Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 106

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །དེའི་ཕྱིར། དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་བསྐྱབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །རྒྱལ་བ་དེ་ཡིས་ཐུགས་
སུ་ཆུད་པའི་ཆོས། །དེ་ཁོ་ན་ཉིད། འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལའང་བདག་ཉིད་དབུལ། །འཇམ་པའི་དབྱངས་ལའང་
བདག་ཉིད་ཀྱིས། །བདག་གི་ལུས་ནི་དབུལ་བར་བགྱི། །དེ་ལ་ལྷག་པར་མོས་པ་ཉིད་ཀྱི་ཕྱིར་རོ། །མོས་པའི་བདག་ཉིད་སྣ་ཚོགས་པའི་སྟོབས་ཀྱིས་དེ་ལ་ཡང་དང་ཡང་བདག་ཉིད་ཀྱི་ལུས་དབུལ་བར་བགྱིའོ། །འཇམ་པའི་དབྱངས་ནི་དེ་བཞིན་གཤེགས་པའི་རིགས་ཉེ་བར་
མཚོན་པ་ཡིན་ཏེ། དེ་ལ་མངོན་པར་བརྩོན་པ་ཉིད་ཀྱི་ཕྱིར་བདག་ཉིད་ཕུལ་ནས། པདྨའི་རིགས་གང་ལ་ཐུགས་རྗེས་སྤྱོད་པ་མ་འཁྲུལ་པའི་ངང་ཚུལ་མངའ་བའི། ཐུགས་རྗེས་སྤྱོད་པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ནི། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་

ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལའང་། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །རྡོ་རྗེ་རིགས་ཀྱི་བདག་པོ་ལའང་། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །
ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །དེ་ཡང་བློས་མངོན་སུམ་དུ་བྱས་ནས་བདག་ནི། སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ལྟར་ཉིད་ནི་ད་ལྟར་ཏེ། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་
ལགས་ཀྱིས། །སྐྲག་པར་གྱུར་པའི་འཇིགས་པ་མྱུར་དུ་བསལ་དུ་གསོལ། ཁྱེད་ཀྱི་བཀའ་ལས་འདས་པ་ལས། །བདག་ཤིན་ཏུ་སྨད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཐ་མལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མལ་ནད་ཀྱིས་ཞེས་བྱ་བ་ནི་ལུས་ལ་བྱུང་བ་སྟེ། དེ་དག་ནི་སྨན་
གྱིས་བཅོས་ན་ལེགས་པར་མྱུར་དུ་ཞི་ཞིང་དུས་ཐུང་ངུས་སེལ་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་རིམས་དང་མཛེ་ལ་སོགས་པའི་དབྱེ་བས་སྟོང་ཕྲག་ཉི་ཤུ་ཡོད་དེ། དེས་འཇིགས་པ་ལ་ཡང་བདག་ཉིད་ཤེས་པས་སྨན་པའི་ངག་བཞིན་དུ་བྱ་དགོས་ན། ཅི་ཡིད་ཀྱིས་ཐོག་
མ་མེད་པའི་དུས་ནས་བསགས་པ་ཡིན་པའི་ཕྱིར་ཐ་མལ་པ་མ་ཡིན་པ། འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། །འདོད་ཆགས་ལ་སོགས་པའི་ནད་བཞི་བརྒྱ་རྩ་བཞི་པོ་དེ་དག་ཀྱང་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི། མདོར་བསྡུ་ན་བཞི་བརྒྱ་དག་
ཡིན་ཏེ། བག་ལ་ཉལ་བ་ཐ་དད་པ་ལས་བཤད་པ་ཡིན་ནོ། །བག་ལ་ཉལ་དེ་དག་ཀྱང་འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་བ་ལ་སོགས་པ་དགུ་བཅུ་རྩ་བརྒྱད་ཡིན་ན། ཁ་ཅིག་གིས་ནི་བརྒྱ་བཞི་བཅུ་ཡིན་ཏེ། ཟག་པ་བཞི་དང་། ཆུ་བོ་བཞི་དང་། སྦྱོར་བ་བཞི་དང་། ཉེ་
བར་ལེན་པ་བཞི་དང་། འཆིང་བ་གསུམ་དང་། ཀུན་ནས་སྦྱོར་བ་དགུ་དང་། སྲིད་པའི་ཀུན་ཏུ་སྤྱོད་པ་བཅོ་བརྒྱད་དང་། ཀུན་ནས་དཀྲིས་པ་བཅུ་དང་། ཉོན་མོངས་པའི་ས་མང་པོ་པ་དྲུག་དང་། ཉོན་མོངས་པའི་དྲི་མ་དྲུག་དང་། སྒྲིབ་པ་ལྔ་དང་། ཐ་མའི་ཆ་དང་མཐུན་པ་ལྔ་དང་། གོང་

མའི་ཆ་དང་མཐུན་པ་ལྔ་དང་། ས་མང་པོ་པ་བཅུ་དང་། མི་དགེ་བའི་ས་མང་པོ་པ་གཉིས་དང་། རྣལ་འབྱོར་རྣམས་ཀྱི་གཞི་ཕྲན་ཚེགས་ཀྱི་མིང་ཅན་ལྔ་བཅུ་རྩ་བདུན་དག་ཡིན་ནོ། །ཉེ་བའི་ཉོན་མོངས་པ་དག་ནི་མང་དུ་ཡོད་དེ་གཙོ་བོ་ཇི་ལྟ་བ་བཞིན་དུ་བརྒྱ་ལྔ་བཅུ་རྩ་དྲུག་ཡིན་ནོ། །དེ་གཅིག་
གིས་ཀྱང་ཞེས་བྱ་བ། །ནད་བརྒྱ་པོ་གང་ཡིན་པ་དག་ལས་ཁྲོས་པ་གཅིག་གིས་ཀྱང་འཛམ་གླིང་ན། གནས་པའི་མི་ཀུན་རླག་བྱེད་ལ། །དཔེར་ན་གཞན་དག་ཏུ་དྲང་སྲོང་ཁྲོས་པས་ཞེས་བཤད་པ་ལྟ་བུའོ། །དེ་དག་སྲེད་པའི་འཚེ་བས་ཁྲོས་པས་འཕེལ་བར་འགྱུར། རྨོངས་པས་ཁ་ན་
མ་ཐོ་བ་ཆེན་པོ་ཐོབ་པར་འགྱུར་ཞིང་། དཔེར་ན་གཞན་དག་ཏུ་ཡིད་གཉིས་ཁ་ན་མ་ཐོ་ཆེར་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་དག་ཅེས་བྱ་བ་ནད་བརྒྱ་པོ་ལུས་ལ་བྱུང་བའི་ནད་ཀྱི་རྒྱུ་དག་གི་གསོ་བའི་སྨན་གཞན་ཏེ། ཕྱི་རོལ་དག་གི་སྨན་ནི། ཕྱོགས་རྣམས་ཀུན་ནས་བཙལ་ནའང་མི་
རྙེད་ན། རིམས་ལ་སོགས་པ་གསོ་བར་མི་ནུས་པ་དང་། གློ་བུར་བ་མ་ཡིན་པ་གང་ཡིན་པ་དེ་དག་གི་ནང་ནས། རླུང་ལས་གྱུར་པ་བརྒྱ་རྩ་གཅིག་དག་དང་། དེ་བཞིན་བད་ཀན་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དག་ཡིན་ནོ། །ནད་བཞི་
བརྒྱ་རྩ་བཞི་པོ་དེ་དག་ནི་འཕགས་པ་དཔའ་སྦྱིན་གྱིས་ཞུས་པ་ལས། འཕགས་པ་ཕལ་ཆེན་གྱི་འདུལ་བ་ལས་བཤད་པ་དག་ཡིན་ནོ། །གང་གི་ཕྱིར་ནད་འགའ་པོ་གཅིག་གིས་ཀྱང་འཛམ་བུའི་གླིང་ན་གནས་པའི་མི་ཐམས་ཅད་རྣམ་པར་འགྱུར་བར་བྱེད་ཅིང་འཇིག་པར་བྱེད་པ་ན།
ཡུལ་ཀ་ཤི་ཀའི་བདག་པོར་གྱུར་པ་ནི་བཅོམ་ལྡན་འདས་ཀྱིས་གང་ཉམས་པར་གཟིགས་ཤིང་སྨན་པ་ལ་དྲིས་ནས། ཕྱོགས་ཐམས་ཅད་དུ་དེའི་སྨན་མི་རྙེད་པས་ན་དེ་མི་སྲིད་དོ་སྙམ་པ་ཉིད་ཀྱིས་སྨན་པས་གསོན་པའི་ཤ་ཆེན་པོ་བསྟན་པ་ན། བདེན་པའི་ཕྱིན་གྱི་རླབས་བསྒྲུབས་ནས་གསོ་
བར་མཛད་དོ། །ནད་བཞི་བརྒྱ་རྩ་བཞི་པོ་དེ་དག་གིས་གཟིར་བ་ནི་དེའི་རྒྱུ་དག་གིས་གཟིར་བའི་ཕྱིར་རོ། །དེ་ལ་སྟེ་དེ་དག་གི་སྨན་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། སྨན་པ་ཐམས་ཅད་མཁྱེན་པས་ལུས་ཀྱི་ཟུག་རྔུའི་རྒྱུ་འབྱིན་ཅིང་ཟུག་རྔུ་འབྱིན་པར་མཛད་པའི་ཕྱིར། གང་ལ་

ཟུག་རྔུ་ཐམས་ཅད་འབྱིན་པའི་ངང་ཚུལ་མངའ་བ་དེ་ནི། ཟུག་རྔུ་ཐམས་ཅད་འབྱིན་པའིའོ། །བཀའ་སྟེ་དམ་པའི་ཆོས་ཀྱི་སྨན་གྱི་མན་ངག་ལྟར་མི་བྱེད་མི་སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། །ཤིན་ཏུ་རྨོངས་པ་ཀུན་ནས་སྐྱེས་པ་ཡིན་ནོ། །དེ་
ལྟར་ནི་གཡང་ས་ཐ་མལ་ཆུང་ངུ་ལའང་། །བག་ཡོད་གནས་པར་བྱ་དགོས་ན། །ཚེགས་ཆུང་ངུས་བགྲོད་པར་བྱ་བ་ཐ་མལ་པའི་ནད་པ་ཡང་སྨན་པའི་ངག་ལས་འདས་པར་བྱ་བ་མ་ཡིན་ན། དཔག་ཚད་སྟོང་དུ་ལྟུང་བ་ཡི། །ཡུན་རིངས་གཡང་སར་ཏེ། ཡིད་ཀྱི་ནད་སྨན་པ་ཐམས་ཅད་མཁྱེན་
པའི་བཀའ་ལས་འདས་པ་ལྟ་སྨོས་ཅི་དགོས་བག་མེད་པས་གནས་པར་བྱ་བ་མ་ཡིན་ནོ། །གཡང་ས་ཆུང་ངུ་ལ་ཡང་བག་མེད་པ་གང་ཡིན་པ་དེ་ནི་ཤིན་ཏུ་ཉེས་པ་ཆེན་པོར་འགྱུར་རོ་ཞེས་དགོས་སོ། །དེ་ལྟ་ནི་འགྱུར་མོད་ཀྱིས། དེ་རིང་ཁོ་ན་མི་འཆི་ཞེས། །རེ་ཞིག་བདེ་བར་གནས་ལ།
དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་དགེ་བའི་ལས་བྱའོ་ཞེ་ན། དེ་རིང་ཁོ་ན་མི་འཆི་ཞེས་བྱ་བ་སྨོས་ཏེ། མེད་དོ་ཞེས་བདེ་བར་འདུག་པའི་རིགས་མ་ཡིན། གང་ཚེ་བདག་མེད་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །སྡིག་པ་ལས་འཇིགས་པར་མི་བྱ་བ་མ་ཡིན་ཏེ། ངེས་པར་
འབྱུང་བ་དང་བཅས་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་མེད་གྱུར་ན། །ཅི་ཕྱིར་བདག་ཉིད་བདེ་བར་འདུག །ཅེས་བྱ་བ་སྨོས་སོ། །ལོངས་སྤྱོད་ཀྱིས་བདེ་བར་གནས་པ་ཡིན་ནོ་ཞེ་ན་སྨྲས་པ། སྔོན་
ཆད་མྱོང་སྟེ་ཞིག་པ་ལས་ཏེ་ལོངས་སྤྱོད་དག་ལས། ལྷག་པར་གནས་པ་ཅི་ཡོད་ན། །བདག་ནི་ལོངས་སྤྱོད་ལ་མངོན་པར་ཞེན་ནས། བླ་མའི་བཀའ་དང་འགལ་བར་བྱས། །འོན་ཀྱང་ཡིད་གཉེན་བཤེས་ཀྱིས་བདེ་བར་གནས་པ་ཡིན་ནོ་ཞེ་ན། སྨྲས་པ། གསོན་ཚེ་འདི་དང་དེ་བཞིན་དུ། །
གཉེན་དང་བཤེས་པ་རྣམས་སྤངས་ནས། །གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅི་རུང་། །དེ་དག་གི་དོན་བྱེད་པར་ནུས་པ་མ་ཡིན་ནོ་ཞེས་དགོངས་སོ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་

ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཞེས་བྱ་བ་སྨོས་ཏེ། ཐབས་གང་གིས་ཞེས་བྱ་བའི་ཐ་ཚིག་གོ། །བདག་གྲོལ་བ་མེད་པར་གཞན་གྲོལ་བར་མི་ནུས་སོ་ཞེས་བྱ་བར་དགོངས་སོ། །སྡིག་པ་བཤགས་པ་ལ་སོགས་པ་སྡུག་བསྔལ་ལས་ཐར་པའི་ཐབས་ཡིན་ནོ་ཞེས་བསྟན་
པའི་ཕྱིར། །སྨྲས་པ། བདག་ནི་མི་ཤེས་པའི་སོ་སོའི་སྐྱེ་བོ་ཉིད་ཡིན་པའི་ཕྱིར་རོ། །གཏི་མུག་པས་ཞེས་བྱ་བ་ནི་ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་དོར་བ་མི་ཤེས་པ་ཉིད་ཀྱི་ཕྱིར། ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་གང་ཡང་རུང་བ་བགྱིས་པ་རྣམས་ཡང་དང་ཡང་དུ་བྱས་པ་དང་།
རྗེས་སུ་ཡི་རང་བའི་བར་དུའོ། །རང་བཞིན་ནི་ངོ་བོ་ཉིད་ཀྱིས་གང་ཉོན་མོངས་པ་ཅན་ཉིད་ཡིན་པའི་ཕྱིར་ཁ་ན་མ་ཐོ་བའམ། གང་ཡང་ཉེས་དམིགས་སུ་གཟིགས་པ་ལས་ཉོན་མོངས་པ་ཅན་མ་ཡིན་དུ་ཟིན་ཀྱང་། བཅོམ་ལྡན་འདས་ཀྱིས་ཁ་ན་མ་ཐོ་བ་དང་བཅས་པར་མཛད་པ་དེ་ལྟ་ན། བཅས་པའི་
ཁ་ན་མ་ཐོ་བ་ཉིད་ཡིན་ནོ། །དེ་དག་ཐམས་ཅད་བཤགས་པར་བགྱི། །གང་ལ་ཞེ་ན། ཐམས་ཅད་དུ་ཐོགས་པ་མེད་པར་གཟིགས་པའི་མགོན་པོའི་སྤྱན་སྔར་མངོན་སུམ་དུ་འདུག་ནས། ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཡང་དང་
ཡང་དུ་བཤགས་པར་བྱ། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །ཐུགས་ཀྱིས་བཟོད་པར་མཛད་ནས་ཀྱང་། །ཐུགས་རྗེས་བདག་ལ་ནོངས་པ་བསལ་དུ་གསོལ། །ཡང་བྱེད་པ་ལ་བརྟེན་པའི་ཕྱིར། མགོན་པོ་འདི་ནི་བཟང་པོ་མ་ལགས་
པས། །སླན་ཅད་བདག་ནི་ཡོང་མི་བགྱིད། །ཡང་དང་ཡང་དུ་མི་བགྱིད་དོ། །སྡིག་པ་བཤགས་པ་ཕལ་ཆེ་བ་ཉིད་ཀྱི་ཕྱིར་སྡིག་པ་བཤགས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་ལེའུ་གཉིས་པའོ།། །།དེ་ལྟར་བདག་ཉིད་ལ་སྨད་
ཅིང་བཤགས་ནས་ཀྱང་བྱ་བ་འདོད་པའི་སྒོ་ནས་བསམ་པ་དང་སྦྱོར་བ་ཡོངས་སུ་སྦྱངས་ནས་མཆོད་པ་ལ་སོགས་པ་རྒྱས་སུ་ཟིན་ཀྱང་། ཡང་དགེ་བའི་རྗེས་སུ་ཡི་རང་བ་ལ་སོགས་པ་འཕེལ་བར་བྱེད་པ་གང་ཡིན་པ། སེམས་ཅན་ཀུན་གྱི་ངན་སོང་གི །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

འདིས་ནི་ངལ་སོ་བར་བྱེད་པས་ན་ངལ་བསོ་བའོ། །ངན་སོང་གི་སྡུག་བསྔལ་གྱིས་ངལ་བསོ་བ་ནི། ངན་སོང་གི་སྡུག་བསྔལ་ངལ་བསོ་བའོ། །སེམས་ཅན་རྣམས་ཀྱིས་བྱས་པའི་དགེ་བ་སྟེ། བསོད་ནམས་ཀྱི་ཚོགས་དེ་དང་། སྡུག་བསྔལ་ཅན་རྣམས་
བདེར་གནས་ལ། །མགུ་ཞིང་དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་ཏེ། ལུས་དང་ལྡན་པ་དག །འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་ལ་སྟེ། ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་ངོ་། །སྐྱོབ་པ་རྣམས་
ཀྱིས་ཏེ། དགེ་རྒྱུད་སྐྱོང་བར་མཛད་པའི་བྱང་ཆུབ་དང་། རྒྱལ་སྲས་ཉིད་དང་། ཚོགས་གཉིས་ལ་ཡང་རྗེས་སུ་ཡི་རང་ངོ་། །གོང་ནས་གོང་ན་ཁྱད་པར་དུ་འཕགས་པ་ནི་ཁྱད་པར་དུ་འཕགས་པ་བརྗོད་པའི་དོན་དུ། བྱང་ཆུབ་སེམས་དཔའ་དག་གིས་སྔར་བཤད་པ་སེམས་ཅན་ལ་ཕན་པ་
མཛད་པ་སྟེ། བྱང་ཆུབ་ཏུ་སྨོན་པའོ། །བདེ་བ་མཛད་པ་ཞེས་བྱ་བའི་གཞུང་ཡང་བདེ་བ་ཉིད་ཕན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པར་འཇུག་པའི་སེམས་ཡིན་ནོ། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། །ཞེས་བྱ་བ་སྟེ། ཚོགས་ཉིད་ཀྱི་རྒྱུ་ལ་དགའ་བས་རྗེས་སུ་
ཡི་རང་ངོ་། །ཇི་ལྟར་བརྒྱད་སྟོང་པ་ལས་རྗེས་སུ་ཡི་རང་བ་དེ་ལྟར་རྗེས་སུ་ཡི་རང་བར་བྱའོ། །རྗེས་སུ་ཡི་རང་བཤད་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་
རྨོངས་པས་དམྱལ་བ་ལ་སོགས་པའི། སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མ་སྦར་དུ་གསོལ། །གསོལ་བ་གདབ་པ་ནི། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་ནི་ལྡོངས་པར་མི་དགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་
པར་གསོལ། །ཞེས་བྱ་བ་སྨོས་སོ། །ཡོངས་སུ་བསྔོ་བ་ནི། དེ་ལྟར་ཀུན་བྱས་ཏེ་ཞེས་བྱ་བ་སྨོས་ཏེ། སྙིང་རྗེ་ཆེན་པོ་དང་། བྱམས་པ་དག་གིས་བདག་ཉིད་ཐམས་ཅད་སྦྱིན་པ་ཆེན་པོ་ཡིན་ནོ། །བྱང་ཆུབ་ཏུ་སྨོན་པའི་སེམས་ཀྱང་དེ་ཡིན་ཏེ། འཇུག་པའི་སེམས་ནི་དེ་སྔོན་དུ་འགྲོ་བ་ཅན་

ཉིད་ཡིན་པའི་ཕྱིར་རོ། །སྨོན་པ་དང་སྦྱིན་པ་ནི་ཡོངས་སུ་བསྔོ་བ་ཡང་ཡིན་ཏེ། སྨོན་པ་ཡོངས་སུ་བསྔོ་བར་མི་འགྱུར་བ་མ་ཡིན་ནོ། །གང་ཅུང་ཟད་མ་བྱས་པ་ཉིད་བྱས་པ་ཡིན་ནོ། །དེ་ལྟར་འདི་དག་ཀུན་བྱས་ཏེ་ཞེས་བྱ་བ་མཆོད་པ་ལ་སོགས་པ་ནས། གསོལ་བ་གདབ་པའི་མཐར་ཐུག་པ།
དགེ་བ་བདག་གིས་བསགས་པ་གང་། །ཐོབ་པ་གང་ཡིན་པ་དང་། དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག །ཅི་ལྟ་ཞེ་ན། འགྲོ་བ་ནད་པ་ཇི་སྙེད་ཀུན། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་
པར་ཤོག །གཞན་དག་ལ་ཡང་། ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་གནོད་པ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །ཟས་དང་སྐོམ་དེའི་རྒྱུར་གྱུར་ཅིག་པའོ། །བསྐལ་པ་འཇིག་པ་ན། མུ་གེའི་བསྐལ་པ་བར་མར་གྱུར་
པ་ནི་དེ་ལ་ཉེ་བར་མཚོན་པ་ཡིན་ཏེ། མཚོན་གྱི་བསྐལ་པ་བར་མའི་ཚེ། །མེ་ཏོག་གི་ཆར་དུ་གྱུར་ཅིག་ཅེས་བརྗོད་པར་བྱའོ། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །སྤྲུལ་པས་མདུན་ན་ཉེ་བར་གནས་གྱུར་
ཅིག །བདག་གི་ལུས་ནི་བདག་གི་དངོས་པོའི་དེ་བཞིན་ལོངས་སྤྱོད་པ་དང་ཞེས་བྱ་བ་ནི་ལོངས་སྤྱད་པར་བྱ་བ་ཡིན་པས་ན་ལོངས་སྤྱོད་དེ། ཆུང་མ་དང་། བྲན་དང་། ཕྱུགས་དང་། གསེར་དང་། ཁང་ཁྱིམ་ལ་སོགས་པའོ། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་
ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕོངས་པ་མེད་པར་བཏང་བ་ནི་ཡང་ཕྱིར་ལེན་པའི་བསམ་པ་མེད་པ་དང་། ལན་ལ་རེ་བའི་བསམ་པ་མེད་པས་ཁོ་བོས་གཏང་བར་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཀུན་གྱི་དོན་སྒྲུབ་པའི་ཕྱིར་རོ། །ཐམས་ཅད་གཏང་བས་མྱ་ངན་འདའ། །བདག་བློ་མྱ་
ངན་འདས་པ་བསྒྲུབ། །རང་དང་གཞན་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་བདག་གིས་ཐམས་ཅད་གཏང་བར་ཆབས་གཅིག་ལ། སེམས་ཅན་རྣམས་ལ་གཏང་བ་མཆོག །དེ་ལྟར་སྙིང་རྗེ་བསྟན་ནས་བྱམས་པ་ཡང་། །བདག་གིས་ལུས་ཅན་ཐམས་ཅད་

ལ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་བདག་སྟེ། ཉེ་བར་མཁོ་བ་སྦྱིན་པ་ཅན་གྱི་ཡིད་དང་། བདག་གི་ལུས་འདི་དག་གིས་ལུས་ཅན་ཐམས་ཅད་ལ། ཅི་བདེར་བྱིན་ཟིན་གྱིས་བདག་གི་ལུས་རྟག་ཏུ་གསོད་པ་སྟེ་བསྣུན་པའམ། བདག་ལ་སྨོད་པའམ་
བདག་ལ་བརྡེག་བཙོག་ཅི་དགར་བྱེད་པ་ལ་རག །ཕྱག་དར་གྱི་རྡུལ་ལ་སོགས་པས་འགོད་པར་བྱེད་པ་ལ་རག་གོ། །བདག་གི་ལུས་ལ་གཙེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང་། །དེ་ལ་བདག་ལུས་བྱིན་ཟིན་གྱིས། །འདི་ཡི་ཁ་དས་ཅི་ཞིག་བྱ། །བདག་ཉིད་ཀྱིར་གྱུར་
པས་སོ། །གཞན་ཡང་དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པ་བྱེད་དུ་ཆུག །གང་དེ་དག་འཆི་བ་ལ་སོགས་པའི་འཇིགས་པ་ཆེན་པོ་ཉེ་བར་གནས་པ་ཡོད་ན། དེ་བཟློག་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཁ་ན་མ་ཐོ་བ་མེད་པའི་ལས་བདག་ལ་བྱེད་དུ་ཆུག་ཅིག་ཅེས་བྱ་བའི་
དོན་ཏོ། །བདག་ལ་དམིགས་ནས་ནམ་དུ་ཡང་། །འགའ་ཡང་དོན་མེད་མ་གྱུར་ཅིག །འགའ་ཞིག་གི་ཚེ་ཡང་འགའ་ཞིག་ཀྱང་བདག་ལ་བརྟེན་ནས། དྲན་པ་ཙམ་དུ་ཡང་དོན་མེད་པར་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གི །ཁྲོ་བ་འམ་དད་པའི་སེམས་བྱུང་བ། །
དེ་ཉིད་རྟག་ཏུ་དེ་དག་གི །དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །བདག་ལ་གང་བརྫུན་གྱིས་སུན་འབྱིན་པར་བྱེད་པ་འམ། གཞན་གང་གནོད་པར་བྱེད་པ་འམ། དེ་བཞིན་ཕྱར་ཁ་གཏོང་བའང་རུང་། །སྐྱོན་གསལ་བར་བྱེད་པ་འང་རུང་། གཞན་དེ་
དག་ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །གཞན་ཡང་བདག་ནི་མགོན་མེད་རྣམས་ཀྱི་མགོན། །བདག་ནི་མགོན་པོ་སྐྱབས་ཉིད་དེ། །བདག་ནི་མགོན་མེད་རྣམས་ཀྱི་མགོན་ཏེ། ལམ་ཞུགས་རྣམས་དེ། ལམ་ལ་གནས་པ་རྣམས་ཀྱི་དེད་དཔོན་དང་། ཆུ་བོ་ལ་སོགས་པ་རྣམས་ཀྱི་ཕ་
རོལ་ཏུ་ཕྱིན་པར་འདོད་ཅིང་། རྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་བདག་གླིང་དང་། །གནས་མལ་འདོད་ལ་གནས་མལ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །འདོད་པ་

ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ནོར་བུ་དང་བུམ་པ་ནི། ཡིད་བཞིན་ནོར་བུ་བུམ་པ་བཟང་པོའོ། །ཀླག་པ་ཉིད་ལས་དོན་བྱེད་པ་ནི་རིག་སྔགས་གྲུབ་པའོ། །སྨན་དོན་ཆེན་པོ་བྱེད་པ་ནི། སྨན་ཆེན་དུ་གྱུར་ཅིག་པའོ། །ཇི་ལྟར་ཡོངས་སུ་བསམས་པའི་འབྲས་བུ་འབྱིན་པའི་
ཤིང་ནི། དཔག་བསམ་གྱི་ནི་ཤིང་དག་དང་། །ཇི་ལྟར་འདོད་པའི་དངོས་པོ་ཐམས་ཅད་འདོད་འཇོར་གྱུར་པ་དེ་ལྟར་ན། ལུས་ཅན་རྣམས་ལ་འདོད་འཇོར་གྱུར། །མདོར་བསྡུ་ན་ཇི་ལྟར་ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་མ་ལུས་པ་ན་གནས་པ་ཡི། །སེམས་ཅན་
དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །རྣམ་པ་མང་པོ་དག་གིས་སོ། །དེ་བཞིན་དུ་བདག་པོའི་དབང་གིས་སོ། །ནམ་མཁའི་མཐས་གཏུགས་པའི་རྒྱུན་རིངས་ཤིང་རྒྱ་ཆེ་བས་མཐའ་ཡས་པའི་སེམས་ཅན་ཁམས་ལ་རྣམ་ཀུན་དུ། རྣམ་པ་དུ་མས་སེམས་
ཅན་ཐམས་ཅད་མྱ་ངན་འདས་པར་དུ། བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མཆོད་པ་ལ་སོགས་པ་དང་། བྱང་ཆུབ་ཏུ་སྨོན་པའི་སེམས་ཀྱི་མཐར་ཐུག་པ་དཀའ་བ་དག་གིས་སྦྱོར་བ་
རྣམ་པར་དག་ཅིང་བསམ་པ་ཡོངས་སུ་རྒྱས་པ་ཡིན། སྡོམ་པ་ཡང་དག་པར་ལེན་པ་ནི་གང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ནི་འདིར་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ནོ། །དེ་ལྟར་ནི། བླ་མ་སྡོམ་ལ་གནས་ཤིང་
མཁས། །ནུས་དང་ལྡན་ལས་བླང་བར་བྱ། །དེ་འདྲ་བ་མི་རྙེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྡོམ་པ་མ་ལུས་པ་དང་ལྡན་པ། བྱང་ཆུབ་ཀྱི་མཐར་བྱོན་པ་ཐམས་ཅད་ལ། ཐོགས་པ་མེད་པའི་སྤྱན་མངའ་བས་མདུན་དུ་བལྟས་ལ། དེ་དག་ལས་དད་པའི་བྱ་བ་དྲག་པོ་
དང་། དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་དག་གིས་ཡང་དག་པར་བླང་བར་བྱའོ། །ཇི་སྐད་དུ་བཤད་པའི་མཆོད་པ་ལ་སོགས་པ་བྱས་ནས། ཚིགས་སུ་བཅད་པ་གཉིས་པོ་འདི་བརྗོད་པར་བྱའོ། །བླ་མ་རྙེད་ནས་ཡང་དེ་དང་དེ་དག་ལས་དེ་བཞིན་དུ་བྱས་ཏེ། ཚུལ་ཁྲིམས་ཀྱི་

ལེའུ་ལས་བཤད་པ་འམ། བསླབ་པ་ཀུན་ལས་བཏུས་ལས་བཤད་པའི་ཚོགས་ཡང་དག་པར་བླང་བར་བྱའོ། །དེ་ནི་ཙནྡན་གྱིས་བརླན་པའི་ཡན་ལག་དྲུག་དང་བཅས་པའི་ཟླ་བའི་ཟེར་དག་གིས་སྟོན་ཀའི་བསིལ་བའི་ཟླ་བའི་ཟེར་འབའ་ཞིག་བཞིན་ནོ། །
ཇི་ལྟར་རྣམ་པ་གང་གིས་སྔོན་གྱི་བདེ་གཤེགས་ཀྱི་བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། བདག་གི་གནས་སྐབས་འདི་ལྟ་བུར་གྱུར་པས་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །ཞེས་བྱ་བ་ལ་གནས་པ་ནི་རབ་ཏུ་ཞུགས་
པའོ། །དེ་བཞིན་འགྲོ་ལ་ཕན་དོན་དུ། །དེའི་རྒྱུ་མཚན་དུ་འཇུག་པའི་བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་སྟེ་མཐར་གྱིས་བསླབ་པར་བགྱི། དེ་ལྟར་མཆོད་པ་ལ་སོགས་པའི་སྦྱོར་བ་དང་། དངོས་གཞིའི་རྣམ་པ་དག་ཅིང་
རྒྱས་པ་དག་གིས་སྟོང་པ་ཉིད་དང་། སྙིང་རྗེའི་སྙིང་པོ་ཅན་བཟུང་བས་བློ་སྙིང་རྗེས་ནོན་པའོ། །འདི་ལ་ཡོད་པ་དང་མེད་པ་ལས་འདས་པའི་བློ་ཡོད་པས་ན་བློ་དང་ལྡན་པའོ། །ཅི་ཞིག་བཟུང་ནས་ཤེ་ན། བྱང་ཆུབ་སེམས་སོ། །ཅི་ལྟར་ཞེ་ན། རབ་དང་སྟེ་བསམ་པ་དག་པས་སོ། །
མཇུག་ཀྱང་རྒྱས་པ་སྟེ། སྦྱོར་བ་དང་དངོས་གཞི་རྒྱས་པ་ཉིད་ཡོད་པ་དེ་ལྟ་ན་ཡང་། ཡང་རྒྱས་པར་བྱ་བའི་ཕྱིར། སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །ཇི་ལྟར་གཟེངས་བསྟོད་པར་བྱ་ཞེ་ན། དེང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །འདི་
ལྟར་ཚུལ་ཁྲིམས་ཡང་དག་པར་བླངས་པས། མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ས་བཅུ་ལས་ས་དང་པོ་ལ་གནས་པ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན།
བདེན་ཏེ་དེར་ནི་ས་ཆེན་པོའི་རིགས་ལ་དགོངས་པ་ཡིན་ལ། སྔར་ནི་སངས་རྒྱས་ཉིད་ལ་མོས་པའི་རིགས་ལ་བརྡ་ཡང་དག་པར་ལེན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སྐྱེས་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །ནམ་མཁའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའི་

སྡོམ་པ་ཡང་དག་པར་ལེན་པ་ནི་འཕགས་པ་མ་ཡིན་པ་དག་ལ་ཡང་ཡོད་དོ་ཞེས་འབྱུང་སྟེ། རྙེད་པ་ལ་སོགས་པ་ལ་ཆགས་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །ས་བཅུ་ལས་ཀྱང་ས་དང་པོ་ལས་འགའ་ཞིག་ཀྱང་རྙེད་པ་དང་བཀུར་སྟི་ལྷག་པ་མི་འདོད་ཅེས་གསུངས་པའི་ཕྱིར་རོ། །
འཕགས་པ་ལ་ཡང་ལོག་པའི་འཚོ་བ་མི་མངའ་བའི་ཕྱིར་རོ་ཞེས་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང་རིགས་ཀྱི་བུ་མོ་ཞེས་གསུངས་ཏེ། བུད་མེད་ཉོན་མོངས་པའི་ཤས་ཆུང་བ་བྱང་ཆུབ་དོན་དུ་གཉེར་བ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པ་
དག་ལ་ཡང་བྱང་ཆུབ་ཀྱི་བར་དུ་སྡོམ་པ་འདི་སྐྱེ་བར་འགྱུར་ཞིང་། སྐྱེ་བ་གཞན་དག་ཏུ་ཡང་འགྱུར་རོ། །རྩ་བའི་ལྟུང་བ་འམ་འདིའི་སྡོམ་པ་ཞིག་ན་ཡང་དྲན་པ་སད་པར་བྱ་བའི་དོན་དུ་ཉིན་རེ་ཞིང་ལན་གསུམ་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ།
བདག་མིང་འདི་ཞེས་བགྱི་བའི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །ཡང་མི་བགྱིད་དོ་ཞེས་བྱ་བའི་བསམ་པས་ཡང་དག་པར་བླང་བར་བྱའོ། །སྤྱིར་སྡིག་པ་ཐམས་ཅད་བཤགས་པས་གཞན་ཡང་སྐྱེ་བ་གཞན་དུ་བྱས་པ་དང་། ལྟུང་བ་གཞན་དག་ལས་ཀྱང་
གྲོལ་ན་དྲི་མ་མེད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ནི་བདག་གིས་ཅི་ནས་ཀྱང་རིགས་དང་མཐུན་པའི་ལས་བརྩམས་ཏེ། སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བྱང་ཆུབ་སེམས་དེ་རྙེད་པར་དཀའོ། །
ཞེས་བསྟན་པའི་ཕྱིར། ལོང་བས་ཕྱག་དར་ཕུང་པོ་ལས། །ཕྱག་དར་ཁྲོད་ཀྱི་ཕུང་པོ་དག་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར་དེ་བཞིན་ཇི་ཞིག་ལྟར་སྟེས་ནས། བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །འདི་དོན་ཆེན་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འགྲོ་བའི་འཆི་བདག་
འཇོམས་བྱེད་པའི། །བདུད་རྩི་མཆོག་ཀྱང་འདི་ཡིན་ཏེ། །ཐ་དད་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ནོ། །ལོངས་སྤྱོད་ཆེན་པོ་མི་ཟད་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །

སྨན་གྱི་མཆོག་ཀྱང་འདི་ཡིན་ཏེ། །འདོད་པའི་ཁམས་སུ་བདག་ཉིད་ཀྱི་འདོད་པ་ཁྱད་པར་དུ་འཕགས་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །སྲིད་པ་ཉིད་ལམ་ཡིན་ཏེ། དེ་ལ་འཁྱམས་པ་ནི་རྒྱུ་བའོ། །དེས་དུབ་པ་ནི་འགྲོ་བའི་ངལ་བསོ་ལྗོན་ཤིང་ཡིན། །ལམ་
ཀའི་གྲིབ་མ་ཅན་གྱི་ཤིང་ཡིན་ཏེ། །གཟུགས་དང་གཟུགས་མེད་པ་དག་གི་ཁམས་དག་ཏུ་བདག་ཉིད་ཀྱི་དངོས་པོ་ཁྱད་པར་དུ་འཕགས་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །སྔར་བཤད་པའི་ཐར་པ་ལ་སོགས་པ་ཐམས་ཅད་དུ་འགྲོ་བའི་ངང་ཚུལ་ཅན་དུ་གང་ལ་ཡོད་པ་དེ་དག་ནི། འགྲོ་
བ་ཐམས་ཅད་ངན་འགྲོ་ལས། །གྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །སྤྱི་ནི་ཐུན་མོང་གིའོ། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །དེའི་ཉོན་མོངས་པའི་སྒྲིབ་པ་སྤོང་བར་བྱེད་པའི་དོན་ཅན་ཉིད་ཡིན་པའི་ཕྱིར། སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །
དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་རིགས་ཡོངས་སུ་སྨིན་པ་དང་། ཐར་པ་སངས་རྒྱས་ཉིད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་ཕན་པ་དང་། བདེ་བ་དང་། གཉི་གའི་དོན་དུ་ཞེས་བརྗོད་པར་འགྱུར་རོ། །དེ་བས་ན་དམ་
ཆོས་འོ་མ་སྟེ། འོ་མའི་རྒྱ་མཚོ་བསྲུབས་པ་ལས། །མར་གྱི་སྙིང་ཁུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་འདི་འབྱུང་བ་ཡིན་ནོ། །དེ་ལྟར་བདེ་བ་དང་། ཐར་པའི་རྒྱུ་ཉིད་ཡིན་ན་ཡང་། རེ་ཞིག་དང་པོར་བདེ་བ་ཉིད་དང་ལྡན་ནོ་ཞེས་གསུངས་པའི་ཕྱིར། འགྲོ་བའི་འགྲོན་པ་སྲིད་པའི་ལམ་རྒྱུ་
ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ཉིད་ལོངས་སྤྱོད་ཀྱི་འབྲས་བུ་ཉིད་ཡིན་པའི་ཕྱིར། བདེ་བའི་ལོངས་སྤྱོད་དོ། །དེ་ལོངས་སྤྱོད་པར་འདོད་པ་ནི་དེ་ལོངས་སྤྱོད་པར་འདོད་པའོ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །
གཏོང་བ་ཐམས་ཅད་ནི་ལོངས་སྤྱོད་མི་ཟད་པའི་དོན་ཉིད་ཡིན་པའི་ཕྱིར་རོ། །ད་ནི་གཟེངས་བསྟོད་པ་བསྐྱེད་ནས་མ་ལུས་པའི་མཇུག་སྡུད་པར་བྱེད་དོ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་

