མ་ལ། །མཆོད་དང་ཉེ་བར་གནས་པ་སོགས། །འདི་དག་མི་ཟད་གོ་ཆ་སྟེ། །བསྐལ་པ་ལ་སོགས་གྲངས་མེད་པའོ། །འདི་ལྟའི་བྱ་བ་རྣམས་ལ་ནི། །རབ་ཏུ་སྤྲོ་ཏེ་ནམ་མཁའ་བཞིན། །བསྐལ་པའི་ས་མཚམས་ཡངས་པ་འདི། །བྱང་ཆུབ་སེམས་དཔའི་ བརྗོད་པའོ། །གོ་ཆའི་བརྩོན་འགྲུས་ཀྱི་ཚོགས་སོ། །སངས་རྒྱས་རྣམས་ནི་བལྟ་ཕྱིར་དང་། །དམ་པའི་ཆོས་ནི་མཉན་ཕྱིར་དང་། །སེམས་ཅན་ཡོངས་སྨིན་བྱ་ཕྱིར་དང་། །ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར། །ཁོར་ཡུག་ཆེན་པོའི་བར་དུ་ནི། །ས་མཚམས་མེད་པར་མེ་མདག་ཁེངས། ། འཇིག་རྟེན་ཁམས་སུ་འཇུག་འགྲོ་ཡང་། །ཡང་དག་སྤྲོ་བ་བརྟན་པ་སྟེ། །རྟག་པར་བརྩོན་པ་གཞན་དོན་ཕྱིར། །འགྲོ་དེ་མཆོག་ཏུ་འགྲོ་བའོ། །དཀོན་མཆོག་གསུམ་ལ་བྱང་ཆུབ་སེམས། །བསྒོམ་བྱ་གསུངས་པའི་རིམ་པས་སོ། །མཆོག་ཏུ་འགྲོ་བའི་བརྩོན་འགྲུས་ཀྱི་ཚོགས་སོ། །གང་ དག་ཅུང་ཟད་བླངས་པ་ཡི། །བསོད་ནམས་ཚོགས་དེ་བསྔོ་བར་བྱ། །རྒྱ་མཚོར་འབབ་པའི་ཆུ་བཞིན་དུ། །བྱང་ཆུབ་བསྔོས་དེ་མི་ཟད་གསུངས། །སེམས་ཅན་རྣམས་ནི་བྱང་ཆུབ་ལ། །དགོད་པའི་ཕྱིར་ནི་ཡོངས་སུ་བསྔོ། །མི་ཟད་ཡང་དག་ཐོབ་པ་ནི། །བྱང་ཆུབ་སེམས་དཔས་ཤེས་ པར་བྱ། །ཡང་དག་རྙེད་པའི་བརྩོན་འགྲུས་ཀྱི་ཚོགས་སོ། །ཉི་མ་རེ་རེར་སྟོང་གསུམ་གྱི། །སྟོང་ཆེན་དུ་ནི་གཏོགས་པ་ཡི། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །སེམས་ཅན་གནས་པ་དེ་ཡང་ནི། །སྣ་ཚོགས་ཐབས་ཀྱིས་སངས་རྒྱས་ནི། །ཉིད་དུ་ཐུབ་སྲས་ཡོངས་སྨིན་བྱེད། །འདི་ལྟར་རིམ་པས་ བསྐལ་པ་ནི། །གྲངས་མེད་བྱེ་བ་བརྒྱར་ཡང་ངོ་། །དེ་ལྟ་མོད་ཀྱི་སེམས་ཅན་ཁམས། །མཐའ་ཡས་གྲངས་མེད་ས་ཡི་ནི། །སྟོང་གི་ཆ་ཡི་ཆ་གཅིག་ཀྱང་། །དེ་ནི་ཡོངས་སུ་སྨིན་མ་གྱུར། །རྗེས་བསྟན་འདི་ལྟར་ཐོས་ནས་ཀྱང་། །དེ་ལས་མཆོག་ཏུ་སྤྲོ་བ་ཐོབ། །མི་ཟད་ཡོངས་སུ་སྨིན་པ་ནི། །བྱང་ཆུབ་ སེམས་དཔའ་ཡིན་པར་བརྗོད། འགྲོ་བ་སྨིན་པའི་བརྩོན་འགྲུས་ཀྱི་ཚོགས་སོ། །ཇི་སྙེད་ནམ་མཁའི་མཐར་ཐུག་པའི། །འཇིག་རྟེན་གསུམ་ན་གནས་པ་ཡི། །སེམས་ཅན་དེ་དག་ཀུན་དང་ཡང་། །སློབ་པ་རྣམས་དང་བྱང་སེམས་དང་། །བསེ་རུ་ཉན་ཐོས་བྱང་ཆུབ་ནི། །དུས་གསུམ་བཞུགས་པ་དེ་ཀུན་གྱི། ། བསོད་ནམས་ཚད་ནི་ཇི་ཙམ་པ། །དེ་ཙམ་བསོད་ནམས་བཅུ་འགྱུར་དུ། །བསགས་པ་ཡི་ནི་ཐུབ་པ་ཡི། །བ་སྤུའི་བུ་ག་གཅིག་སྐྱེའོ། །དེ་ལྟར་བ་སྤུའི་བུ་ག་རྣམས། །ཐམས་ཅད་སྐྱེ་བའི་དགེ་བ་ཡིས། །བསོད་ནམས་བརྒྱ་འགྱུར་དག་ལས་ནི། །དཔེ་བྱད་གཅིག་ནི་འགྲུབ་པར་འགྱུར། །དཔེ་བྱད་ ཐམས་ཅད་བསྡུས་པ་ཡི། །བསོད་ནམས་ཕུང་པོས་མཚན་ཡིན་ཏེ། །སྟོང་ཕྲག་གཅིག་ཏུ་བསྡོམས་པས་ནི། །མཚན་རྣམས་ཀུན་གྱི་རྒྱུ་ཡིན་ནོ། །སྟོང་ཕྲག་བཅུ་ནི་བསྡོམས་པ་ཡིས། །ཐུབ་པའི་མཛོད་སྤུ་གཅིག་ཡིན་ནོ། །མཛོད་སྤུའི་དགེ་བའི་ཕུང་པོ་ནི། །འབུམ་གྱིས་གཙུག་ཏོར་ འབྱུང་བའོ། །བསོད་ནམས་འབུམ་དེ་བྱེ་བས་ནི། །ཆོས་ཀྱི་དུང་ནི་རབ་ཏུ་སྐྱེ། །མི་བཟད་པ་ཡི་བསོད་ནམས་ཚོགས། །བརྩོན་ཆེན་ཐུབ་པས་གསུངས་པ་ཉིད། །དེ་སྙེད་པ་ནི་ཆེར་སྤྲོ་བ། །བྱང་ཆུབ་སེམས་དཔའ་ལ་སྐྱེའོ། །བསོད་ནམས་ཀྱི་བརྩོན་འགྲུས་ཀྱི་ཚོགས་སོ། །སྟོང་གསུམ་འཇིག་རྟེན་ཁམས་ཀྱི་ནི། ། སེམས་ཅན་དང་རྗེས་འབྲང་གྱུར་པར། །ཡོངས་སུ་བརྟག་པ་ཉེར་བཟུང་སྟེ། །ཐམས་ཅད་འདི་ལྟར་གྱུར་ཀྱང་ནི། །ཆོས་ཀྱི་རྗེས་འབྲང་རྟོགས་པ་ཡི། །ཆ་དང་དཔེ་ཡིས་བསྟན་མི་བཟོད། །དེ་བཞིན་དུ་ནི་ཇི་སྲིད་དུ། །ས་བཅུའི་ཡེ་ཤེས་ཐོབ་པ་ཡིས། །དེ་བཞིན་གཤེགས་པའི་གནས་དང་ནི། །གནས་མིན་མཁྱེན་ པའི་སྟོབས་ཀྱི་ནི། །དེ་དག་ཀུན་གྱིས་ཆ་དང་ནི། །དཔེ་བསྟན་པར་ཡང་ཉེ་མི་འགྱུར། །དེ་ལྟར་མེ་བཞིན་སངས་རྒྱས་ཆོས། །མ་འདྲེས་པ་ནི་ཐམས་ཅད་ལ། །འཇུག་ཅིང་དེ་རྣམས་ལ་ཡང་ནི། །ཆེར་སྤྲོ་བ་ཡང་མི་ཟད་པའོ། །དེ་ཡང་ཡེ་ཤེས་ཚོགས་ཀྱི་ནི། །བརྩོན་འགྲུས་བརྩོན་པ་བརྗོད་པ་ཉིད། ། འདི་དག་བྱང་སེམས་མ་གཏོགས་པ། །གཞན་གྱི་སེམས་ཀྱི་སྤྱོད་ཡུལ་མིན། །ཡེ་ཤེས་ཀྱི་བརྩོན་འགྲུས་ཀྱི་ཚོགས་སོ། །རྒྱ་ཆེན་ནམ་མཁའ་ཀུན་གནས་པའི། །དུས་གསུམ་གནས་པའི་སེམས་ཅན་རྣམས། །ཀུན་གྱི་སེམས་ཀྱི་སྤྱོད་པ་ནི། །གང་གིས་ཀུན་དུ་ཤེས་འགྱུར་བ། །དེ་ལྟར་ཤེས་རབ་ ཀྱི་ནི་ཚོགས། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །ཐོབ་པར་བྱ་བ་དེ་ནི་ཡང་། །སྤྲོ་བ་ཆེན་པོ་སྐྱེ་བར་འགྱུར། །ཤེས་རབ་ཀྱི་བརྩོན་འགྲུས་ཀྱི་ཚོགས་སོ། །དགེ་བའི་རྩ་བའི་ཚོགས་གང་ནི། །བྱང་ཆུབ་སེམས་ལ་སོགས་བསྡུས་པ། །སེམས་ནི་དང་པོ་ནས་བརྩམས་ནས། །བྱང་ཆུབ་སྙིང་ པོ་ཡི་ནི་བར། །བསགས་ཏེ་ཡང་དག་གཟུང་རྣམས་དང་། །དེ་བཞིན་སངས་རྒྱས་ཆོས་རྣམས་ཀུན། །ཡང་དག་བླངས་པའི་ཚོགས་དེ་ནི། །མི་ཟད་ཡང་དག་བླངས་པར་བརྗོད། །ཡང་དག་བླངས་པའི་ཚིག་གིས་སོ། །བརྩོན་འགྲུས་འདི་ཀུན་མཐའ་དག་ལ། །ཆོས་ཀྱི་བདག་མེད་ བསྒོམས་པ་ཉིད། །ནམ་མཁའ་བཞིན་དུ་རྣམ་དག་འགྱུར། །གཞན་དུ་ལྟ་བ་ལྡན་པས་མིན། །འགྲོ་ཀུན་ངོ་བོ་ཉིད་མེད་པས། །དབང་པོ་དྲུག་ནི་རབ་བསྡུས་ནས། །ཞེན་པ་མེད་པའི་སེམས་ཀྱིས་ནི། །འདི་དེ་རྟག་པར་བསྒོམས་པའོ། །འདི་ནི་བརྩོན་འགྲུས་ཀྱི་གཏམ་མོ། ། སྐྱོན་རྣམས་སེལ་བའི་བསམ་གཏན་དང་། །དེ་བཞིན་གནས་པའི་བསམ་གཏན་མཆོག །དབང་སྦྱོར་དང་གསུམ་ཤེས་པར་བྱ། །ཚངས་པའི་བདེ་བ་རབ་བསྒྲུབ་པའོ། །རྟོག་དང་དཔྱོད་དང་དགའ་བ་དང་། །བདེ་དང་རྩེ་གཅིག་སེམས་དང་ནི། །ཡན་ལག་ལྔ་པོ་འདི་དག་ལྡན། ། བསམ་གཏན་དང་པོ་རབ་ཏུ་སྐྱེ། །ནད་ནི་ཡོངས་སུ་དང་བ་དང་། །དགའ་དང་བདེ་བ་རྩེ་གཅིག་སེམས། །རྣམ་པ་བཞི་པོ་འདི་དག་ལྡན། །བསམ་གཏན་གཉིས་པ་ལ་གནས་གསུངས། །བཏང་སྙོམས་དང་ནི་དྲན་པ་དང་། །ཤེས་བཞིན་བདེ་བ་རྩེ་གཅིག་སེམས། །ཡན་ལག་ལྔ་ པོ་འདི་དག་ལྡན། །བསམ་གཏན་གསུམ་པ་ཉིད་དུ་འགྱུར། །བཏང་སྙོམས་དྲན་ལྡན་སྡུག་བསྔལ་མིན། །བདེ་མིན་པ་ནི་མྱོང་བ་སྟེ། །རྩེ་གཅིག་སེམས་ལྡན་ཡན་ལག་ནི། །བཞི་ལྡན་བསམ་གཏན་ཐ་མའོ། །ཡང་ན་གཟུགས་སོགས་སྤྱོད་ཡུལ་གྱིས། །གཡེང་བྱེད་འདོད་པའི་སྡིག་ ཆོས་ནི། །བཟོད་དཀའ་དེ་རྣམས་སྤངས་པ་ཡིས། །དབེན་པའི་བསམ་གཏན་དང་པོ་སྟེ། །རྟོག་དང་དཔྱོད་པ་གཉིས་པོ་ཡིས། །ཤིན་ཏུ་དབེན་པ་ལས་སྐྱེས་པའི། །དགའ་དང་བདེ་བ་མཚུངས་ལྡན་པ། །བསམ་གཏན་དང་པོ་མཉམ་པར་གཞག །བསམ་གཏན་དང་པོའི་རྗེས་མཐུན་གང་། །རྟོག་པ་ཉེ་བར་བརྟགས་པ་དང་། །ཤེས་ དང་མཐོང་དང་དཔྱོད་པ་ཉིད། །དོན་གཅིག་པ་ཡི་ཚིག་རྣམས་སོ། །བརྟགས་པ་དེ་ཉིད་ལ་དཔྱོད་དང་། །ཡོངས་སུ་སྦྱོར་དང་རྗེས་སུ་འགྲོ། །འཇུག་དང་རྣམ་དཔྱོད་ཀྱང་དོན་གཅིག །གནས་པ་ཉེ་བར་རྫོགས་པ་སྟེ། །ཡང་དག་མྱོང་བ་ལེགས་སྐྱོང་བའོ། །དེ་ལ་གནས་ནས་མཐོང་བའི་ལམ། ། ཐོབ་པར་འདོད་པའི་འདུན་པ་འཐོབ། །མཐོང་ལམ་འདུན་པ་ཐོབ་ནས་ནི། །སྔར་གྱི་བསམ་གཏན་ལ་མི་ཆགས། །དངོས་པོ་ལས་ནི་ཁྱད་འཕགས་པའི། །བསམ་གཏན་གཉིས་པ་ཚོལ་བར་བྱེད། །རྟོག་པ་དང་ནི་དཔྱོད་པ་ཡི། །སྒྲིབ་པ་རབ་ཏུ་འཇོམས་པ་ཡིས། །བསམ་གཏན་གཉིས་པ་ཐོབ་ པ་ནི། །ནང་ཡང་དང་ཞིང་སེམས་ཀྱི་རྒྱུན། །གཅིག་ཏུ་གྱུར་པའི་བློ་དེ་ནི། །དགའ་ཞིང་བདེ་བའི་བདག་ཉིད་དོ། །རྟོག་དཔྱོད་ཉེ་བར་ཞི་བ་དང་། །ནང་ནི་ཡོངས་སུ་དང་བར་འགྱུར། །རྒྱུན་ནི་གཅིག་ཏུ་འགྱུར་ཞེས་པ། །འདི་ཡང་རོ་མཉམ་གྱུར་པ་ཡི། །རྒྱ་མཚོ་ཆེན་པོའི་ཆུ་བཞིན་དུ། ། ཏིང་ངེ་འཛིན་གྱི་རོ་གཅིག་འགྱུར། །དགའ་བ་དཀོན་མཆོག་གསུམ་ལ་སྟེ། །དེ་ཕྱིར་དེ་ནི་དབེན་སྐྱེས་བདེ། །བསམ་གཏན་གཉིས་པ་ཐོབ་ནས་ནི། །དེ་ལ་གནས་ན་སླར་ཡང་ནི། །མི་སྐྱེའི་ཆོས་ལ་བཟོད་པ་ནི། །ཐོབ་པར་བྱ་ཕྱིར་ཐམས་ཅད་དུ། །འདུན་པ་སྐྱེ་བོ་དེ་ནས་ནི། །བསམ་གཏན་གཉིས་པ་ཡིས་ སྐྱོ་ནས། །བསམ་གཏན་དེ་བས་བླ་མེད་པའི། །བསམ་གཏན་གསུམ་པ་དེ་ཚོལ་བྱེད། །བསམ་གཏན་གཉིས་པའི་སྒྲིབ་པ་ནི། །དགའ་བ་ཡིན་ཏེ་དེ་སྤངས་ནས། །བསམ་གཏན་གསུམ་པ་ཐོབ་པ་ནི། །དེ་བཞིན་དགའ་མེད་བདེ་བའོ། །དེ་བས་བསམ་དུ་མེད་འདི་དག །དགའ་བ་མེད་པའི་བདེ་བ་བརྗོད། ། འདི་དག་མཆོག་གྱུར་མ་ཡིན་ཏེ། །ཟད་པའི་ཆོས་ཕྱིར་དེ་ལས་ཡང་། །མི་སྐྱེའི་ཆོས་ལ་བཟོད་པ་ནི། །ཐོབ་པར་བྱ་ཕྱིར་དེ་བཞིན་དུ། །འདུན་པ་དྲག་མཆོག་མི་ཟད་པ། །བློ་ལྡན་རྣམས་ལ་སྐྱེ་བ་ཉིད། །དེ་ནི་བདེ་ཡང་མ་ཆགས་པས། །བསམ་གཏན་བཞི་པ་ཐོབ་འགྱུར་ཏེ། །བཏང་ སྙོམས་དྲན་པ་ཡོངས་སུ་དག །སྡུག་མིན་བདེ་མིན་ཞི་བའོ། །བསམ་གཏན་འདི་དག་སྙོམས་འཇུག་པས། །དེ་ཡི་སེམས་ནི་འཇམ་པར་འགྱུར། །དགའ་ཞིང་ཤིན་ཏུ་དུལ་བ་སྟེ། །བརྟན་ཞིང་དྲང་ལ་འོད་གསལ་བ། །ལུས་ཅན་རྣམས་ཀྱི་ཕན་བདེ་བ། །སྐྱེད་ལ་རབ་ཏུ་ཞུགས་པ་ ཡི། །སྐྱེ་བ་མེད་པའི་ཆོས་ལ་ནི། །བཟོད་པའི་སྣང་བ་སྐྱེ་བར་འགྱུར། །དེ་ནས་མཆོག་ཏུ་ལྷུན་གྲུབ་ཅིང་། །ཤིན་ཏུ་སྦྱངས་པའི་ལམ་ལ་འཇུག །ཉན་ཐོས་ལ་སོགས་ལམ་དང་ནི། །བསམ་གཏན་ཐུན་མོང་པ་རུ་བརྗོད། །ཟག་མེད་རྣམ་པ་བཅུ་དྲུག་རྣམས། །བྱང་ཆུབ་སེམས་ དཔའི་མ་འདྲེས་པའོ། །བསམ་གཏན་ཕ་རོལ་ཕྱིན་གསུངས་པ། །ཉན་ཐོས་སོགས་ཀྱི་སྤྱོད་ཡུལ་མིན། །གཞུང་ནི་ཡང་དག་བསྡུས་པའི་ཕྱིར། །འདིར་ནི་ལུང་ལས་མ་སྡེབས་སོ། །འདི་ནི་བསམ་གཏན་གྱི་གཏམ་མོ། །ཐོས་བསམ་བསྒོམ་ལས་འཁྲུངས་པ་ཡི། །ཤེས་རབ་ གསལ་བ་ཐར་པའི་བློ། །གཟུང་དང་འཛིན་པ་རྣམ་བཅོམ་པས། །གཉིས་མེད་ཡེ་ཤེས་སྣང་བ་སྟེ། །གཅིག་དང་དུ་མ་ལས་ངེས་གྲོལ། །དངོས་དང་དངོས་མིན་རྣམ་པར་སྤངས། །རྒྱུ་དང་འབྲས་བུ་ལས་འདས་པ། །མཚན་གཞི་མཚན་ཉིད་ལས་གྲོལ་བ། །དུས་གསུམ་ཁམས་གསུམ་ ཤིན་ཏུ་འདས། །ཀུན་རྟོག་རྟེན་ནི་ངེས་པར་སྤངས། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །དག་ཅིང་ཤིན་ཏུ་དྲི་མ་མེད། །གནོད་པ་མེད་ཅིང་ཡང་དག་གནོད། །དོན་དམ་པ་ཡི་ངོ་བོ་ཉིད། །མ་ལུས་ཆོས་ཀྱི་བདག་མེད་ཀྱི། །ཡེ་ཤེས་ཤེས་རབ་འབྲས་བུའི་བདག །འདི་ནི་ཤེས་རབ་ཀྱི་གཏམ་མོ། །རང་ གི་སྐྱོན་ནི་གཞོམ་པ་དང་། །སེམས་ཅན་ཐམས་ཅད་ལམ་གཞུག་དང་། །མྱུར་དུ་བདེ་བ་མངོན་རྟོགས་བྱེད། །ཐབས་ནི་རྣམ་པ་གསུམ་དུ་འདོད། །འདི་ནི་ཐབས་ཀྱི་གཏམ་མོ། །སྨོན་ལམ་དབྱེ་བ་གསུམ་ཞེས་པ། །རང་གི་ཚོགས་རྒྱུན་མི་འཆད་དང་། །འགྲོ་བའི་དོན་གྱི་རྒྱུ་དང་ ནི། །སངས་རྒྱས་ཞིང་ནི་རྣམ་སྦྱོང་བའོ། །ཞེས་པ་ནི་སྨོན་ལམ་གྱི་གཏམ་མོ། །ལས་ཀྱིས་ཟློག་པར་བྱེད་པ་དང་། །ཉོན་མོངས་པ་ནི་སེལ་བ་དང་། །རྒོལ་བ་དང་ནི་བདུད་དགྲ་ཀུན། །བཟློག་པའི་སྟོབས་དང་གསུམ་ཞེས་གསུངས། །ཞེས་པ་ནི་སྟོབས་ཀྱི་གཏམ་མོ། །རྟོག་དང་རྟོག་མེད་མཉམ་ ཉིད་དུ། །སྣང་དང་རྣམ་པར་མི་རྟོག་དང་། །སེམས་ཅན་དོན་ཐབས་ངེས་སྣང་ཏེ། །ཡེ་ཤེས་གསུམ་དུ་དབྱེ་བའོ། །ཞེས་པ་ནི་ཡེ་ཤེས་ཀྱི་གཏམ་མོ། །སྦྱིན་པ་ལ་སོགས་འདི་དག་རྣམས། །བྱང་ཆུབ་སེམས་ནི་སྔོན་འགྲོ་བས། །བྱམས་པའི་བསམ་པ་མངོན་བསྒོམས་རྣམས། །སླར་ཡང་ ཕར་ཕྱིན་འཇིག་རྟེན་པ། །འདི་ནི་འཇིག་རྟེན་པ་རྣམས་སོ། །དམིགས་པའི་ཡུལ་ནི་གསུམ་པོ་རྣམས། །ཆོས་ཀྱི་བདག་མེད་བསྒོམས་པ་ཡིས། །དེ་རྣམས་འཇིག་རྟེན་འདས་པར་ཤེས། །དེ་ཉིད་རྟོགས་པའི་མཚན་ཉིད་ཅན། །འདི་ནི་འཇིག་རྟེན་ལས་འདས་པ་རྣམས་སོ། །བྱམས་པའི་བསམ་ པ་ཁྱད་མེད་ཀྱང་། །ཆོས་ཀྱི་བདག་མེད་དང་ལྡན་པའི། །སྦྱིན་པའི་ཕ་རོལ་ཕྱིན་སོགས་རྣམས། །ཡོངས་སུ་དག་པའི་ཁྱད་པར་རོ། །འདི་ནི་ས་རྣམས་ཀྱི་ཁྱད་པར་གྱི་རྒྱུའོ། །སྦྱིན་པས་རབ་དགའི་རྣལ་འབྱོར་ཏེ། །ཚུལ་ཁྲིམས་ལྡན་པས་དྲི་མེད་འགྱུར། །བཟོད་པས་འོད་བྱེད་བརྩོན་འགྲུས་ ཀྱིས། །འོད་འཕྲོ་འདི་ནི་བསོད་ནམས་ལྡན། །བསོད་ནམས་ལས་ནི་སྦྱང་དཀའ་བ། །ཤེས་རབ་ཀྱིས་ནི་མངོན་འགྱུར་མཐོང་། །རིང་དུ་སོང་བ་ཐབས་ཆེན་པོས། །སྟོབས་དང་ལྡན་ལས་མི་གཡོར་འགྱུར། །སྨོན་ལམ་གྱིས་ནི་ལེགས་བློ་ཅན། །ཡེ་ཤེས་ལྡན་པས་ཆོས་ཀྱི་སྤྲིན། ། ཕ་རོལ་ཕྱིན་པ་བཅུ་པ་ནི། །དག་པའི་རིམ་པས་ས་བཅུའོ། །གཞན་ཡང་འདིར། ལས་ཀྱི་རྫུ་འཕྲུལ་སེམས་དང་ཚེ། །བསོད་ནམས་ཡེ་ཤེས་ཡོ་བྱད་དང་། །ཆོས་དང་ཡེ་ཤེས་དབང་ཕྱུག་ཉིད། །སྟོབས་ཀྱང་བཅུ་སྟེ་ནན་ཏན་དང་། །སྤོབས་དང་དད་དང་ཐོས་དང་བསྒོམ། །ཡང་དག་སོ་སོར་བརྟགས་ པ་དང་། །བསོད་ནམས་ཡེ་ཤེས་བཟོད་པའོ། །འདི་ནི་དབང་བཅུ་དང་སྟོབས་བཅུ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲས་བུ་དང་བཅས་པའོ། །ས་འདི་རྣམས་ཀྱི་དམིགས་པ་ནི། །ཁྱད་པར་མེད་དེ་སྟོང་ཉིད་དོ། །ཆོས་དང་གང་ཟག་བདག་མེད་ཀྱི། །མཚན་ཉིད་དེ་ བཞིན་གཉིས་མེད་པའོ། །དེ་དང་དེ་ཡི་རྟོག་པ་ནི། །གཞོམ་ཕྱིར་དེ་ཡི་ངོ་བོ་དགོངས། །དངོས་སུ་རྟོག་པའི་དབྱེ་བ་ཡིས། །རྣམ་པ་མཐའ་ཡས་རྣམ་པར་སྨིན། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་ཕ་རོལ་དུ་ཕྱིན་པ་བཅུ་འབྲས་བུ་དང་བཅས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། བླང་བྱ་དང་ནི་དོར་བྱའི་ཚིག །འདི་ནི་མངོན་དུ་ཤེས་དང་ནི། །ད་དུང་ཡེ་ཤེས་སར་འཇུག་ཕྱིར། །ཆོ་ག་ཡང་དག་རབ་བསྟན་བྱ། །དེ་ལ་འཇུག་པ་མི་སྡུག་དང་། །དབུགས་རྔུབ་འབྱུང་བ་དྲན་པ་སྟེ། །དེ་ལ་ཆགས་ཅན་མི་སྡུག་པས། །ཆགས་པ་ཡོངས་སུ་ཟད་པར་བྱེད། །ཆགས་པ་ཁ་དོག་དབྱིབས་ དང་ནི། །རེག་བྱ་དྲི་སོགས་ཡུལ་ཡིན་ནོ། །མི་སྡུག་གོམས་པས་དེ་ཟད་དེ། །ཞི་གནས་ཡང་དག་འབྱུང་བའོ། །རང་ལུས་ཤ་དང་རུལ་དང་ཟགས། །རུས་པའི་དྲ་བ་ཙམ་དུ་བསམ། །དེ་ནི་རིམ་པས་འཕེལ་ནས་ནི། །ས་ནི་གང་བ་ཉིད་དུ་ལྟ། །དད་མོས་འཕེལ་ཕྱིར་འདི་གསུངས་ཏེ། །སླར་ཡང་ དེ་བཞིན་བསྡུས་ནས་ནི། །རང་ཉིད་ལ་ནི་བསྒོམ་བྱ་སྟེ། །རུས་པ་ཡི་ནི་ལུག་བརྒྱུད་དུའོ། །བསྒོམས་པའི་དངོས་པོ་གསལ་བ་ན། །ལས་དང་པོ་ནི་རྫོགས་པའོ། །ཀེང་རུས་དང་ནི་ཐོད་ཕྱེད་པར། །བཏང་བས་སྦྱང་བ་བྱས་པར་བཤད། །ཤིན་ཏུ་འདས་ནས་ཡིད་བྱེད་པ། །སྨིན་མཚམས་ དཀྱིལ་དུ་སེམས་བཟུང་བྱ། །རྣམ་པར་སྤེལ་དང་བསྡུ་བ་ཡི། །རིམ་པ་ཉིད་ནི་རྣམ་པར་བསྒོམ། །མི་སྡུག་རྣམ་གསུམ་གསུངས་པ་ནི། །དམན་དང་འབྲིང་སོགས་དབྱེ་བ་ཉིད། །མི་འདོད་བདག་ཉིད་རང་བཞིན་ནི། །དེ་ནི་ཆགས་པའི་གཉེན་པོ་སྟེ། །མི་སྡུག་བསྒོམས་པ་གསུམ་པའོ། ། འདི་ལྟར་ལུས་ལ་ཡང་དག་བརྟག །སོ་དང་སྐྲ་དང་སེན་མོ་སྐྱེ། །ཁྲག་དང་པགས་པ་ཤ་དང་ནི། །རྡུལ་དང་ཚིལ་དང་ཞག་ཆུ་སེར། །རྒྱུས་པ་རྐང་དང་མཆེར་པ་དང་། །སྙིང་རུས་མཁྲིས་གློ་མཆིན་པ་དང་། །ཕོ་བ་རྒྱུ་མ་ཞག་དང་ནི། །གླད་པ་དང་ནི་མིག་རྣག་དང་། །ཕྱི་ས་དང་ནི་བད་ཀན་དང་། ། སྣབས་དང་མཆི་མ་གཅིན་དང་ནི། །མཆིལ་མ་དང་ནི་ཁུ་བ་དང་། །སྲིན་བུ་རྣག་སོགས་དེ་དག་གི། །ཕུང་པོ་ལ་ནི་ལུས་ཞེས་བརྗོད། །དྲི་མ་ངན་དང་མི་སྡུག་དང་། །རང་དབང་མེད་པའི་རང་བཞིན་ཉིད། །མངོན་སུམ་མི་གཙང་བསྡུས་པ་ནི། །དོན་མེད་ཀུན་གྱི་སྣོད་ཡིན་ནོ། །འདི་ལ་ཆགས་ཏེ་ བཟློག་དཀའ་བ། །མ་རིག་པས་བསྒྲིབས་ཡ་མཚན་ཆེ། །ག་བུར་ལ་སོགས་དྲི་བཟངས་དང་། །གང་དང་འགྲོགས་པས་བརླག་པར་འགྱུར། །འདི་ལྟར་དུར་ཁྲོད་ས་དབུས་སུ། །སོང་ནས་ཤི་བའི་རོ་ལ་ནི། །ལྟ་ཞིང་རང་གི་གཉེན་གྱིས་སྤོང་། །གཞན་ཡང་འཇིག་པར་བྱེད་པས་སོ། །རླུང་གིས་ཤིན་ཏུ་ གཡེངས་པ་སྟེ། །རྣམ་པར་བསྔོས་ཤིང་རྣམ་པར་གཟིགས། །ཕྱེད་ཟོས་པ་དང་འབུ་ཡིས་ནི། །རབ་ཏུ་མངོན་པར་གཞིག་པ་ཉིད། །ཤ་མེད་རྣམ་པར་གཙིགས་པ་དང་། །རུས་པ་ཀེང་རུས་རང་བཞིན་ཉིད། །རྣམ་པར་འཐོར་བ་མཐོང་ནས་ནི། །མཁས་པས་རང་གི་ལུས་དང་མཉམ། །དེ་ལྟར་མི་སྡུག་ ཡང་དག་པར། །བསྒོམས་པ་ཡིས་ནི་མི་ཆགས་འགྱུར། །དེ་ཡིས་ཞི་གནས་རྫོགས་པ་སྟེ། །དེ་ནི་བསྒོམ་པའི་སྣོད་ཡིན་ནོ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་མི་སྡུག་པ་བསྒོམ་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།རྟོག་དཔྱོད་མང་ན་དབུགས་རྔུབ་དང་། །དབུགས་འབྱུང་དྲན་ པས་བརྟན་པར་བྱ། །ཐམས་ཅད་དུ་ནི་སེམས་བསྡུས་ཏེ། །དེ་བས་སྲོག་ལ་དམིགས་པ་མཆོག །འཇུག་པའམ་ནི་འབྱུང་བ་ཡི། །སྲོག་གི་རླུང་ནི་བགྲང་བར་བྱ། །དྲན་པ་ཙམ་དུ་གཅིག་ལ་སོགས། །གཅིག་བཅུའི་མཐར་བགྲང་སླར་དེ་བཞིན། །གལ་ཏེ་བར་དུ་གཡེངས་ན་ནི། །སླར་ཡང་དེ་ནི་བགྲང་ བར་བྱ། །སེམས་ནི་འདུས་དང་གཡེངས་པ་དང་། །ཆད་དང་ལྷག་པས་མ་ཡིན་ནོ། །ཡང་ན་དབུགས་འབྱུང་ལ་སོགས་རུང་། །འགྲོ་བ་རྟག་ཏུ་རྗེས་འགྲོ་བྱ། །ཇི་ཙམ་རིང་བར་འཇུག་པ་དང་། །འབྱུང་བ་ཡང་ནི་སེམས་ཀྱིས་བརྟག །གཞག་པ་ཞེས་བྱ་སྣ་རྩེ་ནི། །རྐང་ སོར་མཐར་ནི་ཡང་དག་གནས། །ནོར་བུའི་ཐག་པ་བཞིན་དུ་ནི། །རྩེ་གཅིག་སེམས་ཀྱིས་བསམ་པར་བྱ། །ཅི་འདི་རྗེས་སུ་མཐུན་པའམ། །ཉེ་བར་འཇོམས་པའི་རླུང་རྣམས་ཞེས། །དབུགས་རྔུབ་འབྱུང་བ་དྲན་པ་བསྒོམ། །ཞི་གནས་དང་ནི་ནད་མེད་རྒྱུ། །བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་ པ་དང་ནི་བསྒྱུར་བ་དང་། །ཡོངས་སུ་དག་དང་དྲུག་འདི་ནི། །དབུགས་རྔུབ་དབུགས་དབྱུང་དྲན་པར་འདོད། །འདིར་ནི་གཞུང་བསྡུས་འདོད་པས་ནི། །རྣམ་པ་གསུམ་ནི་རྣམ་པར་ཕྱེ། །དྲུག་པོ་རྣམས་ལས་གང་རུང་བས། །ཡང་དག་འདོད་དོན་འགྲུབ་པ་ཡིན། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་ དབུགས་འཇུག་པ་དང་འབྱུང་བ་དང་བགྲང་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།ཞི་གནས་རྫོགས་པར་བྱས་པ་ལས། །དྲན་པ་ཉེར་གཞག་བསྒོམ་པ་ནི། །ལུས་དང་ཚོར་བ་སེམས་དང་ཆོས། །མཚན་ཉིད་བྲལ་བ་ཡོངས་སུ་བསྒོམ། །ལུས་འདི་ཡང་ནི་བཏགས་པ་ཙམ། །དོན་དེ་བཞིན་དུ་བརྟེན་པ་མེད། །ཡུལ་གཅིག་ན་མེད་ཐམས་ཅད་ཀྱི། ། ཆ་ལ་ཡང་ནི་མི་གནས་སོ། །ལག་པ་ལ་སོགས་གཅིག་ལ་ཡང་། །ལུས་ཀྱི་བློ་ནི་སྐྱེ་མི་འགྱུར། །ཆ་ཤས་ལས་གཞན་ལུས་ཀྱི་བློ། །གང་ལ་ངེས་པ་སྐྱེ་མི་འགྱུར། །ཆ་ཤས་རྣམས་ནི་ལུས་ཉིད་ན། །འདི་དག་མ་ལུས་ལུས་སུ་འགྱུར། །ཕྱོགས་ཀྱི་ཆ་ཡིས་རྣམ་ཕྱེ་བས། །ཕྲ་རབ་རྡུལ་ཡང་ཆ་དང་ལྡན། །ཆ་ཇི་ སྙེད་ནི་གཅིག་མིན་ཏེ། །དེ་བས་དུ་མ་ཉིད་ཀྱིས་མིན། །གཅིག་དང་དུ་མ་རྣམ་བྲལ་གང་། །དངོས་མེད་ནམ་མཁའི་མེ་ཏོག་བཞིན། །དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཡང་དྲུག་ཅར་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །དེ་བས་ན་ནི་ངོ་བོ་ཉིད། །མེད་ཀྱང་ ལུས་ཀྱི་བློ་སྐྱེ་དང་། །ཐོག་མེད་མ་རིག་པ་ལས་འབྱུང་། །འཇིག་ཚོགས་ལྟ་བར་རབ་ཏུ་སྐྱེ། །ལུས་མི་སྲིད་ན་མིག་ལ་སོགས། །སྲིད་པ་ཡང་ནི་ཤིན་ཏུ་རིང་། །དེ་ཕྱིར་མིག་སོགས་འདུས་རེག་ལས། །འབྱུང་བའི་ཚོར་བ་ག་ལ་ཡོད། །གཟུང་བྱའི་དངོས་མེད་སེམས་དེ་མེད། །དེ་ཕྱིར་འཛིན་པ་པོ་མི་ སྲིད། །གཟུང་དང་འཛིན་པ་ངེས་གྲོལ་ན། །སླར་ཡང་འཛིན་པ་ག་ལ་ཞིག །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རྟེན་ཅིང་འབྲེལ་པའི་སྤྱོད་ཡུལ་རྣམས། །ཐམས་ཅད་སྐྱེ་མེད་ངོ་བོ་ཉིད། །དངོས་པོ་རང་ལས་མ་སྐྱེས་ཏེ། །དོན་མེད་ཕྱིར་ཏེ་དེ་མི་སྲིད། །རྫོགས་ པར་སྐྱེ་བར་འགྱུར་བ་ནི། །སླར་ཡང་རྒྱུ་ཉིད་དུ་ནི་འགྱུར། །གང་ཚེ་རྒྱུ་ཉིད་འབྲས་བུ་ན། །དེ་ཡི་རྒྱུ་ནི་སོ་སོ་རུ། །ཁ་དོག་དབྱིབས་དང་རོ་ནུས་པ། །རྣམ་པར་སྨིན་པར་མི་འགྱུར་རོ། །སྔ་མའི་གཟུགས་ནི་ཡོངས་སྤངས་ནས། །ཕྱི་མའི་གཟུགས་ནི་ཡོངས་འཛིན་པ། །དེ་ཡི་དེ་ཉིད་ཇི་ལྟར་ཡིན། །དེ་ཕྱིར་ རང་ཉིད་ལས་མི་སྐྱེ། །རྒྱུ་དང་འབྲས་བུ་གཉིས་གཅིག་པར། །འཇིག་རྟེན་པ་ཡང་མི་རྟོག་གོ། །གང་ཕྱིར་རྒྱུ་དེ་ཉམས་ནས་ཀྱང་། །འབྲས་བུར་གསལ་བ་མ་མཐོང་སྟེ། །དེ་བས་འཇིག་རྟེན་དུ་མི་རིགས། །དེ་ཁོ་ན་ཉིད་དུ་ཡང་མིན། །རང་ལས་སྐྱེས་པའི་ཕྱོགས་འདི་ནི། །དཔག་ཏུ་མེད་པའི་སྐྱོན་དུ་འགྱུར། ། གཞན་ལས་ཀྱང་ནི་མི་སྐྱེ་སྟེ། །གཞན་ཉིད་ལ་ནི་ཁྱད་མེད་ན། །དངོས་པོ་ཀུན་ལས་དངོས་པོ་ཀུན། །སྐྱེ་བ་རུ་ནི་འགྱུར་བའོ། །གང་ལས་གང་ནི་སྐྱེ་བར་འགྱུར། །རྗེས་སུ་འགྲོ་ལས་ལྡོག་པ་དང་། །ཕ་རོལ་ཉིད་ལས་ཁྱད་མེད་ཀྱང་། །གང་ལས་གང་ནི་སྐྱེ་འགྱུར་བ། །དེ་ཉིད་དེ་ཡི་རྒྱུ་ ཡིན་ན། །གང་ལས་དེ་ཉིད་སྐྱེ་འགྱུར་བ། །དེ་དག་ཉིད་ནི་གང་ན་སྟེ། །གང་སྟེ་མཐོང་ཕྱིར་ཞེ་ན་མིན། །གང་ཕྱིར་སྒྱུ་མས་མ་ངེས་ཉིད། །ཤཱ་ལུ་ཀ་སོགས་ལས་ཀྱང་ནི། །ཤཱ་ལུ་ཀ་སྐྱེ་ཅི་ལས་ཀྱང་། །སྐྱེ་མཐོང་རྭ་ལས་མདའ་མཐོང་སྟེ། །ས་དག་པ་ལས་པད་མའོ། །རང་ཉིད་གྲུབ་ནས་གཞན་ འབྱུང་སྟེ། །གཞན་གྲུབ་ནས་ནི་རང་ཉིད་འདོད། །དེ་གཉིས་ལྟོས་ནས་གྲུབ་པ་སྟེ། །ཕ་རོལ་ཚུ་རོལ་བཞིན་དུ་གསུངས། །གཉིས་ཀ་ལས་ཀྱང་སྐྱེ་མིན་ཏེ། །སྐྱོན་ནི་གཉིས་ཀ་འབྱུང་བར་འགྱུར། །རྒྱུ་མེད་ལས་ཀྱང་རིགས་མིན་ཏེ། །ཀུན་དུ་རབ་ཏུ་ཐལ་འགྱུར་ཏེ། །རྒྱུ་གཞན་ལ་ནི་མི་ལྟོས་ཕྱིར། ། རྟག་ཏུ་ཡང་དང་མེད་པར་འགྱུར། །ལྟོས་པ་ཡི་ནི་དངོས་པོ་རྣམས། །རེས་འགའ་བ་ཉིད་དུ་ནི་འགྱུར། །དངོས་རྣམས་ཡོད་པ་སྐྱེ་མིན་ཏེ། །རང་ཉིད་ཐོབ་ཕྱིར་དོན་མེད་ཉིད། །སྐྱེས་པ་ཡང་ནི་སྐྱེ་བ་ན། །དེ་ནི་ཐུག་པ་མེད་པར་འགྱུར། །དངོས་རྣམས་མེད་པ་སྐྱེ་མིན་ཏེ། །རི་བོང་རྭ་སོགས་ཇི་བཞིན་ནོ། ། ཐམས་ཅད་ཉིད་ལས་འདི་དག་ཀུན། །རྟག་པར་སྐྱེ་བར་རབ་ཏུ་ཐལ། །ཡོད་དང་མེད་ལས་མི་སྐྱེ་སྟེ། །འགལ་བའི་ཕྱིར་ན་མི་སྲིད་དོ། །གཉིས་ཀ་མིན་ལས་མི་སྐྱེ་སྟེ། །དེ་ལྟའི་དོན་ནི་མི་སྲིད་ཕྱིར་རོ། །ལུས་ལ་སོགས་རྣམས་ཇི་ཙམ་བཞིན། །དབུ་མ་རྩ་བ་ལ་སོགས་སུ། ། གསུངས་པ་གང་དེ་ཡོངས་ཤེས་བྱ། །བསྡུས་པའི་ཕྱིར་ནི་འདིར་མ་བརྗོད། །གང་གང་ཅུང་ཟད་གང་གི་ཚེ། །གང་དུ་དེ་ལྟར་ཉིད་སྣང་བ། །དེ་ཀུན་དེ་ཚེ་དེ་རུ་ནི། །དེ་ལྟ་ཉིད་དུ་རབ་ཏུ་མེད། །དེ་ཕྱིར་གང་ལ་གང་གཟུགས་ཀྱིས། །ཇི་སྲིད་ཅུང་ཟད་རབ་རྟོགས་པ། །དེ་ཡི་གཟུགས་ཀྱིས་དེ་སྟོང་སྟེ། །སྒྱུ་མའི་ གྲོང་ཁྱེར་སྤྲུལ་བཞིན་ནོ། །འདི་ལྟར་ལུས་ལ་སོགས་པ་ནི། །ངོ་བོ་ཉིད་མེད་རྣམ་བསྒོམས་པས། །དེ་ལ་ངོ་བོ་ཉིད་མེད་པའི། །རང་བཞིན་ཉིད་དུ་དྲན་པ་སྐྱེ། །ཐོས་བསམ་སོགས་ཀྱིས་ཤེས་རབ་ནི། །དྲན་པའོ་དེ་ལ་ཉེ་བར་འཇོག །ཉེ་བར་གཞག་པའོ་ལུས་ལ་སོགས། །འདི་དག་དབྱེ་བ་རྣམ་པ་ བཞི། །ཕྱིན་ཅི་ལོག་ནི་བཞི་པོ་ཡི། །གཉེན་པོ་ཉིད་ནི་ངོ་བོ་ཉིད། །གཙང་སོགས་འཁྲུལ་པ་གཞོམ་པ་ཉིད། །བཞི་པོ་འདི་དག་དབྱེ་བའོ། །ཇི་ལྟར་གསུངས་པའི་དྲན་ཉེར་གཞག །བསྒོམས་པ་བྱས་ཏེ་ལེགས་པར་གནས། །མདོར་ན་ལུས་ལ་སོགས་པ་ནི། །མི་རྟག་སོགས་སུ་བལྟ་བར་བྱ། །དེ་ ནས་དྲོད་དུ་འགྱུར་ཞེས་པའི། །དགེ་བའི་རྩ་བ་སྐྱེ་བར་འགྱུར། །སྡུག་བསྔལ་ལ་སོགས་བདེན་བཞི་ནི། །རྣམ་པ་བཅུ་དྲུག་སྤྱོད་ཡུལ་ལོ། །གཙུབ་ཤིང་གཙུབས་པ་ལ་སོགས་པས། །ཇི་ལྟར་ཕྱི་རོལ་མེ་འབྱུང་བཞིན། །ཡང་དག་ཤེས་པའི་མེ་ལས་ནི། །འབྱུང་བའི་རྟགས་ནི་དང་པོར་བརྗོད། ། མངོན་ཤེས་ལ་སོགས་བཅོས་པ་ཡི། །རྣམ་པ་ཉེ་བར་མཚོན་པ་སྟེ། །ལུས་སོགས་ལས་སུ་རུང་དང་ཞི། །མངོན་པར་ཤེས་སོགས་ཡོན་ཏན་ཡང་། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །དེ་ནི་རིམ་པས་སྐྱེ་བར་འགྱུར། །རྣལ་འབྱོར་ཤིན་ཏུ་དད་པ་ཡིས། །བདེན་པ་ཉིད་དུ་ཤིན་ཏུ་བསྒོམ། །དེ་ལས་ དེ་ཡི་མི་མཐུན་ཕྱོགས། །སྐྱེས་པ་རྣམས་ནི་སྤོང་བར་བྱེད། །སླར་ཡང་དེ་དག་མི་སྐྱེད་ཅིང་། །ཀུན་དུ་སྐྱེས་པ་འཇོམས་པར་བྱེད། །གཉེན་པོའི་ཕྱོགས་རྣམས་མ་སྐྱེས་པ། །བསྐྱེད་ཕྱིར་ཡང་དག་འབད་པར་བྱེད། །སྐྱེས་པ་རྣམས་ནི་ནན་ཏན་གྱིས། །བསྲུང་ཞིང་ཡོངས་སུ་འཕེལ་བར་བྱེད། །འདུན་པ་ བསྐྱེད་ཅིང་བརྩོན་འགྲུས་ནི། །རྩོམ་སྟེ་ཐུབ་པའི་སྲས་ཀྱིས་སོ། །བརྟན་པས་ཡང་དག་སྤོང་བ་ནི། །བཞི་པོ་འདི་དག་བསྒོམ་པར་བྱ། །དེ་ནས་རྩེ་མོར་གྱུར་ཞེས་པའི། །དགེ་བའི་རྩ་བ་སྐྱེ་བར་འགྱུར། །དེ་འཕེལ་བ་ལས་སྐྱེས་དེ་ནི། །སྤོང་བའི་བརྩོན་འགྲུས་ལྡན་པ་ཞེས། །གསུངས་པའི་བརྩོན་ འགྲུས་ཅན་ལ་ནི། །རྫུ་འཕྲུལ་རྐང་པ་འདི་དག་འབྱུང་། །འདུན་དང་བརྩོན་འགྲུས་སེམས་དང་ནི། །དཔྱོད་པའི་ཏིང་འཛིན་འདི་དག་གོ། །འདུན་པ་དྲག་པོའི་སྟོབས་ལྡན་པས། །དགེ་བའི་ཆོས་ནི་རྣམས་བསྒོམས་པས། །དེ་ལ་རྩེ་གཅིག་སེམས་ཀྱིས་ནི། །ཏིང་འཛིན་ཉེ་བར་སྐྱེ་བར་འགྱུར། ། ཡང་དག་སྤོང་བའི་བརྩོན་འགྲུས་དེ། །ཡང་དག་ལྡན་པའི་རྣལ་འབྱོར་པ། །དེ་ཡི་བདག་རྐྱེན་བརྩོན་འགྲུས་ཀྱི། །ཏིང་འཛིན་ཉེ་བར་སྐྱེ་བར་འགྱུར། །སེམས་སྦྱོང་ལྡན་པ་ཡི་ནི་སེམས། །དེ་ཁོ་ན་ཉིད་གཅིག་པུའི་སེམས། །སེམས་ནི་བདག་པོས་མ་བསྐྱེད་པར། །དེ་ལ་ཏིང་འཛིན་སྐྱེ་བར་འགྱུར། ། ད་ལྟ་བདག་ལ་སྡིག་པའི་ཆོས། །ཡོད་པ་ཉིད་དམ་འོན་ཏེ་མེད། །དཔྱོད་པ་ཞེས་པའི་ཏིང་འཛིན་གྱི། །རྒྱལ་པོར་སེམས་ནི་རྩེ་གཅིག་འགྱུར། །འཇིག་རྟེན་འདས་པའི་རྫུ་འཕྲུལ་གྱི། །རྐང་པའི་རྒྱུ་དང་རྐྱེན་རྣམས་སོ། །རྫུ་འཕྲུལ་རྐང་པ་བཞི་པོ་དག །གསུངས་པ་འདི་དག་ཏིང་འཛིན་ཏེ། ། འདི་ལས་བཟོད་པར་འགྱུར་ཞེས་པའི། །དགེ་བའི་རྩ་བ་སྐྱེ་བར་འགྱུར། །དེ་བཞིན་གཤེགས་པས་ཡང་དག་བསྟན། །ཆོས་ཀུན་མངོན་པར་འདོད་པར་འགྱུར། །བཟོད་ཐོབ་ངན་སོང་མི་འགྲོ་ཞིང་། །རྒྱལ་བས་བྱང་ཆུབ་ལུང་སྟོན་འགྱུར། །རྒྱལ་བའི་སྲས་ནི་སེམས་བསྐྱེད་ནས། །གྲངས་ མེད་བསྐལ་པས་ངེས་འབྱུང་འགྱུར། །དད་དང་བརྩོན་འགྲུས་དྲན་པ་དང་། །དེ་བཞིན་ཏིང་འཛིན་ཤེས་རབ་བཅས། །དབང་པོ་ལྔ་སྟེ་མཐོང་ལམ་གྱི། །བསྐྱེད་པ་ཡི་ནི་བདག་པོ་ཉིད། །བདེན་དང་དཀོན་མཆོག་དགེ་སོགས་ལ། །དད་དང་ཡེ་ཤེས་བདག་ཉིད་དེ། །དེ་ཡང་རྣམ་པ་ གསུམ་དུ་འདོད། །དད་དང་ཡོད་ཉིད་གསུངས་པ་ཉིད། །ལེ་ལོ་དོན་མེད་བརྩོན་པ་དང་། །ཡི་ཆད་པ་དང་ཞུམ་བདག་ཉིད། །དེ་དག་གཉེན་པོ་བརྩོན་འགྲུས་ཏེ། །དགེ་ལ་སྤྲོ་བའི་མཚན་ཉིད་དོ། །དྲན་པ་དུས་གསུམ་ས་ལ་ནི། །སེམས་ནི་ཉམས་པ་མེད་པའོ། །སེམས་རྩེ་གཅིག་ པའི་ཆོས་ལ་ནི། །ཏིང་ངེ་འཛིན་དུ་ཡོངས་སུ་བརྗོད། །ཤེས་རབ་ཐོས་བསམ་ལས་བྱུང་ཞིང་། །ཆོས་རབ་འབྱེད་པའི་བདག་ཉིད་དོ། །འདི་དག་སྔོན་དུ་སྐྱེས་ཀྱང་ནི། །རིམ་པ་འདིས་ནི་རྒྱས་པའོ། །དེ་ནས་ཆོས་མཆོག་དེ་བཞིན་ཉིད། །ཅེས་པའི་དགེ་བའི་རྩ་བ་འབྱུང་། །འཇིག་ རྟེན་པ་ཡི་ཆོས་ཀུན་གྱི། །མཆོག་ཉིད་ཕྱིར་ནི་དེ་བཞིན་བརྗོད། །དབང་པོ་རྣམས་དང་སྟོབས་རྣམས་སུ། །རིམ་པས་འཕེལ་བ་ཉིད་དུ་འགྱུར། །བཟོད་པ་ཆོས་མཆོག་ལ་གནས་ཏེ། །དད་པ་ལ་སོགས་སྟོབས་ལྡན་པས། །གང་ཚེ་ལྷ་དང་བདུད་དང་ནི། །ཉོན་མོངས་ཀུན་གྱིས་ཐུབ་དཀའ་ཞིང་། ། ཏིང་འཛིན་གྲངས་ལས་འདས་པ་ནི། །བློ་ལྡན་ལ་ནི་སྐྱེ་བར་འགྱུར། །འདི་ནི་ངེས་པར་འབྱེད་པ་ཡི། །ཆ་བཞི་རུ་ནི་བརྗོད་པ་ཡིན། །ཆུང་དང་འབྲིང་སོགས་དབྱེ་བ་ཡིས། །ཐ་དད་སོ་སོའི་དགེ་བ་གསུམ། །འདི་དག་སྦྱོར་བའི་ལམ་དུ་འགྱུར། །ཚོགས་ཀྱི་ས་ནི་ཞེས་ཀྱང་ངོ་། །དེ་བཞིན་སོ་ སོའི་སྐྱེ་བོའི་ས། །མངོན་པར་དགའ་བ་རིན་ཆེན་འོད། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་སྦྱོར་ལམ་བརྗོད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།ད་ནི་བྱང་ཆུབ་སེམས་དཔའ་ཡི། །མཐོང་བའི་ལམ་ནི་བརྗོད་པར་བྱ། །ཡང་དག་དེ་ཉིད་ཡང་དག་མཐོང་། །མི་མཐུན་ཕྱོགས་ ནི་སྤོང་བར་འགྱུར། །མཐོང་ལམ་དེ་ཡི་དྲི་མ་ནི། །རྩ་བའི་བག་ལ་ཉལ་དྲུག་སྟེ། །ཆགས་དང་ཁོང་ཁྲོ་ང་རྒྱལ་ལྟ། །མ་རིག་ཐེ་ཚོམ་ཞེས་ཉོན་མོངས། །འདོད་ཆགས་ལ་ཡང་རྣམ་གཉིས་ཏེ། །འདོད་པའི་ཁམས་ཀྱི་འདོད་ཆགས་གང་། །དེ་ནི་འདོད་པའི་འདོད་ཆགས་མཆོག །གཟུགས་དང་གཟུགས་མེད་གྱུར་པ་ནི། ། སྲིད་པའི་ཆགས་པའོ་ལྟ་བ་ནི། །བདག་དང་བདག་གིར་རྟག་ཆད་དང་། །མེད་དང་དམན་ལ་ཆད་ལྟ་དང་། །རྒྱུ་མིན་ལམ་མིན་དེར་ལྟ་བ། །དེ་རྣམས་ལྟ་བ་ལྔ་ཡིན་ནོ། །ཉོན་མོངས་བཅུ་ནི་ཁམས་གསུམ་དུ། །བརྒྱད་ཅུ་རྩ་བརྒྱད་དུ་དབྱེ་སྟེ། །འཕགས་པའི་བདེན་པ་བཞི་རྣམས་ཀྱིས། །ལྟ་བ་འདི་ དག་སླར་ཡང་སྤོང་། །གང་འདི་འདོད་པར་སྤྱོད་པ་ཡི། །སྡུག་བསྔལ་བདེན་པ་ཡིད་བྱེད་ན། །མི་རྟག་སྡུག་བསྔལ་སྟོང་པ་དང་། །བདག་མེད་རྣམ་པར་སྐྱེ་བར་འགྱུར། །སྡུག་ལ་ཆོས་ཤེས་བཟོད་པ་དང་། །སྡུག་བསྔལ་ལ་ཆོས་ཤེས་འདི་གཉིས། །འདོད་པའི་ཆུ་བོའི་ཉོན་མོངས་གང་། ། སྔར་བསྟན་དེ་རྣམས་ཀུན་སྤང་བྱེད། །དེ་བཞིན་གཟུགས་དང་གཟུགས་མེད་པའི། །སྲིད་པའི་སྡུག་བསྔལ་བདེན་བསྒོམས་པས། །སྡུག་བསྔལ་རྗེས་སུ་ཤེས་བཟོད་དང་། །དེ་ཤེས་པ་ནི་ཡང་དག་སྐྱེ། །གཟུགས་དང་གཟུགས་མེད་ཉོན་མོངས་ནི། །དེ་ཉིད་ཁོང་ཁྲོ་མ་གཏོགས་པ། །རབ་ཏུ་འཇོམས་ ཏེ་སོ་སོ་རུ། །རྣམ་པ་དགུ་གཉིས་བཅོ་བརྒྱད་དོ། །འདི་ལྟར་ཁམས་གསུམ་ཉོན་མོངས་ནི། །སྡུག་བསྔལ་བདེན་པ་མཐོང་བ་ཡི། །སྐད་ཅིག་བཞི་པོ་འདི་ཉིད་ཀྱིས། །ཉི་ཤུ་རྩ་བརྒྱད་རབ་ཏུ་སྤོང་། །འདོད་པའི་ཀུན་འབྱུང་བདེན་པ་ནི། །རྒྱུ་དང་ཀུན་འབྱུང་དང་ཡང་ནི། །རབ་ཏུ་སྐྱེ་དང་དེ་བཞིན་རྐྱེན། །རྣམ་པ་ བཞིར་ནི་ཡིད་ལ་བྱ། །ཀུན་འབྱུང་ལ་ཆོས་ཤེས་བཟོད་དང་། །དེ་ཤེས་པ་ནི་ཡང་དག་སྐྱེ། །ཚུལ་ཁྲིམས་བརྟུལ་ཞུགས་འཇིག་ཚོགས་ལྟ། །མཐར་འཛིན་ལྟ་རྣམས་མ་གཏོགས་པ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་འདི་དག་དང་། །ལོག་ལྟ་ལྟ་བ་མཆོག་འཛིན་ཏེ། །འདོད་པའི་འདུན་ རྣམས་ཟད་པར་འགྱུར། །གཟུགས་དང་གཟུགས་མེད་གྱུར་པ་ཡི། །ཀུན་འབྱུང་བདེན་པ་བསྒོམས་པ་ལས། །ཀུན་འབྱུང་ལ་རྗེས་ཤེས་བཟོད་དང་། །དེ་ཤེས་པ་ནི་རབ་ཏུ་སྐྱེ། །གཟུགས་དང་གཟུགས་མེད་ཉོན་མོངས་ནི། །ཁོང་ཁྲོ་མ་གཏོགས་རབ་འཇོམས་ཏེ། །སོ་སོར་དྲུག་དྲུག་བཅུ་གཉིས་སོ། ། དེ་ལྟར་ཁམས་གསུམ་ཉོན་མོངས་རྣམས། །ཀུན་འབྱུང་བདེན་པ་མཐོང་བ་ལས། །སྐད་ཅིག་བཞི་པོ་འདི་དག་ནི། །ཉིད་ཀྱིས་བཅུ་དགུ་ཟད་པར་བྱེད། །འགོག་དང་ཞི་དང་དེ་བཞིན་དུ། །གྱ་ནོམ་པ་དང་ངེས་འབྱུང་སྟེ། །འགོག་པའི་བདེན་པ་འདོད་པ་དེ། །རྣམ་པ་བཞི་འདི་ཡིད་ལ་བྱ། །འགོག་ལ་ ཆོས་ཤེས་བཟོད་པ་དང་། །དེ་ཤེས་ཡང་དག་སྐྱེས་པ་ལས། །གང་དེ་ཀུན་འབྱུང་དུ་གསུངས་རྣམས། །ཉོན་མོངས་བདུན་ནི་རབ་ཏུ་སྤོང་། །བློ་ལྡན་བྱང་ཆུབ་སེམས་དཔའ་གང་། །གཟུགས་དང་གཟུགས་མེད་ཁམས་ཕྱིན་ནས། །སླར་ཡང་འགོག་པའི་བདེན་པ་ནི། །ཡིད་ལ་བྱས་ པ་དེ་ལ་ནི། །འགོག་ལ་རྗེས་ཤེས་བཟོད་པ་དང་། །དེ་ཤེས་ཡང་དག་སྐྱེས་པ་ལས། །གཟུགས་དང་གཟུགས་མེད་སྲིད་ཉོན་མོངས། །རྣམས་ནི་སོ་སོར་དྲུག་རིམ་བཞིན། །གཉིས་པོར་དེ་ལྟར་བཅུ་གཉིས་ཏེ། །ཁམས་གསུམ་པོར་ནི་སྐད་ཅིག་བཞིན། །འགོག་བདེན་དེ་ནི་མཐོང་ བ་ལས། །བཅུ་དགུ་རབ་ཏུ་སྤང་བའོ། །ལམ་གྱི་བདེན་པ་བསྒོམས་པ་ནི། །འདོད་པའི་ཁམས་སུ་རྣམ་པ་བཞི། །ལམ་དང་ངེས་པར་འབྱིན་པ་དང་། །རིགས་པ་སྒྲུབ་པའི་རང་བཞིན་ལས། །ལམ་ལའང་ཆོས་ཤེས་བཟོད་པ་དང་། །དེ་ཤེས་ཡང་དག་སྐྱེས་པ་ལས། ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་། །བཅས་པ་བརྒྱད་ནི་འདོད་པའི་འོ། །གཟུགས་དང་གཟུགས་མེད་གྱུར་པ་ནི། །དེ་བཞིན་ལམ་བདེན་བསྒོམས་པ་ལས། །གཞན་ཡང་ལམ་ལ་རྗེས་ཤེས་པའི། །བཟོད་དང་དེ་ཤེས་སྐྱེས་པ་ལས། །གཟུགས་དང་གཟུགས་མེད་གྱུར་པ་ན། །བདུན་བདུན་དེ་ནི་ བཅུ་བཞིའོ། །ད་ལྟར་ཁམས་གསུམ་ཉོན་མོངས་རྣམས། །ལམ་གྱི་བདེན་པ་མཐོང་བ་ལས། །སྐད་ཅིག་བཞི་པོ་འདི་ཡིས་ནི། །ཉི་ཤུ་རྩ་གཉིས་རབ་ཏུ་སྤོང་། །འདི་དག་གིས་ནི་བྱང་སེམས་ཀྱི། །མཐོང་བའི་ལམ་ནི་རབ་ཏུ་སྐྱེ། །འཕགས་པའི་བདེན་པ་བཞི་པོ་རྣམས། །དེ་ལྟར་མཐོང་བའི་ ལམ་དེ་ཉིད། །ཉོན་མོངས་པ་ནི་བརྒྱད་ཅུ་བརྒྱད། །བདེན་པ་ཡིས་ནི་རབ་འཇོམས་སོ། །འགྲོ་ཀུན་ངོ་བོ་མེད་པ་སྟེ། །གཟུགས་བརྙན་དང་མཚུངས་གསལ་བའོ། །དག་ཅིང་གཉིས་མེད་ནམ་མཁའ་མཉམ། །དེ་ཉིད་དེ་ནས་མཐོང་བར་འགྱུར། །མཐོང་ལམ་དུ་ནི་བདེན་མཐོང་བའི། །བདེན་པའི་རྒྱ་ མཚོ་སྐྱེ་བའོ། །མཐུ་དང་སེམས་ཅན་དོན་དང་ནི། །ཏིང་འཛིན་ཡོན་ཏན་མཐའ་ཡས་ལྡན། །དྲན་དང་ཆོས་རབ་འབྱེད་པ་ཡི། །ཤེས་རབ་བརྩོན་འགྲུས་གོང་དུ་བརྗོད། །དགའ་བ་སེམས་ལས་བྱུང་བར་གསུངས། །ཤིན་ཏུ་སྦྱངས་པ་ལུས་བདེ་སྟེ། །སྙོམས་པར་གནས་པའི་བཏང་སྙོམས་སོ། །ཏིང་ འཛིན་སེམས་ནི་རྩེ་གཅིག་པའོ། །བྱང་ཆུབ་ཡན་ལག་བདུན་ལྡན་པའི། །ཆོས་འདི་དག་ནི་ཟག་པ་མེད། །དེ་ནས་ཀུན་བདེན་མི་འགྱུར་བའི། །ཏིང་འཛིན་དེ་ནས་དེ་ལ་སྐྱེ། །དབུ་ནི་བཅད་ནས་སྦྱིན་བྱེད་ཀྱང་། །སྡུག་བསྔལ་བར་ནི་མི་འགྱུར་རོ། །དེ་ལྟར་དགའ་བའི་ས་དེ་ལ། །སྦྱིན་པའི་ཕ་རོལ་ཕྱིན་རྗེས་འབྲང་། ། བྱང་ཆུབ་སེམས་དཔས་དང་པོ་ཡི། །མཆོག་ཏུ་དགའ་བ་ཐོབ་པ་ཉིད། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་མཐོང་ལམ་བརྗོད་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་ཡང་ནི་བསྒོམ་པའི་ལམ། །ཐེག་པ་གསུམ་ལ་རྗེས་གནས་པའི། །ཕྲ་ཞིང་ཕྲ་བའི་དྲི་མ་ནི། །ཟད་བྱེད་ འབད་པས་བསྒོམ་པར་བྱ། །མཐོང་བའི་དོན་གྱི་དེ་ཉིད་ལ། །སེམས་ཀྱིས་ཡང་ཡང་བསྐྱེད་ཅིང་བསྒོམ། །གོམས་ནས་ཐར་པས་འགྲོ་བའི་ལམ། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སླར་ཡང་གསུམ་དུ་དབྱེ་བ་ནི། །ཆུང་ངུའི་ཆུང་ངུ་ཆུང་ངུའི་འབྲིང་། །ཆུང་ངུ་ཡི་ནི་ཆེན་པོ་དང་། །དེ་བཞིན་འབྲིང་ དང་ཆེན་པོ་ཡང་། །འདོད་པའི་སར་ནི་དགུ་རུ་དབྱེ། །བསམ་གཏན་གཟུགས་མེད་སྙོམས་འཇུག་གི །ས་བརྒྱད་པ་ལ་དེ་བཞིན་ནོ། །སོ་སོ་སོ་སོའི་ས་ལ་ནི། །དགུ་དགུ་ཡི་ནི་རྣམ་པར་འགྱུར། །འདི་ལྟར་བསྒོམ་ལ་ཁམས་གསུམ་དུ། །བརྒྱད་ཅུ་རྩ་གཅིག་དབྱེ་བ་ནི། །མི་མཐུན་སྤང་བྱ་ལས་ཕྱེ་བ། ། ཆགས་དང་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་བག་ལ་ཉལ་འདི་བཞི། །འདོད་པའི་ཁམས་ཀྱི་མི་མཐུན་ཕྱོགས། །བསྒོམ་པས་སྤང་བར་བྱ་རྣམས་སོ། །དེ་བཞིན་གཟུགས་ཀྱི་ཁམས་སུ་ནི། །ཁོང་ཁྲོ་མ་གཏོགས་གསུམ་དེ་ཉིད། །གསུམ་ནི་གཟུགས་མེད་ཁམས་སུ་སྟེ། །བཅུ་པོ་འདི་ ནི་ཁམས་གསུམ་དུའོ། །ཆུང་ངུའི་འབྲིང་དང་ཆེན་པོ་ནི། །སླར་ཡང་གསུམ་དུ་དབྱེ་བ་སྟེ། །ཆུང་ངུའི་ཆུང་སོགས་དབྱེ་བ་ནི། །དགུ་རུ་འདོད་པའི་ས་རྣམས་སུའོ། །བསམ་གཏན་གཟུགས་མེད་ས་བརྒྱད་ལ། །མི་མཐུན་ཕྱོགས་ནི་དགུ་དགུའོ། །འདོད་པ་ལ་སོགས་ས་དགུ་ལ། །རྣམ་ པ་བརྒྱད་ཅུ་རྩ་གཅིག་འགྱུར། །ལམ་ལ་བཟློག་པའི་རིམ་པ་ཉིད། །ཆུང་ངུའི་ཆུང་ངུ་ལ་སོགས་ཀྱིས། །ཆེན་པོའི་ཆེ་སོགས་དྲི་མ་སྤོང་། །གསུངས་པའི་མཐོང་དང་བསྒོམ་པའི་ལམ། །མཐོང་བ་ཞེས་ནི་གསུངས་པ་དང་། །བསྒོམ་ལམ་ཞེས་པ་ལ་བརྟེན་ནས། །ཉན་ཐོས་སོགས་ཀྱི་ ཚུལ་གྱིས་ནི། །ས་བརྒྱད་པོ་ནི་ཐོབ་པར་འགྱུར། །དེ་ཡང་རིགས་ཀྱི་ས་དང་པོ། །གཉིས་པ་དེ་བཞིན་བརྒྱད་པ་སྟེ། །མཐོང་བ་ཞེས་བྱ་གསུམ་པའོ། །བཞི་པ་དེ་བཞིན་བསྲབས་པའི་ས། །ལྔ་པ་འདོད་ཆགས་བྲལ་ཞེས་པ། །དྲུག་པ་བྱས་པ་བསྲུང་བ་སྟེ། །བདུན་པ་ཉན་ཐོས་ཞེས་པའོ། །བརྒྱད་ པ་དེ་བཞིན་རང་རྒྱལ་ས། །ཉན་ཐོས་རང་རྒྱལ་བྱང་ཆུབ་ཀྱི། །ལམ་ཞུགས་པ་ལ་གསུངས་པའོ། །བྱང་ཆུབ་སེམས་དཔའ་ཤེས་བྱ་ནི། །དྲི་མ་མེད་སོགས་ས་དགུ་སྟེ། །འཕགས་ལམ་ཡན་ལག་བརྒྱད་པོ་དང་། །མཚུངས་པར་ལྡན་པ་བསྒོམ་པའི་ལམ། །ལྟ་བ་རྟོག་པ་ངག་དང་ལས། ། འཚོ་བ་དང་ནི་རྩོལ་བ་དང་། །དྲན་པ་ཏིང་འཛིན་ཡང་དག་ལྡན། །ལམ་གྱི་ཡན་ལག་བརྒྱད་པོར་ཤེས། །གཉིས་པ་དྲི་མ་མེད་པའི་ས། །ཉེས་དང་དྲི་མ་ཀུན་ཟད་ཕྱིར། །ཚུལ་ཁྲིམས་ཕ་རོལ་ཕྱིན་དག་པ། །སྟོན་ཀའི་ཟླ་འོད་དང་མཚུངས་སོ། །བཟོད་པའི་ཕ་རོལ་ ཕྱིན་དག་པ། །གསུམ་པ་འོད་བྱེད་པ་ཡང་ནི། །ཡེ་ཤེས་མེ་ལྕེ་རབ་འབར་བས། །འཛིན་པ་གཉིས་ནི་ལེགས་པར་བསྲེགས། །བཞི་པ་འོད་འཕྲོ་བ་ཡང་ནི། །ཡང་དག་ཡེ་ཤེས་འོད་འཕྲོའི་ཕྱིར། །བརྩོན་འགྲུས་ཕ་རོལ་ཕྱིན་ལྷག་ཅིང་། །བྱང་ཆུབ་ཕྱོགས་ཀྱིས་རྒྱུན་དུ་བྱས། ། ལྔ་པ་རྒྱལ་བར་དཀའ་བ་ཡང་། །བདུད་ཀུན་གྱིས་ཐུབ་ཤིན་ཏུ་དཀའ། །བསམ་གཏན་ཕར་ཕྱིན་གྱིས་བཅིངས་པ། །བསོད་ནམས་ཚོགས་ཀྱི་བསྒྲུབས་པ་ཉིད། །དྲུག་པ་མངོན་དུ་འགྱུར་ཞེས་པ། །སངས་རྒྱས་ཆོས་ལ་མངོན་ཕྱོགས་ཉིད། །ཤེས་རབ་ཕ་རོལ་ཕྱིན་དག་པ། ། འགོག་པའི་བདེན་པ་ཐོབ་སྟེ་རྒྱས། །བདུན་པ་རིང་སོང་ཐབས་ཆེན་པོ། །རྗེས་སུ་རིང་དུ་སོང་བའི་ཕྱིར། །བློ་ལྟན་སྐད་ཅིག་སྐད་ཅིག་དེར། །འགོག་པ་ཡང་ནི་ཐོབ་པར་འགྱུར། །དེ་བཞིན་བརྒྱད་པ་མི་གཡོའི་ཕྱིར། །གཞོན་ནུའི་ས་སྟེ་མི་གཡོ་བ། །སྨོན་ལམ་རྣམ་པར་དག་པའི་ས། ། འགོག་ལས་རྒྱལ་བ་སྐུལ་བྱེད་པའོ། །དགུ་པ་ལེགས་པའི་བློ་གྲོས་ཞེས། །བགྱི་བའི་ས་སྟེ་སྟོབས་ལ་བརྟེན། །འདི་ནི་བློ་ལྡན་ལེགས་པ་ཡི། །བློ་གྲོས་སོ་སོར་རིག་པ་ཐོབ། །བཅུ་པ་ཆོས་ཀྱི་སྤྲིན་ཡང་ནི། །དམ་ཆོས་ཆར་ནི་མངོན་པར་འབེབས། །འདི་ནི་བྱང་སེམས་དབང་ བསྐུར་ཏེ། །སངས་རྒྱས་རྣམས་ཀྱིས་དག་པར་བྱེད། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་བསྒོམ་ལམ་བརྗོད་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ལམ་གཞན་ཀུན་ལ་ཁྱད་འཕགས་ཤིང་། །རྩེ་མོ་ཉིད་དུ་ཕྱིན་པ་ལས། །ཁྱད་པར་ལམ་དུ་གྲགས་པ་ཡང་། །ས་ནི་ བཅུ་པའི་ནང་དུའོ། །སངས་རྒྱས་ཞིང་དང་མངོན་ཤེས་དང་། །དམ་པའི་བསོད་ནམས་ཡེ་ཤེས་ཚོགས། །རྫོགས་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས། །རྣམས་དང་ཞི་གནས་ལྷག་མཐོང་བཅས། །གཟུངས་དང་སྤོབས་པ་རྣམས་དང་ནི། །ཤ་ལ་སོགས་པའི་སྤྱན་ལྔ་དང་། །འདི་ དག་ལ་སོགས་ཆོས་རྣམས་ཀུན། །ཐམས་ཅད་དུ་ནི་ཡོངས་སུ་སྦྱོང་། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་ཁྱད་པར་གྱི་ལམ་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ས་འདི་རྣམས་ཀྱི་སྦྱོང་བའི་ལམ། །འཕགས་པ་མི་ཕམ་ཞབས་ཀྱིས་ནི། །མངོན་པར་རྟོགས་པའི་རྒྱན་དུ་གསུངས། ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང་། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏང་དང་བཤེས་གཉེན་བསྟེན་པ་དང་། །དམ་ཆོས་དམིགས་པ་ཚོལ་བ་དང་། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། །སངས་རྒྱས་ སྐུར་འདོད་དགའ་བ་དང་། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་རྗེ་ཆེ། །བཀུར་སྟི་བླ་མ་ལ་གུས་ ཉན། །བརྒྱད་པ་སྦྱིན་པ་སོགས་ལ་བརྩོན། །ཐོས་པ་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང་། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །འཁོར་བས་ཡོངས་སུ་མི་སྐྱོ་དང་། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམས་ལྔ། །ནགས་གནས་འདོད་ཆུང་ཆོག་ཤེས་ དང་། །སྦྱངས་པ་ཡང་དག་སྡོམ་བསྟེན་དང་། །བསླབ་པ་ཡོངས་སུ་མི་གཏོང་དང་། །འདོད་པ་རྣམས་ལ་སྨོད་པ་དང་། །མྱ་ངན་འདས་དང་བདོག་ཀུན་གཏོང་། །མི་ཞུམ་པ་དང་ལྟ་བ་མེད། །འདྲིས་དང་ཁྱིམ་དང་འཁྲེན་པ་དང་། །འདུ་འཛིར་གྱུར་པའི་གནས་དང་ནི། །བདག་བསྟོད་གཞན་ལ་ བརྙས་པ་དང་། །མི་དགེ་ལས་ཀྱི་ལམ་བཅུ་དང་། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །བློ་ངན་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། ། སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་དང་། །སློང་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང་། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །བདག་དང་སེམས་ཅན་འཛིན་པ་དང་། །སྲོག་དང་གང་ཟག་ཆད་རྟག་དང་། །མཚན་མ་ རྒྱུ་དང་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་གནས་དང་ཆགས། །སེམས་ནི་ཀུན་དུ་ཞུམ་པ་དང་། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ། །དེ་ལྟ་བ་ཡི་མངོན་ཞེན་དང་། །སྟོང་པ་ཉིད་ལ་རྩོད་པ་དང་། །དེ་དང་འགལ་བའི་ཉེས་པ་ནི། ། ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་ཐོབ། །རྣམ་ཐར་སྒོ་གསུམ་ཤེས་པ་དང་། །འཁོར་གསུམ་རྣམ་པར་དག་ཉིད་དང་། །སྙིང་རྗེ་དང་ནི་རློམ་མེད་དང་། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང་། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་དུ་འཇོམས་ པ་དང་། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང་། །ཞི་གནས་ངེས་པར་སེམས་པ་དང་། །ལྷག་མཐོང་ལ་ནི་མཁས་པ་དང་། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང་། །ཆགས་པའི་ས་མིན་གར་འདོད་པའི། །ཞིང་གཞན་དུ་ནི་མཉམ་འགྲོ་དང་། །ཀུན་དུ་བདག་གི་ངོ་བོ་ནི། ། སྟོན་པ་ཉིད་དང་ཉི་ཤུའོ། །སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་རྩེ་བ་དང་། །སངས་རྒྱས་ཞིང་བཟང་བསྒྲུབ་པ་དང་། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་སྟོན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྐྱོང་སྒྱུ་མ་ལྟར་གནས་དང་། །བསམས་བཞིན་སྲིད་པ་ལེན་པ་དང་། །ལས་ནི་རྣམ་ པ་འདི་བརྒྱད་བཤད། །སྨོན་ལམ་དག་ནི་མཐའ་ཡས་དང་། །ལྷ་ལ་སོགས་པའི་སྐད་ཤེས་དང་། །སྤོབས་པ་ཆུ་བོ་ལྟ་བུ་དང་། །མཇལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང་། །ཡོན་ཏན་ཕུན་སུམ་ཚོགས་ པ་ཡིན། །ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་ས་བཅུ་ཡོངས་སུ་སྦྱོང་བའི་ལམ་བརྗོད་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ཚོགས་ ནི་ཐམས་ཅད་མ་ལུས་པས། །ལམ་ནི་ཡོངས་སུ་དག་པའི་རྒྱུན། །སངས་རྒྱས་རྣམས་ཀྱི་སྐུ་བཞི་ནི། །བློ་ཆེན་རྣམས་ཀྱིས་རྫོགས་པར་འགྱུར། །ཁམས་གསུམ་སྤྱོད་པ་ལས་གྲོལ་བ། །དག་ཅིང་ཞི་ལ་མཁའ་མཉམ་པ། །བརྟག་དཀའ་རྟོགས་པར་དཀའ་བ་ཡི། །བདེན་བཞི་དཔེ་མེད་ མཐུག་པོ་སྟེ། །མཆོག་གི་བདེ་བས་ཁྱབ་པའོ། །མཆོག་ཏུ་མི་འགྱུར་བདེ་དམ་པ། །རྣམ་པར་རྟོག་མེད་ཆ་ལས་འདས། །ཡང་དག་མཐའ་སྟེ་འོད་གསལ་བ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཕྲ་རབ་རྡུལ་ནི་རྣམ་པར་སྤངས། །སྐྱིད་ཅིང་འཇིགས་མེད་སྙིང་བརྩེ་ཡི། །མཐར་ ཕྱིན་ཆོས་རྣམས་རང་བཞིན་བདག །ལྷན་སྐྱེས་ངོ་བོ་ཉིད་ཅེས་པའི། །སྐུ་དེ་སངས་རྒྱས་སྤྱོད་ཡུལ་ལོ། །མངོན་པར་རྟོགས་པའི་རྒྱན་དུ་ནི། །འཕགས་པ་མི་ཕམ་པས་གསུངས་ཏེ། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་ བཞིན་མཚན་ཉིད་ཅན། །ངོ་བོ་ཉིད་ཀྱི་སྐུའོ། །བྱང་ཆུབ་ཕྱོགས་སོགས་ཆོས་རྣམས་ནི། །རྫོགས་སངས་རྒྱས་རྣམས་སྤྱོད་ཡུལ་ལོ། །སྒྲིབ་པ་ཀུན་ལས་ངེས་གྲོལ་བ། །སྟོང་པ་ཉིད་དང་རོ་གཅིག་མཆོག །ཆོས་རྣམས་དེ་དག་ཀུན་གྱི་ནི། །རྟེན་དུ་ཡང་དག་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་ མཆོག་ལྡན་པ། །ཁྱབ་བདག་སྟོང་ཉིད་རོ་གཅིག་སྟེ། །རྣམ་དག་སྟོང་ཉིད་གཅིག་པའི་བདག །སྣ་ཚོགས་གཟུགས་འཛིན་དམ་པ་སྟེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །དངོས་དང་དངོས་མིན་གཅིག་མཚན་ཉིད། །བདེན་པ་གཉིས་ཀྱི་བདག་ཉིད་དུ། །དཔལ་ལྡན་ཆོས་སྐུ་སྟོན་པའོ། །གཙོ་ བོ་ཡེ་ཤེས་ཚོགས་གཉིས་ནི། །ཡོངས་སུ་སྨིན་པ་མཁའ་དང་མཚུངས། །གཙོ་བོ་སེམས་གང་གསལ་དག་པ། །ཐུབ་པ་ཟུང་འཇུག་བདག་ཉིད་དོ། །རྫོགས་སངས་རྒྱས་དང་དེ་སྲས་ཀྱིས། །ཆོས་ཀྱི་སྐུ་དེ་གསུངས་པ་སྟེ། །མངོན་རྟོགས་རྒྱན་དུ་གསུངས་པ་ནི། །བྱང་ཆུབ་ཕྱོགས་མཐུན་ཚད་ མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་གཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་ དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཆོས་ཀྱི་སྐུའོ། །ཐེག་ཆེན་ཀུན་གྱི་རྣམ་པ་ནི། །སྡུད་པའི་ཆོས་ནི་ཡང་དག་གསུངས། །ས་བཅུ་དབང་ཕྱུག་ རྣམས་དང་ནི། །དེ་ནི་བདེ་བ་ལོངས་སྤྱོད་ཉིད། །ཐོགས་མེད་ཟག་མེད་ཁྱབ་པ་སྟེ། །གསལ་ཞིང་འབྱུང་བའི་རྡུལ་ཕྲན་སྤངས། །དབང་པོའི་གཞུ་དང་ནམ་མཁའ་ཡི། །སྐར་ཚོགས་དྲི་མ་མེད་པ་བཞིན། །མེ་ལོང་རྣམས་སུ་ཕན་ཚུན་དུ། །དེ་ནི་གཟུགས་བརྙན་གཟུགས་བརྙན་བཞིན། ། སུམ་ཅུ་གཉིས་མཚན་བརྒྱད་ཅུ་ཡི། །དཔེ་བྱད་རྒྱན་དུ་བྱས་ཏེ་འབར། །བསོད་ནམས་ཚོགས་ནི་གཙོ་བོ་རུ། །རྣམ་པར་སྨིན་པ་གསུངས་བདག་ཉིད། །མ་ལུས་ནམ་མཁའ་ཡོངས་གང་ཞིང་། །མཐའ་ཡས་འོད་གསལ་མཐའ་ཡས་པ། །དེ་ལྟར་མངོན་རྟོགས་རྒྱན་ལས་གསུངས། །མཚན་ འདི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ལོངས་སྤྱོད་རྫོགས་པའི་སྐུའོ། །ཇི་ལྟ་ཇི་ལྟའི་གཟུགས་ཀྱིས་ནི། །སེམས་ཅན་འདུལ་བར་འགྱུར་བ་སྟེ། །སེམས་ཅན་བསམ་པའི་རྗེས་བརྟགས་ནས། །ཤཱཀྱ་ཐུབ་པ་ལ་ སོགས་པའི། །ཐུབ་པས་འཁོར་བ་མ་སྟོངས་བར། །ཀུན་དུ་སྐྱེ་དང་བྱང་ཆུབ་སོགས། །བསྟན་ནས་འགྲོ་དོན་བྱེད་པ་སྟེ། །ལུས་གཙོར་སྤྲུལ་པའི་མཚན་ཉིད་དེ། །འཕགས་པ་རྒྱལ་བ་བྱམས་པས་གསུངས། །གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་ དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །སྤྲུལ་སྐུའོ། །གཞན་ཡང་རྒྱལ་བས་ལུང་བསྟན་པ། །འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ། །ཁམས་གསུམ་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་གྱུར་དངོས་ཀུན་ངོ་བོ་ཉིད། །དག་ཅིང་ཞི་ལ་རྣམ་བསྟེན་མཆོག་ཞིའི་རང་བཞིན་ རྣལ་འབྱོར་པ་ཉིད་སྤྲུལ། །རྟོགས་དཀའ་བརྟག་པར་དཀའ་ལ་བདག་གཞན་རབ་ཕན་ཁྱབ་ཅིང་མཚན་མ་མེད། །རྒྱལ་བའི་བདེན་པ་མཉམ་མེད་མཉམ་སྐུ་མི་རྟོག་སྐུ་གཅིག་ལ་ཕྱག་འཚལ། །ལྷན་ཅིག་སྐྱེས་པའི་སྐུའོ། །གང་ཞིག་གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ཕན་ཕུན་ཚོགས་ཆེན་ པོའི་གཞིར་གྱུར་པ། །དངོས་དང་དངོས་མེད་མ་ཡིན་ནམ་མཁའ་བཞིན་དུ་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །འགྱུར་མེད་གོས་པ་མེད་ཅིང་ཞི་ལ་མི་མཉམ་མཉམ་པ་ཁྱབ་པ་པོ་སྟེ་སྤྲོས་མེད་པ། །སོ་སོར་རང་རིག་དཔེ་མེད་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དེ་ལ་བདག་ནི་ཕྱག་ འཚལ་ལོ། །ཆོས་སྐུའོ། །གང་ཞིག་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་བྱས་དམ་པའི་འབྲས་བུའི་བདག་ཉིད་དུ། །འབྱོར་པས་འཁོར་གྱི་ནང་དུ་སྣ་ཚོགས་གསལ་མཛད་བློ་ལྡན་ཆེན་པོ་རྣམས་ནི་དགའ་བའི་རྒྱུ། །སངས་རྒྱས་རྣམས་ནི་འཇིག་རྟེན་ཀུན་ལས་རབ་ བྱུང་རྒྱུན་མི་འཆད་པར་རྒྱ་ཆེན་དམ་ཆོས་སྒྲོགས། །ཆོས་ཀྱི་རྒྱལ་སྲིད་ཆེ་ལ་རབ་ཞུགས་ལོངས་སྤྱོད་རྫོགས་སྐུ་དེ་ལ་འདིར་ནི་བདག་ཕྱག་འཚལ། །ལོངས་སྤྱོད་རྫོགས་པའི་སྐུའོ། །གང་ཞིག་སེམས་ཅན་སྨིན་པའི་ཆེད་དུ་ལ་ལར་མེ་བཞིན་དུ་ནི་གསལ་བར་སྣང་གྱུར་ཅིང་། །ཡང་ནི་ལ་ ལར་རྫོགས་པར་བྱང་ཆུབ་ཆོས་འཁོར་བསྐོར་ནས་སླར་ཡང་མྱ་ངན་འདས་གང་མཐོང་། །རྣམ་པ་དུ་མར་ཞུགས་ནས་སྲིད་གསུམ་འཇིགས་པ་སེལ་བའི་ཐབས་སུ་སྣ་ཚོགས་གཟུགས་ཀྱིས་ནི། །ཕྱོགས་བཅུར་རྗེས་སོང་དོན་ཆེན་ཐུབ་པ་རྣམས་ཀྱི་སྤྲུལ་པའི་སྐུ་ལ་འདིར་ནི་ཕྱག་འཚལ་ལོ། །སྤྲུལ་ པའི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་གནས། །མཚན་དང་དཔེ་བྱད་རྣམས་ཀྱི་ཡང་། །སྤྲོས་པ་རྒྱ་ཆེ་བ་ཡི་ཕྱིར། །སོ་སོ་རུ་ནི་མངོན་པར་བརྗོད། །བླ་མའི་རྗེས་འགྲོ་ལ་སོགས་པས། །ཕྱག་ཞབས་འཁོར་ལོས་མཚན་པའོ། །མི་ཕྱེད་སྡོམ་པ་བླངས་པ་ཡིས། །ཞབས་ནི་རབ་ ཏུ་ལེགས་པར་གནས། །བསྡུ་བའི་དངོས་པོ་བཞི་པོ་ནི། །ཡུན་རིང་དུ་ནི་བསྟེན་པ་ཡིས། །ཕྱག་དང་ཞབས་ཀྱི་སོར་མོ་ནི། །ངང་པ་བཞིན་དུ་དྲ་བས་འབྲེལ། །གྱ་ནོམ་པ་ཡི་བཟའ་བཅའ་སོགས། །རབ་ཏུ་བྱིན་པས་ཕྱག་ཞབས་ནི། །གཞོན་ཞིང་འཇམ་སྟེ་བྱིས་པ་ནི། །སྐྱེས་མ་ཐག་ པ་ཇི་བཞིན་ནོ། །ལྷག་པ་ལ་སོགས་བྱིན་པ་ཡིས། །ཕྱག་ཞབས་གཉིས་ཀྱི་རྒྱབ་དང་ནི། །ལྟག་ཁུང་ཕྲག་པ་གཉིས་ཏེ་བདུན། །མཐོ་བ་ཡི་ནི་སྐུ་ཅན་ཉིད། །གསོད་པའི་སྐྱེ་བོ་ཐར་བྱས་པས། །ལག་པའི་སོར་མོ་རིང་བ་ཉིད། །སྐྱེ་འགྲོའི་མཚོ་ལ་ཕན་བཏགས་པས། །རྟག་ ཏུ་རྟིང་པ་ཡངས་པ་ཉིད། །སྲོག་གཅོད་པ་ནི་སྤངས་པ་ཡིས། །སྐུ་ཆེ་ཤིན་ཏུ་དྲང་བ་ཉིད། །དགེ་ཆོས་བླངས་པའི་གཙོ་བོ་ཡིས། །ཞབས་ཀྱི་ལོང་བུ་མི་མངོན་ཉིད། །དགེ་བ་བླངས་ཏེ་སྤེལ་བ་ཡིས། །སྤུ་ནི་གྱེན་དུ་ཕྱོགས་པ་ཉིད། །རིག་དང་བཟོ་སོགས་གུས་ བྱས་ཏེ། །བྱིན་པ་ཨེ་ནྱའི་བྱིན་པ་ཉིད། །སློང་བ་བདོག་པའི་ནོར་བྱིན་པས། །ཕྱག་ནི་རིང་ཞིང་མཛེས་པ་ཉིད། །གསང་བའི་ཚིག་ནི་བསྲུངས་པ་དང་། །འགྲོ་བ་ཚངས་སྤྱོད་ལ་བཀོད་པས། །མདོམས་ཀྱི་སྦ་བ་སྦུབས་སུ་ནི། །ནུབ་པ་ཉིད་དུ་གྲགས་པའོ། །གདིང་བ་གྱ་ནོམ་པ་བྱིན་པས། །མདོག་ནི་ གསེར་འདྲ་བ་ཉིད་དང་། །ཁང་བཟངས་དམ་པ་བྱིན་པ་ཡིས། །པགས་པ་འཇམ་ཞིང་གསེར་མདོག་ཉིད། །འདུ་འཛི་ལ་སོགས་སྤངས་པ་ཡིས། །སྤུ་ནི་རེ་རེ་ནས་གཡས་འཁྱིལ། །དགེ་བའི་བཤེས་གཉེན་ཐམས་ཅད་ནི། །གནས་ཇི་ལྟ་བཞིན་བཀོད་པ་ཡིས། །ཞལ་མཛོད་སྤུས་མཚན་དྲག་ཚིག་ ནི། །མེད་པ་སེང་གེའི་རོ་སྟོད་འདྲ། །སྙན་དང་རིམ་པས་ལེགས་སྨྲས་པས། །དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད། །སྨིན་ལ་སོགས་པ་རབ་བྱིན་པས། །ཐལ་གོང་ཡང་དག་རྒྱས་པ་དང་། །དེ་བཞིན་ནད་པའི་གཡོག་བྱས་པས། །རོ་ནི་བྲོ་བའི་མཆོག་ཉིད་དོ། །ནགས་ཚལ་ཀུན་དགའ་ར་བ་ སོགས། །མི་རྣམས་ཡང་དག་བྱེད་བཅུག་པས། །སྐུ་ཡི་དཀྱིལ་འཁོར་མཉམ་ཉིད་དེ། །ནྱ་གྲོ་དྷ་ཡི་དཀྱིལ་འཁོར་བཞིན། །གཙུག་ལག་ཁང་སོགས་བྱིན་པ་ཡིས། །དབུ་ནི་གཙུག་ཏོར་ལྡན་པ་ཉིད། །འཇམ་ཞིང་སྙན་པའི་ཚིག་སྨྲས་པས། །ལྗགས་ནི་རིང་ཞིང་སྲབ་པ་ཉིད། །དམ་ཆོས་ལེགས་ པར་གོ་བྱས་པས། །དེ་བཞིན་ཚངས་པའི་གསུང་ཉིད་དོ། །སེམས་ཅན་ཀུན་ལ་ཚིག་ཀྱལ་པ། །སྤངས་པས་སེང་གེའི་འགྲམ་པ་ཉིད། །སེམས་ཅན་ཀུན་ལ་ལེགས་བཀུར་བའི། །སྦྱིན་པ་སོགས་ཀྱིས་ཚེམས་དཀར་ཉིད། །འཚོ་བ་དག་པ་དོན་གཉེར་བས། །ཚེམས་ནི་མཉམ་པ་ཉིད་དུ་བརྗོད། ། བདེན་ཚིག་ཀུན་དུ་སྤྱད་པ་ཡིས། །ཚེམས་ནི་ཐགས་ནི་བཟང་བ་ཉིད། །ཕྲ་མའི་ཚིག་ནི་སྤངས་པ་ཡིས། །ཚེམས་ནི་བཞི་བཅུ་ཚང་བ་ཉིད། །སེམས་ཅན་ཀུན་ལ་མཉམ་ཉིད་དུ། །བལྟས་པས་སྤྱན་ནི་མཐོན་མཐིང་ཉིད། །ཁོང་ཁྲོ་སོགས་དང་བྲལ་བལྟས་པས། །རྫི་མ་པ་ཡི་ལྟ་བུ་ཉིད། །གསུངས་པ་ འདི་དག་ཐུབ་ཆེན་གྱི། །མཚན་ནི་སུམ་ཅུ་རྩ་གཉིས་སོ། །འདུ་བྱེད་ཀུན་ལ་མ་ཆགས་པས། །ཐུབ་པའི་སེན་མོ་ཟངས་མདོག་ཉིད། །སེམས་ཅན་ཀུན་ལ་ཕན་བསམས་པས། །སེན་མོའི་མདོག་ནི་སྣུམ་པ་ཉིད། །རིགས་ཀྱི་མཆོག་ལས་འཁྲུངས་པའི་ཕྱིར། །སེན་མོ་མཐོ་བ་ཉིད་ཡིན་ནོ། །ཚུལ་ནི་ཁ་ ན་མ་ཐོ་བ། །མེད་པས་སོར་མོ་ཟླུམ་པ་ཉིད། །ལེགས་པར་དགེ་བ་བསགས་པ་ཡིས། །སོར་མོ་རྣམས་ནི་རྒྱས་པ་ཉིད། །མཐར་གྱིས་ཞུགས་པ་ཉིད་ཀྱིས་ནི། །སོར་མོ་བྱིན་གྱིས་ཕྲ་བ་ཉིད། །ལུས་སོགས་ལས་དང་འཚོ་བ་ནི། །རབ་བསྲུངས་རྩ་མི་མངོན་པ་ཉིད། །ཉོན་མོངས་མདུད་པ་རྣམ་དགྲོལ་བས། ། རྩ་ཡི་མདུད་པ་མེད་པ་ཉིད། །སེམས་ལ་ཆོས་ནི་སྦས་པ་ཡིས། །ལོང་བུ་མི་མངོན་པ་ཉིད་དོ། །སྐྱེ་བོ་ཀུན་བགྲོད་དཀའ་བསྒྲལ་བས། །ཞབས་མི་མཉམ་པ་མེད་པ་ཉིད། །མི་ཟིལ་གནོན་མཁས་བསོད་ནམས་ཀྱིས། །སེང་གེའི་སྟབས་སུ་གཤེགས་པ་ཉིད། །ཀླུ་ཟིལ་གནོན་མཁས་བསོད་ནམས་ཀྱིས། ། གླང་པོའི་སྟབས་སུ་གཤེགས་པ་ཉིད། །མཁའ་ལ་གཤེགས་མཁས་བསོད་ནམས་ཀྱིས། །ངང་པའི་སྟབས་སུ་གཤེགས་པ་ཉིད། །སྐྱེས་བུ་ཁྱུ་མཆོག་བསོད་ནམས་ཀྱིས། །ཁྱུ་མཆོག་སྟབས་སུ་གཤེགས་པ་ཉིད། །བསྐོར་ཕྱོགས་ལམ་མཐུན་གཤེགས་པ་ཡིས། །གཡས་སུ་ལྡོག་ཅིང་ གཤེགས་པ་ཉིད། །མཛེས་པའི་དགེ་མཁས་ཉིད་ཀྱིས་ནི། །ཡང་དག་མཛེས་པར་གཤེགས་པ་ཉིད། །རྟག་ཏུ་གྱ་གྱུའི་སེམས་མེད་པས། །མི་གཡོ་བར་ནི་གཤེགས་པ་ཡིན། །རྣམ་དག་ཡོན་ཏན་ཐོབ་པའི་ཕྱིར། །སྐུ་ནི་འཁྲིལ་བག་ཆགས་པ་ཉིད། །སྡིག་པའི་ཆོས་དང་མ་བསགས་པས། །སྐུ་ནི་བྱི་དོར་ བྱས་འདྲ་ཉིད། །གདུལ་བྱ་ཀུན་གྱི་སེམས་བརྟགས་ནས། །དམ་པའི་ཆོས་ནི་སྟོན་པ་དང་། །ལུས་སོགས་གཙང་སྦྲའི་ཚུལ་གྱིས་ནི། །སྐུ་ནི་རིམ་པར་འཚམ་པ་དང་། །སྐུ་སོགས་ཀུན་སྤྱོད་གཙང་སྦྲའི་ཕྱིར། །སྐུ་ནི་ཤིན་ཏུ་གཙང་བ་ཉིད། །ཐུགས་ནི་བརྩེ་ཆེན་གྱིས་བརླན་ཕྱིར། །སྐུ་ནི་ཤིན་ཏུ་ འཇམ་པ་ཉིད། །ཐུགས་ནི་ཤིན་ཏུ་ཡོངས་དག་ཕྱིར། །སྐུ་ནི་རྣམ་པར་དག་པ་ཉིད། །ཆོས་འདུལ་བ་ནི་རྫོགས་པ་ཡིས། །ཐུབ་པའི་མཚན་ནི་རྫོགས་པ་ཉིད། །ཡངས་མཛེས་ཡོན་ཏན་བརྗོད་པ་ཡིས། །སྐུ་ཡི་ཁོ་ལག་ཡངས་པ་ཉིད། །ཀུན་ལ་ཐུགས་ནི་སྙོམས་པའི་ཕྱིར། །གོམ་པ་ ཤིན་ཏུ་སྙོམས་པ་ཉིད། །རྣམ་དག་ཆོས་ནི་ཡང་དག་སྟོན། །སྤྱན་ནི་ཤིན་ཏུ་ཡོངས་དག་ཉིད། །གོ་སླའི་ཆོས་ནི་སྟོན་པའི་ཕྱིར། །ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། །ཐུགས་ནི་རྟག་ཏུ་མ་ཞུམ་ཕྱིར། །དཀུ་ནི་ཞུམ་པ་མེད་པ་ཉིད། །དགེ་བ་ཡང་དག་འཕགས་པ་ཡིས། ། ཤིན་ཏུ་རྒྱས་ཤིང་མཐོ་བའི་སྐུ། །ཡང་སྲིད་པ་ནི་ཟད་པའི་ཕྱིར། །སྐུ་ནི་ཤིན་ཏུ་གྲིམས་པ་ཉིད། །རྟེན་ཅིང་འབྲེལ་འབྱུང་གསལ་སྟོན་པས། །ཡན་ལག་རྣམ་པར་ཕྱེད་པ་ཉིད། །ཚིག་དོན་ཤིན་ཏུ་རྣམ་དག་པར། །སྟོན་པས་གཟིགས་པ་དག་པ་ཉིད། །བརྟུལ་ཞུགས་ཕུན་ཚོགས་སློབ་མ་ནི། །བསྡུས་པས་ དཀུ་ནི་ཟླུམ་པ་ཉིད། །བདུད་སྟོབས་འཇོམས་པས་དཀུ་མ་ཞོམ། །དེ་བཞིན་དམ་པའི་སྐུ་ཉིད་དོ། །ཆོས་ཟད་པ་ནི་བཟློག་པའི་ཕྱིར། །ཕྱལ་ནི་ཕྱང་ངེ་བ་ཉིད་དོ། །ཤིན་ཏུ་ཟབ་པའི་ཆོས་སྟོན་པས། །ལྟེ་བ་ཟབ་པ་ཉིད་ཡིན་ནོ། །སློབ་པ་མཐུན་པར་འཛིན་པ་ཡིས། །ལྟེ་བ་གཡས་ཕྱོགས་འཁྱིལ་པ་ཉིད། །ཐམས་ ཅད་དུ་ནི་རབ་མཛེས་པའི། །འཁོར་འབྱུང་བ་ཡི་ཆོས་ཉིད་ཀྱིས། །དེའི་ཕྱིར་ཀུན་དུ་རྟག་པ་ནི། །ཀུན་ནས་མཛེས་པ་ཉིད་ཡིན་ནོ། །ཐུགས་ནི་ཀུན་དུ་ཡང་དག་ཕྱིར། །ཀུན་དུ་སྤྱོད་པ་གཙང་བ་ཉིད། །དུས་མིན་ཆོས་དང་བྲལ་བའི་ཕྱིར། །སྐུ་ལ་སྨེ་བ་གནག་བག་མེད། །ལུས་སོགས་ཟོ་མདོག་བདེ་བ་ཡི། །རྒྱུ་ ཡི་ཆོས་ནི་བསྟན་པའི་ཕྱིར། །ཕྱག་གཉིས་ཤིང་བལ་ལྟ་བུར་ནི། །ཤིན་ཏུ་ལེགས་པར་འཇམ་པ་ཉིད། །དགེ་སྦྱོང་ཆེན་པོ་བརྙེས་པ་ཡིས། །ཕྱག་གི་རི་མོ་མདངས་ཡོད་ཉིད། །ཆོས་ཟབ་མོ་ལ་གནས་པའི་ཕྱིར། །ཕྱག་གི་རི་མོ་ཟབ་པ་ཉིད། །ཕྱི་རྗེས་སུ་ནི་ཡང་དག་པར། །ཡང་དག་ཆོས་ནི་སྟོན་ མཛད་དང་། །སེམས་ཅན་ཀུན་ལ་བརྩེ་བ་ཡིས། །ཕྱག་གི་རི་མོ་རིང་བ་ཉིད། །བསླབ་པ་རབ་མང་ཀུན་སྟོན་པས། །ཞལ་ནི་ཧ་ཅང་མི་རིང་ཉིད། །ཁམས་གསུམ་པོ་ནི་ཐམས་ཅད་ཀྱི། །ཤིན་ཏུ་རབ་ཏུ་གསལ་བར་ནི། །གཟུགས་བརྙན་ལྟ་བུར་ཤེས་པའི་ཕྱིར། །མཆུ་ནི་བིམ་པ་ལྟར་དམར་ཉིད། །འཇམ་ པོར་སྨྲས་པས་ལྗགས་མཉན་ཉིད། །ཡོན་ཏན་མཆོག་མངའ་ལྗགས་སྲབ་ཉིད། །ཆགས་པའི་བྱིས་པ་གཏིང་དཔག་དཀའི། །ཆོས་ཀྱིས་འདུལ་བས་ལྗགས་དམར་ཉིད། །བསྙེངས་པ་ཐམས་ཅད་མི་མངའ་བས། །འབྲུག་གི་སྒྲ་དང་ལྡན་པ་ཉིད། །ཤིན་ཏུ་སྙན་ལ་སོགས་གསུངས་པས། །གསུང་སྙན་མཉེན་ ལ་འཇམ་པ་ཉིད། །སྲིད་པའི་ཀུན་སྦྱོར་བསྡམས་པའི་ཕྱིར། །མཆེ་བ་ཟླུམ་པ་ཉིད་ཡིན་ནོ། །གདུལ་དཀའི་སེམས་ཅན་འདུལ་བའི་ཕྱིར། །མཆེ་བ་རྣོ་བ་ཉིད་ཡིན་ནོ། །ཤིན་ཏུ་དཀར་བའི་ཆོས་ཀྱིས་ནི། །གཏུལ་ཕྱིར་མཆེ་བ་དཀར་བ་ཉིད། །མཉམ་པའི་ས་ལ་རབ་གནས་ཕྱིར། །མཆེ་བ་རབ་ཏུ་ མཉམ་པ་ཉིད། །རིམ་པས་ཆོས་ནི་ངེས་རྟོགས་ཤིང་། །གསལ་བས་མཆེ་བ་བྱིན་གྱིས་ཕྲ། །ཤེས་རབ་མཆོག་ལ་གནས་པའི་ཕྱིར། །ཤངས་ནི་མཐོ་ཞིང་ཡིད་དུ་འོང་། །སྐྱེ་འགྲོ་གཙང་མ་ཕུན་ཚོགས་པས། །ཤངས་ནི་ཡང་དག་གཙང་བ་ཉིད། །ཆོས་ནི་ཤིན་ཏུ་ རྒྱ་ཆེའི་ཕྱིར། །སྤྱན་ནི་ཡངས་པ་ཉིད་ཡིན་ནོ། །དོན་གྱི་ཚོགས་ནི་བསྡུས་པ་ཡིས། །མཆོག་ཏུ་རྫི་མ་སྟུག་པ་ཉིད། །གཞོན་ནུ་མ་ཀུན་མངོན་མགུ་བས། །སྤྱན་ནི་པད་འདབ་རྒྱས་འདྲ་ཉིད། །རྟག་ཏུ་ཕྱི་རྗེས་གཟིགས་པའི་ཕྱིར། །དེ་བཞིན་སྨིན་ཚུགས་རིང་བ་ཉིད། །ཆོས་འདུལ་འཇམ་པོ་ལ་ མཁས་པས། །སྨིན་མ་ཤིན་ཏུ་འཇམ་པ་ཉིད། །ཐུགས་རྒྱུད་དགེ་བས་བརླན་པའི་ཕྱིར། །སྨིན་མ་ཤིན་ཏུ་སྣུམ་པ་ཉིད། །ཐམས་ཅད་དུ་ནི་སྐྱོན་གཟིགས་ཕྱིར། །སྨིན་མའི་སྤུ་ནི་མཉམ་པ་ཉིད། །མཆོག་ཏུ་གནོད་པ་བཟློག་མཛད་པས། །ཕྱག་ནི་རིང་ཞིང་རྒྱས་པ་ཉིད། །ཆགས་ སོགས་གཡུལ་ལས་ངེས་རྒྱལ་བས། །སྙན་གཉིས་མཉམ་པ་ཉིད་ཡིན་ནོ། །སེམས་ཅན་ཀུན་གྱི་རྒྱུད་ལ་ནི། །རབ་ཏུ་གནོད་པ་སྤངས་པ་ཡིས། །སྒྲ་གསན་སྙན་གྱི་དབང་པོ་ནི། །ཉམས་པ་རྣམ་པར་སྤོངས་པ་ཉིད། །ལྟ་བས་བྱས་པ་ཐམས་ཅད་ཀྱིས། །གཞན་དུ་མི་འགྱུར་བ་ཉིད་ ཀྱིས། །དཔྲལ་བ་ལེགས་འབྱེས་རྩོད་པ་ཀུན། །ཞི་བྱས་དབྱེས་ནི་ཆེ་བ་ཉིད། །སྨོན་ལམ་ཡོངས་སུ་རྫོགས་པ་ཡིས། །དབུ་ནི་ཡོངས་སུ་རྒྱས་པ་ཉིད། །འདོད་ལ་ཞེན་པ་བཟློག་པ་ཡིས། །དབུ་སྐྲ་བུང་བ་ལྟར་གནག་ཉིད། །མཐོང་དང་བསྒོམ་པའི་སྤང་བྱ་ནི། །བཅོམ་པས་དབུ་སྐྲ་ སྟུག་པ་ཉིད། །བསྟན་པ་བློ་ནི་འཇམ་པོ་ཡིས། །ཡོངས་སུ་ཤེས་པས་དབུ་སྐྲ་འཇམ། །དྲི་མས་ཐུན་ནི་མ་འཁྲུགས་པས། །སྐྲ་ནི་མ་འཛིངས་པ་ཉིད་དོ། །རྟག་པར་ཚིག་རྩུབ་མ་བརྗོད་པས། །སྐྲ་ནི་མི་བཤོར་བ་ཉིད་དོ། །བྱང་ཆུབ་ཡན་ལག་མེ་ཏོག་ནི། །བཀྲམ་ཕྱིར་དབུ་སྐྲ་དྲི་ཞིམ་ ཉིད། །རྟག་པར་ཀུན་དུ་མཛེས་པར་ནི། །འགྱུར་བའི་བསོད་ནམས་ཉིད་ཀྱིས་ནི། །དཔལ་བེའུ་དང་ནི་བཀྲ་ཤིས་མཚན། །དཔལ་གྱིས་མཛེས་པའི་ཕྱག་ཞབས་ཉིད། །འདི་དག་ནི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། ལོངས་སྤྱོད་རྫོགས་ པའི་སྐུ་ལ་གནས་པའོ། །འདི་ནི་རྒྱལ་བའི་ལམ་ལ་འཇུག་པ་ལས་སྐུ་བཞི་བརྗོད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།རྒྱལ་བའི་ལམ་འཇུག་ཡང་དག་པར། །སྦྱར་ལས་བསོད་ནམས་ཚད་མེད་གང་། །དེ་ཡིས་འགྲོ་ཀུན་རྒྱལ་བ་ཡི། །ལམ་ལ་ལེགས་པར་འཇུག་པར་ཤོག ། བདག་གི་བསོད་ནམས་འདི་ཡིས་ནི། །ནམ་མཁའི་ཀུན་ཁྱབ་སྐྱེ་བོ་རྣམས། །ངན་འགྲོ་ཀུན་ལས་ངེས་གྲོལ་ཞིང་། །མི་ཁོམ་ཐམས་ཅད་རྣམ་པར་སྤངས། །སྐྱེ་བར་ལྷ་དང་མི་ཡི་ནི། །སྐྱེ་བ་ཡོངས་སུ་ཐོབ་པར་ཤོག །སྲིད་པའི་སྡུག་བསྔལ་གྱིས་སྐྲག་པས། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ ཞིང་། །དམ་ཆོས་ཉན་སེམས་དོན་བསྒོམ་དང་། །སེམས་ནི་བདེན་པར་གནས་པར་ཤོག །ཐེག་པ་ཆེན་པོ་ལ་གནས་ཏེ། །ཚངས་པའི་སྤྱོད་དང་ལྡན་པར་ཤོག །ལམ་ཀུན་རྣམ་པར་བསྒོམས་པ་ཡིས། །ས་ལ་སོགས་པ་ཀུན་ཐོབ་ནས། །ཞིང་ཀུན་ཡང་དག་སྦྱངས་ནས་སུ། །མྱུར་དུ་རྒྱལ་བ་ ཐོབ་པར་ཤོག །ཇི་སྲིད་འཁོར་བའི་གནས་སྐབས་སུ། །བསམ་པའི་དོན་ཀུན་ཐམས་ཅད་ནི། །ནམ་མཁའི་མཛོད་བཞིན་མཁའ་ཉིད་ནས། །སེམས་ཅན་ཀུན་ལ་འབྱུང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐར་གནས་པའི། །འཇིག་རྟེན་ཁམས་ནི་དེ་དག་རྣམས། །དོན་གྲུབ་འཇིག་ རྟེན་ཁམས་བཞིན་དུ། །དེ་དག་ཐམས་ཅད་རྣམ་དག་ཤོག །བདག་ཀྱང་བྱང་ཆུབ་སྙིང་པོའི་བར། །ཟང་ཟིང་མི་འཇིགས་དམ་ཆོས་དང་། །བྱམས་པས་སེམས་ཅན་ཐམས་ཅད་ཀྱི། །བསམ་ཀུན་ཡོངས་སུ་རྫོགས་བྱེད་ཅིང་། །རྟག་པ་ཉིད་དུ་ཚངས་སྤྱོད་དང་། །སྡོམ་པ་ཀུན་གྱིས་བསྡམ་ པར་ཤོག །སེམས་ཅན་དོན་ཀུན་བྱེད་པ་དང་། །ཆོས་ཀུན་དོན་ནི་སྟོན་པར་ཤོག །འཇིག་རྟེན་ཁམས་ཀྱི་སེམས་ཅན་ཀུན། །བདག་ལ་གནོད་པ་བྱེད་ཀྱང་ནི། །བདག་ནི་དེ་དག་ཐམས་ཅད་ལ། །ཕན་འདོགས་བྱེད་པ་ཉིད་དུ་ཤོག །འཁོར་བའི་སྡུག་བསྔལ་བསྲན་ནས་བདག །རྟག་པར་སེམས་ཅན་ དོན་ལ་བརྩོན། །སེམས་ནི་དམ་ཆོས་བསམ་གཏན་ལ། །རོ་གཅིག་བསྟན་པ་ཉིད་དུ་ཤོག །ཇི་ལྟར་བརྩོན་ལྡན་བརྩོན་འགྲུས་བཞིན། །བདག་ཀྱང་གོ་ཆ་སྦྱོར་བ་དང་། །དེ་བཞིན་མི་ལྡོག་པ་ཞེས་པའི། །བརྩོན་འགྲུས་དང་ནི་ལྡན་པར་ཤོག །ཏིང་འཛིན་ཕུན་སུམ་ཚོགས་པ་ཡི། །ཚོགས་ཀྱི་བྱང་ཆུབ་ བསྒྲུབས་པ་ཡིས། །བསམ་གཏན་ཀུན་ལ་གཅིག་ཏུ་གནས། །བདག་སེམས་རྡོ་རྗེ་ལྟ་བུར་ཤོག །ཤེས་རབ་ནམ་མཁའི་མཐའ་ཁྱབ་པ། །རྡོ་རྗེ་ཡི་ནི་མཚན་ཉིད་དང་། །རབ་མཐུག་ཀུན་དགའི་ཚོགས་དང་ནི། །སྙིང་རྗེའི་རོ་ཡིས་ངེས་གང་ཞིང་། །ཐབས་དང་སྨོན་ལམ་དེ་བཞིན་དུ། །སྟོབས་ནི་རབ་ ཏུ་འབྱོར་པ་དང་། །ཡེ་ཤེས་བདག་ཉིད་འདི་དག་ནི། །བདག་ལ་རྣམ་པར་དག་པར་ཤོག །མངོན་ཤེས་ཀུན་གྱི་མཐར་ཕྱིན་ཏེ། །ཁྱད་པར་ལམ་ནི་ཐོབ་པར་ཤོག །སངས་རྒྱས་ཞིང་ནི་རྣམ་སྦྱངས་ཏེ། །བདག་ནི་སངས་རྒྱས་ཉིད་གྱུར་ཅིག །འདི་ཉིད་ཀྱི་ནི་རིམ་པ་ཡིས། །བདག་གི་བསོད་ནམས་ མཐུ་ཡིས་ནི། །འཁོར་བ་པ་ཡི་སེམས་ཅན་ཀུན། །མྱུར་དུ་རྒྱལ་བ་ཉིད་དུ་ཤོག །བསོད་ནམས་ཡོངས་སུ་བསྔོ་བ་འདི། །བདག་ཉིད་ཀྱི་ནི་བློ་ཡིས་བྱས། །ཀུན་ནས་ཀུན་