Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 106
Văn bản gốc(Tây Tạng)
Trang 13 / 19 (50.000 ký tự/trang)
ལྟར་བཟོད་པས་བརྩོན་འགྲུས་བརྩམ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་ པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །བརྩོན་གང་དགེ་ལ་སྤྲོ་བ་སྟེ། །དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་ངན་ལ་ཞེན་པ་དང་། །སྒྱིད་ལུག་བདག་ཉིད་བརྙས་པའོ། །སྙོམ་ལས་བདེ་བའི་རོ་མྱོང་ནས། །གཉིད་ལ་བརྟེན་པའི་སྲེད་པ་དང་། །འཁོར་བའི་སྡུག་ བསྔལ་མི་སྐྱོ་ལས། །ལེ་ལོ་ཉེ་བར་སྐྱེ་བར་འགྱུར། །དེ་ལྟར་མི་མཐུན་ཕྱོགས་སྤངས་ཏེ། །སེམས་ཅན་དོན་བསྒྲུབ་བྱ་ཕྱིར་དུ། །མོས་བརྟན་དགའ་དང་དོར་བ་དང་། །ལྷུར་ལེན་དབང་སྒྱུར་སྟོབས་ཀྱིས་ནི། །བརྩོན་འགྲུས་སྤེལ་ཕྱིར་འབད་པར་བྱ། །བདག་དང་གཞན་གྱི་ཉེས་པ་ནི། །དཔག་མེད་ བདག་གིས་གཞོམ་བྱ་སྟེ། །ཉེས་པ་རེ་རེ་ཙམ་ལ་ཡང་། །གང་དུ་བསྐལ་པ་རྒྱ་མཚོར་ཟད། །ཉེས་ཟད་རྩོམ་པ་དེ་ལ་ནི། །བདག་གི་ཅུང་ཟད་ཙམ་མི་བལྟ། །བདག་དང་གཞན་གྱི་ཡོན་ཏན་ནི། །མང་པོ་བདག་གིས་བསྒྲུབ་བྱ་སྟེ། །གང་དུའང་ཡོན་ཏན་རེ་རེ་ཞིག །བསྐལ་པ་རྒྱ་མཚོས་ལོབས་ ནའང་རུང་། །རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས། །བརྟན་པར་བརྩམ་ཞིང་བསྒོམ་པར་བྱ། །དང་པོར་འབྱོར་པ་བརྟགས་ནས་ནི། །བརྩམ་མམ་ཡང་ན་མི་བརྩམ་བྱ། །མ་བརྩམས་པ་ནི་མཆོག་ཡིན་ཏེ། །བརྩམས་ནས་ལྡོག་པར་མི་བྱའོ། །རྩེད་མོའི་བདེ་འབྲས་འདོད་པ་ལྟར། །འདི་ཡིས་བྱ་བའི་ ལས་གང་ཡིན། །ལས་དེ་ལ་ནི་ཞེན་བྱ་སྟེ། །ལས་དེས་མི་ངོམས་དགའ་བར་བྱ། །རྗེས་སུ་མི་བདེར་འགྱུར་བའི་ལས། །རིག་འགྱུར་དེ་མ་ཐག་ཏུ་གཏང་། །དེ་ནི་ཤིན་ཏུ་རྫོགས་ནས་ཡང་། །ཕྱི་ཕྱིར་བྱེད་འདོད་སྤང་བར་བྱ། །འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ། །གཡུལ་ངོར་རལ་ཁ་ལྷགས་ པ་བཞིན། །ཉོན་མོངས་མཚོན་ལས་བཟུར་བྱ་ཞིང་། །ཉོན་མོངས་དགྲ་རྣམས་འཇོམས་པར་བརྟག །གཡུལ་དུ་རལ་གྲི་ལྷུང་གྱུར་ན། །འཇིགས་པས་མྱུར་དུ་ལེན་པ་ལྟར། །དེ་བཞིན་དྲན་པའི་མཚོན་ཤོར་ན། །དམྱལ་བའི་འཇིགས་དྲན་མྱུར་དུ་བླང་། །ཇི་ལྟར་ཤིང་བལ་འགྲོ་བ་དང་། ། འོང་བ་རླུང་གི་དབང་གྱུར་པ། །དེ་བཞིན་འབྱོར་པ་མོས་པ་ཡིས། །དབང་དུ་གྱུར་པས་མྱུར་དུ་འགྲུབ། །དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། །ཡིད་ནི་ཏིང་ངེ་འཛིན་ལ་བཞག །སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ལུས་དང་ སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ་། །དེ་བས་འཇིག་རྟེན་སྤང་བྱ་ཞིང་། །རྣམ་པར་རྟོག་པའང་ཡོངས་སུ་དོར། །ཆགས་པའི་ཕྱིར་དང་རྙེད་སོགས་ལ། །སྲེད་པས་འཇིག་རྟེན་མི་སྤངས་ཏེ། །དེ་བས་འདི་དག་ཡོངས་སྤོངས་ལ། །མཁས་པས་འདི་དག་དཔྱད་པར་བྱ། ། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བར་ ནི་བསྒོམ་པར་བྱ། །གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །དེ་བས་སྒྲིབ་པ་བསལ་བའི་ཕྱིར། །ལོག་པའི་ལམ་ལས་སེམས་བླན་ཞིང་། །ཡང་དག་དམིགས་ལ་རྟག་ཏུ་ཡང་། །ཡིད་ནི་ བརྟན་པོར་གཟུང་བར་བྱ། །དེ་ལྟར་དེ་དག་ཐམས་ཅད་ཀྱང་། །ཤེས་རབ་དོན་དུ་ཐུབ་པས་གསུངས། །དེ་བས་མྱ་ངན་འདས་པ་དང་། །བདེ་བ་འདོད་པས་ཤེས་རབ་བསྐྱེད། །དོན་དམ་དང་ནི་ཀུན་རྫོབ་སྟེ། །འདི་ནི་བདེན་པ་གཉིས་སུ་གནས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཡིན། ། དེ་ལ་འཇིག་རྟེན་རྣམ་གཉིས་མཐོང་། །རྣལ་འབྱོར་པ་དང་དེ་བཞིན་ཕལ། །དེ་ལ་རྣལ་འབྱོར་འཇིག་རྟེན་གྱིས། །འཇིག་རྟེན་ཕལ་པ་སུན་ཡང་འབྱིན། །གོང་མ་གོང་མའི་ཁྱད་པར་གྱིས། །རྣལ་འབྱོར་པ་ཡང་སུན་འབྱིན་ཏོ། །བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བསམས་ པ་ཡིས། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་སངས་རྒྱས་བདེ་ཐོབ་ཀྱི། །རབ་ཏུ་བདེ་བ་ཉམས་མ་ གྱུར། །འགྲོ་བས་བླ་ན་མེད་པ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །གསེར་གླིང་གི་བླ་མ་ཆོས་སྐྱོང་ལ། གུས་པ་དང་ལྡན་པའི་སློབ་མ་ ཀ་མ་ལ་རཀྵི་དང་། དཱི་པཾ་ཀ་རས་གསོལ་བ་བཏབ་ནས། སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་པ་ལས་ཕྱེ་བ་སུམ་ཅུ་རྩ་དྲུག་གི་དོན་བསྡུས་པ་ལོགས་སུ་བཀོད་པ་རྫོགས་སོ།། །།པཎྜི་ཏ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙཱརྱཱ་བ་ཏཱ་ར་པིཎྜཱརྠ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དལ་འབྱོར་འདི་ནི་ ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། ། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །དེ་ལྟར་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་ དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱི། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །འཇིགས་དང་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །རིན་ཆེན་སེམས་འདི་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ ཐུགས་ནི་བསྐྱེད་པ་ན། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་བའི་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །རྒྱལ་བའི་སྲས་ཀྱིས་ དེ་ལྟ་བུར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བ་མེད་པར་རྟག་ཏུ་ཡང་། །བསླབ་ལས་མི་འདའ་འབད་པར་བྱ། །བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་ནི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །སེམས་ བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །བླ་མ་དང་ནི་འགྲོགས་པ་དང་། །མཁན་པོས་རྗེས་སུ་བསྟན་པ་ལ། །འཇིགས་པས་སྐལ་ལྡན་གུས་བྱེད་པ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར། །རྟག་པར་ དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང་། །ཁོང་ཁྲོ་གཅིག་གིས་ འཇོམས་པར་བྱེད། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ ནམས་བརྩོན་འགྲུས་མེད་མི་འབྱུང་། །བརྩོན་གང་དགེ་ལ་སྤྲོ་བ་སྟེ། །དེ་ཡི་མི་མཐུན་ཕྱོགས་སྤང་བྱ། །སྒྱིད་ལུག་མེད་དང་དཔུང་ཚོགས་དང་། །ལྷུར་བླང་བདག་ཉིད་དབང་བྱ་སྟེ། །བདག་དང་གཞན་དུ་མཉམ་པ་དང་། །བདག་དང་གཞན་དུ་བརྗེ་བར་གྱིས། །དེ་ལྟར་བརྩོན་འགྲུས་ བསྐྱེད་ནས་ནི། །ཡིད་ནི་ཏིང་ངེ་འཛིན་ལ་གཞག །སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ་། །དེ་བས་འཇིག་རྟེན་སྤང་བྱ་ཞིང་། །རྣམ་པར་རྟོག་པ་ཡོངས་སུ་དོར། །ཆགས་ པའི་ཕྱིར་དང་རྙེད་སོགས་ལ། །སྲེད་པས་འཇིག་རྟེན་མི་སྤོང་སྟེ། །དེ་བས་འདི་དག་ཡོངས་སྤངས་ལ། །མཁས་པས་འདི་དག་སྦྱར་བར་བྱ། །བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བ་ནི་བསྒོམ་པར་བྱ། ། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་སྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་ཡིས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། ། དེ་བས་སྒྲིབ་པ་བསལ་བའི་ཕྱིར། །ལོག་པའི་ལམ་ལས་སེམས་བླན་ཞིང་། །ཡང་དག་དམིགས་ལ་རྟག་ཏུ་ཡང་། །ཡིད་ནི་བརྟན་པོར་གཟུང་བར་བྱ། །དེ་ལྟར་དེ་དག་ཐམས་ཅད་ཀྱང་། །ཤེས་རབ་དོན་དུ་ཐུབ་པས་གསུངས། །དེ་བས་མྱ་ངན་འདས་པ་དང་། །བདེ་བ་འདོད་པས་ཤེས་རབ་སྐྱེད། །དོན་ དམ་དང་ནི་ཀུན་རྫོབ་སྟེ། །དེ་ནི་བདེན་པ་གཉིས་སུ་འདོད། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཡིན། །དེ་ལ་འཇིག་རྟེན་རྣམ་གཉིས་མཐོང་། །རྣལ་འབྱོར་པ་དང་དེ་བཞིན་ཕལ། །དེ་ལ་རྣལ་འབྱོར་འཇིག་རྟེན་གྱིས། །འཇིག་རྟེན་ཕལ་པ་སུན་ཡང་འབྱིན། །གོང་མ་གོང་མའི་ཁྱད་ པར་གྱིས། །རྣལ་འབྱོར་པ་ཡང་སུན་འབྱིན་ཏོ། །བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པར་རྣམ་པར་བསམས་པ་ཡིས། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །གསེར་གླིང་གི་བླ་མ་ཆོས་སྐྱོང་བས་གུས་པ་དང་ལྡན་པའི་སློབ་མ་ཀ་མ་ལ་རཀྵི་ཏ་དང་། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ ནས་གསོལ་བ་བཏབ་ནས། སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙཱརྱཱ་བ་ཏཱ་ར་ཏཱ་ཏ་པརྱ་པཉྫི་ཀ་བི་ཤཻ་ཥ་ དྱོ་ཏ་ནི་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མར་རྒྱལ་པོ་འཇམ་དཔལ་གོ་ཆའི་སྲས་གྱུར་བར་དུ་གང་། །བྷཾ་གའི་ནགས་སུ་འཇམ་དབྱངས་ བསྒྲུབས་པ་བླ་མའི་གདམས་པ་ཐོབ། །གཞུག་ཏུ་ནམ་མཁར་འཇམ་དབྱངས་ཀྱིས་ནི་དངོས་སུ་བྱིན་གྱིས་བརླབས། །ཐེག་ཆེན་ལམ་མཆོག་ཞི་བའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་པོ་བྱོན་མོད་ཀྱི། །ཞི་བའི་ལྷ་ཡིས་ མཛད་དང་འདྲ། །ཉམས་དང་དགོངས་པ་ཅན་མི་རྙེད། །བདག་མེད་གཉིས་རྟོགས་ཐུགས་རྗེ་ཅན། །འཕགས་པས་མཛད་པའི་འགྲེལ་པ་ལ། །བཅིངས་པ་མ་ལུས་དང་ལྡན་པ། །དད་པའི་རྗེས་འབྲང་བདག་མི་འོས། །འོན་ཀྱང་དེ་ལམ་ཐོབ་འདོད་པས། །སྤྱོད་འཇུག་བཤད་པར་རྩོམ་པ་འདི། ། བླ་མས་གནང་བ་རྫོགས་སངས་རྒྱས། །ལམ་གྱི་རིན་ཆེན་ཐོབ་པའི་དྲིན། །འགྲེལ་པ་མཛད་པ་རྣམས་ཀྱིས་ཀྱང་། །འཕགས་པའི་དགོངས་པ་གསལ་མ་བྱས། །དེའི་ཕྱིར་དགོངས་པའི་འགྲེལ་པ་འདི། །རྣལ་འབྱོར་ཟླ་བས་ཅུང་ཟད་བྲིས། །འདི་སྐད་བརྒྱུད་པ་ལས་ཐོས་ཏེ། །ལྷོའི་ཕྱོགས་སུ་ དཔལ་ལྡན་ན་ག་ར་ལ་མིའི་རྒྱལ་པོ་འཇམ་དཔལ་གོ་ཆའི་བུ་རུ་སྐྱེས། སྔོན་གྱི་སངས་རྒྱས་ལ་བྱ་བ་བྱས་པ། ཐར་པའི་ཆ་མཐུན་གྱི་དགེ་བའི་རྩ་བ་ཐོབ་པ། ཐེག་པ་ཆེན་པོའི་རིགས་ཡང་དག་པ་སྒྱུ་རྩལ་ཐམས་ཅད་ལ་མཁས་པ། །རྒྱལ་ཚབ་ཏུ་དབང་བསྐུར་བའི་དུས་སུ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པ། རྒྱལ་ པོའི་བཙུན་མོ་ཆེན་མོ་ཡུམ་གྱིས་ཆུ་དྲོན་པོས་ཁྲུས་བྱེད་དུ་བཅུག་པས། དེའི་དྲོད་མི་བཟོད་པ་མཐོང་ནས་ཡུམ་གྱིས་འདི་སྐད་དུ་སྨྲས་ཏེ། སྙིགས་མའི་དུས་སུ་རྒྱལ་པོ་བྱས་ན་ཉོན་མོངས་པའི་དབང་གིས་སེམས་ཅན་སྡུག་ཏུ་བཅུག་ལ། ཤི་ནས་དམྱལ་བར་འདི་བས་ཀྱང་དྲག་པའི་སྡུག་བསྔལ་མྱོང་བར་འགྱུར་ བས་རྒྱལ་སྲིད་ཀྱིས་དགོས་པ་མེད་ཀྱི་བུ་ཁྱོད་བྷཾ་ག་ལའི་ཡུལ་དུ་སོང་། དེར་ཁྱོད་ལ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ཞེས་སོ། །དེ་ནས་ཡུམ་གྱི་བཀའ་དེ་སྤྱི་བོར་བཞག་ནས། ཐུགས་དྲང་པོ་རྟ་མཆོག་ལྗང་གུ་ལ་ཞོན་ཏེ་གཤེགས་སོ། །དེ་ཡང་ཞག་དུ་མ་ཉིན་མཚན་མེད་པར་འགྲོ་སྟེ། བཟའ་ བཏུང་ལ་སོགས་པ་ཡིད་ལ་མི་བྱེད་པར་དེའི་བཀའ་གཅིག་པུ་ལ་རྩེ་གཅིག་པར་འགྲོ་བ་ལ། བྷཾ་ག་ལའི་ཡུལ་གྱི་མཐའ་མར་ནགས་ཚལ་གྱི་ནང་ན་བུ་མོ་རིན་པོ་ཆེ་ཅིག་མཐོང་ངོ་། །བུ་མོ་དེས་རྟ་བཟུང་ནས་དེ་རྟ་ལས་བབས་སོ། །དེ་ནི་ཤིན་ཏུ་སྐོམ་པས་མདུན་དུ་ཆུ་མཐོང་ནས་བཏུང་བར་བརྩམས་སོ། །བུ་མོས་ འདི་ནི་དུག་གི་ཆུ་ཡིན་པས་མ་འཐུང་ཅིག་ཅེས་སྨྲས་ནས་དེ་ལས་བཟློག་སྟེ་བདུད་རྩིའི་ཆུ་འཐུང་དུ་བཅུག་པ་དང་། ཤ་བསྲེགས་ནས་ཟ་རུ་བཅུག་པས་ཚིམ་པར་གྱུར་ལ་བུ་མོ་ལ་སྨྲས་ཏེ་ཁྱེད་གང་ནས་འོངས་ཞེས་སོ། །དེས་སྨྲས་པ། ནགས་ཚལ་ཆེན་པོ་འདིའི་དབུས་སུ་ཡོན་ཏན་དམ་པའི་ཚོགས་ཀྱིས་ བརྒྱན་པ། ཐུགས་རྗེ་ཅན་དཔལ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་སྒྲུབ་པ་བདག་གི་བླ་མ་བཞུགས་ཏེ། དེ་ནས་འོངས་ཞེས་སོ། །དེ་ཐོས་པ་ཙམ་གྱིས་བཀྲེན་པས་རིན་པོ་ཆེ་ཐོབ་པ་ལྟར་དགའ་བདེ་ཆེན་པོས་དབུགས་ཕྱུང་ནས་སྨྲས་ཏེ། ཀྱེ་དེ་བདག་ལ་སྟོན་ཅིག །བུ་མོས་དེ་འབོད་པ་རྟ་བཟུང་སྟེ་ གཤེགས་པར་གྱུར་ཏོ། །དེར་ཕྱིན་པས་ཤིན་ཏུ་ཟབ་པའི་ཐུགས་དང་ལྡན་ཞིང་། ལུས་ངག་ཞི་བ་གསེར་གྱི་རི་ལྟ་བུ་བླ་མའི་མཆོག་མཐོང་ནས། བདག་ཉིད་དང་རྟ་མཆོག་ཕུལ་ནས་གུས་པས་བླ་མ་དེ་ལ་ཕྱག་བྱས་ཏེ། འཇམ་པའི་དབྱངས་ཀྱི་ཏིང་ངེ་འཛིན་གྱི་གདམས་པས་བདག་རྗེས་སུ་འཛིན་ པར་འཚལ་ལོ་ཞེས་གསོལ་ཏོ། །བླ་མས་ཀྱང་དེ་ཡོངས་སུ་སྨིན་པར་མཛད་པའི་རིམ་པས་གདམས་པར་མཛད་དོ། །དེ་ནས་ལོ་བཅུ་གཉིས་དེར་བཞུགས་ལ་ཏིང་ངེ་འཛིན་གྱིས་འཇམ་པའི་དབྱངས་མངོན་སུམ་དུ་མཛད་ཅིང་། དེ་རྗེས་བླ་མས་ཡུལ་དབུས་སུ་འགྲོ་བར་བཀའ་སྩལ་པས་ སོང་སྟེ། མ་ག་དྷཱའི་རྒྱལ་པོ་བརྟེན་ཅིང་ཤིང་གི་རལ་གྲི་ཤུབས་དང་བཅས་པ་བཟུང་བས་རྟ་པའི་ཚུལ་མི་གཡོ་བའི་སྡེ་ཞེས་པའི་མིང་ཅན་རྒྱལ་པོས་བཀུར་བ་སྤྱོད་པ་དེ་ཉིད་ཀྱིས་ཆོས་ཁོ་ན་ཡིད་ལ་བྱེད་ཅིང་བཞུགས་སོ། །དུས་གཞན་ཞིག་ན་རྟ་པ་གཞན་རྣམས་ཀྱིས་དེའི་ཕུན་སུམ་ཚོགས་ པ་མི་བཟོད་པས་རྒྱལ་པོ་ལ་སྨྲས་ཏེ་མི་གཡོ་བའི་སྡེ་འདི་ནི་ཤིང་གི་རལ་གྲིས་ཁྱེད་བསྟེན་པས་འཁྲུགས་པའི་དུས་སུ་དགྲ་ལ་ཇི་ལྟར་རྡེག་པར་འགྱུར། དེ་བས་ན་དེའི་རལ་གྲི་བལྟ་བར་འཚལ། དེ་ལྟར་ཡིན་ཡང་དྲང་པོར་སྨྲ་མི་ནུས་པས་རྟ་པ་ཐམས་ཅད་ཀྱིས་རལ་གྲི་བལྟ་བར་བྱའོ་ཞེས་རྒྱལ་པོས་ བཀའ་སྩལ་པས་ཁ་ཅིག་གིས་རལ་གྲི་བལྟས་ནས། མི་གཡོ་བའི་སྡེ་ལ་ཡང་རལ་གྲི་བལྟའོ་ཞེས་བཀའ་སྩལ་ཏོ། །དེས་གསུངས་པ། བདག་གི་རལ་གྲི་ཁྱེད་ཀྱིས་ལྟ་བར་མི་འོས་ཞེས་སོ། །རྒྱལ་པོས་ནན་ཏན་གྱིས་ཡང་དང་ཡང་དུ་ཞུས་པས་མི་གཡོ་བ་ན་རེ། ཅིས་ཀྱང་མཐོང་བར་འདོད་ན་ ཕྱོགས་དབེན་པར་ཁྱེད་རང་ཁོ་ན་ལག་པས་མིག་གཅིག་བཀབ་སྟེ་བལྟ་བར་གྱིས་ཤིག །དེས་བལྟས་པས་རལ་གྲིའི་གཟི་བརྗིད་ཀྱིས་རྒྱལ་པོའི་མིག་མ་བཀབ་པ་ངོས་ས་ལ་ལྷུང་ངོ་། །ནུས་པ་དེ་མཐོང་ནས་རྒྱལ་པོ་ཤིན་ཏུ་མོས་པར་འགྱུར་བར་དགོངས་ལ་མིག་གི་བུ་གར་མིག་ བཅུག་སྟེ། ཟུག་རྔུ་མེད་པར་བྱས་ལ་གཙུག་ལག་ཁང་ཆེན་པོ་ན་ལེན་དྲར་གཤེགས་ལ། མི་གཡོ་བའི་སྡེ་རབ་ཏུ་བྱུང་སྟེ། ཞི་བ་དང་ལྡན་པས་ཞི་བའི་ལྷ་ཞེས་མིང་བཏགས། དེར་ནི་སྡེ་སྣོད་གསུམ་མཉན་པའི་རྗེས་ལ། ཟ་རུང་ཉལ་རུང་འཆག་རུང་རྒྱུན་དུ་འོད་གསལ་བསྒོམས་པས་བྷུ་སུ་ཀུ་ཞེས་ཏིང་ ངེ་འཛིན་ལ་གནས་པའི་ཕྱིར་བྷུ་སུ་ཀུ་ཞེས་མིང་ཡོངས་སུ་གྲགས་སོ། །དེ་ནས་དུས་གཞན་ཞིག་ན་དགེ་འདུན་གྱི་ནང་དུ་མ་རུངས་པ་འགའ་ཞིག་གིས། འདིས་ནི་དགེ་འདུན་གྱི་ནང་དུ་བྱ་བ་གང་ཡང་མ་བྱས་པར་སྒོམ་པ་ལྟར་གནས་ཏེ། ཅི་ཤེས་བརྟག་དགོས་ཞེས་བགྲོས་ལ། །དང་པོ་ཆོ་འཕྲུལ་གྱི་ དུས་སུ་ལོ་རེ་རེ་ཞིང་ཆོས་འདོན་པ་ཡོད་པས། འདི་ལ་འཆོལ་དགོས་ཞེས་བསམས་ནས་དེ་ལ་ཞུས་སོ། །དེས་གསུངས་པ་བདག་གིས་ཅི་ཡང་མི་ཤེས་སོ། །ཡང་ནས་ཡང་དུ་བཀག་ཀྱང་དེ་དག་གིས་ཞུས་ཤིང་གཙུག་ལག་ཁང་གི་ཕྱི་རོལ་དབང་ལྡན་གྱི་མཚམས་སུ་ས་ཕྱོགས་ཡངས་པ་ལ་མཆོད་པའི་ རྣམ་པ་དུ་མ་བཤམས་ཏེ། སྐྱེ་བོ་མ་ལུས་པ་བོས་ནས་སེང་གེའི་ཁྲི་ཤིན་ཏུ་མཐོན་པོ་བཤམས་ཏེ་སྤྱན་དྲངས་སོ། །དེས་དེར་བཞུགས་ཤིང་བསམས་ཏེ། མདོ་སྡེ་ཀུན་ལས་བཏུས་པ་དང་། །བསླབ་པ་ཀུན་ལས་བཏུས་པ་དང་། །བྱང་ཆུབ་སྤྱོད་པ་ལ་འཇུག་པ་ཞེས་གཞུང་གསུམ་བདག་གིས་བྱས་ ཡོད་དོ། །དེ་ལ་སྤྱོད་པ་ལ་འཇུག་པ་གདོན་པར་འོས་བསམས་ནས་གསུངས་ཏེ་དྲང་སྲོང་གིས་གསུངས་པའམ། དེའི་རྗེས་ལས་བྱུང་བ་གང་གདོན་དོན་དམ་རྟོགས་པ་ནི་དྲང་སྲོང་ངོ་། །དེས་མཛད་པ་གསུང་རབ་པོ། །དེ་ལ་བརྟེན་ནས་གཞན་གྱིས་བྱས་པ་དེ་རྗེས་ལས་བྱུང་བའོ། །འཕགས་པ་བྱམས་ པས་དེ་གསུངས་པ། གང་ནི་དོན་ཅན་ཆོས་ཀྱི་ཚིག་དང་ལྡན། །ཁམས་གསུམ་ཉོན་མོངས་དག་པར་བྱེད་པའི་ཚིག །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་དེ། །དྲང་སྲོང་ལས་བྱུང་དེ་ལས་བཟློག་པ་གཞན། །ཞེས་སོ། །དེས་གང་འཆད་པར་འགྱུར་བ་ལེའུ་བཅུ་པ་ནས། །བདག་ཀྱང་འཇམ་དབྱངས་ བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་འབྱུང་བ་འང་ཐོབ་པར་ཤོག །ཅེས་པ་དེ་ཡང་རིགས་པར་འགྱུར་རོ། །དེ་དག་གིས་ངོ་མཚར་སྐྱེས་ནས་སྨྲས་ཏེ། གཞན་པ་འདོན་པར་ཞུ་འཚལ་ཞེས་བརྗོད་པ་དང་། དེས་ཀྱང་སྤྱོད་པ་ལ་འཇུག་པ་འདོན་ པར་བརྩམས་སོ། །དེ་ལ། གང་ཚེ་དངོས་དང་དངོས་མིན་དག །བློ་ཡི་མདུན་དུ་མི་གནས་འགྱུར། །དེ་ཚེ་རྣམ་པ་གཞན་མེད་པར། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་བྱ་བ་འདོན་པའི་སྐབས་སུ་དེ་ལ་མཐོང་ལམ་མངོན་དུ་གྱུར་པ་དང་འཕགས་པ་འཇམ་དཔལ་མདུན་གྱི་ནམ་མཁའ་ལ་སྣང་། དེའི་ རྗེས་ལ་དེ་དང་བཅས་པ་སྐྱེ་བོ་རྣམས་ལ་མི་སྣང་བར་གྱུར། དེ་ནས་དེ་མ་མཐོང་བས་འགྱོད་པར་གྱུར་པའི་སྐྱེ་བོ་རྣམས་ཀྱིས་དེའི་བྲང་ཁང་དུ་བལྟས་པས། མདོ་སྡེ་ཀུན་ལས་བཏུས་པ་ལ་སོགས་པ་གསུམ་བླངས་ཏེ། མཁས་པ་རྣམས་ཀྱི་སྒོ་ནས་འཇིག་རྟེན་དུ་གྲགས་པར་བྱས་སོ། །དེ་ལ་བདེ་གཤེགས་ སྲས་བཅས་ཆོས་ཀྱི་སྐུ་དང་བཅས། །ཕྱག་འོས་ཀུན་ལའང་གུས་པས་ཕྱག་འཚལ་ཏེ། །ཞེས་བྱ་བ་ལ་སོགས་པའི་མཆོད་བརྗོད་དུ་ཕྱག་འཚལ་བ་དང་། དད་པ་གཙོ་བོར་གྱུར་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། འབྲེལ་པ་དང་། རང་དགའ་སྤོང་བ་དང་། དགོས་མེད་ཀྱི་སྐྱོན་སྤོང་བ་སྟེ། དོན་བདུན་འཆད་དོ། །དེ་ལ་ཀླན་ཀ་འདི་ཡིན་ཏེ། །ཐོག་མར་བྱང་ཆུབ་སྤྱོད་འཇུག་ཏུ། །དཀོན་མཆོག་གསུམ་ལ་ཕྱག་བྱེད་ན། །བློ་ལྡན་ནུས་ན་རིམ་མེད་ཅིང་། །དགེ་འདུན་མོས་ན་ཚོགས་བཅས་འོས། །ཆོས་འདོད་ཆོས་སྐུ་སྨོས་པ་ཅི། །དེ་ནི་སངས་རྒྱས་དངོས་ཡིན་ནོ། །དེ་ཚེ་དཀོན་མཆོག་ གསུམ་མ་ཚང་། །སངས་རྒྱས་ཆོས་དང་དགེ་འདུན་ཞེས། །བྱམས་པས་ཀྱང་ནི་རིམ་པས་གསུངས། །དུས་གསུམ་ལ་གནས་སངས་རྒྱས་ཀུན། །ཆོས་དང་དགེ་འདུན་མཆོག་དང་བཅས། །འདིས་ཀྱང་འོག་ཏུ་འཆད་པར་འགྱུར། །དེས་ནི་མི་སླུའི་གདམས་པ་ཅན། །བླ་མ་མཁས་པ་བཙལ་བར་བྱ། །བདེ་ གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་རྣམས་བརྗོད་པར་བྱ་ཞེས་འབྲེལ་ཏེ། ལེགས་པར་གཤེགས་པས་བདེ་བར་གཤེགས་པ་སྟེ། །དཔེར་ན་བུ་མོ་ལེགས་བཞིན་ནོ། །སྲིད་པའི་རྩེ་མོར་ཕྱིན་གྱུར་ཀྱང་། །ཁྱོད་ཀྱི་ཆོས་ལས་ལོག་པའི་མི། །ལས་ལས་བྱུང་བའི་སྲིད་པ་རྣམས། །མ་རིག་ལྡོངས་པས་ སོགས་པར་བྱེད། །ཅེས་གསུངས་པས་མུ་སྟེགས་ཀྱི་ལམ་གྱིས་འཁོར་བར་འཁོར་བ་ཁོ་ན་ཡིན་གྱི་བདག་ཏུ་འཛིན་པ་མ་བཏང་བས་ཐར་པ་ཐོབ་པ་མེད་དོ། །ཡང་ན་ཕྱིར་མི་ལྡོག་པར་གཤེགས་པས་བདེ་བར་གཤེགས་པ་སྟེ། ཚད་པ་ཤིན་ཏུ་སངས་པ་བཞིན་ནོ། །སྲིད་པར་ལན་ བདུན་འཁོར་བ་ལ་སོགས་པ་ནི་ཡང་དང་ཡང་དུ་འཁོར་རོ། །ཡང་ན་བགྲོད་པར་བྱ་བ་ཇི་སྙེད་པར་གཤེགས་པས་བདེ་བར་གཤེགས་པ་སྟེ། ཚོགས་མ་ལུས་པ་བསགས་པའི་ཕྱིར་ཏེ། བུམ་པ་ཤིན་ཏུ་གང་བ་བཞིན་ནོ། །འགྲོ་བའི་དོན་ཐམས་ཅད་ནི་ཤེས་པའི་དོན་ཏོ། །དགྲ་བཅོམ་པ་རྣམས་ལ་ནི་ ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡོད་དེ། ཐར་པའི་ས་བོན་ཤིན་ཏུ་ཕྲ། །དེ་ལ་ཡོད་པའང་བདག་གིས་མཐོང་། །རྡོ་བའི་ཁམས་ཀྱི་ནང་དུ་ནི། །གསེར་ནི་མི་གསལ་ཡོད་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །བདེ་བའི་དོན་གསུམ་བཤད་དེ། ལེགས་པར་མ་སོང་མུ་སྟེགས་ རྣམས། །སློབ་པ་རྣམས་ནི་ཡང་ཡང་འཁོར། །མི་སློབ་བགྲོད་བྱ་ཀུན་བགྲོད་མིན། །བདེ་གཤེགས་གསུམ་ལས་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར་རོ། །བདེ་བར་གཤེགས་པའི་བདག་ཉིད་ནི་རང་བཞིན་ཏེ་ཆོས་ཀྱི་སྐུའོ། །དེ་ལས་བྱུང་བས་ན་སྲས་ཏེ་ཆོས་ཉིད་མངོན་སུམ་དུ་བྱས་ པས་འཕགས་པར་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་བྱམས་པས་གསུངས་པ། འདི་ཐམས་ཅད་ནི་གཉིས་ཏེ། ཆོས་དང་ཆོས་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །ཆོས་ལས་བྱུང་བ་འཁོར་བ་ཡིན་ལ། ཆོས་ཉིད་ལས་བྱུང་བ་ནི་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པའོ་ཞེས་སོ། །དེ་དག་གི་སྡོམ་ པ་ནི་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། བསྡུས་ན་སྨོན་པ་དང་འཇུག་པ་རྣམ་པ་གཉིས་སོ། །དེ་ཡང་ལོ་ཐོག་རྣམས་ཀྱི་ས་བོན་བཞིན་དུ་བྱང་ཆུབ་ཀྱི་མཆོག་གི་རྒྱུ་ཐུན་མོང་མ་ཡིན་པའི་རྒྱུའོ། །དེའི་བསླབ་པ་གཉིས་ཏེ། དེ་ལ་བཟློག་པའི་ཚུལ་ཁྲིམས་ནི་ཉེས་སྤྱོད་ཐམས་ཅད་ལས་ལོག་ པའོ། །འཇུག་པའི་ཚུལ་ཁྲིམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོམས་པའོ། །དེའི་ཆོ་ག་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྒྱ་མཚོ་ལས་མང་དུ་བཤད་དོ། །འབབ་སྟེགས་བཞིན་དུ་གང་གིས་དེར་འཇུག་པ། །དེ་ནི་བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་སྟེ། །དེ་ཡང་དལ་འབྱོར་རྙེད་པར་དཀའ་བ་དང་། ། རྙེད་ཀྱང་མི་རྟག་པ་དང་། དེར་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། བསོད་ནམས་ལ་འཇུག་པ་དཀའ་བ་དང་། སྡིག་པ་ལ་འཇུག་པ་ནི་རང་གིས་ངང་གིས་ཏེ། ཐོག་མ་མེད་ནས་གོམས་པའི་ཕྱིར་རོ། །དེ་བས་སྡིག་པ་སྟོབས་དང་ལྡན་པ་དེའི་གཉེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་པ་ དང་། འབྲས་བུ་མཐོང་ནས་འཇུག་པས་དེའི་ཕན་ཡོན་དང་། ལུས་ལ་སོགས་པ་དག་པར་བྱ་བའི་ཕྱིར་སྡིག་པ་བཤགས་པ་དང་། དཀོན་མཆོག་གསུམ་ལ་མཆོད་པ་དང་། ཕྱག་འཚལ་བ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་ མི་འདའ་བར་གསོལ་བ་གདབ་པའི་བར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྦྱོར་བ་བྱས་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྨོན་པའི་སེམས་བསྐྱེད་སྔོན་དུ་འགྲོ་བ་འཇུག་པའི་སེམས་བསྐྱེད་ནས། དེའི་རྗེས་གསོ་བའི་ཕྱིར་སེམས་སྤྲོ་དགའ་བསྐྱེད་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་ དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་དག་ཡོངས་སུ་བསྔོ་བའི་བར་ཏེ། དེ་རྣམས་ཀྱིས་ནི་བརྗོད་བྱ་བསྟན་ཏོ། །བཤད་པར་བྱ་ཞེས་པས་ནི་རང་དང་གཞན་གྱི་རྒྱུད་ལ་དེའི་དོན་གྱི་རྟོགས་པ་བསྐྱེད་པ་སྟེ། དགོས་པ་བསྟན་ ཏོ། །ཅི་བྱས་ནས་འཆད་ཅེ་ན་ཕྱག་འཚལ་ཏེ། ཕྱག་བྱས་པས་བསོད་ནམས་འབྱུང་། དེས་སྡིག་པའི་རང་བཞིན་གྱི་བགེགས་བཟློག་ནས་གཞུང་ལ་སོགས་པ་བར་ཆད་མེད་པར་ཚར་བའོ། །གང་ལ་ཕྱག་འཚལ་ཞེ་ན། བདེ་གཤེགས་ལ་སྟེ་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པའི་ ཆོས་དང་ཐུན་མོང་མ་ཡིན་པ། ཐེག་པ་ཆེན་པོ་དང་པོ་ཉིད་དུ་སྟོན་པས་བཅོམ་ལྡན་འདས་བླ་མ་ཡིན་ཏེ། དང་པོ་ཉིད་དུ་ཕྱག་བྱས་སོ། །དེ་ཇི་ལྟ་བུ་ཞེ་ན། སྲས་དང་བཅས་པ་ཡིན་པས་སྲས་བཅས་སོ། །སྲས་ནི་འདིར་འཕགས་པ་འཇམ་དཔལ་ཏེ། དེས་ཡི་དམ་བསྒྲུབས་པའི་ཕྱིར་རོ། །ཡང་ཇི་ ལྟ་བུ་ཞེ་ན། ཆོས་ཀྱི་སྐུ་དང་བཅས་པ་ཡིན་པས། ཆོས་ཀྱི་སྐུ་དང་བཅས་པ་སྟེ། ཆོས་ཉིད་ནི་ཁྱབ་བྱེད་ཡིན་པས་སྐུ་ཡིན་ཏེ། དེ་མངོན་སུམ་དུ་རྟོགས་པས་སྲིད་པའི་སྡུག་བསྔལ་ཟད་དེ། མངོན་སུམ་དུ་བྱ་བ་ཡིན་པས་དེ་ལ་ཕྱག་བྱས་སོ། །ཡང་ཅི་བྱས་ན་ཞེ་ན་ཡང་ནི་འདུས་པའི་དོན་ཏོ། །ཀུན་ ནི་མ་ལུས་པ་སྟེ། ཕྱག་འོས་ནི་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སོགས་པའོ། །སེམས་དང་པོ་བསྐྱེད་པ་ནས་བརྩམས་ཏེ་དགེ་འདུན་གྱི་བསླབ་པ་དང་མཐུན་པ་ལ་སྤྱོད་པ་ཡིན་པས། དགེ་བའི་བཤེས་གཉེན་ཏེ་དེ་ལ་ཕྱག་བྱས་སོ། །དང་པོ་ཉིད་དུ་རིགས་ ལྡན་རྣམས་འཇུག་པ་ནི་དད་པ་སྟེ། རྟོགས་པས་མ་ཡིན་པར་གསུངས་ཏེ་གུས་པས་སོ། །དད་མེད་པ་ཡི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་མི་འབྱུང་བཞིན། །བྱམས་པས་གསུངས་པ། རང་བྱུང་རྣམས་ཀྱི་དོན་དམ་པ། །འདིར་ནི་ དད་པ་ཉིད་ཀྱིས་འགྲོ། །ལོང་བས་བརྗིད་དང་ལྡན་པ་ཡི། །ཉི་མའི་དཀྱིལ་འཁོར་མི་མཐོང་ངོ་། །ཞེས་སོ། །དད་པ་ཡང་གསུམ་སྟེ། ཡོད་ལ་ཡིད་ཆེས་རྣམ་པ་ཅན། །ཡོད་བཞིན་ཡོན་ཏན་ལྡན་པ་དང་། །ཡོན་ཏན་ལྡན་ཡོད་སྒྲུབ་ནུས་ལ། །འདོད་པའི་དད་དེ་རྣམ་གསུམ་མོ། །ལས་འབྲས་ ལ་སོགས་མི་སླུ་བར་ཡོད་པ་ལ་ཡིད་ཆེས་པ་དང་། ཡོད་པ་ཡོན་ཏན་དང་ལྡན་པས་སངས་རྒྱས་ལ་སོགས་པ་ལ་དང་བའི་དད་པ་དང་། ཡོད་པ་ནན་ཏན་དང་ལྡན་པ་བསྒྲུབ་པར་ནུས་པ་བྱང་ཆུབ་ལ་འདོད་པའི་དད་པའོ། །འབྲེལ་པ་ནི། བསྟན་བཅོས་དང་ནི་དགོས་པའི་དོན། །འབྲེལ་པའི་གཞི་ ནི་གཉིས་ལ་གནས། །དེས་བསྟན་འདུས་པ་དེ་ཡི་ཕྱིར། །དགོས་ལས་ལོགས་ཤིག་མ་བསྟན་ཏོ། །བསྟན་བཅོས་ནི་སྤྱོད་འཇུག་སྟེ། དགོས་པ་ནི་དེའི་དོན་ལ་མཁས་པའོ། །དེ་གཉིས་ཀྱི་འབྲེལ་པ་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཅན། བརྡའི་སྟོབས་ཀྱིས་ཚིག་ལས་དོན་རྟོགས་ པའི་ཕྱིར་རོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པའི་སྤྱོད་པས་སངས་རྒྱས་པ་ནི་ཐ་མལ་པའི་སྤྱོད་ཡུལ་དུ་མ་གྱུར་པས། མི་མཁས་གདམས་པ་དོན་གཉེར་ན། །སླུ་བའི་དོགས་པ་དང་ལྡན་པས། །འགའ་ཞིག་ཡེ་ཤེས་ལྡན་འདོད་དེ། །དེས་གསུངས་རབ་ཏུ་བསྒྲུབ་ཕྱིར་རོ། །དེས་ གསུངས་པའི་ཕྱིར་སངས་རྒྱས་ཀྱི་གསུང་རབ་ཁོ་ན་གཟུང་བྱ་ཡིན་པས་ལུང་བཞིན་ཞེས་གསུངས་ཏེ། སྐྱོན་མཐའ་དང་བྲལ་བའི་སྐྱེས་བུ་ནི་ཚད་མ་སྟེ། དེས་གསུང་བ་ནི་ལུང་སྟེ་དེ་དང་མི་འགལ་བས་སོ། །ཇི་ལྟར་ས་སོགས་གཟུང་བྱ་མིན། །ལྷ་ཡི་སྐུ་ནི་དེས་བྱས་ན། །དམ་པ་རྣམས་ཀྱིས་མཆོད་འོས་ ལྟར། །ལུང་བརྟེན་བདག་གིས་བླང་བར་རིགས། །ཤེས་པས་རང་དགའ་སྤང་བའོ། །དེ་ལྟར་ན་ལུང་ཉིད་ལ་འཇུག་པར་བྱ་བའི་བསྟན་བཅོས་ལ་ཞུགས་པ་དོན་མེད་ཅེ་ན། འདིར་གསུངས་པ་མདོར་བསྡུས་ནས་ཏེ་གདུལ་བྱའི་དབང་གིས་དེ་དང་དེར་གཞུང་དུ་མ་ལས་རྒྱས་པར་བཤད་པའི་དོན་ རྣམས། འདིར་གཞུང་ཉུང་བས་བསྡུས་ཏེ་གོ་སླ་བར་བཤད་ནས། དགོས་པ་མེད་པའི་ལོག་རྟོགས་སེལ་ཏོ། །ཚིགས་བཅད་གཉིས་ཀྱིས་ཁེངས་བསྐྱུང་བ་སྟེ། སྔོན་ཆད་མ་བྱུང་ཞེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱི་གསུང་རབ་པས་ལྷག་པའི་དོན་བདག་གིས་བརྗོད་མི་ནུས་ལ། སྙན་ དངགས་ཀྱི་བྱེ་བྲག་གིས་གཞུང་གི་སྡེབ་སྦྱོར་ལ་ཡང་མི་མཁས་སོ། །དེ་བས་ན་གཞན་གྱི་དོན་དུ་ཁོ་བོས་མ་བརྩམས་སོ། །དེ་བས་རང་གི་ཡིད་ལ་བསྒོམ་པའི་ཕྱིར་བླ་མའི་གདམས་པ་མི་བརྗེད་པའི་སླད་དུ་བསྟན་བཅོས་འདི་བྲིས་སོ། །དེས་དོན་ནི་ཐར་པའི་ལམ་ལ་བཅོམ་ལྡན་འདས་ཀྱིས་གསུངས་ པ་ལས་ལྷག་པ་བཅུག་ན་ལམ་གོལ་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་འང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །འདིའི་དོན་ནི་འཇིག་རྟེན་ལས་འདས་པ་ཡིན་པས་རྟོགས་པར་ དཀའ་བ་ལ་སྙན་དངགས་ཀྱི་ཚོགས་ཀྱིས་གོ་བ་དཀའ་བར་གྱུར་ན་བགྲོད་པར་བྱ་བ་མ་ཡིན་པར་འགྱུར་བས་སྡེབ་སྦྱོར་མ་བྱས་སོ། །ཐེ་ཚོམ་གྱིས་ནི་སེམས་གཡོ་ན། །གསང་སྔགས་དམ་པ་ལོག་པར་འགྱུར། །ཞེས་གསུངས་པས་རང་གི་ངེས་པ་བཤད་དེ། གཞན་ནི་འཇིག་རྟེན་ལས་འདས་ པའི་ཕ་རོལ་གྱི་དོན་ལ་བདག་ལ་ཐེ་ཚོམ་མེད་དོ། །དེ་བས་ན་རང་གི་ཤེས་རབ་དང་བླ་མ་དང་ལུང་ལས་ངེས་པའི་དོན་འབྱུང་ལ་ཐར་པ་ཐོབ་པར་འདོད་པ་རྣམས་ཀྱིས་རང་གི་ཡིད་ལ་བསྒོམ་པའི་ཕྱིར་བདག་གིས་འདི་བྱས་སོ། །གོམས་པའི་མཐར་ཕྱིན་པ་དོན་གསལ་བར་འགྱུར་བའི་ཕྱིར་རོ། །འདིས་ ནི་དོན་གྱིས་གཞན་འཇུག་པའི་ཡན་ལག་གསུངས་སོ། །རང་གི་སེམས་ལ་ཡོད་པའི་ཁྱད་པར་གྱིས་ཡིད་ལ་གོམས་པར་བྱེད་པ་ལ་ཡེང་བའི་རྒྱུ་གཞུང་རྩོམ་པས་ཅི་བྱེད་ཅེ་ན། སྨྲས་པ། དགེ་བ་ཞེས་བྱ་བ་ལ་སོགས་པའོ། །ཐོས་པ་ཙམ་གྱིས་ཉོན་མོངས་པ་འཇོམས་པ་མ་ཡིན་ མོད། །ནན་ཏན་མ་བྱས་ན་ཐོས་པ་ཡང་བརྗེད་པར་འགྱུར་རོ། །རེ་ཞིག་ནི་རིམ་པ་སྟེ་འདིར་བཤད་པའི་བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ་སོགས་པ་ཡང་དང་ཡང་དུ་མངོན་དུ་ཕྱོགས་པར་བྱས་པས་དགེ་བ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པ་བསྒོམ་པའི་ཕྱིར། དང་བའི་དད་པའི་ཤུགས་ནི་ཁྱད་པར་དུ་འཕགས་པ་སྟེ། གང་ལས་ཆོས་ཉིད་རྟོགས་པར་འགྱུར་རོ། །དེ་འཕེལ་བ་ནི་ཁྱད་པར་དུ་འཕགས་སོ། །གལ་ཏེ་བདག་དང་མཉམ་པའི་སྐལ་བ་དང་ལྡན་པ་སྟེ། བློ་དམན་པའོ། །ཡང་ན་བདག་དང་འདྲ་བ་ཐེག་པ་ཆེན་པོའི་རིགས་ལྡན་ནོ། །གང་ གི་ཕྱིར་བྱམས་པས་གསུངས་པ། ཐེག་མཆོག་ལ་མོས་གང་ལ་ཡོད། །མ་ནི་ཤེས་རབ་སངས་རྒྱས་ཆོས་བསྐྱེད་ཕྱིར། །མ་མ་སྙིང་རྗེ་མ་མ་ལ་ནི་བསམ་གཏན་བདེ། །གང་ཡིན་དེ་ནི་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་སོ། །གང་གི་ཕྱིར། ཡོན་ཏན་མཁས་ལ་ཡོན་ཏན་ཡོན་ཏན་འགྱུར། ། ཡོན་ཏན་མེད་ལ་དེ་ཉིད་སྐྱོན་དུ་འགྱུར། །ཡན་ལག་བརྒྱད་པའི་ཆུ་ནི་ཆུ་བོར་རྒྱུ། །དེ་ཉིད་རྒྱ་མཚོར་བཏུང་དུ་མི་རུང་འགྱུར། །ཞེས་སོ། །བདག་ལས་གཞན་ཡང་གཞུང་འདི་མཐོང་ན་དེའི་ཚེ་གཞན་དོན་བྱེད་པས་དོན་ཅན་དུ་འགྱུར་རོ། །འདི་ཡང་སློབ་མ་ལ་སློབ་པ་སྟེ་གང་གི་ཕྱིར། །མི་ཤེས་སྐྱེ་ བོས་ཅི་སྟེ་འདི་མི་བསྟེན། །ཞེས་འཆད་པར་འགྱུར་རོ། །ཆོས་ཀྱི་གྲགས་པས་ཀྱང་གསུངས་པ། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །དེས་ན་བདག་ལ་འདི་ནི་གཞན་ ལ་ཕན་པ་ཡིན་ཞེས་བྱ་བའི་བསམ་པ་འང་མེད། །སེམས་ནི་ཡུན་རིངས་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །འདིའི་དོན་ནི་སྐྱེ་བོ་རྣམས་གནས་མ་ཡིན་པ་ལ་མངོན་པར་ཞེན་པ་དང་། ཤེས་རབ་འཆལ་བ་དང་། ལེགས་བཤད་ལ་དོན་དུ་མི་གཉེར་བ་དང་། ཕྲག་དོག་གི་དྲི་མ་དང་ལྡན་ཞིང་ལེགས་བཤད་ལ་སྡང་བས་གཞན་དོན་འོང་བའི་བསམ་པ་མེད་མོད་ཀྱི། འོན་ཀྱང་ལེགས་བཤད་ལ་གོམས་པས་གཞུང་འདི་བྱས་སོ། །དེས་དོན་དུ་སློབ་པར་འདོད་ན་སྐྱོན་བཞི་པོ་དེ་དག་སྤངས་ནས་བསླབ་པར་བྱའོ་ཞེས་གཞན་ལ་སྟོན་པའི་དོན་ཁོ་ན་ཡིན་ནོ། །གང་གི་ ཕྱིར་ཆོས་འདི་སེང་གེའི་འོ་མ་དང་འདྲ་སྟེ། དེ་ནི་གསེར་གྱི་སྣོད་མ་ཡིན་པར་བླུགས་ན། སྣོད་ཀྱང་འཆག་ལ་དེ་ཡང་ཆུད་གསན་པར་འགྱུར་རོ། །སྲིད་པ་ལ་སྐྱོན་དང་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་མཐོང་ནས་བྱང་ཆུབ་ནི་བརྩོན་འགྲུས་ལས་འབྱུང་བས་དེ་བསྐྱེད་པ་བཤད་དེ། དལ་འབྱོར་ཞེས་བྱ་བ་ལ་སོགས་པའོ། །གྲང་བ་དང་ཚ་བའི་དམྱལ་བར་ཤིན་ཏུ་གྲང་བ་དང་ཚ་བ་དག་གིས་དང་། ཡི་དགས་སུ་བཀྲེས་པ་དང་སྐོམ་པ་དག་གིས་དང་། དུད་འགྲོར་ཕན་ཚུན་ཟ་བ་དང་། གཞན་གྱིས་རྡེག་པ་དང་གཏི་མུག་ཆེ་བ་ལ་སོགས་པ་དང་། ཀླ་ཀློར་བླང་བྱ་དང་སྤང་བྱ་མི་ ཤེས་པ་དང་། ལྷ་ཚེ་རིང་པོ་ལ་ཏིང་ངེ་འཛིན་གྱིས་བརྒྱལ་བ་དང་། ཐ་མར་ལོག་ལྟས་དགེ་བའི་རྩ་བ་གཅོད་པ་དང་། སངས་རྒྱས་ཀྱིས་སྟོངས་པ་ལ་འཇིག་རྟེན་ལས་འདས་པའི་གདམས་ངག་མེད་པ་དང་། གླེན་ལྐུགས་འོན་པ་ལ་སོགས་པ་ལ་གདམས་པ་འཛིན་པ་ལ་སོགས་པའི་ནུས་པ་ མེད་པ་དང་། འཕགས་པའི་ལམ་མངོན་དུ་བྱེད་པ་ལ་མི་འོས་པའི་ཕྱིར། དམྱལ་བ་ཡི་དགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིངས་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདིར་ནི་མི་ཁོམ་བརྒྱད། །མི་ཁོམ་བརྒྱད་བྲལ་དལ་བ་དང་། །དབུས་སུ་མི་ལུས་ དབང་པོ་ཚང་། །མཚམས་མེད་ལྔ་བྲལ་གནས་ལ་གུས། །བདེ་གཤེགས་ཆོས་གསུངས་བསྟན་པ་གནས། །བཤེས་གཉེན་ཟས་གོས་ལུས་ལས་རུང་། །འབྱོར་པ་རྙེད་དཀའི་དཔེ་ལ་ཡང་། །ཆུ་རྒྱས་འདོམ་བདུན་སྟེང་དག་གཡོ། །རླུང་བསྐྱོད་གཏིང་ཟབ་རྒྱ་མཚོ་ལ། །ཆུ་གནས་ཤིང་ སྐམ་གཉའ་ཤིང་གི། །བུ་ག་ཆུང་ཞིང་གཅིག་པུའི་ནང་། །ལོ་བརྒྱར་ལན་ཅིག་སྟེང་འགྲོ་ལ། །མི་མཁས་མིག་གཅིག་འགྲོ་བ་བུལ། །འོག་ནས་ཁོག་ནང་གནས་པ་ཡི། །མགུལ་པ་ཆུད་ལྟར་མཐོང་བས་ནི། །སྐྱེས་བུའི་དོན་ཆེན་རྙེད་པར་དཀའ། །གལ་ཏེ་ལ་སོགས་པ་ནི་ད་ནི་ཤེས་ རབ་ཐབས་ལ་གཞོལ་བའི་བློ་མེད་ན། འདི་འདྲའི་དལ་འབྱོར་རྙེད་པ་ག་ལ་སྲིད། །དེས་བཤད་པ། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །ཞེས་སོ། །དལ་འབྱོར་རྙེད་པར་དཀའ་བ་ཡིན་ཀྱང་ཐོབ་པས་ཆོག་ཅེ་ན། སྨྲས་པ་ཇི་ལྟར་ལ་སོགས་པའོ། །དབང་ཕྱུག་ ཆེན་པོ་ལ་སོགས་པའི་ཆོས་བསྟེན་ནས་བསོད་ནམས་ལ་འཇུག་པ་ཡོད་དུ་ཟིན་ཀྱང་། དབྱར་གྱི་མཚན་མོར་སྤྲིན་གྱིས་རུམ་པའི་མུན་པ་ལ་གློག་གིས་ཡུད་ཙམ་གསལ་བར་བྱེད་པ་ལྟར་རྒྱལ་བའི་སོ་སོར་རྟོག་པའི་ཤེས་ཀྱི་མཐུས་ཐེག་པ་ཆེན་པོ་ནས་བཤད་པའི་བསོད་ ནམས་ལ་འཇིག་རྟེན་པའི་བློ་འཇུག་པ་འགའ་ཞིག་ཁོ་ནར་རོ། །སེམས་ཅན་དེ་དག་ཉིད་ལའང་སྔོན། །རང་གི་དོན་དུའང་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །ཞེས་བྱ་བ་ལ་སོགས་པ་དང་། སངས་རྒྱས་བྱོན་པ་ཨུ་དུམ་བཱ་རའི་མེ་ཏོག་ལྟ་བུ་ཡིན་པའི་ ཕྱིར་རོ། །དེ་ལྟས་ནི་འཆད་པའི་རིགས་པས་འཇིག་རྟེན་གྱི་དགེ་བ་དམིགས་བཅས་ཉམ་ཆུང་བ་ཉིད་དེ། སྡིག་པའི་སྟོབས་ཆེ་སྟེ་རང་གི་ངང་གིས་རྟག་ཏུ་འཇུག་པའི་ཕྱིར་རོ། །མི་བཟད་པ་ནི་དམྱལ་བ་ལ་སོགས་པར་སྡུག་བསྔལ་འབྱིན་པའི་ཕྱིར་རོ། །སྡིག་པ་དེ་བྱང་ཆུབ་ཀྱི་སེམས་མ་ཡིན་པ་གང་ གིས་ཟིལ་གྱིས་གནོན་དགོས་པ་ནི་འདི་ལྟ་སྟེ། ཐོག་མ་མེད་པར་འཁོར་བ་ལ་བདག་དང་བདག་གི་བར་བཟུང་ནས་སེམས་ཅན་རྣམས་ལ་གནོད་པ་དཔག་ཏུ་མེད་པ་བྱས། དེ་དག་ནི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པས་སེམས་ཅན་གཞལ་དུ་མེད་པ་སྒྲོལ་བའི་སྨོན་ལམ་ཁོ་ནས་དེར་ནུས་སོ། ། གསུངས་པ་ཡང་། སྙིང་རྗེ་སྤངས་ཏེ་སྤྱོད་པས་སྐྱོན་གང་འབྱུང་། །དེ་སྤོང་སྙིང་རྗེ་ཉིད་དེ་གཞན་མ་ཡིན། །ཞེས་སོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ནི་འཆད་པར་འགྱུར་ཏེ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་གཉིས་ཀྱིས་སོ། ། བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་ལ་གནས་པ་མཁས་པ་འོས་པའི་བླ་མ་ལས་སམ་དེ་མེད་ན་རང་ཉིད་མཁས་པས་ཉིན་མོར་ཁྲུས་བྱས་ཏེ་གོས་གཙང་མ་གྱོན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཡང་དག་པར་མཆོད་ལ་ཡན་ལག་བདུན་པ་བྱས་ཏེ། ནུས་པ་བཞིན་དུ་ བླ་མ་མཆོད་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། འགྲོ་ལ་ཕན་ཕྱིར་བདག་སངས་རྒྱས། །ཞེས་སྨོན་པའི་སེམས་བསྐྱེད་ནས། ཞབས་གཉིས་ལ་བཏུད་དེ་བླ་མ་ལ་ལན་གསུམ་གསོལ་བ་བཏབ་ནས། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་དང་། འཕགས་པ་བྱང་ ཆུབ་སེམས་དཔའ་རྣམས་ལ་གསོལ་བ་གདབ། དེ་དག་གི་ཡོན་ཏན་མངོན་སུམ་དུ་ཕྱོགས་ལ་སེམས་ཤིན་ཏུ་དང་བར་བྱས་ཏེ། པུས་མོ་ས་ལ་བཙུགས་ཏེ་ཙོག་པུར་འདུག་ལ། ཐལ་མོ་སྦྱར་ཏེ་བླ་མའི་རྗེས་ཟློས་བྱ་ཞིང་བླང་བར་བྱའོ། །སྡོམ་པ་ཇི་ལྟ་བུ་ཞེ་ན། བརྗོད་དེ། ཐལ་མོ་སྦྱར་བ་ནི་ལུས་ཀྱི་ རིག་བྱེད། བླ་མའི་རྗེས་ཟློས་ནི་ངག་གི་རིག་བྱེད་དེ། དེ་གཉིས་ཀྱི་བླ་མ་ལ་གུས་པར་རིག་པར་བྱས་པའི་ཕྱིར་རོ། །ལུས་ངག་གི་རིག་བྱེད་གཉིས་ནི་འབྱུང་བ་བཞིའི་རང་བཞིན་ཏེ། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུ་སྟེ། །དབང་ པོ་གཞན་ལ་རྫས་བཅུ་པའོ། །ཞེས་བཤད་པའི་ཕྱིར་ས་ལ་སོགས་པ་རྒྱུར་བྱས་ཏེ་རིག་བྱེད་ཀྱི་རང་བཞིན་སེམས་ཀྱི་ཆོས་སྡོམ་པ་ནི་ཆོ་གའི་ཐ་མར་སྐྱེའོ། །སྐྱེས་ནས་ཉམས་པའི་རྒྱུ་མེད་ན་བྱང་ཆུབ་ཀྱི་བར་དུ་རྗེས་སུ་འབྲང་ངོ་། །དེ་ལྟར་ཤན་པ་ལ་སོགས་པ་ལ་སྡོམ་པ་མ་ཡིན་པ་གསོད་པའི་སྦྱོར་བ་ནས་ བརྩམས་ཏེ་སྐྱེའོ། །མངོན་པ་མཛོད་ལས་དེ་བཤད་པ། །གཉིད་ལོག་གཡེང་བ་ཅན་ན་ཡང་། །དགེ་བ་དང་ནི་མི་དགེའི་རྒྱུན། །འབྱུང་བ་ཆེན་པོ་རྒྱུར་བྱས་ན། །རྣམ་པར་རིག་བྱེད་མིན་པར་བརྗོད། །ཅེས་སོ། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། སྐྱབས་འགྲོ་ལས་བྱུང་གཞལ་དུ་མེད། །སྐད་ཅིག་སེམས་ལ་བསོད་ནམས་གང་། །གལ་ཏེ་གཟུགས་ཅན་དེ་ཡིན་ན། །ནམ་མཁའ་བས་ཀྱང་ཁྱད་པར་འཕགས། །སེམས་བསྐྱེད་དུས་མཉམ་བློ་ལྡན་གྱིས། །ཉེས་སྤྱོད་མཐའ་དག་ལས་སེམས་ལོག །བདེ་དང་སྡུག་པས་རྟག་ཏུ་དགྱེས། །ཐུགས་ རྗེ་དགེ་ལྡན་གཉིས་འཕེལ་ཞིང་། །འདིར་ཡང་། འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང་། །བསོད་ནམས་རྒྱ་མཚོ་སྡུད་བྱེད་ཕྱིར། །ཉན་ཐོས་རྣམ་པས་མཆོག་ཏུ་བཤད། །ཅེས་གསུངས་པའི་ཕྱིར་རོ། །འབྲས་བུ་མཐོང་ནས་སྐྱེ་བོ་འཇུག་པས་བྱང་ཆུབ་སེམས་ཀྱི་ཕན་ ཡོན་འཆད་དེ། བསྐལ་པ་ཞེས་བྱ་བ་ལ་སོགས་པའོ། །བསྐལ་པ་གྲངས་མེད་པ་གསུམ་དུ། །སྡུག་བསྔལ་བྱུང་ཡང་འགྱོད་མི་བྱེད། །བདེ་བ་ལ་ཡང་འདོད་པ་མེད། །ཆགས་དང་འཇིགས་པ་ཁྲོ་བ་མེད། །བློ་བརྟན་གྱུར་པ་ཐུབ་པར་བརྗོད། །དེ་ཉན་ཐོས་ལ་སོགས་པའོ། །དེ་དག་གི་དཔང་པོ་ ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་དག་གི་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་ཕན་པ་གཟིགས་པ། གང་དག་ལ་དུས་གསུམ་དང་འཇིག་རྟེན་གསུམ་ལ་མི་མཁྱེན་པ་མེད་དོ། །བྱང་ཆུབ་ཀྱི་སེམས་གང་ལས་བདེ་བ་ཉིད་ཀྱིས་ནི་བདེ་བ་དང་ལྡན་པའི་སེམས་ཏིང་ངེ་འཛིན་དང་ལྡན་པ་ཇི་ལྟ་བ་མཁྱེན་པས་གྲོལ་ཞེས་ གསུངས་པའི་ཕྱིར་རོ། །བདེ་བ་ནི་ཟག་པ་མེད་པ་སྟེ། རབ་ཏུ་དགའ་བའི་ས་ལ་སོགས་པར་ཁྱད་པར་འཕེལ་བས་ཚད་མེད་པའི་སྐྱེ་བོའི་ཚོགས་རྣམས་ཐོབ་པར་བྱེད་པ་ནི་གྲོལ་བར་བྱེད་པའོ། །ཡང་ན་དགའ་བ་ལ་སོགས་པས་འོད་གསལ་རབ་ཏུ་འཕེལ་བས་སྐྱེ་བོ་རྣམས་བདེ་བས་ཚིམ་པར་བྱེད་དེ། འགྲོ་བ་མ་ལུས་འོད་གསལ་བས། །བདེ་ ཆེན་རྡོལ་བ་ལ་ནུབ་པོ། །ཞེས་གསུངས་པའི་ཕྱིར་རོ། །དེས་སྐྲ་འབལ་བ་ལ་སོགས་པ་ནི་ལམ་མ་ཡིན་པར་གསལ་ཏོ། །འཚང་རྒྱ་བར་མི་འདོད་ན་མངོན་པར་མཐོ་བ་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་དགོས་པས་སྨྲས་པ། སྲིད་པ་ལ་སོགས་པའོ། །སྡུག་བསྔལ་ནི་སྐྱེ་བ་དང་། ན་བ་དང་། རྒས་པ་དང་། འཆི་བ་དང་། འདོད་ པ་དང་བྲལ་བ་དང་། མི་འདོད་པ་དང་ཕྲད་པ་ལ་སོགས་པ་བརྒྱ་ཕྲག་མང་པོ་ཉེ་བར་མཚོན་པའོ། །རང་གི་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་འདོད་པ་རྣམས་ཀྱང་། སྦྱིན་པ་དང་སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་སེམས་ཅན་གཞན་རྣམས་ཀྱང་བཅིང་བ་དང་། རྡེག་པ་དང་། བསྡིགས་པ་དང་། མི་མགུ་བ་ལ་སོགས་ པའི་སྡུག་བསྔལ་གཞོམ་པར་འདོད་པ་རྣམས་དང་། ལྷ་དང་མིའི་བདེ་བ་དཔག་ཏུ་མེད་པ་མྱོང་བར་འདོད་པ་རྣམས་ཀྱིས་ཀྱང་ནམ་ཡང་བྱང་ཆུབ་ཀྱི་སེམས་སྤང་བར་མི་བྱའོ། །མདོ་སྡེ་ལས་ཀྱང་དགེ་སློང་རྣམས་སྲོག་གི་ཕྱིར་ཡང་བྱང་ཆུབ་ཀྱི་སེམས་གཏང་བར་མི་བྱའོ་ཞེས་གསུངས་སོ། །འདི་ལྟར་འཕགས་པ་ཤཱ་ རིའི་བུ་ལ་བདུད་ཀྱིས་ལག་པ་གཡས་པ་བསླང་བར་བྱས་པའི་ཚེ། དེས་ལག་པ་གཡས་པ་བཅད་ནས་གཡོན་པས་བྱིན་པ་ན་གཡོན་པས་བྱིན་པ་མི་ལེན་ནོ་ཞེས་སྨྲས་པས། ཤཱ་རིའི་བུ་བྱང་ཆུབ་ཀྱི་སེམས་གཏོང་བར་འདོད་པ་ན་སངས་རྒྱས་ཀྱིས་བཀག་གོ། །ཁམས་བདུན་པ་ཡང་གཏང་བར་མི་བྱའོ། །སྐྱོན་མེད་ཅིང་ཕན་ཡོན་དཔག་ཏུ་མེད་པ་ གཏོང་བར་མི་རིགས་སོ། །གོ་འཕང་མཆོག་དང་བཀུར་སྟི་ལ་སོགས་པ་འདོད་པས་ཀྱང་དེ་གཟུང་བར་བྱ་བ་ཡིན་ཞེས་སྨྲས་པ། བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པའོ། །སྲིད་པ་ཁོ་ན་བཙོན་ཁང་སྟེ་འདོད་ཆགས་ལ་སོགས་པས་བཅིངས་པས་སོ། །དེར་བཅིངས་པ་གང་ཡིན་ཞིང་ཉམ་ཐག་པ་དེ། སངས་རྒྱས་ཀྱི་སྲས་སུ་བརྗོད་དེ། དོན་དམ་ པའི་སེམས་སྐྱེས་པའི་སྐད་ཅིག་གིས་འདོད་ཆགས་ལ་སོགས་པ་ཐམས་ཅད་ཀྱི་རང་བཞིན་རྟོགས་པས་སོ། །ཡང་ན་ཤེས་རབ་ཡེ་ཤེས་སྐྱེས་པའི་སྐད་ཅིག་གིས་ཏེ། །དབང་བསྐུར་མཆོག་ནི་ཐོབ་པ་ཡིས། །རྡོ་རྗེ་ཡི་ནི་སློབ་དཔོན་ལ། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །བདེ་ གཤེགས་རྣམས་ཀྱིས་དུས་གསུམ་འདུད། །ཅེས་བྱ་བ་གསུངས་པའི་ཕྱིར་རོ། །ལྷ་མི་དང་བཅས་པ་གང་ཡིན་པ་དེ་ནི་ལྷ་མ་ཡིན་དང་ཀླུ་ལ་སོགས་པ་སྟེ། དེ་དག་གི་ཕྱག་གི་འོས་སུ་སེམས་བསྐྱེད་པ་དང་དུས་མཉམ་དུ་འགྱུར་རོ། །གསེར་འགྱུར་རྩི་ལྟར་བྱང་ཆུབ་ཀྱི་སེམས་དངོས་པོར་འགྱུར་ ནུས་པའི་ཚུལ་དུ་བཤད་དེ། མི་གཙང་ཞེས་བྱ་བ་ལ་སོགས་པའོ། །ཕ་མའི་ས་བོན་དང་ཁྲག་ལས་བྱུང་བ། མའི་མངལ་དུ་མི་གཙང་བའི་ཁུ་བས་གསོས་པ། མི་གཙང་བའི་རང་བཞིན་སྙིང་པོ་མེད་པའི་ལུས་བྱང་ཆུབ་ཀྱི་སེམས་དེས་འགྱུར་ནུས་པའི་རྩི་འབིགས་པས་འཇུ་བ་དང་། གསོད་པ་ དང་བསྐྲད་པ་ལ་སོགས་པས་སམ་འོད་གསལ་དུ་འཇུག་པས་ན་རྒྱལ་པོ་རིན་པོ་ཆེའི་སྐུར་འགྱུར་བར་བྱེད་དོ། །དེ་ལ་རིན་གྱི་ཚད་མེད་པས་རིན་ཐང་མེད་པའོ། །དངོས་པོ་འབིགས་པས་ཀུན་ཏུ་ཁྱབ་བྱེད་དོ། །མདོ་སྡེ་ལས་གསུངས་པ་ཇི་ལྟར་གསེར་གྱི་གསལ་བྱེད་ཅེས་བྱ་བའི་རྩི་སྲང་གཅིག་ གིས་ལྕགས་སྲང་སྟོང་ཕྲག་གཅིག་གསེར་དུ་འགྱུར་ལ་ཟད་པར་མི་འགྱུར་རོ། །བིར་ཝ་པས་ཀྱང་གསུངས་པ། མུ་ཟིའི་ལུས་ལ་རྩི་བསྒྲུབས་ཟོས། །རྩི་ཡི་རྒྱལ་པོ་བིར་ཝས་སྨྲས། །སྐྲ་དཀར་གཉེར་མ་རྒ་ཤི་མེད། །འཆི་བདག་གིས་ནི་ཅི་ཞིག་ནུས། །ཞེས་སོ། །དེ་བས་ན་ བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་རྩིའི་ཁྱད་པར་འདི་ལྟར་བརྟན་པར་གཟུང་བར་བྱའོ། །སྐྱེ་བ་ཕྱི་མའི་རྒྱགས་ཀྱི་དོན་དུ་རིགས་དྲུག་གི་སྡུག་བསྔལ་གྱིས་སྡུག་པའི་སྐྱེ་བོས་རིན་པོ་ཆེ་འདི་གཟུང་བར་འོས་ཞེས་སྨྲས་ཏེ། འགྲོ་བའི་ཞེས་བྱ་བ་ལ་སོགས་པའོ། །དམྱལ་བ་ལ་སོགས་ པའི་རིགས་ཁོ་ན་གྲོང་ཁྱེར་ཏེ། དངོས་པོར་འགྱུར་བའི་གནས་ཡིན་ཏེ། ལས་ཀྱི་འབྲས་བུ་མྱོང་བའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་དང་ལས་ཀྱི་དབང་གིས་སྣ་ཚོགས་པ་བགྲོད་པའི་རང་བཞིན་ཀུན་སྐྱེ་ཞེས་འབོད་ན། གཟུང་བར་བྱའོ་ཞེས་སློབ་པའོ། །འདི་ལ་རིན་པོ་ཆེ་ངན་ པའི་དོགས་པ་མི་བྱའོ། །གང་གི་ཕྱིར། བློ་གྲོས་གཞལ་དུ་མེད་པ་རྣམས་ཀྱིས་ཤིན་ཏུ་བརྟགས་པ་ཡིན་ནོ། །ཡང་ཇི་ལྟ་བུ་ཞེ་ན། འགྲོ་བ་དག་གི་དེད་དཔོན་གཅིག་པུར་གྱུར་པ་གང་ཡིན་པ་དེས་སོ། །ཇི་ལྟར་རིན་པོ་ཆེའི་ཡུལ་དང་དུས་ལ་མཁས་ལ་ཡིད་ཆེས་ པའི་དེད་དཔོན་ཚོང་པ་ཀུན་གྱིས་བསྟེན་པ་ལྟར། རྒྱལ་བ་ཐུགས་རྗེ་ཅན་ལ་ཡིད་ཆེས་དགོས་སོ། །མདོ་སྡེར་གསུངས་པ། ཇི་ལྟར་དབང་གི་རྒྱལ་པོ་ཞེས་བྱ་བའི་རིན་པོ་ཆེ་ཇི་སྲིད་ཟླ་བ་དང་ཉི་མས་གླིང་བཞི་སྣང་བར་བྱེད་པ་དེའི་ནང་དུ་རིན་པོ་ཆེ་དང་། ནོར་བུ་དང་། མུ་ཏིག་དང་། བྱི་རུ་དང་། དུང་རྡོ་ལ་སོགས་པ་ཇི་སྙེད་པའི་རིན་ཐང་ལས་ཁྱད་པར་དུ་འཕགས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཇི་སྙེད་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སྣང་བར་བྱེད་པ་དེ་ལ། རང་སངས་རྒྱས་དང་། ཉན་ཐོས་དང་། ལྷ་དང་མི་ལ་སོགས་པའི་དགེ་བའི་རྩ་བ་ཇི་སྙེད་པ་དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ རིན་པོ་ཆེའི་རིན་ཐང་གིས་ཟིལ་གྱིས་གནོན་ཞེས་པའོ། །གང་གི་ཕྱིར་རང་སངས་རྒྱས་ཀྱིས་གང་ཟག་གི་བདག་མེད་ཁོ་ན་རྟོགས་ལ་ལྷ་ལ་སོགས་པས་དེ་ཡང་མ་རྟོགས་བྱང་ཆུབ་ཀྱི་སེམས་ཀྱིས་ནི་བདག་མེད་གཉིས་རྟོགས་སོ། །དོན་དམ་པའི་སེམས་བསྐྱེད་ལ་འཛད་པ་མེད་པར་བཤད་དེ། དགེ་ བ་ཞེས་བྱ་བ་ལ་སོགས་པའོ། །འདི་ལས་གཞན་ཡང་འཇིག་རྟེན་གྱི་དགེ་བ་དམིགས་བཅས་འཁོར་གསུམ་མི་དམིགས་པ་མེད་པ་ནི་འབྲས་བུ་འབྱིན་ཏེ་ཟད་ལ་སྲིད་པའི་རྒྱུ་ཡིན་གྱི་བྱང་ཆུབ་ཀྱི་རྒྱུ་མ་ཡིན་ནོ། །ཇི་ལྟར་ཆུ་ཤིང་འབྲས་བུ་སྨིན་པ་དང་ཟད་པ་འདི་ནི་དཔག་བསམ་གྱི་ཤིང་ལས་ ཁྱད་པར་དུ་འཕགས་པ་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྒྱུན་དུ་འཇིག་རྟེན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་སོགས་པ། བྱང་ཆུབ་ལ་སྤྱོད་པའི་དུས་སུ་ཡང་སྟེར་ཏེ། འཇིག་རྟེན་ལས་འདས་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱང་སྟེར་ལ་འབྲས་བུ་ཆུང་ཡང་མི་འཛད་དེ། ནམ་ མཁའ་བཞིན་དངོས་པོ་མ་ཡིན་པའི་ཕྱིར་རོ། །དེས་མི་ཟད་བྱང་ཆུབ་སེམས་ཀྱི་རྒྱུན་རིམ་གྱིས་ཁྱད་པར་དུ་འཕགས་པ་ཉི་ཤུ་རྩ་གཉིས་པའི་བར་འཕེལ་ཞིང་སྐྱེད་པར་བྱེད་དེ། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་ གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །དཔེར་བྱས་པ་རྣམ་པ་ཉི་ཤུ་རྩ་གཉིས་སོ། །སེམས་བསྐྱེད་དེ་རྣམས་ནི་སངས་རྒྱས་པའི་མཐར་ཐུག་གི་བར་རོ། །སྦྱོར་བ་ནི་འཁྲུལ་པ་ གང་ཡིན་པ་དེ་ནི་ཡུན་རིངས་མི་གནས་ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ལ་སོགས་པ་བཞིན་དམིགས་པ་དང་བཅས་པའི་དགེ་བ་ཡང་འཁྲུལ་ཏེ། ཞེས་རང་གི་མཚན་ཉིད་རང་བཞིན་གྱི་གཏན་ཚིགས་སོ། །དེ་ནི་རང་བཞིན་གྱིས་སྟོང་པ་ཡིན་ལ་དངོས་པོ་ཉིད་དུ་གཟུང་ བས་ཅི་སྟེ་མི་འཁྲུལ། དེས་ནི་མ་གྲུབ་པའི་སྐྱོན་སྤངས་སོ། །འགལ་བ་ཡང་མ་ཡིན་ཏེ་མཐུན་ཕྱོགས་ལ་ཡོད་པས་སོ། །གང་དུ་ཡུན་རིངས་མི་གནས་པའི་ཚུལ་མེད་པ་དེ་མ་འཁྲུལ་ཏེ། དཔེར་ན་ནམ་མཁའོ། །འདི་ནི་སྟོང་པ་ཡིན་པས་ཡུན་རིངས་གནས་ཏེ། ཡུན་རིངས་ མི་གནས་པ་དང་འགལ་བས་མ་ངེས་པ་མ་ཡིན་ནོ། །འོ་ན་སྟོང་པ་ལ་འབྲས་བུ་ཇི་ལྟར་འབྱུང་ཞེ་ན། བསྐལ་པ་འཇིག་པའི་རྗེས་སུ་སྟོང་པ་ཁོ་ན་ལས་དངོས་པོའི་བག་ཆགས་ཀྱིས་བསྐུལ་བས། དངོས་པོ་མཐའ་དག་སྐྱེས་ལ། ཡེ་ཤེས་ཀྱིས་བསྐུལ་བས་སངས་རྒྱས་ཀྱི་ཆོས་ རྣམས་སྐྱེའོ། །བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པ། ཇི་ལྟར་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོ་ལ་ལྷུང་བ་བསྐལ་པའི་མཐའི་བར་དུ་མི་ཟད་པ་དེ་བཞིན་དུ་བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འཛད་དོ་ཞེས་སོ། །སྡིག་པ་འཛད་པའི་རྒྱུ་ཡིན་པའི་ཚུལ་ གྱིས་སེམས་ཅན་གྲོལ་བའི་ནུས་པ་ཡང་བཤད་དེ། སྡིག་པ་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་ཕྱེད་དང་གཉིས་སོ། །སེམས་བསྐྱེད་པའི་སྔོན་དུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྟེར་བས་མི་བཟད་པའི་སྡིག་པ་བྱས་ནས་ཀྱང་བྱང་ཆུབ་ཀྱི་སེམས་གང་བསྟེན་པས་སྐད་ཅིག་གིས་ སྒྲོལ་ཞེས་པ་ནི་བརྟེན་པའི་སྟོབས་བཤད་དོ། །ཇི་ལྟར་དཔའ་བོ་བསྟེན་པས་དགྲའི་འཇིགས་པ་ལས་ཐར་བ་ཡིན་ནོ། །དེ་ཉིད་དུ་གསུངས་པ་རིགས་ཀྱི་བུ་ཇི་ལྟར་དཔའ་བོ་ལ་བརྟེན་པའི་སྐྱེས་བུ་དགྲ་མཐའ་དག་ལ་མི་འཇིགས་པ་དེ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱི་དཔའ་བོ་ལ་བརྟེན་ པ་དེ་ཉེས་སྤྱོད་ཀྱི་དགྲ་ཐམས་ཅད་ལ་མི་འཇིགས་སོ་ཞེས་སོ། །ཅི་སྟེ་ནི་མ་རངས་པའི་དོན་ཏོ། །འབད་རྩོལ་མེད་པར་བསྒྲུབ་ཏུ་རུང་ཞིང་ཕན་ཡོན་ཆེ་བ་མི་མཁས་པ་རྣམས་ཀྱིས་མི་སྟེན་པ་སྡིག་གོ། །སྡིག་པའི་བུད་ཤིང་སྲེག་པར་བཤད་དེ། དེས་ཞེས་བྱ་བ་ ལ་སོགས་པའོ། །བསྐལ་པ་བཞིའི་མཐར་ཉི་མ་བདུན་འཆར་བས་མེས་ནི་ཇི་ལྟར་འདོད་པའི་ཁམས་ཐམས་ཅད་བསམ་གཏན་དང་པོ་དང་བཅས་པ་མ་ལུས་པ་སྲེག་པར་བྱེད། གང་ལ་རི་རབ་ལ་སོགས་པའི་ཐལ་བ་ཡང་བརླག་པར་མི་འགྱུར་བ་ལྟར། བྱང་ཆུབ་ཀྱི་སེམས་ ཀྱི་མེས་ངུ་འབོད་ལ་སོགས་པའི་སྡུག་བསྔལ་སྟེར་བའི་སྡིག་པ་ཆེན་པོ་སྲེག་པར་བྱེད་དེ། དེ་རྣམས་སྐད་ཅིག་གིས་འཇོམས་པའི་ཕྱིར་རོ། །དེ་ཉིད་དུ་གསུངས་པ། བསྐལ་པར་བསྲེག་པའི་མེ་ལྟ་བུ་སྟེ་ཉེས་སྤྱོད་ཐམས་ཅད་སྲེག་པའི་ཕྱིར་རོ། །ས་འོག་ལྟ་བུ་སྟེ་མི་དགེ་བ་ཐམས་ཅད་ འཇོམས་པར་བྱེད་པའི་ཕྱིར་རོ་ཞེས་སོ། །ས་འོག་གིས་རྒོད་མའི་ཁ་ནས་ཆུ་ཐམས་ཅད་སྲེག་པར་བྱེད་པ་བཞིན་ནོ། །བདག་མེད་གཉིས་མཐོང་བའི་དུས་སུ་གཉེན་པོའི་སྟོབས་ཀྱིས་ལས་ངན་ཐམས་ཅད་ཉམས་ཤིང་ཇི་ལྟར་འབྲས་བུ་ཕྱུང་ནས་ཉམས་པ་བཞིན་ཏེ། སྦྱང་བྱ་དང་སྦྱོང་བྱེད་ མི་དམིགས་པའི་ཕྱིར་རོ། །སྦྱོང་བ་ནི་གང་ལ་རྒྱུར་གྱུར་པའི་ནུས་པ་འཇོམས་བྱེད་ཡོད་པ་དེས་འབྲས་བུ་མི་སྐྱེད་དེ། ས་བོན་ལ་མེ་བཞིན་ནོ། །སྡིག་པའི་རྒྱུར་གྱུར་པའི་ནུས་པ་འཇོམས་བྱེད་བྱང་ཆུབ་ཀྱི་སེམས་ཏེ། རང་བཞིན་གྱི་གཏན་ཚིགས་སོ། །སེམས་ཅན་བསད་ལ་ བདག་གིས་གསོད། །ཅེས་ང་རྒྱལ་སྐྱེས་ན་ལས་ངན་འཕེལ་ལོ། །དེ་ནི་འཁོར་གསུམ་རང་བཞིན་མེད་པར་རྟོགས་ན་འཇོམས་པས་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ་མཐུན་ཕྱོགས་ལ་ཡོད་པས་སོ། །རྒྱུར་གྱུར་པའི་ནུས་པ་འཇོམས་མཁན་ཡོད་ཀྱང་ སྐྱེད་པར་བྱེད་ན་ས་བོན་ཚིག་པས་ཀྱང་མྱུ་གུ་སྐྱེད་པར་འགྱུར་རོ། །དེ་ནི་མེད་དེ་མ་ངེས་པ་ཡང་མ་ཡིན་ནོ། །མགོན་པོ་བྱམས་པས་མདོ་སྡེ་སྡོང་པོ་བཀོད་པ་ལས། བྱང་ཆུབ་སེམས་དཔའ་ནོར་བཟངས་ལ་གང་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི་ཡོན་ཏན་དེ་དཔག་ཏུ་མེད་པ་གསུངས་ཏེ། རིགས་ ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེའི་དོན་བསྡུས་ཏེ་སྨྲས་པ། ས་བོན་སངས་རྒྱས་ཆོས་ཀུན་གྱི། །དགེ་བ་ཀུན་སྐྱེད་ཞིང་དེ་ཡིན། །ས་གཞི་འཇིག་རྟེན་རྟེན་ཡིན་པས། །བློ་ལྡན་སྐྱོབ་པས་ཕ་ཡིན་ནོ། །ནོར་སྦྱིན་ བཀྲེན་པ་ཞི་བྱེད་པས། །བསམས་བཞིན་བསྒྲུབས་པས་ཡིད་བཞིན་ནོ། །བུམ་བཟངས་བསམས་བཞིན་ཁེངས་པ་སྟེ། །ནུས་པ་ཉོན་མོངས་དགྲ་འཇོམས་པའོ། །ཞེས་སོ། །ཕན་ཡོན་བཤད་ནས་དབྱེ་བ་བཤད་དེ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དེ་མདོར་བསྡུ་ ན་གཉིས་ཏེ། འགྲོ་ལ་ཕན་ཕྱིར་སངས་རྒྱས་བྱ། །ཞེས་སྨོན་པའི་སེམས་གཅིག་སྦྱིན་པ་ལ་སོགས་པ་དང་བྲལ་བ་འདོད་པའི་རྣམ་པ་ཅན་ནོ། །འཇུག་པ་ནི་འགྲོ་བ་ལ་སེམས་གཉིས་པ་སྨོན་ལམ་སྔོན་དུ་འགྲོ་བ་ཉིད་གང་སྡོམ་པ་འབྱུང་ལ་ཚོགས་ལ་རབ་ཏུ་འཇུག་གོ། །འཕགས་པ་ སྡོང་པོ་བཀོད་པ་ལས་བཤད་པ། བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་པའི་སེམས་ཅན་གང་ཡིན་པ་དེ་ནི་རྙེད་པར་དཀའོ། །དེ་བས་ཀྱང་རྙེད་པར་དཀའ་སྟེ་གང་ཞིག་བྱང་ཆུབ་ཏུ་འཇུག་པའོ་ཞེས་སོ། །མདོར་བསྡུས་ཏེ་ཤེས་པར་བྱ་རྒྱས་པར་བཤད་ན་ཉི་ཤུ་རྩ་ གཉིས་ཡིན་པས་སོ། །དཔེ་བརྗོད་པས་དེ་གསལ་བར་བྱས་ཤིང་བཤད་དེ། འགྲོ་བ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་འགའ་ཞིག་འདོད་པའི་གནས་སུ་འགྲོ་བས་སམ། འགྲོ་བར་འདོད་དེ་འགྲོ་བ་མ་ཡིན་ཞེས་སྨོན་པའི་དཔེའོ། །གཞན་ནི་དེ་ཐོབ་པའི་སླད་དུ་རབ་ཏུ་འཇུག་ ཅིང་འགྲོ་བ་བཞིན་ནོ། །དེ་དང་འདྲ་བར་སྨོན་པ་དང་འཇུག་པ་གཉིས་ཀྱི་དབྱེ་བ་གོ་རིམས་བཞིན་དུ་མཁས་པས་ཤེས་པར་བྱའོ། །སྨོན་པའི་སེམས་ཀྱང་སྟོན་པའི་འབྲས་བུ་ཆེན་པོར་བཤད་ཅེས་སྨྲས་ཏེ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་ཀྱི་རྒྱུ་ཡིན་པ་ནི་ལྟ་ཞོག ། འཁོར་བ་ལ་ཡང་ལྷ་དང་མིའི་བདེ་བ་ཆེན་པོ་དེའི་འབྲས་བུར་གསུངས་སོ། །བྱམས་པའི་རྣམ་པར་ཐར་པ་ལས་ཀྱང་གསུངས་པ། རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ལ། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་སྤོང་སྟེ། བཀྲེན་ པ་ལས་ཀྱང་ཟློག་པར་བྱེད་དོ། །དེ་ལྟར་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒྲུབ་པ་མེད་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཟིལ་གྱིས་གནོན་ལ་བྱང་ཆུབ་ཀྱི་སེམས་ཀྱི་མིང་ཡང་མི་སྤོང་སྟེ། འཁོར་བའི་བཀྲེན་པ་ལ་ཡང་ཟློག་པར་ བྱེད་དོ་ཞེས་སོ། །རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང་གསུངས་པ། སྦྱིན་པ་ལ་སོགས་པ་མ་ནུས་པས་རྟག་ཏུ་སྨོན་པའི་སེམས་བསྐྱེད་པར་བྱའོ་ཞེས་སོ། །འདི་ལ་བསོད་ནམས་རྒྱུན་མི་ཆད་པར་འབྱུང་བ་མ་ཡིན་ཏེ། ཇི་ལྟར་འཇུག་པའི་སེམས་ལ་རྟག་ཏུ་འཕེལ་བ་ལ་ སོགས་པའོ། །ཚིགས་སུ་བཅད་པ་གཉིས་ཀྱིས་བསོད་ནམས་རྒྱུན་མི་འཆད་པར་བཤད་དེ། གང་ནས་ཞེས་བྱ་བ་ལ་སོགས་པའོ། །དུས་གང་ནས་བཟུང་སྟེ་ནམ་མཁའ་མཐའ་དག་ཁྱབ་ཅིང་གནས་པའི་སེམས་ཅན་མཐའ་མེད་པ་དགྲོལ་བའི་ཆེད་དང་། སྡུག་བསྔལ་མཐའ་ དག་ཞི་བའི་ཕྱིར། །ཕྱིར་མི་ལྡོག་པའི་སེམས་བརྟན་པས་འཇུག་པའི་སེམས་ཡང་དག་པར་བཟུང་བ། དུས་དེ་ནས་བརྩམས་ཏེ། གཉིད་དུ་སོང་བ་དང་། བག་མེད་པ་དང་། ཀྱང་གི་སྒྲས་འགྲོ་བ་དང་འདུག་པ་ལ་སོགས་པ་ལ་སྐད་ཅིག་རེ་རེར་རྣམ་པ་དུ་མ་རྒྱུན་མི་འཆད་པར་ བསོད་ནམས་ཀྱི་རྒྱུན་ནམ་མཁའ་དང་མཉམ་པར་རབ་ཏུ་འཇུག་གོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་པ། གཞོན་ནུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྒྲུབ་པ་གཙོ་བོར་བྱེད་པ་ལ་རྙེད་པར་དཀའ་བ་མ་ཡིན་ནོ། །སངས་རྒྱས་ཀྱིས་གསུངས་པའི་སྡོམ་པ་འདི་མུ་ སྟེགས་ཀྱི་བསྟན་པ་གང་ལ་ཡང་མེད་དོ། །རྒྱུན་མི་འཆད་པའི་བསོད་ནམས་འདིར་གར་བཤད་ཅེ་ན། སྨྲས་པ་འདི་ནི་ལ་སོགས་པ་སྟེ་ལག་བཟངས་ཀྱིས་ཞུས་པའི་མདོ་ལས་ཏེ་རིགས་པ་དང་བཅས་པ་སངས་རྒྱས་ཀྱིས་མོས་པ་དམན་པའི་སེམས་ཅན་གྱི་དོན་དུ་ཉན་ཐོས་དང་རང་ སངས་རྒྱས་ཀྱི་ཐེག་པར་གསུངས་སོ། །དེའི་རིགས་པ་ཚིག་ལེའུར་བྱས་པ་གཉིས་ཀྱིས་བཤད་དེ། སེམས་ཅན་ཞེས་བྱ་བ་ལ་སོགས་པའོ། །གསང་སྔགས་སམ་སྨན་གྱིས་སེམས་ཅན་རྣམས་ཀྱི་མགོ་གཟེར་ཞི་བར་བྱའོ་ཞེས་ཡིད་ལ་བྱེད་པས་གཞལ་དུ་མེད་པའི་བསོད་ནམས་དང་ ལྡན་པར་འགྱུར་ཏེ། སེམས་ཅན་ལ་ཕན་སེམས་དང་ལྡན་པའི་ཕྱིར་རོ། །འགྲོ་བའི་སེམས་ཅན་རེ་རེ་ལ་སྲིད་པའི་སྡུག་བསྔལ་མཐའ་ཡས་པ་བསལ་བར་འདོད་པ་དང་། དེ་བསལ་ནས་སེམས་ཅན་རེ་རེ་གཞལ་དུ་མེད་པའི་ཡོན་ཏན་དང་ལྡན་པར་བྱེད་པར་འདོད་པའི་བསོད་ནམས་ ལྟ་ཅི་སྨོས། དགོས་པ་ནི་འདི་ལྟ་སྟེ། འདིར་ཚོགས་མང་དུ་བསག་དགོས་པ་ལྟར་ཕན་ཡོན་ཡང་དཔག་ཏུ་མེད་པས། འཇིགས་པའི་གནས་མ་ཡིན་པ་ལས་འཇིགས་ཤིང་ལྡོག་པར་མི་བྱའོ། །གང་འདི་ལྟ་བུར་གྱུར་པ་དེ་ནི་ལྷ་ལ་སོགས་པ་ལས་ཀྱང་ཁྱད་པར་འཕགས་ཞེས་འཆད་དེ། ཕའམ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ལ་ཕན་སེམས་སྐྱེ་བ་ལྟར་ཟླ་བ་དང་ཆུ་བདག་ལ་སོགས་པའི་ལྷ་རྣམས་སམ། དྲང་སྲོང་སེར་སྐྱ་ལ་སོགས་པ་རྣམས་སམ་ཚངས་པ་རྣམས་ཀྱི་མའམ་ཕའི་ཕན་པ་བྱེད་པའི་བློ་འདི་ལྟ་བུ་གང་ལས་འབྱུང་བར་འགྱུར། བྱུང་བ་དང་ད་ལྟར་ འབྱུང་བ་ལྟ་ཞོག་ཕྱིས་ཀྱང་འབྱུང་བར་མི་འགྱུར་རོ། །ཁྱད་པར་བཤད་དེ་སེམས་ཅན་ཞེས་བྱ་བ་ལ་སོགས་པའོ། །ཕ་ལ་སོགས་པ་དེ་དག་གི་ཡང་རང་གི་དོན་དུ་ཡང་འདི་ལྟ་བུ་སྔར་བཤད་པའི་སེམས་རྨི་ལམ་དུ་ཡང་སྔར་མ་སྐྱེས་པས་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །གཞན་གྱི་དོན་དུ་ ག་ལ་སྲིད། །དེ་བསྡུས་ཤིང་བཤད་དེ། གཞན་དག་ཅེས་བྱ་བ་ལ་སོགས་པའོ། །སེམས་ཅན་ཁོ་ན་རིན་པོ་ཆེའི་ཁྱད་པར་ཏེ། རིན་ཆེན་སྐྱེ་བ་རྙེད་དཀའ་དང་། །རྙོག་པ་མེད་པ་མཐུ་དང་ལྡན། །འཇིག་རྟེན་རྒྱན་དུ་འགྱུར་བ་དང་། །འགྱུར་བ་མེད་པ་མཆོག་ཡིན་ཕྱིར། །ཞེས་བྱམས་ པས་གསུངས་སོ། །སྔར་མྱོང་བ་མ་ཡིན་པ་བྱང་ཆུབ་ཀྱི་སེམས་མ་ཡིན་པ་གཞན་ལས་གལ་ཏེ་མི་སྐྱེའོ། །གང་གི་གཞན་དོན་གྱི་བསམ་པ་དག་གཞན་ལ་རང་དོན་དུ་ཡང་མི་སྐྱེ། ཤིན་ཏུ་བརྩེ་བའི་གནས་བདག་ཡིན་པའི་ཕྱིར་རོ། །སེམས་ཅན་ལ་བསྔགས་པ་བརྗོད་དེ། འགྲོ་བ་ཞེས་བྱ་བ་ལ་སོགས་ པའོ། །སེམས་རིན་པོ་ཆེ་ཇི་ལྟ་བུ་ལྷ་ལ་སོགས་པའི་ཕུན་སུམ་ཚོགས་པ་སྐྱེད་པ་ནས་འགྲོ་བ་ཀུན་གྱི་དགའ་བའི་རྒྱུ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ནད་ཀྱི་སྨན་གྱི་བསོད་ནམས་གང་ཡིན་པ་དེ་ནི་ཇི་ལྟར་གཞལ་ཞེ་ན་གཟུགས་ཅན་མ་ཡིན་པས་གཞལ་མི་ནུས་སོ། །དཔས་བྱིན་གྱིས་ཞུས་པ་ལས་ གསུངས་པ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ནི་གཟུགས་ཅན་ཡིན་གྱུར་ན། །ནམ་མཁའི་ཁམས་ཀུན་གང་བྱས་ནས། །སླར་ཡང་ལྷག་པར་འགྱུར་བའོ། །ཞེས་སོ། །གང་གི་ཕྱིར་ཕྱོགས་བཅུ་ན་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། དེ་ དག་ན་རིགས་དྲུག་གི་སེམས་ཅན་དཔག་ཏུ་མེད། དེ་དག་ནི་སངས་རྒྱས་ཀྱི་སྙིང་པོ་ཅན་ཏེ། དེ་བས་ན་ཤཱཀྱ་ཐུབ་པ་ལ་མྱ་ངན་མེད་པས་ཟན་དུ་བསམས་ནས་བྱེ་མའི་བསོད་སྙོམས་ཕུལ་བས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ། དེ་བས་སེམས་ཅན་མ་ལུས་པ་དགྲོལ་བའི་ བསམ་པའི་འབྲས་བུ་བསམ་གྱིས་མི་ཁྱབ། དེས་ན་དེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཡིན་པར་གསུངས་སོ། །གང་གི་ཕྱིར་འདི་ལྟར་ཞེ་ན་ཕན་པ་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་བསྐྱབ་པའི་སླད་དུ་འཚང་རྒྱ་བར་བྱ་ཞེས་སྨོན་པ་ཙམ་གྱིས་བསོད་ནམས་གང་ བྱུང་བ་དེ་སངས་རྒྱས་མཆོད་པ་ལས་ཀྱང་ཁྱད་པར་དུ་འཕགས་སོ། །དེ་ཉིད་དུ་གསུངས་པ། གང་གཱའི་བྱེ་མའི་གྲངས་དང་མཉམ། །སངས་རྒྱས་ཞིང་ཁམས་མི་གང་གིས། །རིན་ཆེན་དམ་པས་བཀང་བྱས་ནས། །འཇིག་རྟེན་མགོན་པོ་རྣམས་ལ་ཕུལ། །གཞན་ཞིག་ཐལ་མོ་ སྦྱར་བྱས་ནས། །སེམས་ནི་བྱང་ཆུབ་མཆོག་བསྐྱེད་པའི། །མཆོད་པ་འདི་ནི་ཁྱད་པར་འཕགས། །གང་ལ་མཐའ་ནི་མེད་པ་ཉིད། །ཅེས་སོ། །སེམས་ཅན་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱས་ལ་བདེ་བ་མ་ལུས་པ་ཐོབ་པར་བྱ་བའི་ཕྱིར་འཇུག་པའི་སེམས་ཀྱིས་བརྩོན་པས་ལྟ་ཅི་སྨོས། རང་ལ་ཕན་པ་དང་གནོད་པ་སེམས་ཅན་གྱིས་རང་གིས་ཤེས་པར་འགྱུར་གྱི་བྱང་ཆུབ་སེམས་དཔས་ཅི་ཞིག་བྱ་ཞེ་ན། སྨྲས་པ། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གསུམ་གྱིས་ལན་འཆད་དོ། །སྡུག་བསྔལ་ལས་གྲོལ་བར་འདོད་པས་སྲོག་གཅོད་པ་ལ་སོགས་པས་ལྟོགས་ པའི་སྡུག་བསྔལ་གསོབ་པར་འདོད་ཅིང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉིད་ལ་རྒྱུག་སྟེ། ཕྱེ་མ་ལེབ་མར་མེའི་རྩེ་ལ་རྒྱུག་པ་བཞིན་ནོ། །བདེ་བ་འཕེལ་བར་འདོད་པ་ཉིད་ཀྱིས་ཆགས་པ་ཅན་ཀུན་གཏི་མུག་གིས་ཕན་པ་དང་གནོད་པ་མི་ཤེས་པ་བཞིན་དུ་དགྲ་ལྟར་རང་གི་བདེ་བ་ཡང་ འཇོམས་པར་བྱེད་དོ། །ལྷའི་དབང་པོ་ཡང་འདི་ལྟར་ཡིན་ན་གཞན་ལྟ་ཅི་སྨོས། གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་བདེ་བ་ལ་ཆགས་པས་འཁྲུལ་པ་དེ་དག་སྡུག་བསྔལ་བརྒྱ་ཕྲག་དུ་མས་གཟིར་བ་རྣམས་ལ་བདེ་བ་མཐའ་དག་གིས་དེ་དང་དེའི་གདམས་པའི་སྒོ་ནས་ཚིམ་པར་མཛད་པ་གང་ཡིན་པ་དང་། གལ་ཏེ་འདོད་ཆགས་དང་ལྡན་པའི། །སྐྱེ་བོ་འདུན་པ་ཅན་གྱི་ནི། །འདོད་པ་དེ་དག་མ་གྲུབ་ན། །ཤིང་ཚལ་ཟུག་བཞིན་སྡུག་པའོ། །ཞེས་བྱ་བ་ལྟ་བུའི་སྡུག་བསྔལ་གཅོད་པར་བྱེད་པ་གང་ཡིན་པ་དང་། དེ་ལྟར་ཀུན་དུ་རྨོངས་པའི་གཏི་མུག་སེལ་བར་བྱེད་པ་གང་ཡིན་པ་དེ་དང་མཉམ་པའི་ ལེགས་པ་ག་ལ་ཡོད་དེ་མེད་དོ། །དགེ་བའི་བཤེས་གཉེན་ཀྱང་དེ་དང་འདྲ་བ་མི་འབྱུང་སྟེ། བྱམས་པས་གསུངས་པ། ཇི་ལྟར་ཐུབ་སྲས་ཕན་སེམས་ཀྱིས། །འགྲོ་བ་མ་ལུས་སྨིན་མཛད་བཞུགས། །དེ་ལྟར་ཕ་མ་ཉེ་དུ་རྣམས། །བུ་དང་ཉེ་དུ་ལ་ཡང་མིན། །དེ་ལྟར་མཛད་པའི་བསོད་ ནམས་གང་ཡིན་པ་དེ་དང་འདྲ་བ་གཞན་མི་སྲིད་དོ། །ཅིའི་ཕྱིར་འདི་ལྟར་བརྗོད་ཅེ་ན་སྨྲས་པ། ཕན་བཏགས་ཞེས་བྱ་བ་ལ་སོགས་པའོ། །སྔར་ཕན་བཏགས་པ་ལ་གང་ཞིག་ཕན་ལན་ལྡོན་པར་བྱེད་པ་དེ་འང་ལེགས་སོ་ཞེས་བསྔགས་པ་ན་གཞན་ནི་མ་བཅོལ་བཞིན་ཕན་འདོགས་པའི་བྱང་ ཆུབ་སེམས་དཔའ་དེ་ཇི་ལྟར་སྨོས། དེ་ལ་བསྟོད་པར་མི་ནུས་པ་ཉིད་དོ། །འཇིག་རྟེན་དུ་མཐོང་བ་ལྟོས་པའི་བདག་ཉིད་ཆེན་པོ་སྨོས་ཏེ། འགྲོ་བ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ཁ་ཅིག་ལ་འཚོ་བ་སྦྱིན་པ་པོ་ཡང་དགེ་བ་མཛད་པས་སྐྱེ་བོ་རྣམས་ཀྱིས་མཆོད་དེ། འཚོ་བ་དེ་ ཡང་ཉིན་ཕྱེད་ཀྱང་མིན། འོན་ཀྱང་སྐད་ཅིག་ཏུ་བཟང་པོ་མ་ཡིན་ཞིང་ཚོད་མ་ལ་སོགས་པ་མེད་པ་བརྙས་པ་བྱས་པ་ཉིད་ནི་བཙན་ཐབས་སུ་ནང་དུ་ཞུགས་པས་རྡེག་པ་ལ་སོགས་པ་བྱས་པས་སོ། །ཞུགས་ཀྱང་ཉིན་ཕྱེད་འགྲངས་པ་བྱིན་པས་སོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ བཤད་དེ། སེམས་ཅན་ཞེས་བྱ་བ་ལ་སོགས་པའོ། །འདི་ཙམ་ལ་སྟེར་ཞེས་འབུམ་མམ་ས་ཡ་ལ་སོགས་པའི་གྲངས་ཁུངས་མེད་ལ། བསྐལ་པ་སྟོང་ལ་སོགས་པར་བྱིན་ནས་དེའི་རྗེས་མི་སྟེར་ཞེས་དུས་ཀྱི་ངེས་པ་ཡང་མེད་དེ། ནམ་མཁའ་དང་མཉམ་པའི་སྐྱེ་བོ་རྣམས་མ་ཟད་ཀྱི་བར་ སྦྱིན་པ་གང་ཡིན་པ་དེ་ནི་འཛད་པ་མེད་དོ། །སེམས་ཅན་གཏན་ནས་ཟད་མི་སྲིད་པའི་ཕྱིར་རོ། །འགྲོ་བ་མཐའ་དག་སངས་རྒྱས་པར་གསུངས་པ་དང་འགལ་ཞེ་ན་མ་ཡིན་ཏེ་དྲང་དོན་ཡིན་པའི་ཕྱིར་རོ། །དེ་དབུགས་མ་ཕྱིན་པས་ཆོས་ལ་བརྩོན་པ་མི་བྱེད་པའི་ཕྱིར་རོ། །གང་ གི་ཕྱིར་གསུངས་པ། ཕྱོགས་བཅུའི་ཞིང་ཁམས་རྣམས་ལ་རྡུལ་ཕྲ་རབ་ཇི་སྙེད་པ་དེའི་གྲངས་དང་མཉམ་པའི་སེམས་ཅན་ངན་སོང་དུ་སྐྱེ་ལ། སེན་མོ་མེད་པས་མཐེ་བོ་དང་སྡིགས་མཛུབ་ཀྱི་རྩེ་མོས་བླངས་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སེམས་ཅན་ནི་བདེ་འགྲོར་སྐྱེ་སྟེ། དེ་ བས་ཀྱང་ཉུང་བ་སྨོན་པའི་སེམས་བསྐྱེད། དེ་བས་ཀྱང་ཤིན་ཏུ་ཉུང་བ་ཕྱིར་མི་ལྡོག་པར་འགྱུར་ཞེས་ཇི་ལྟར་སངས་རྒྱས་པར་འགྱུར་རོ། །སྦྱིན་པའི་དངོས་པོ་དེ་ཡང་ཚད་དང་ལྡན་པ་མ་ཡིན་ཏེ། འོན་ཀྱང་སེམས་ཅན་ཐམས་ཅད་ཀྱིས་གང་ལ་གང་འདོད་པའི་དངོས་པོས་ཡི་རངས་ཤིང་ ཤིན་ཏུ་བཀུར་ཏེ། སྦྱིན་མཁན་བྱང་ཆུབ་སེམས་དཔའ་དེ་ལ་མཆོད་པ་གང་ཞིག་མི་འོས་སོ། །ན་ར་ཡ་ནས་ཞུས་པ་ལས་གསུངས་པ། དངོས་པོ་གང་ལ་གཏོང་བའི་བསམ་པ་མི་སྐྱེ་བ་དེ་ནི་གཟུང་བར་མི་བྱའོ། །བདག་ཉིད་ཀྱང་བཏང་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་ ལྟར་གཞན་ལ་ཕན་པ་དང་བདེ་བ་བྱེད་པའི་བརྟུལ་ཞུགས་ཅན་ལ་མ་དད་པར་མི་བྱའོ་ཞེས་སྨྲས་པ། གང་ཞིག་ཅེས་པ་ལ་སོགས་པའོ། །དུས་ཐམས་ཅད་དུ་བདེ་བ་ཐམས་ཅད་སེམས་ཅན་ལ་སྟེར་མཁན་རྒྱལ་བའི་སྲས་ལ་ངན་སེམས་བསྐྱེད་པའི་སེམས་ཅན་དེ་དམྱལ་བར་གནས་པར་འགྱུར་རོ་ ཞེས་མགོན་པོ་སངས་རྒྱས་ཀྱིས་གསུངས་སོ། །དུས་ཇི་སྲིད་དུ་ཞེ་ན། ངན་སེམས་ཀྱི་གྲངས་ཇི་ཙམ་བྱས་པ་དེ་ཙམ་བསྐལ་པར་རོ། །རབ་ཏུ་ཞི་བ་རྣམ་པར་ངེས་པ་ལས་གསུངས་པ། བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཇི་ཙམ་བསྐྱེད་པར་བྱས་པ་དེ་ཙམ་དེས་བསྐལ་པར་གོ་བགོས་པ་ དང་། དམྱལ་བ་ཆེན་པོར་གནས་པར་བྱའོ། །འོ་ན་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བས་ཀྱང་བསྐལ་པ་གཅིག་དམྱལ་བར་གནས་པར་བཤད་པ་དང་འགལ་ཞེ་ན་མ་ཡིན་ཏེ། གདུལ་བྱའི་དབང་གིས་དེ་དྲང་དོན་ཡིན་གྱི་སྒྲིབ་པ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །ཡིད་དང་ བ་ལ་ཇི་ལྟར་ཞེ་ན། སྨྲས་པ། འོན་ཏེ་ལ་སོགས་པའོ། །གང་ཞིག་དེ་ལ་ཡི་རང་བར་བྱེད་པ་དེའི་ཡི་རངས་པའི་གྲངས་ཇི་སྙེད་པ་གྲངས་དེ་བས་ལྷག་པའི་བསྐལ་པར་བདེ་བ་མྱོང་བར་འགྱུར་རོ། །ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་གསུངས་པ། ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ལོང་བ་ཐམས་ཅད་ལ་མིག་སྦྱིན་པ་གང་ཡིན་པ་དེ་བས་ཀྱང་གྲངས་མེད་པའི་བསོད་ནམས་ཐོབ། གང་ཞིག་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཡི་རང་བར་ལྟའོ་ཞེས་བྱ་བ་ལ་སོགས་པའོ། །འོན་ཀྱང་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་དེ་ལ་ བྱམས་པ་བསྒོམས་པ་ལ་སོགས་པའི་མཐུས་གཞན་གྱི་གནོད་པས་མི་ཚུགས་པས་སྡིག་སེམས་ལ་དོ་གལ་ཆེན་པོ་དགོས་ཏེ་མི་སྲིད་དོ། །འཇམ་དཔལ་གྱི་རྣམ་པར་ཐར་པ་ལས་གསུངས་པ། རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་ནོར་བུ་ཅན་དང་། །གཙུག་ཏོར་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་ཆེན་པོ་རྣམས་ལ་ངན་སོང་དང་། ཕ་རོལ་གྱི་གནོད་པའི་འཇིགས་པ་མེད་དོ་ཞེས་སོ། །དགེ་བ་ངང་གིས་འཕེལ་ཞེས་པ་ནི་རྟག་ཏུ་ཐམས་ཅད་ཀྱིས་འདོད་པ་མ་གྲུབ་པར་བྱས་པས་དེ་དག་ལ་དགའ་བ་དང་ཡི་རང་བ་ལ་སོགས་པ་འབད་པ་མེད་པར་འབྱུང་ངོ་། །ཤིན་ཏུ་དང་བ་སྟོན་པར་བྱེད་ དེ། གང་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་བྱང་ཆུབ་ཀྱི་སེམས་གང་ལ་སྐྱེས་པ་དེ་དག་གི་ལུས་ལ་ཕྱག་འཚལ་ལོ། །ཁྱད་པར་བཤད་དེ་སེམས་ཅན་གྱི་བདེ་བ་ལ་བརྩོན་པ་གང་ལ་གནོད་པ་ཡང་བདེ་བར་འབྲེལ་པ། ཇི་ལྟར་བྱམས་པའི་སྟོབས་ཀྱི་ སྐྱེས་རབས་ལས་ལྔ་སྡེའི་དབང་དུ་བྱས་ཏེ་གསུངས་པའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་ཀྱང་། གང་དག་ང་ལ་ཁ་ཟེར་རམ་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་གཞན་གྱིས་གནོད་པ་བྱས་པ་ཡང་བུ་གཅེས་པས་བྱས་པ་བཞིན་དུ་བདེ་བའི་འབྲེལ་པ་ཅན་ཡིན་ནོ། །དེ་ལྟར་བདེ་ བ་ཐམས་ཅད་ཀྱི་རྒྱུ་ཡིན་པས་བརྟེན་པར་འཆད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། བྱང་ཆུབ་ནི་གཉིས་དང་བྲལ་བའི་སེམས་སོ། །དེའི་སླད་དུ་སེམས་ནི་སངས་རྒྱ་བར་འདོད་པ་སྟེ། དེའི་ཕན་ཡོན་ནི་འབྲས་བུ་བསྔགས་པ་སྟེ་དེ་བཤད་ པའི་གཞུང་ལ་ཡང་དེར་བརྗོད་དེ་ཉེ་བར་གཅོད་པས་སོ། །བྱང་ཆུབ་སྤྱོད་པ་ལ་འཇུག་པའི་བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱི་ལེའུའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་ལས་ལེའུ་དང་པོའོ།། །།དལ་འབྱོར་རྙེད་པར་དཀའ་བ་དང་ མི་རྟག་པར་ཤེས་ནས་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཐམས་ཅད་ཐོས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་དེའི་ཡན་ལག་ཏུ་གྱུར་པ་སངས་རྒྱས་ལ་སོགས་པ་ལ་སྟོན་པ་གཞན་གྱིས་འཆད་མི་ནུས་པས་བླ་ན་མེད་པ་ཡན་ལག་བདུན་པའི་མཆོད་པ་འཁོར་གསུམ་དུ་རང་བཞིན་མེད་པ་དང་། བྱང་ཆུབ་ཏུ་བསྔོས་པས་བསོད་ནམས་ཀྱི་ཚོགས་བཤད་དེ། རིན་ཆེན་སེམས་ཞེས་བྱ་བ་ལ་སོགས་པའོ། །འཆད་པའི་ཕན་ཡོན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་ཕྱིར། དེ་བཞིན་ཉིད་དུ་གཤེགས་པས་དེ་བཞིན་གཤེགས་པ་རྣམས་ལ་བདག་གིས་མཆོད་པར་བགྱིའོ། ། དམ་པ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་དམ་པའི་ཆོས། ཡང་ན་དམ་པ་རྣམས་ཀྱི་ཆོས་ཡིན་པ་སྟེ། དེ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྒྲིབ་པ་དང་བྲལ་བས་དྲི་མ་མེད་པ་དང་། མ་རིག་པ་མཚན་མོའི་གཉིད་ལས་སངས་པས་སངས་པ་སྟེ་འདིས་སྤངས་པ་ཕུན་སུམ་ཚོགས་པ་བཤད་དོ། །ཡང་ན་ བློ་རྒྱས་པ་སྟེ་པདྨ་རྒྱས་པ་བཞིན་ཐམས་ཅད་མཁྱེན་པས། ཡེ་ཤེས་ཕུན་སུམ་ཚོགས་པ་བཤད་དོ། །དེའི་སྲས་ནི་འཕགས་པ་སྤྱན་རས་གཟིགས་དང་། འཇམ་དཔལ་ལ་སོགས་པ་སྟེ། དེ་དག་ཅེས་པས་ཕྱིར་མི་ལྡོག་པའི་དགེ་འདུན་བསྟན་ཏོ། །དང་གི་སྒྲ་ནི་འདུས་པའི་དོན་ཏོ། །ལེགས་པ་ནི་ འཁོར་གསུམ་དུ་རང་བཞིན་མེད་པ་སྟེ། མཆོད་པའམ་གཟུང་བའི་བྱེ་བྲག་གོ། །དེ་དག་ཇི་ལྟ་བུ་ཞེ་ན། དགོངས་པས་ནི་ཡོན་ཏན་ཏེ། དེ་དག་གི་རྒྱ་མཚོ་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཏེ། དེ་དག་རྣམས་ལའོ། །ད་ཡིད་ཀྱི་མཆོད་པ་བཤད་དེ། ཕྱོགས་བཅུའི་འཇིག་རྟེན་དུ་བདག་གིར་ མ་བྱས་པ་མེ་ཏོག་རྣམས་ཇི་སྙེད་པ། ཛཱ་ཏི་དང་། ཙམ་པ་ཀ་དང་། མྱ་ངན་མེད་པ་ལ་སོགས་པ་དང་། དཔལ་འབྲས་ལ་སོགས་པའི་ཤིང་ཐོག་དང་། སྨན་གྱི་བྱེ་བྲག་དང་། ནོར་བུ་དང་། མུ་ཏིག་དང་། བྱི་རུ་ལ་སོགས་པའི་རིན་པོ་ཆེ་དང་། ཡན་ལག་བརྒྱད་པའི་ཆུ་དང་། ཡིད་དུ་འོང་བ་ནི་ ཀུན་དང་སྦྱོར་རོ། །ནམ་མཁའ་རབ་འབྱམ་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་གཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ལོ། །ཞེས་ཀུན་དང་སྦྱར་རོ། །རིན་པོ་ཆེའི་རང་བཞིན་རི་དང་དེ་བཞིན་ནི་འདུས་ པའི་དོན་ཏོ། །བཤད་པ་ལས་གཞན་ནགས་ཚལ་གྱི་ཕྱོགས་ཉམས་དགའ་བ་དང་དབེན་པར་རུང་བ་སྟེ་རྗེས་སུ་མཐུན་པའོ། །མཛེས་པའི་མེ་ཏོག་ཁོ་ན་རྒྱན་ཏེ། དེས་སྤྲས་པའི་ལྕུག་མ་རྣམས་དང་། ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པའི་འབྲས་བུ་རྣམས་ཀྱིས་འདུད་པ་ས་ལ་ཉེ་བར་གྱུར་པའི་ཡལ་ག་ གང་གི་ཡིན་པ་དེ་ལྟ་བུའི་ལྗོན་ཤིང་དང་། ལྷ་ནི་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་སྟེ། སོགས་པའི་སྒྲས་ཀླུའི་འཇིག་རྟེན་ལ་སོགས་པ་སྟེ། དེར་དྲི་ནི་གླ་རྩི་ལ་སོགས་པ་དང་། སྤོས་ནི་ཨ་ཀ་རུ་ལ་སོགས་པ་དང་། དཔག་བསམ་གྱི་ཤིང་ནི་བ་རི་ཛྙ་ད་ལ་སོགས་པ་དང་། རིན་པོ་ཆེས་སྤྲས་པའི་ལྗོན་ཤིང་ དང་། ཆུ་ལས་སྐྱེས་པས་ན་ཆུ་སྐྱེས་པདྨ་སྟེ། དེ་ཉིད་རྒྱན་གང་ཡིན་པ་དེ་དང་། ངང་པ་རྣམས་ཀྱི་སྐད་ཀྱིས་ཡིད་དུ་འོང་བའི་རྫིང་བུ་དང་། ཐོང་བས་མ་རྨོས་པ་དང་ས་བོན་མ་བཏབ་པར་སྐྱེས་པའི་ལོ་ཐོག་ནི་འབྲས་ལ་སོགས་པ་དང་། གཞན་ནི་མ་བཤད་པ་སྟེ་མཆོད་པར་བྱ་བའི་རྒྱན་ནི་ནམ་ མཁའི་མཐས་གཏུགས་པ་དེ་དག་ཐམས་ཅད་སུས་ཀྱང་བདག་གིར་མ་བྱས་པ། ཡིད་ཀྱིས་གཟུང་སྟེ་ཐུབ་པ་སྐྱེས་ཀྱི་མཆོག་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ། །འདི་དག་ཐམས་ཅད་ཡོན་གནས་དམ་པ་དང་། བཀྲེན་ཞིང་སྡུག་བསྔལ་བ་དག་ལ་ཤིན་ཏུ་ཐུགས་ རྗེ་ཅན་བདག་རྗེས་སུ་འཛིན་པའི་ཕྱིར་བཞེས་པར་ཞུ། འོ་ན་འདི་དག་བརྟགས་པ་ཙམ་ཡིན་པས་ཡང་དག་པའི་མཆོད་པར་ཇི་ལྟར་འགྱུར་ཞེ་ན། འོ་ན་གནོད་སེམས་བརྣབ་སེམས་ལོག་ལྟ་རྣམས་རྟོག་པ་མ་ཡིན་ནམ་དེ་ཤིན་ཏུ་ཉེས་སྤྱོད་དུ་བཤད་པ་ཅི། རང་གི་ནོར་ཅི་སྟེ་མི་འབུལ་ཞེ་ན། སྨྲས་པ། བདག་ནི་ཞེས་པ་ལ་སོགས་པའོ། །སྔར་བསོད་ནམས་མ་བསགས་པས་བཀྲེན་པ་ཆེན་པོར་གྱུར། ཕུན་སུམ་ཚོགས་པ་ནི་བསོད་ནམས་ཁོ་ན་ལས་འབྱུང་ན་ཡིད་ཀྱི་མཆོད་པ་ལས་གཞན་བདག་ལ་ཅུང་ཟད་ཀྱང་མ་མཆིས་སོ། །དེ་བས་བདག་གི་བསོད་ནམས་འཕེལ་བར་བྱ་བའི་ཕྱིར། གཞན་ལ་ ཕན་པའི་ཐུགས་དང་ལྡན་པའི་མགོན་པོ་རྣམས་ཀྱིས་འདི་དག་རང་གི་མཐུས་བཞེས་སུ་གསོལ། །རང་གི་དབང་དུ་གྱུར་པ་བདག་ཉིད་ཡོད་པ་ནི་འབུལ་ལོ། །ཐམས་ཅད་ཀྱི་སྒོ་ནས་ལྟོས་པ་མེད་པར་འཁོར་གསུམ་དུ་རང་བཞིན་མེད་བཞིན་དུ་ཉོན་མོངས་པ་ལས་རྒྱལ་བས་ རྒྱལ་བ་རྣམས་དང་དེ་སྲས་རྣམས་ལའོ། །ཀྱེ་སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། གུས་པས་ཏེ་འཚོ་བའི་ཕྱིར་རོ། །ད་བྱས་པའི་ཡོན་ཏན་བཤད་དེ། ཁྱེད་ཀྱིས་གཟུང་བས་བདག་ཉིད་ཆེན་པོ་བརྟེན་པས་འཇིགས་པ་མེད་ཅིང་འཁོར་བར་ སེམས་ཅན་རྣམས་ལ་ཕན་པར་བྱའི། ཡང་གི་སྒྲ་ནི་འདུས་པའི་དོན་ཏོ། །སྔར་བྱས་པའི་སྡིག་པ་རྣམས་འགྱོད་པ་ལ་སོགས་པས་དག་པར་བྱེད་པ་དང་། ཕྱིན་ཆད་སྡོམ་པའི་ཚུལ་དུ་སླར་མི་བྱེད་པར་དམ་འཆའོ། །ད་ནི་རིམ་བཞིན་མཆོད་པའི་ཁྱད་པར་བཤད་དེ། ཁྲུས་ཞེས་བྱ་བ་ལ་སོགས་པའོ། ། རང་རང་གི་གནས