ལྷ་མིན་ལ་སོགས་དགའ་བར་གྱིས། །འདི་ནི་ཡང་དག་པར་ལེན་པ་དངོས་སུ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་ལེའུ་གསུམ་པའོ།། །།རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར། །མཆོད་པ་ལ་སོགས་པའི་ཚོགས་བྱང་ཆུབ་པའི་བར་དུ་
འཆི་བ་ན་ཡང་དོར་བ་མེད་པར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། ཅི་ཞིག་བྱ་ཞེ་ན། བསླབ་པར་བྱ་བ་ཡིན་པས་ན་བསླབ་པ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་ལ་ནན་ཏན་དུ་བྱ་བའོ། །དེའི་གནས་ལ་འདིར་བསླབ་པའི་ཚིག་གི་དོན་གྱིས་བསྟན་ཏོ། །དེ་ལ་གཡེལ་བ་མེད་པར་རྟག་
ཏུ་ཡང་། །བག་ཡོད་པས། བསླབ་ལས་མི་འདའ་འབད་པར་བྱ། །གཡེལ་བ་ནི་ལུས་ཀྱི་སྙོམ་ལས་ཀུན་ནས་བསླང་བའི་ལེ་ལོ་སྟེ་གཡེལ་བའོ། །འདི་ལ་གཡེལ་བ་སྐྱེ་བ་མེད་པས་ན། །གཡེལ་བ་མེད་པའོ། །འདི་ལ་སྤྱོད་པ་མི་འཇུག་ན་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར།
བབ་ཅོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བབ་ཅོལ་ཏེ་མ་དཔྱད་པར་བརྩམས་པ་གང་ཡིན་པ་འམ། དཔྱད་དུ་ཟིན་ཀྱང་། གང་ཞིག་ལེགས་པར་མ་བརྟགས་པ། །དེ་ནི་དམ་བཅའ་བྱས་གྱུར་ཀྱང་། །ཐེ་ཚོམ་ཟ་བས་ཁས་བླངས་སུ་ཟིན་ཀྱང་། །བྱ་འམ་གཏང་ཞེས་བརྟག་པའི་རིགས། །
འབད་པས་བརྩམ་པར་བྱ་བ་ཡིན་ནོ། །སངས་རྒྱས་རྣམས་དང་དེ་ཡི་སྲས། །ཤེས་རབ་ཆེན་པོས་གང་བརྟགས་ཤིང་། །བློ་གཞལ་དུ་མེད་པ་དང་། བྱམས་པ་ལ་སོགས་པ་བདག་གིས་ལེགས་པར་ཡོངས་སུ་བརྟགས་པ་དང་། བདག་ཉིད་ཀྱིས་ཀྱང་བརྟག་བརྟག་པ། །ཕན་པར་
བསམས་པ་ཙམ་གྱིས་ཀྱང་། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་བཤོལ་དུ་ཅི་ཞིག་ཡོད། །གལ་ཏེ་དེ་ལྟར་དམ་བཅས་ནས། །ཇི་སྐད་དུ་བཤད་ཇི་སྐད་དུ་བཟུང་བ་ཞེས་བྱ་བ་ལ་སོགས་པས་ལས་ཀྱིས་སྒྲུབ་པ་མ་བྱས་ན། དེ་དག་ཐམས་ཅད་ཀུན་བསླུས་ན། །སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་དང་། སེམས་ཅན་ཐམས་ཅད་ཀུན་བསླུས་ན། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །གཞན་འགའ་ཞིག་ཏུ་ཡང་མི་འགྱུར་རོ། །ཞེས་བྱ་བར་དགོངས་སོ། །དངོས་པོ་ཕལ་པ་ཅུང་ཟད་ལའང་། །ཡིད་ཀྱིས་སྦྱིན་ཞེས་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །

བསམས་པ་ཉིད་ཀྱིས་དམྱལ་བར་འགྱུར་རོ་ཞེས་བསྟན་པའི་དོན་ཏེ། དེ་དེ་ལྟར་ན་དངོས་པོ་ཉུང་ངུ་སྦྱིན་པར་བསམས་ནས་སྦྱིན་པར་མི་བྱེད་པ་དེ་ཡང་། ཡི་དགས་རྒྱུར་གསུངས་ན། བླ་ན་མེད་པའི་བདེ་བ་ལ་སྟེ། བདེ་བར་གཤེགས་པ་ཉིད་དང་། བར་དུ་བདེ་བ་
ཐམས་ཅད་ལ་འགྲོ་བ་མ་ལུས་པ་ལ་སོགས་པ། བསམ་པ་ཐག་པས་མགྲོན་གཉེར་ནས། །ཁྱད་པར་ཅན་གྱི་ཚིག་གིས་མགྲོན་དུ་བོས་ནས། གདོན་མི་ཟ་བར་བྱ་བ་ཉིད་ཀྱིས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་ག་འགྲོ་འགྱུར་རམ། །བདག་སྨད་པའི་འགྲོ་བ་
མནར་མེད་པར་འགྲོ་བར་འགྱུར་རོ། །ཆོས་སྡུད་པའི་མདོ་ལས། དངོས་པོ་ཕལ་པ་ཅུང་ཟད་ཙམ་ཆུང་ངུ་ཟིན་ཀྱང་དེ་ཡང་ཡི་དགས་སུ་འགྱུར་བར་གསུངས་སོ། །བསམ་པ་ཞེས་བྱ་བརྗོད་ཟིན་ཀྱང་། །ཡིད་ཀྱིས་ཞེས་བྱ་བ་སྨོས་པ་ནི། ལུས་དང་ངག་དང་བཅས་པ་ཡང་མནར་
མེད་པའི་འགྲོ་བ་ལས་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། བྱང་ཆུབ་རིང་དུ་བསྲིངས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འོ་ན་ཇི་ལྟར་ཆོས་སྡུད་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་གཏོང་བ་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་གཏོང་བ་བདེན་ཏེ། ཐབས་ཀྱིས་བཏང་དུ་ཟིན་ཀྱང་ཡང་དག་
པར་ལེན་པས། སེམས་ཅན་གྲོལ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། མི་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཚུལ་བསམ་གྱིས་མི་ཁྱབ་སྟེ། །རིགས་སྣ་ཚོགས་པ་ནི། ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །མི་གང་བྱང་ཆུབ་སེམས་གཏང་ཡང་། །སེམས་
ཅན་དེ་དག་ཐར་པར་མཛད་པ་སྟེ། །བྱང་ཆུབ་ཀྱི་སེམས་གཏང་ཡང་། སེམས་ཅན་གྲོལ་བར་བྱེད་པའི་ལས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་དེ་ནི་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་གྱི་ཁོ་བོས་ཤེས་པ་ནི་མ་ཡིན་ནོ། །དཀོན་མཆོག་བརྩེགས་པ་ལས། གང་ལས་འདིའི་བློ་ནི་ནུས་པ་མེད་
པ་དེ་ལ་དེ་བཞིན་གཤེགས་པ་ཉིད་ཚད་མར་གྱུར་པ་དེ་བཞིན་གཤེགས་པ་ཉིད་མཁྱེན་གྱི། ངས་ནི་མི་ཤེས་ཞེས་གསུངས་པ་ཡིན་ནོ། །འགྲོ་བ་ཐམས་ཅད་བསླུས་ན་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་

དཔའ་ལ་དེ་ཉིད་ཀྱིས། ལྟུང་བའི་ནང་ན་ལྕི་བ་སྟེ། །འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལ་དམན། །གང་གཞན་འགའ་ཞིག་འདི་ཡི་ནི། །བྱང་ཆུབ་སེམས་དཔའི་བསོད་ནམས་བར་ཆད་བགེགས་བྱེད་པ། སྒྲ་ལས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བགེགས་
བྱེད་པ་ལྟུང་བས་དེའི་གཞན། །དེ་ཡི་ངན་འགྲོ་མུ་མཐའ་མེད། །ངན་འགྲོ་དག་ཏུ་སྐྱེ་བ་བརྒྱུད་པའི་མཐའ་ཡོད་པ་མ་ཡིན་ནོ། །སེམས་ཅན་གཅིག་གི་བདེ་བ་ཡང་། །བཤིག་ན་བདག་ཉིད་ཉམས་འགྱུར་ན། །ངན་འགྲོའི་སྡུག་བསྔལ་གྱིས། ནམ་མཁའ་མ་ལུས་མཐའ་ཀླས་པའི། །
ལུས་ཅན་བདེ་བཤིག་སྨོས་ཅི་དགོས། །བདེ་བ་བཤིག་ན་ཆེས་ཉམས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་ཀྱི་བགེགས་བྱེད་པས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་ཉམས་པར་འགྱུར་བར་བྱས་པ་དེ་བས་ན། སེམས་ཅན་གྱི་དོན་གྱི་བགེགས་བྱེད་པ་དེའི་ངན་འགྲོ་བ་
མཐའ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་གང་ལྷུང་བར་འགྱུར་བ་ཡིན་ནོ། །ལྷག་པའི་བསམ་པས་བཤགས་པ་བྱས་ཤིང་སྡོམ་པ་གཏང་ནས་ཀྱང་ལེན་པར་བྱེད་པ་ཡིན་ཏེ། སངས་རྒྱས་པའི་ཆོས་འདུལ་བ་ནི་ངེས་པར་འབྱིན་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ། །ངན་སོང་གི་དེ་ལྟར་ལྟུང་
བའི་སྟོབས་ལྡན་དང་། བདེ་བར་གཤེགས་པའི། བྱང་ཆུབ་སེམས་སྟོབས་ལྡན་པ་དག །ལྟུང་བ་དང་ཀུན་ནས་ལྡང་བ་དག་གིས། འཁོར་བར་རེས་ཀྱིས་སྤྱོད་པ་ནི་རེས་ཀྱིས་འདྲེ་བར་བྱེད་ནའོ། །ས་ཐོབ་པ་ལ་སྟེ། བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ལ་སོགས་པ་ཐོབ་པ་ལ།
ཡུན་རིངས་ཐོགས་པར་འགྱུར་རོ། །ཐ་ན་དམ་བཅས་པ་མོས་པས་སྤྱོད་པའི་ས་ཐོབ་པ་ལ་ཡང་ངོ་། །དེ་ཐོབ་ན་ཡང་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །དེའི་ཕྱིར་དེ་བཞིན་དུ་བསླབ་པ་དེ་དག་ལ་བསླབ་པར་བྱ་བ་ཡིན་པ་དེ་ལྟར་ན། ཅི་ལྟར་དམ་བཅས་པ་ཡིན་པ་བཞིན་དུ། བདག་གིས་གུས་
པར་བསྒྲུབ་པར་བྱའོ། །གཡེལ་བ་མེད་པར་རྟག་ཏུ་བསླབ་པ་ལས་མི་འདའ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ནི་དེ་བས་བརྩོན་པར་མ་བྱས་ན། དེའི་འོག་ནས་ཏེ་ངན་སོང་ནས་སོ། །འོག་ཏུ་སྟེ་ངན་སོང་དུ་འགྲོ་བར་འགྱུར་ཏེ། ངན་འགྲོ་ཁོ་ནར་བརྒྱུད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།

སངས་རྒྱས་བཞུགས་པ་མ་ཡིན་ནམ་དེ་འོག་ནས་འོག་ཏུ་འགྲོ་བར་མི་འགྱུར་རོ་ཞེ་ན། སེམས་ཅན་ཐམས་ཅད་ཕན་མཛད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་གཞན་དྲུག་ཅུས་ཕྱིན་པ་ནི་གྲངས་ཡིན་ལ། བགྲང་བར་མི་ནུས་པ་ནི་གྲངས་མེད་པ་སྟེ། སེམས་
ཅན་ཕན་པར་མཛད་པ་ཡི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པ་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །བདག་དེ་དག་གིས་གསོ་བར་མ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ད་དུང་དེ་བཞིན་བདག་བྱེད་ན། །ཇི་ལྟར་བདག་སྔོན་གྱི་སྐྱེ་བར་བག་མེད་པར་
གྱུར་པས་ཡང་དང་ཡང་དུ་དེ་བཞིན་ཏེ། ངན་འགྲོ་དང་། བདེ་འགྲོ་དང་ནད་ལ་སོགས་པ་མྱོང་བར་འགྱུར་ཞིང་ཐོབ་པར་འགྱུར་རོ། །སངས་རྒྱས་བཞུགས་ན་ཡང་ཚོགས་པ་རྙེད་པར་དཀའོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །
མིའི་འགྲོ་བ་ཉིད་དང་། དགེ་གོམས་རུང་བ་དེ་ལྟ་བུར། །དཀོན་པ་ནམ་ཞིག་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གཞན་ཡང་ནད་མེད་ཉི་མ་འདི་ལྟ་བུ་ཞེས་བྱ་བ་ནི་མིའི་ལུས་ཉིད་དེ། འདི་ནད་མེད་པའི་ཉི་མ་ཡིན་པས་ན་ནད་མེད་ཉི་མའོ། །ཟས་བཅས་འཚོ་བ་མེད་ཀྱང་ནི། །ཚེ་ནི་
སྐད་ཅིག་སླུ་བ་སྟེ། །ལུས་ནི་ཐང་ཅིག་བརྙན་པོ་བཞིན། །བརྙན་པོ་བྱས་པའང་རྙེད་པར་འགྱུར་གྱིས། ཉེས་པར་སྤྱོད་པ་འང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་
ཞིག་ཅེས་བྱ་བ་སྨོས་ཏེ། དགེ་བ་ལས་ཀྱང་ངན་འགྲོ་འབྱུང་བར་འགྱུར་བ་མ་ཡིན་ཞེ་ན། དགེ་བ་མེད་ཅེས་བྱ་བ་སྨོས་ཏེ། མི་ལ་ཡང་དགེ་བ་གོམས་པ་ལས་བདེ་འགྲོར་འགྱུར་གྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་
མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ངན་སོང་དག་ཏུའོ། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་སྟེ། གཅིག་ལ་གཅིག་ཟ་ཞིང་དམྱལ་བའི་སྲུང་མ་སྡང་བ་ལ་སོགས་པ་འཕེལ་ཞིང་ཉེར་བསགས་ན། རེ་ཞིག་འདི་གཉིས་ཀྱིས་

ཀྱང་བདེ་འགྲོར་མི་འགྱུར་རོ། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །དཔེར་ན་དགེ་སློང་
དག་ས་ཆེན་པོ་འདི་རྒྱ་མཚོ་ཆེན་པོར་གྱུར་ཞིང་། དེ་ལ་གཉའ་ཤིང་བུ་ག་གཅིག་ཡོད་པ་རླུང་གིས་གཡེངས་ཤིང་འདི་ནས་བསྐྱོད་པ་དང་། རུས་སྦལ་ལོང་བ་གཅིག་ཅིག་ཡོད་ལ། རུས་སྦལ་དེ་ཡང་ལོ་བརྒྱ་བརྒྱ་ཞིང་མགྲིན་པ་འདེགས་པར་འགྱུར་ན། དགེ་སློང་དག་ཇི་སྙམ་དུ་སེམས།
རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གར་རུས་སྦལ་མགྲིན་པ་ཆུད་པ་རྙེད་པར་སླ་བ་ཡིན་ནམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་མི་ཉིད་ཤིན་ཏུ་ཐོབ་པར་དཀའ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པ་
འདི་དང་འདི་ཞེས་བསྟན་པའི་ཕྱིར། །སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །ཞེས་བྱ་བ་སྨོས་ཏེ། མཚམས་མེད་པ་ལ་སོགས་པས། བསྐལ་པར་མནར་མེད་གནས་འགྱུར་ན། འདུག་པར་འགྱུར་ན། ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །
སྒྲ་མི་ཐོས་པར་སྨོས་ཀྱང་ཅི་དགོས། དེ་ལྟར་ནི་འགྱུར་མོད་ཀྱི། སྡིག་པ་ཟད་པ་ལས་མནར་མེད་པ་ལས་ཐར་བར་འགྱུར་རོ་ཞེ་ན། སྡིག་པ་དེ་ཙམ་ཁོ་ན་མྱོང་གྱུར་ནས། །ཉམས་སུ་མྱོང་བ་མནར་མེད་པ་ལ་སོགས་པ་ལས་སེམས་དེ་ནི་རྣམ་ཐར་མི་འགྱུར་ཏེ། འདི་ལྟར་དེ་ནི་སྡིག་པ་མྱོང་བཞིན་
དུ། སྡིག་པ་གཞན་དག་རབ་ཏུ་སྐྱེ། །དེའི་ཕྱིར་དེ་ཉིད་ལས་དགེ་བ་བྱའོ། །དེ་ལྟ་མ་ཡིན་ན་འདི་ལས་བསླུས་པ་གཞན་མེད་དེ། འདི་ལས་རྨོངས་པའང་གཞན་མེད་དོ། །གང་ལས་ཤེ་ན། གལ་ཏེ་འདི་འདྲའི་ངལ་བ་རྙེད་གྱུར་ནས། བདག་གིས་དགེ་གོམས་མ་བྱས་པ་ལས་སོ། །དེའི་
ཕྱིར་གལ་ཏེ་བདག་གིས་དེ་རྟོགས་ནས། རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་ནའོ། །བསླབ་པ་འབད་རྩོལ་མི་བྱེད་ན། དེའི་ཚེ་འཆི་བར་འགྱུར་བའི་དུས་ཀྱི་ཚེ། མྱ་ངན་ཆེན་པོ་ལྡང་བར་འགྱུར། །ཅིའི་ཕྱིར་ཁྱོད་འདི་འདྲའི་ལས་བྱེད་ཅེས་ཡོངས་སུ་སྨྲ་བར་བྱེད་པ་ནའོ། །དམྱལ་བ་དག་ཏུ་ཡང་།

དམྱལ་མེ་བཟོད་དཀའ་ཡུན་རིང་དུ། །བདག་གི་ལུས་ནི་བསྲེགས་གྱུར་ན། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། ལུས་ཅན་གཞན་དང་དུད་འགྲོ་དག་ན་དུད་འགྲོ་རྣམས་ཟ་བར་བྱེད་པ་ན་ངན་སོང་དེ་ལ་རྣམ་པ་འགའ་ཞིག་ལྷར་འཕོས་ཤིང་བདེ་འགྲོར་སྐྱེ་ན་ནི། སྡིག་
པའི་རྒྱུ་མཐུན་པའི་ཤེས་པས་གདུངས་ཤིང་ཕྱིས་འགྱོད་པ་མི་བཟོད་མེ་འབར་བས། དུས་ཕྱིས་མི་བཟད་པའི་མེས། ཡུན་རིང་སེམས་གདུངས་གདོན་མི་ཟ། །བདག་དེང་བསླབ་པ་དག་ལ་མི་སློབ་པའོ། །གཞན་ཡང་ཤིན་ཏུ་རྙེད་དཀའ་ཕན་པའི་ས། །བདེ་འགྲོ་དག་གིས་ཅི་ཞིག་
ལྟར་སྟེས་རྙེད་གྱུར་ནས་སོ། །དེ་ལྟར་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པས། བདག་ཉིད་ཤེས་དང་ལྡན་བཞིན་དུ། །སྡིག་པས་སྤྱིར་ཡང་དམྱལ་བ་དེར་ཁྲིད་ནའོ། །རྨོངས་པས་སྡིག་པ་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
བདག་ལ་འདིར་ཏེ། ཕན་པའི་སར་བསླབ་པ་དག་ལ་སློབ་པའོ། །སེམས་མེད་དུ་ཟད་དེ། འདི་ལྟར་བདག་འགའ་ཞིག་སྔགས་ཀྱིས་རྨོངས་པར་བྱེད་པ་བཞིན། རྒྱུ་ཅིས་རྨོངས་པ་བདག་ཀྱང་མ་ཤེས་ཏེ། བདག་གི་ལུས་ཀྱི་ཁོང་ན་ཅི་ཞིག་ཡོད། སྲེད་པ་ལ་སོགས་པ་ཞེས་བྱ་
བའོ། །ཞེ་སྡང་སྲེད་སོགས་དགྲ་རྣམས་ལ། །རྐང་ལག་ལ་སོགས་ཡོད་མིན་ཏེ། །གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །དཔའ་མིན་ཏེ་བརྩོན་འགྲུས་ནི་དགེ་བའི་ས་ཆེན་པོ་པ་ཡིན་པའི་ཕྱིར་རོ། །སྲེད་པ་ལ་སོགས་པ་ནི་མི་དགེ་བ་ཉིད་ཡིན་པའི་ཕྱིར་ཏེ། བརྩོན་འགྲུས་དང་
མཚུངས་པར་ལྡན་པ་ཉིད་མེད་པའི་ཕྱིར་རོ། །མཛངས་མིན་ཏེ། རྨོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཅི་ཞིག་ལྟར་དེ་དག་བདག་བྲན་བཞིན་བྱས། སྲེད་པ་དང་ཞེ་སྡང་ལ་སོགས་པའི་དགྲ་རྣམས་ཀྱིས་སོ། །དེ་དག་ནི་རྨོངས་པའི་རྒྱུ་ཡིན་ལ། སྔར་སྐྱེས་པའི་
རྨོངས་པ་ཡང་དེ་དག་གི་རྒྱུ་ཡིན་ནོ། །སྔར་སྐྱེས་པ་དེ་ལྟ་ན་བདག་བྲན་དུ་བྱས་པ་ཡིན་ནོ། །འདི་ལྟར་བདག་གི་སེམས་ལ་གནས་བཞིན་དུ། དགའ་མགུར་བདག་ལ་གནོད་བྱེད་པ། །དེ་ལ་མི་ཁྲོ་བཟོད་པ་ནི། །འདིར་བཟོད་པ་ཤིན་ཏུ་སྨད་པ་བསྟན་པའི་ཕྱིར། གནས་མིན་

བཟོད་པ་སྨད་པའི་གནས། །ཞེས་བྱ་བ་སྨོས་སོ། །དེང་ནི་མཚོན་ལ་སོགས་པས་གནོད་པ་ལྟར་བཟོད་པར་ནུས་ཞེས་བསྟན་པའི་ཕྱིར། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་འཇུག་ཅིང་འཁྲིད་མི་ནུས། །
མེ་ཅི་འདྲ་བ་ཞིག་ཅེ་ན། ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་སྟེ། གང་དང་འབྲེལ་པ་ལས། རི་རབ་ཀྱང་ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །དེ་ལྟར་ཉོན་མོངས་པའི་དགྲ་སྟོབས་དང་ལྡན་པ་ཡིན་ནོ། །སྟོབས་དང་ལྡན་པ་འབའ་ཞིག་
དུ་མ་ཟད་དེ། ཡུན་ཡང་ཤིན་ཏུ་རིང་བ་ཡིན་ཏེ། བདག་གི་ཉོན་མོངས་དགྲ་བོ་གང་། །དུས་རིང་ཐོག་མཐའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཚེ་རིང་ཐུབ་པ་མ་ཡིན་ནོ། །འོན་ཀྱང་དེ་དག་རྗེས་སུ་མཐུན་པར་བརྟེན་པར་བྱ་བ་ཡིན་ནོ་སྙམ་ན། སྨྲས་པ། མཐུན་པར་རིམ་
གྲོ་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ནའོ། །ཉོན་མོངས་འདི་རྣམས་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། །འཁོར་བར་དགའ་བ་དང་བདེ་བའི་རྒྱུ་ཡང་ཡིན་ལ། འདི་ལ་མཐུན་པར་བསྟེན་པར་བྱ་བ་མ་ཡིན་ནོ་ཞེ་ན། དེ་ལྟར་ཡུན་རིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེ་ལྟར་བཤད་པའི་ཚུལ་གྱིས། ཡུན་རིངས་རྒྱུན་ཆགས་ཏེ། ཐོག་མ་མེད་པའི་དུས་ནས་དགྲར་གྱུར་པ་དག་ནི། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པའོ། །གནོད་པའི་ཚོགས་ནི་གནོད་པའི་ཚོགས་སོ། །དེ་རབ་ཏུ་འཕེལ་བའི་ཕྱིར། དེ་རྒྱུ་གཅིག་པུ་ཡིན་པ་དེ་ལྟ་ན། གནོད་པའི་ཚོགས་
རྣམས་འཕེལ་བའི་རྒྱུ་གཅིག་པུའོ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། བསྟེན་པར་བྱེད་ན་ཡིད་བདེ་བར་ཇི་ལྟར་འགྱུར། ཇི་ལྟར་བདེ་བར་འགྱུར་ཞེས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་འཁོར་བའི་བཙོན་རའི་སྲུང་མ་སྟེ། དམྱལ་སོགས་
སུ་གསོད་པར་བྱེད་པའི་གཤེད་མ་ཡིན། སྡོམ་བརྩོན་སེང་གེ་འཆོར་བའི་ལྕགས་གཟེབ་ལྟ་བུར་སེམས་ཀྱི་ཁང་པ་ལྕགས་ཀྱི་གཟེབ་ལྟ་བུར་སེམས་ནི་བློ་ཡིན་ལ་ཁང་པ་ནི་ཁྱིམ་ཡིན་ཏེ། དེར་གལ་ཏེ་གནས་ན་ག་ལ་བདེ། ལུས་ཀྱི་ཡང་ངོ་། །དེ་བས་ན་དེ་དག་ནི་རྣམ་པ་ཐམས་ཅད་དུ་དོན་མེད་

པའི་རྒྱུ་ཡིན་ནོ། །དེ་ལྟར་ཇི་སྲིད་བདག་གིས་དགྲ་འདི་མངོན་སུམ་དུ། ཤིན་ཏུ་ངེས་པར་མ་བཅོམ་བདག་དེ་སྲིད་བདག་འདིར་ཏེ། འདི་འགྲོ་འམ་ཉོན་མོངས་པ་བཅོམ་པ་ལའོ། །བརྩོན་མི་འདོར་ཞེས་བྱ་བ་ནི་བརྩོན་པ་སྤོང་བར་མི་བྱེད་པའོ། །རེ་ཞིག་གནོད་བྱེད་ཆུང་ངུ་
ལའང་ཁྲོས་གྱུར་པའི། །ང་རྒྱལ་བདོ་རྣམས་དེ་མ་བཅོམ་པར་གཉིད་མི་འོང་། །འཇིག་པ་ལ་རྒྱུ་མེད་པའི་ཕྱིར། །རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་སྡུག་བསྔལ་འགྱུར་བའི་ཉོན་མོངས་དག །གཡུལ་ངོར་དངར་ཚེ་ནན་གྱིས་གཞོམ་པར་འདོད་པ་ཡང་། གཏུམ་ཞིང་དྲག་པ་ཡང་། མདའ་མདུང་མཚོན་
གྱིས་ཕོག་པའི་སྡུག་བསྔལ་ཁྱད་བསད་ནས། །དོན་མ་གྲུབ་པར་ཕྱིར་ཕྱོགས་འབྱེར་བར་མི་བྱེད་ན། །རྟག་ཏུ་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ། །རང་བཞིན་དགྲ་སྟེ། ཉོན་མོངས་པ་དག་དེས་གཞོམ་བརྩོན་པ་བདག་ལ་དེང་། །སྡུག་བསྔལ་བརྒྱ་ཕྲག་རྒྱུར་གྱུར་གང་གིས་ཀྱང་། །ཡི་
ཆད་སྒྱིད་ལུག་མི་འགྱུར་སྨོས་ཅི་དགོས། །སྡུག་བསྔལ་གྱི་རྒྱུ་དེ་དག་གིས་སྒྱིད་ལུག་པར་འགྱུར་རོ་སྙམ་ན། སྨྲས་པ། དོན་མེད་པ་ནི་འབྲས་བུ་མེད་པ་ཉིད་ཡིན་ཏེ། འབྲས་བུ་ཆུང་བ་ཉིད་ཀྱི་ཕྱིར་རོ། །དགྲ་ཡིས་རྨ་སྲོལ་བཏོད་པའི་དགྲ་བོས་རྨ་སྲོལ་ཞིང་བཏོད་པ་ཡང་། ལུས་ལ་རྒྱན་
དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་བསྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ། །བདག་ལ་སྡུག་བསྔལ་ཅི་ཕྱིར་གནོད་བྱེད་ཡིན། །དེ་བཞིན་ཉ་བ་གདོལ་པ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང་། །གྲང་དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་བ་བདེ་ཕྱིར་
བདག་ལྟ་ཅིས་མི་བཟོད། །འོན་ཀྱང་བཟོད་པ་ཁོ་ནའི་དེ་ལྟ་མ་ཡིན་ན། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པ་ནི། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་སྟེ། སེམས་ཅན་གྱི་ཁམས་མཐའ་མེད་པ་སྟེ། ཉོན་མོངས་དགྲ་ལས་གྲོལ་བར་དམ་བཅའ་གང་ཚེ་བདག་
ཉིད་ཀྱང་། །ཉོན་མོངས་རྣམས་ལས་མ་གྲོལ་བར། །བདག་གི་ཚོད་ཀྱང་མི་ཤེས་པར་དེའི་ཚེ། སྨྲ་བ་ཇི་ལྟར་སྨྱོན་པ་མིན། །དེ་ཕྱིར་ཉོན་མོངས་གཞོམ་པ་ལ། །རྟག་ཏུ་ཕྱིར་མི་ལྡོག་པར་བྱ། །ཉོན་མོངས་པ་སྤོང་བ་འདི་ལ་རྟག་ཏུ་ཞེན་པར་བྱའོ། །ཕྱིར་ལྡོག་ན་ཞེན་པར་མི་འགྱུར་

ཞིང་། སྐད་ཅིག་ཞེན་པ་ཡང་ཕྱིར་མི་ལྡོག་པར་འགྱུར། གཡུལ་འགྱེད་པ་ན་ཉོན་མོངས་པ་སྤོང་བར་ནུས་པ་སྟེ། གཉེན་པོའི་ཕྱོགས་རྣམས་ཀྱིས་རེ་རེ་ཞིང་རྣམ་པ་དགུ་པོ་དེ་དག་ལ་བག་ཡོད་པ་མ་ཡིན་ནོ། །སྣུན་པར་བྱེད་པ་དག་དབང་དུ་བྱེད་པ་ལ། ལེགས་པར་བསླབས་པ་ཉིད་ཀྱི་ཕྱིར།
སྐད་ཅིག་གཡུལ་འགྱེད་པར་གྱུར་པ་ཡིན་གྱི། འཁོན་དུ་བཟུང་བའི་མ་ཡིན་ནོ། །ཁོ་བོ་འདིར་འཁོན་དུ་བཟུང་བ་དང་། གཡུལ་སྤྲོད་པར་འདོད་པར་འགྱུར་རོ། །རྒྱུད་གཞན་གྱི་ཉོན་མོངས་པ་བཅོམ་པ་ལ་ཡང་འཁོར་བ་ལ་འཁོན་དུ་བཟུང་བས། ཉོན་མོངས་པ་ཐམས་ཅད་
བཅོམ་པ་མ་ཡིན་གྱི། འོན་ཀྱང་དེ་དང་གཡུལ་སྤྲོད་པ་ན། ཉོན་མོངས་པ་དང་འདྲེ་བས་ཉོན་མོངས་པའི་ནང་ནས་ང་རྒྱལ་ལ་སོགས་པ་འཆད་པར་འགྱུར་བའི་ཉོན་མོངས་པ་ལས་གཞན་དུ་སྟེ། གཞན་དུ་ཉོན་མོངས་པ་གཞོམ་པ་ལ་ཉོན་མོངས་པ་འཇོམས་པར་བྱེད་པ་གཞག །གང་
དག་ང་རྒྱལ་དགྲ་ལས་རྒྱལ་བར་བྱ་ཕྱིར་ང་རྒྱལ་བརྟེན་ཅེས་བྱ་བ་དང་། དེ་བཞིན་དུ་ཉིས་ན་ཞེ་སྡང་ལ་ཁྲོ་རིགས་ཞེས་བྱ་བས་འཆད་པར་འགྱུར་རོ། །དེ་ནི་བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླའི། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་
བྱའོ། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི་དགྲ་རྣམས་ལའོ། །ཉོན་མོངས་པ་དག་ལ་ཁྲོ་བར་གྱུར་པ་ན། ཉོན་མོངས་པ་འདི་ནི་དེ་འདྲ་བའི་དགྲ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི། །ཡུལ་གཞན་དག་ཏུ་གནས་ཤིང་ཡོངས་བཟུང་ནས། །གནས་གང་ནས་
ནུས་པ་བརྟས་ནས་དེ་ནས་ཕྱིར་ལྡོག་གི །ཉོན་མོངས་དགྲ་ཚུལ་དེ་དང་འདྲ་བ་མ་ཡིན། ཞེས་སྨོས་སོ། །སེམས་ནི་འདི་ལྟར། བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང་། །བློ་ཞན་བདག་ལ་བརྩོན་པ་མེད་པར་ཟད། །ཉོན་མོངས་ཉོན་
མོངས་ཤེས་རབ་མིག་གིས་སྤང་། །ཤེས་རབ་ཉིད་མིག་ཡིན་ཏེ། དེས་སྤང་བར་བྱ་བ་ཡིན་པས་ན། ཤེས་རབ་ཀྱི་མིག་ཉིད་མིག་ཡིན་ཏེ། ཉོན་མོངས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤེས་རབ་ཀྱིས་བལྟས་ནས་སྤང་བར་བྱ་ཞེ་ན། ཉོན་མོངས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

ཉོན་མོངས་པ་རྣམས་ནི་ཡུལ་ན་མི་གནས་ཏེ། ཀུན་ཏུ་རྟོག་པ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དང་། ཀུན་ཏུ་རྟོག་པ་ལ་ཡང་ཡུལ་མེད་པ་ཉིད་ཀྱི་ཕྱིར་དང་ཉོན་མོངས་པ་རྣམས་ནི་གཟུགས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་དང་། རྟེན་དང་བརྟེན་པ་ཉིད་མི་རུང་བའི་ཕྱིར་རོ། །དེ་ཉིད་ཀྱི་
དབང་ཚོགས་ལ་མིན་ཏེ། མིག་ལ་སོགས་པ་མ་ཡིན་ནོ། །བར་ན་ཡང་མིན་ཏེ། བར་ན་གནས་པ་ཡང་མ་ཡིན་ནོ། །དེ་ལས་གཞན་ན་མིན་ན། འདི་དག་གལ་ཏེ་གང་དུ་གནས་ཤིང་འགྲོ་བ་ཀུན་གནོད་བྱེད། དེ་ཡོད་པ་ཉིད་ནི་སྐད་ཅིག་ཉིད་ཡིན་པའི་ཕྱིར་རོ། །སྐད་ཅིག་གཅིག་
པར་བདག་ཉིད་ཐམས་ཅད་འཇིག་པ་མེད་པ་ཡིན་ལ། མེད་པ་སྐྱེ་བར་བྱེད་པའི་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འདི་ནི་སྒྱུ་འདྲ་ཞེས་བྱ་བ་སྨོས་སོ། །འདི་ཐམས་ཅད་ནི་བརྫུན་པ་ཡིན་པ་དེའི་ཕྱིར། ཉོན་མོངས་པ་ལས། སྙིང་ལ་འཇིགས་པ་སྤོངས་ཤེས་ཕྱིར། ཀུན་རྫོབ་ཏུ་
ཡང་བརྩོན་པ་བསྟེན་ཞེས་བྱ་བ་ནི། བསླབ་པ་ལས་མི་འདའ་བར་བརྩོན་པའོ། །ཤེས་ཕྱིར་ནི་ཤེས་རབ་ཕུལ་དུ་བྱུང་བའི་དོན་དུའོ། །དོན་མེད་ཉིད་དུ་ཞེས་བྱ་བ་ནི་སྐབས་མེད་པ་ཉིད་དུ་སྟེ། བདག་ལ་ནི་དམྱལ་བ་ནི་མི་ཆུང་བ་རྣམས་སུ་ཅི་སྟེ་གནོད་པ་བྱེད། ཐབས་དང་ཤེས་རབ་དང་སྙིང་རྗེ་ཆེན་པོ་
དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་པདྨའི་ནགས་ཀྱི་ངང་པ་བཞིན་དུ་མནར་མེད་པར་སྐྱེ་བ་ཞེས་པ་ལྟ་བུའོ། །དེ་ལྟར་རྣམ་བསམས་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བའི་ཕྱིར་སྨྲས་པ། དེ་ལྟར་ནི་བབ་ཅོལ་བརྩམ་པ་གང་ཡིན་པའམ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་རྣམ་པར་བསམས་པ་ལ།
ཅི་སྐད་བཤད་པའི་བསླབ་པ་བསྒྲུབ་པའི་ཆེད་དུ་འབད་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསླབ་པ་དེ་ལ་བསྒྲུབ་པ་དེའི་དོན་དུ་ཇི་སྐད་བཤད་པའི་བསླབ་པ་ནི་བསླབ་པ་བསྒྲུབ་པའི་ཆེད་དུ་བག་ཡོད་པས་འབད་པར་བྱའོ། །འཇིག་རྟེན་ན་ཡང་སྨན་པའི་ཚིག་མ་
མཉན་ན་སྨན་དག་གིས། །བཅོས་དགོས་ནད་པ་སོས་པ་ག་ལ་ཡོད། །ནད་མེད་པ་ཉིད་ཅེས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས། བྱང་ཆུབ་ཀྱི་སེམས་ལ་བག་ཡོད་པ་བསྟན་པ་སྟེ་ལེའུ་བཞི་པའོ།། །།འབད་པས་ཅི་ཞིག་བྱ་ཞེ་ན། བསླབ་པ་

བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། ཞེས་བྱ་བ་སྨོས་ཏེ། དྲན་པ་དང་ཤེས་བཞིན་དག་གིས་རབ་ཏུ་བསྒྲིམས་ནས་བསྲུང་བར་བྱའི་དེ་ལྟ་མ་ཡིན་ན། སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །འདི་ལྟར་སེམས་ཀྱི་གླང་པོ་ཡན་བཏང་
བས། །མནར་མེད་གནོད་པ་བྱེད་པ་ལྟར། །དམྱལ་བ་དེའི་རྒྱུས་ངན་སོང་དུ་འཇུག་པར་བྱེད་པ་ལྟར། །གླང་ཆེན་མ་དུལ་མྱོས་པ་ཡིས། །གླང་པོ་ཆེ་མྱོས་པ་འདུལ་སྦྱོང་མ་བྱས་པ་བཏང་བས་ཀྱང་སྐྱེ་བ་འདི་ལ་མི་རྣམས་ལ། དེ་འདྲའི་གནོད་པ་མི་བྱེད་དོ། །ཀུན་ནས་དྲན་པའི་ཐག་པ་ཡིས། །
སེམས་ཀྱི་གླང་ཆེན་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །གང་གི་ཕྱིར། སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ་རྣམས་ཐམས་ཅད་དང་། །དམྱལ་བའི་སྲུང་མ་ཐམས་ཅད་དང་། །བྱད་མ་དེ་བཞིན་སྲིན་པོ་རྣམས། །དྲན་
པས་སེམས་འདི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་ནི་གཅིག་པུ་འདུལ་བ་ཡིས། །ཤེས་བཞིན་གྱིས་དེ་དག་ཐམས་ཅད་ཐུལ་བར་འགྱུར། དེ་ཡང་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིགས་པ་ཐམས་ཅད་དང་། །སྡུག་བསྔལ་དཔག་ཏུ་མེད་པ་
ཡང་། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་བ་ཉིད་ཀྱིས་བསྟན། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སེམས་སྔོན་དུ་སོང་བ་ཙམ་དུ་ཡིན་ནོ་ཞེས་བྱ་བ་ནས། འོན་ཀྱང་སེམས་ཉིད་དབང་དུ་གྱུར་ན་ཆོས་
ཐམས་ཅད་དབང་དུ་འགྱུར་རོ་ཞེས་བྱ་བའི་བར་དང་། ཆོས་སྡུད་པའི་མདོ་ལས་ཀྱང་། ཆོས་ཐམས་ཅད་ནི་སེམས་ལ་རག་ལས་པ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་པ་
ཡིན་ནོ་ཞེས་བྱ་བ་དང་། འཇིག་རྟེན་སྣ་ཚོགས་ནི་ལས་ལས་སྐྱེས་པ་ཡིན་ཞིང་། ལས་ཀྱང་དངོས་སུ་སེམས་པ་ཡིན་ནོ་ཞེས་གསུངས་སོ། །ས་བཅུ་པ་ལས་ཀྱང་ཁམས་གསུམ་པོ་ནི་སེམས་ཞེས་འབྱུང་ངོ་། །འདི་དེ་དེ་ལྟ་བུའི་རྣམ་པ་ཅན་ཡིན་གྱི། གཞན་དུ་ནི་སྤུ་གྲིའི་ནགས་ལ་སོགས་པ།

སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །དབང་ཕྱུག་ལ་སོགས་པ་ནི་འགོག་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ལྕགས་བསྲེགས་ས་གཞི་སྟེ། ལྕགས་ཀྱི་ས་གཞི་བསྲེགས་པར་གྱུར་པ་འབད་རྩོལ་དག་གིས་སུ་ཡིས་བྱས།
རབ་ཏུ་ཚ་ཞིང་ཆུ་ལན་ཚྭ་ཅན་གྱི་ཆུ་བོ་རབ་མེད་ན་བུད་མེད་ལྕགས་ཀྱི་ལུས་ཅན་གྱིས་གཞན་གྱི་ཆུང་མ་ལ་འཇུག་པ་ལ་འཁྱུད་ཅིང་བསྣུན་ཅིང་ཟ་བར་བྱེད་པ་འམ། སེན་མོས་གཏུབས་པར་བྱེད་པ་གང་ཡིན་པ་འམ། ཡང་འཚོ་བ་ལ་འཕོ་བར་བྱེད་བྱེད་ཀྱི། འོན་ཀྱང་སྡུག་བསྔལ་དྲག་པོ་མྱོང་བར་བྱེད་པའི་
མེ་ཚོགས་དེ་དག་ཅི་ལས་སྐྱེས། བུད་མེད་དེ་དག་ཅི་ལས་སྐྱེས། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་གསུམ་པོ་ན། སེམས་ལས་འཇིགས་པ་
གཞན་གང་མེད། །སེམས་ཉིད་འཇིགས་པ་དང་འཇིགས་པར་བྱེད་པ་ཡིན་ནོ། །དེ་བཅིངས་ན་འཇིགས་པ་ཐམས་ཅད་མེད་པར་འགྱུར་རོ། །ཇི་ལྟར་ཐམས་ཅད་དགེ་བར་འགྱུར་ཞེ་ན། གལ་ཏེ་འགྲོ་བ་དབུལ་བོར་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པས་ན་
ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་དངོས་པོ་ནི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་བར་དུའོ། །དེ་ལ་གལ་ཏེ་འགྲོ་བ་དབུལ་བོར་ནས། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ནའོ། །འོ་ན་དེ་ལྟ་ན་ནི་ད་རུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །འོ་ན་
དེ་ཅིའི་ཕྱིར་ཞེ་ན། བདོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །དུས་གསུམ་གྱི་ཆོས་དང་། མི་འཇིགས་པ་དང་། ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཀྱིས་སེམས་ནི་གཏོང་བ་ཐམས་ཅད་ཀྱི་སེམས་ཡིན་ནོ། །དེའི་ཕྱིར་སྐྱེ་བོ་ཀུན་ལ་གཏང་སེམས་ཀྱིས། །
འབྲས་བུ་དང་བཅས་པར་འཇུག་པའི་ཕྱིར། འཕགས་པ་བློ་གྲོས་མི་ཟད་པ་ལས། སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ཕྱིར་དེ་ནི་སེམས་ཉིད་དོ། །ཆོས་སེམས་པའི་ཀ་བ་ཆེན་པོ་ལ་དྲན་པའི་ཐག་པས་ཀུན་ནས་བཏགས་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་དགེ་བའི་སེམས་

ཉིད་ཡིན་པའི་ཕྱིར། ཉ་པ་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། ཉ་ནི་སྲོག་ཆགས་ཉེ་བར་མཚོན་པའོ། །སོགས་པའི་སྒྲས་ནི་གཞན་གྱི་བུད་མེད་དང་ནོར་ལ་སོགས་པ་གཟུང་ངོ་། །ཐག་ཉེ་བ་ན་ཡོད་ན་ཡང་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བར་བསྐྲད། །དེ་དག་ཉ་པ་ལ་སོགས་པའི་
སྲོག་ཆགས་སོ། །ཐམས་ཅད་ཀྱང་ལས་ཀྱི་དབང་གིས་ཡུལ་ལ་སོགས་པ་ངེས་པ་ཡིན་གྱི། འགའ་ཞིག་ཏུ་ཡང་བསྐྲད་པར་ནུས་པ་མ་ཡིན་ནོ། །གསོད་པ་ཞེས་བྱ་བ་ནི་འཕྲོག་པ་དང་། ལེན་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་མཚོན་པ་ཡིན་ནོ། །གཞན་ལས་ཡང་དག་པར་བླངས་པའི་
ཕྱིར། འཚེ་བ་ལ་སོགས་པ་ཐམས་ཅད་ལས་སྤོང་བའི་སེམས་ནི་ཐོབ་པ་ལས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། དགེ་བ་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་པའི་སེམས་ཀྱི་དྲན་པས་བཅིངས་ན། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །སྦྱིན་པ་སྔོན་དུ་སོང་བ་
ཅན་ནི། ཚུལ་ཁྲིམས་ཡང་དག་པར་ལེན་པ་ཡིན་ལ། དེ་ནས་བཟོད་པ་ཡིན་པ་དེ་ལྟར་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི། སེམས་ཅན་མི་སྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡང་མི་ལང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པ་དང་ཤེས་བཞིན་དག་གི་ཞགས་
པ་དང་རལ་གྲི་དག་གིས་ཁྲོ་བའི་སེམས་དགྲ་བོ་དྲངས་ཏེ་བསྣུན་ཅིང་བཅོམ་ན། དགྲ་བོ་ཐམས་ཅད་ཆོམས་དང་འདྲ། །ཀུན་ཏུ་རྟོག་པ་ལས་སྐྱེས་པའི་དགྲ་བོ་ཞེ་སྡང་དེ་མེད་པའི་ཕྱིར་མེད་པར་འགྱུར་རོ། །འདིར་དཔེ་ནི། ས་སྟེངས་འདི་དག་ཀོས་གཡོགས་སུ། །དེ་སྙེད་ཀོ་བས་ག་ལ་ལང་། །
ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེངས་སྟེ་ས་གཞི་ཐམས་ཅད་གཡོགས་དང་འདྲ། །ཞེས་བྱ་བ་སྨོས་སོ། །གཞན་གྱི་དོན་ལ་བཟོད་པའི་བཟོད་པ་བཤད་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་བསྟན་པའི་ཕྱིར། དེ་བཞིན་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུའོ། །ཕྱི་རོལ་དངོས་པོའི་གཟུགས་
ལ་སོགས་པའོ། །གང་གི་ཕྱིར་ས་ཐམས་ཅད་བཅིངས་ནས་བདག་གིས་ཕྱིར་བཟློག་མི་ལོང་བ་དེའི་ཕྱིར་ཆོས་ལ་སྤྱོད་པའི་བཟོད་པས་དེ་བཞིན་ཏེ། ལྷམ་མཐིལ་ཙམ་གྱི་ཀོ་བ་བཞིན་དུ། བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་པ་ཅི་ཞིག་དགོས། བཅོམ་

ལྡན་འདས་ཀྱིས་སྡོང་དུམ་ཚིག་པ་ལ་ཡང་ལས་ཀྱི་བགོ་སྐལ་ལ་དམིགས་ནས་སེམས་སྡང་བར་མི་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་ནད་ཀྱི་དགོན་པའི་ནང་དུ་ཞུགས་པས་སྟོང་པ་ཉིད་ལ་སོ་སོར་དཔྱད་པས་སྐྲག་པར་མི་བྱའོ་ཞེས་གསུངས་སོ། །བཟོད་པ་
དང་ལྡན་པས་བརྩོན་འགྲུས་བསྐྱེད་པར་བྱ་བ་དེ་ལྟ་བས་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་སེམས་གསལ་དེ་ནི་བརྩོན་འགྲུས་དྲག་པོའི་གཅིག །ཅེས་བྱ་བ་ནི་ལུས་དང་ངག་མེད་ན་ཡང་། གང་ཚངས་པ་ཡིན་པ་ལྟར། ལུས་ངག་བཅས་པའི་འབྲས་བུ་ཡང་། །ལུས་དང་ངག་
གི་སྤྱོད་པ་ཞན་པས་དེ་ལྟར་མིན་ནོ། །བརྩོན་འགྲུས་ཀྱང་བསམ་གཏན་གྱི་ཕྱིར་ཡིན་པ་དེ་ལྟར་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བསྟན་པ་ནི་བཟླས་བརྗོད་ནི་ནང་དུ་མི་སྨྲ་བར་བཟླ་བའོ། །དཀའ་ཐུབ་ཀུན་ཏེ། བཟླས་པ་ལས་གཞན་དང་གཞན་པའི་བསོད་ནམས། ཡུན་རིང་
དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་སེམས་གཡེངས་པས་བྱས་པ་ནི། དྲན་པ་དང་བསམ་གཏན་མེད་པའི་ཕྱིར་དང་། དམན་པ་ཤེས་བཞིན་མེད་པའི་ཕྱིར། དོན་མེད་ཅེས་བསྒོམས་པ་འབྲས་བུ་ཅན་ཡིན་ཞེས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་སྟེ་དེ་ཉིད་རིག་
པས་གསུངས་པ་ཡིན་ནོ། །བསམ་གཏན་ནི་འདིར་སེམས་འདོད་པ་སྤྱོད་པ་ཡིན་ཡང་ཉོན་མོངས་པ་ཅན་མ་ཡིན་ཞིང་རྩེ་གཅིག་པ་ཡིན་ནོ། །དེ་ནས་ཁོ་ན་ཉིད་ཀྱི་བློ་ཡིན་པ་དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་གང་གིས་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་
རབ་ཀྱི་ཉོན་མོངས་པ་སྤངས་པ་ན་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མེད་པ་དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་ནི་མཆོག་ཏུ་བདེ་བ་ཐོབ་པའོ། །དེ་དག་དོན་མེད་གྱི་ན་འཁྱམ། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དེ་བཞིན་
གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་བྱ་བ་དང་། གང་འདི་ཆོས་རྣམས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས། སྒྱུ་མའང་

གཞན་མིན་ཆོས་རྣམས་དག་ཀྱང་གཞན་མ་ཡིན། །ཡོད་མེད་མིང་དང་བྲལ་བ་ཉེ་བར་ཞི་སྤྱོད་པ། །དེ་འདི་ཤེས་རབ་ཕ་རོལ་ཕྱིན་མཆོག་ལ་སྤྱོད་ཡིན། །ཞེས་གསུངས་སོ། །གང་གི་དེ་དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་རྣམ་པ་བཅུ་འམ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་
ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །རང་གི་མཚན་ཉིད་དེ་འཛིན་པའི་ཕྱིར་དང་། ཆོས་མ་ཡིན་པའི་འགོག་པ་འཛིན་པའི་ཕྱིར་དེ་ཙམ་ཉིད་ནི་ཆོས་ཡིན་ནོ། །ཆོས་ཀྱི་དོན་པོ་མཆོག་སེམས་ཀྱི་གསང་འདི་སྐྱེ་བོ་སྣོད་མ་ཡིན་པ་ལ་བསྟན་པར་བྱ་བ་མ་ཡིན་པ་དེ་དང་དེ་མ་ཤེས་ཤིང་གོམས་
པར་མ་བྱས་པའོ། །ཆོ་ག་འདིས་གྲོལ་བར་མི་འགྱུར་རོ་ཞེས་ཟེར་བ་དེ་དག་དོན་མེད་གྱི་ན་འཁྱམ་མོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཉིད་ཡིན་ནོ། །ཐབས་ནི་སྙིང་རྗེ་ཆེན་པོ་དང་
དད་པས་བསྡུས་པའི་དེ་ཁོ་ན་ཉིད་ཀྱི་བློའོ། །རང་གི་དོན་དང་གཞན་གྱི་དོན་དུ་གཉེར་བའི་སྨོན་ལམ་ཡང་དེ་ཉིད་ཡིན་ནོ། །སྟོབས་ནི་མི་མཐུན་པའི་ཕྱོགས་རྩ་ནས་འདོན་པ་གནས་དང་གནས་མ་ཡིན་པ་ལ་སོགས་པ་ལ་ཐོགས་པ་མེད་དོ། །ཡེ་ཤེས་ནི་ངེས་པར་བདག་ཉིད་ཅན་
ཡིན་ནོ། །དེ་ལྟར་ན་སྦྱིན་པ་ལ་སོགས་པའི་ཀ་བ་ལ་དྲན་པའི་ཐག་པས་སེམས་ཀྱི་གླང་པོ་དམ་དུ་བཅིངས་ན་ཐམས་ཅད་དགེ་བར་འགྱུར་རོ། །དེ་ཕྱིར་བདག་གི་སེམས་དེ་ནི། །དྲན་པས་ལེགས་པར་གཟུང་ཤེས་བཞིན་གྱིས་ལེགས་པར་བསྲུང་བར་བྱའོ། །བདག་གི་སེམས་
བསྲུང་བརྟུལ་ཞུགས་མ་གཏོགས་པར། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །སྐྱེ་བོ་ངན་པའི་ནང་ན་གནས་པས། ཇི་ལྟར་སེམས་བསྲུང་བར་བྱ་ཞེ་ན། དཔེར་ན་གྲོལ་བའི་ཁྲོད་གནས་ན། །བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་
ནི་རྟག་ཏུ་བསྲུང་། །སྡུག་བསྔལ་གྱི་འཇིགས་པ་བསྲུང་བ་ཡིན་གྱི། ཤིག་ལ་སོགས་པ་གསོད་པ་ལ་སོགས་པ་ལས་སེམས་བསྲུང་བ་མི་བྱེད་དེ། རང་ལ་སྡུག་བསྔལ་མེད་པའི་ཕྱིར་ཞེ་ན། རྨའི་སྡུག་བསྔལ་ཆུང་ངུ་ཡིས། །སྐྲག་པའང་བདག་རྨའི་བསྒྲིམས་ཏེ་བག་བྱེད་ན། རི་བོ་

བསྡུས་འཇོམས་བཅོམ་སྐྲག་པས། །བསྡུས་འཇོམས་ཞེས་བྱ་བའི་དམྱལ་བ་ན། ལུག་ལྟ་བུའི་རི་བོ་དག་ཕྱོགས་གཉིས་ནས་འོངས་པས་ཤིག་ལ་སོགས་པ་སེན་མོས་བཅར་བ་ལྟར་དེ་དག་འཇོམས་པས་སྐྲག་པ་དག །སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་བ་ཞེས་
བྱ་བ་ནི་ཅིས་མི་བསྲུང་སྟེ། འོན་ཀྱང་བསྲུང་བ་ཉིད་ཡིན་ནོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སྤྱོད་པ་འདི་འདྲས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱོད་པ་འདི་འདྲས་གནས་བྱེད་ན། །སེམས་བསྲུང་བའི་བདག་ཉིད་ཀྱིས། སྐྱེ་བོ་ངན་པའི་ཁྲོད་གནས་སམ། །བུད་མེད་ཁྲོད་གནས་ཀྱང་རུང་
བ། །བུད་མེད་ཀྱི་ནང་ན་འདུག་ན་ཡང་། སྡོམ་བརྩོན་བརྟན་པ་སྟེ། བག་ཡོད་པས་ཉམས་པར་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གནས་པ་འདིས་གནས་པ་ན། བདག་ལ་བསྟོད་པ་ལ་སོགས་པ་མེད་པའི་ཕྱིར། འགའ་ཞིག་གི་ཚེ་ཡང་རྙེད་པ་ལ་སོགས་པ་མེད་པར་འགྱུར་རོ་
ཞེ་ན། བདག་གི་རྙེད་དང་བཀུར་སྟི་དང་། །ལུས་དང་འཚོ་བ་མེད་བླ་ཞིང་། །མེད་དུ་ཟིན་ཀྱང་ངོ་། །གང་བདག་གི་དོན་ཉིད་ཀྱིས། དགེ་བ་གཞན་ཡང་ཉམས་བླ་ཡི། །སེམས་ནི་ནམ་ཀྱང་ཉམས་མི་བྱ། །བྱང་ཆུབ་ཀྱི་སེམས་རྣམས་རྣམ་པ་བཅུ་འགའ་ཞིག་གི་ཚེ་ཡང་ཉམས་པར་
མི་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ནམ་ཡང་ཞིག་པར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། སེམས་བསྲུང་འདོད་པ་རྣམས་ལ་ནི། །བདག་གིས་ཐལ་མོ་སྦྱར་བྱས་ནས། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་
འདོམ་པར་བྱེད། །དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཤེས་བཞིན་ནི་ཡང་དག་པར་རབ་ཏུ་ཤེས་པའི་སྒྲའི་ཚིག་བྱ་བ་དང་ཕྱི་བ་དང་བཅས་པ་ཡིན་ནོ། །ཤེས་བཞིན་ནི་ཤེས་རབ་སྟེ། གང་གིས་ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་ཡང་དག་པར་བརྟགས་ཤིང་།
བདག་དང་གཞན་ལ་ཕན་པ་ཤེས་ནས་རྟག་ཏུ་བྱེད་པ་དང་། འབད་རྩོལ་ཐམས་ཅད་ཀྱིས་བག་ཡོད་པ་ཕུལ་དུ་བྱུང་བས་སྲུངས་ཤིག་ཅེས་སོ། །ཀྱེ་སེམས་བསྲུང་བར་ནི་འདོད་རྣམས་ལ། །ཞེས་རྣམ་པར་བསྒྱུར་ནས་སྦྱར་བར་བྱའོ། །ཅིའི་ཕྱིར་འདི་བསྲུང་ཞེ་ན། འདི་ལྟར་

ནད་ཀྱིས་དཀྲུགས་པའི་མི་དག་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །དེ་བཞིན་དུ་སྐྱེས་བུ་ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་བསྒོམ་པ་ཡང་། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཤེས་བཞིན་མེད་པར་ཐོས་པ་ལ་སོགས་པ་
ཤིན་ཏུ་གསལ་བར་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ཐོས་པ་ལ་སོགས་པ་དང་ལྡན་པའི་དོན་ཤེས་བཞིན་མ་ཡིན་ནམ་ཞེ་ན། སྨྲས་པ། རང་བཞིན་གྱི་ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། །རྣམ་པ་འགའ་ཞིག་གིས་རྣམ་པ་འགའ་ཞིག་གི་ཚེ། ཤེས་བཞིན་
མེད་པའི་སྐྱོན་ཆགས་པས། །ཤེས་བཞིན་མེད་པའི་ཉེས་པས། ལྟུང་བའི་རྙོག་དང་བཅས་པར་འགྱུར། །ཐོས་པ་ལ་སོགས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཉེས་པ་མ་སྤངས་པ་དེ་དག་གི་ཡང་མི་མཐུན་པའི་ཕྱོགས་ཀྱིས་བཅོམ་པ་ཡིན་པ་དེས་ན་དེ་དག་ནི་ཤེས་བཞིན་མེད་པའི་ཆོམ་
རྐུན་དག །དྲན་པ་ཉམས་པའི་རྗེས་འབྲངས་པས། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ། །དྲན་པ་ཉམས་པ་སྟེ། ཞིག་པའི་རྗེས་སུ་འབྲངས་པའི་ངང་ཚུལ་ཡོད་པ་ནི་དྲན་པ་ཉམས་པའི་རྗེས་སུ་འབྲངས་པ་ཅན་ཏེ། ཤེས་བཞིན་
མེད་པའི་ཆོམ་རྐུན་དེ་དག་གིས་བསོད་ནམས་ཉེ་བར་བསགས་སུ་ཟིན་ཀྱང་། ཕྲོགས་ནས་ངན་འགྲོར་འགྲོ་བར་འགྱུར་རོ། །འདི་ལྟར་ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི། །གླགས་སྐབས་ཚོལ་བར་བྱེད་པ་སྟེ། །གླགས་ཏེ། སྐབས་རྙེད་གྱུར་ནས་དགེ་འཕྲོག་ཅིང་། །དྲན་པ་རྨོངས་པས་
འཕྲོག་པར་བྱེད་པ་དེ། །བསོད་ནམས་ཀྱི་འབྲས་བུའི་སྐབས་འཕྲོག་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་བདེ་འགྲོའི་སྲོག་ཀྱང་འཕྲོག་པར་བྱེད། དེ་བས་དྲན་པ་ཡིད་སྒོ་ནས། །གུད་དུ་ནམ་ཡང་མི་གཏང་ངོ་། །ཡིད་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་དེ་ཉིད་སྒོ་ཡིན་ཏེ། བྱང་ཆུབ་པའི་ཐབས་ཡིན་ནོ། །
དེ་ལས་ནམ་ཡང་བཟློག་པར་མི་བྱའོ། །ཡུལ་གཞན་དུ་སོང་ན་ཡང་། རྣམ་པ་འགའ་ཞིག་གིས་ཉེ་བར་གཞག །ཡུལ་གཞན་ལས་ཡིད་ལ་བྱེད་པས་བཞག་ལ། ཡིད་ཀྱི་སྒོ་ལས། ངན་སོང་གནོད་པ་དག་དྲན་པར་བྱས་ཏེ་ཉེ་བར་གཞག་པར་བྱའོ། །ཇི་ལྟར་གཞག་པར་བྱ་ཞེ་ན། བླ་མ་

དང་ནི་འགྲོགས་པ་ལས། །མཁན་པོས་རྗེས་སུ་བསྟན་པ་དང་། །སློབ་མ་དག་ལ་མཁན་པོས་བསླབ་པ་ལས་འདས་པ་ན། བསྐུལ་ཞིང་རྗེས་སུ་སྟོན་པ་ནི་དྲན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལྔ་ཡིན་ཏེ། མཁན་པོས་རྗེས་སུ་བསྟན་པ་དེས། །འཇིགས་པས་སྐལ་ལྡན་
གུས་བྱེད་ལ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར་རོ། །གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་གཟིགས་པ་སྟེ། སྤྱན་གང་ལ་མངའ་བ་དེ་དག་ནི། ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་
ཕྱིར་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན། དེ་དག་གི་མདུན་ན་བཞུགས་སོ་ཞེས། དེ་ལྟར་བསམས་ནས། དེ་དག་གི་སྤྱན་སྔར་ངོ་ཚ་དང་། གུས་པ་དང་འཇིགས་བཅས་དྲན་པ་རབ་ཏུ་གཞག །སྡིག་པ་དག་ལས་ཁྲེལ་ཡོད་པ་དང་། །དད་པ་ལས་གུས་པར་གཞག་པའོ། །དེ་ལ་སངས་
རྒྱས་དྲན་པ་ཡང་། །ཡང་དང་ཡང་དུ་འབྱུང་བར་འགྱུར། །དེ་ལྟར་སྤྱན་སྔར་གནས་པ་དེ་ལ་སྐད་ཅིག་མ་རེ་རེ་གཟུགས་དང་ཆོས་ཀྱི་སྐུ་ལ་དམིགས་པའི་སངས་རྒྱས་རྗེས་སུ་དྲན་པ་ཡང་རྗེས་སུ་འབྱུང་བར་འགྱུར་ཞིང་། དེའི་ཚེ་ཡིད་ཀྱི་སྒོ་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཚེ་དྲན་པའི་ཡིད་སྒོ་
ནས། །བསླབ་པ་དག་བསྲུང་བའི་དོན་དུ་གནས་གྱུར་ལ། དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང་། །སོང་བ་དག་ཀྱང་ཕྱིར་འོང་བར་འགྱུར་རོ། །དྲན་པ་དང་ཤེས་བཞིན་དག་གིས་ཇི་ལྟར་སེམས་བསྲུང་བར་བྱ་བ་ཡིན་ཞེ་ན། རེ་ཞིག་དང་པོ་སྦྱོར་བའི་མཇུག་ཐོགས་སུ་སྡོམ་པ་ཡང་དག་པར་
ལེན་པའི་དེ་མ་ཐག་ཏུ་འདི་འདྲ་བའི་སེམས་ཏེ། བྱང་ཆུབ་ཀྱི་སེམས་སོ་སོའི་སྐྱེ་བོ་ཉིད་ཡིན་པའི་ཕྱིར་འབད་པས། འདི་ནི་སྐྱོན་བཅས་ཤས་བྱས་ནས་ཏེ། དྲན་པ་དང་ཤེས་བཞིན་ལེགས་པར་བཞག་ནས་སོ། །གླེགས་བམ་ལ་ལ་ལས་ནི་དེ་ནི་ཡུལ་གཞན་བྱས་ནས་ཞེས་འབྱུང་སྟེ།
ཁོང་དུ་ཆུད་པར་སླའོ། །དེ་བས་ན་འདི་ལྟར་བསམ་པར་བྱ་སྟེ། ལྟུང་བའི་སྒོ་ཐམས་ཅད་ལ། དེ་ཚེ་བདག་གིས་ཤིང་བཞིན་དུ། །ཟུངས་ཐུབ་པར་ནི་གནས་པར་བྱ། །ཤིང་ཡང་རླུང་གིས་གཡེངས་པའི་རྩེ་མོའི་ཆ་དབང་པོ་དང་བཅས་པ་བཞིན་དུ། སྒྲ་འབྱིན་པ་དེ་ལྟར་ན་ཟུངས་ཐུབ་

པ་ཞེས་སྨོས་ཏེ། ཡིད་ཀྱི་དབང་པོ་མེད་པ་ན་བརྗོད་པར་འདོད་པའི་དོན་མེད་པ་ཡིན་ནོ། །དབང་པོ་མེད་པའི་རླུང་ཡང་གཡོ་བ་ཡིན་པ་དེ་ལྟར་ན་གཡོ་བ་མེད་པའི་དོན་དུ་ཤིང་ཞེས་བྱ་བ་སྨོས་སོ། །དེ་ལྟར་ཡིན་ན་སློབ་པ་ཡང་སྤྱོད་པ་ཡང་མེད་པ་མ་ཡིན་ནམ་ཞེ་ན། སྨྲས་པ། དོན་མེད་
གཡེངས་པར་བལྟ་བ་ནི། ནམ་ཡང་བདག་གིས་མི་བྱ་སྟེ། །འབྲས་བུ་དང་བཅས་པར་བྱ་བ་ཡིན་ནོ། །དེ་ལ་ཡང་ངེས་པར་སེམས་པ་སྟེ། ཅུང་ཟད་དཔྱོད་པའི་འབད་རྩོལ་གྱིས་རྟག་ཏུ་ནི། མིག་ནི་ཕབ་སྟེ་བལྟ་བར་བྱ། །བལྟ་བ་ངལ་བསོའི་ཆེད་དུ་ནི། །རེས་འགའ་ཕྱོགས་སུ་བལྟ་
བར་བྱ། །སྐྱེས་བུ་འགའ་ཞིག་མིག་ལམ་སྣང་གྱུར་ན། །ལེགས་འོངས་དོན་དུ་བལྟ་བར་བྱ། །ལེགས་པར་འོངས་སམ་ཞེས་བརྗོད་པའི་དོན་དུ་བལྟ་བར་བྱའོ། །ལམ་ལ་སོགས་ཞེས་བྱ་བ་འདིས་འཇིགས་པ་སྟེ། རྐུན་པོ་ལ་སོགས་པའོ། །དེ་བརྟག་པ་ནི་ཡོངས་སུ་ཤེས་པ་དེའི་ཕྱིར་ཡང་
དང་ཡང་དུ་སྟེ། སྐད་ཅིག་སྐད་ཅིག་ཕྱོགས་བཞིར་བལྟ་བར་བྱ་བ་ནི་འགྲོ་བའི་ཚེ་མ་ཡིན་གྱི། འོན་ཀྱང་ངལ་བསོ་བ་ན་ཕྱོགས་སུ་བལྟ་བར་བྱའོ། །ངལ་བསོ་ཁ་ནི་ཕྱིར་བལྟས་ནས། ལུས་ཐམས་ཅད་ཕྱིར་བསྒྱུར་ནས་བལྟ་བར་བྱའོ། །མདུན་དང་རྒྱབ་ཏུ་བརྟག་བྱས་ནས། འགྲོ་
བའམ་ཡང་ན་འོང་བྱ་སྟེ། །མདུན་བརྟགས་ནས་འགྲོ་བ་དང་རྒྱབ་བརྟགས་ནས་འོང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱོགས་འདིས་གནས་སྐབས་ཐམས་ཅད་དུ། །སྤྱོད་ལམ་རྣམ་པ་བཞི་དག་ལ། །དགོས་པ་ཤེས་ནས་སྤྱད་པར་བྱ། གནས་སྐབས་ཐམས་ཅད་བཤད་ན་ནི་སྤྲོས་
པ་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཕྱིའི་རྣམ་པའི་སྤྱོད་པ་བཤད་ནས། ནང་གི་སྤྱོད་པ་ནི། ལུས་ཀྱིས་འདི་ལྟར་གནས་བྱས་ཏེ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་གནས་པར་བྱའོ་ཞེས་ཤིང་། དེ་ལྟར་བྱས་ནས་མཉན་པ་ལ་སོགས་པ་བྱ་བ་བསྔོགས་པས།
དེ་ནས་ནི་སྐབས་སུ་ལུས་འདི་སྟེ་བྱ་བའི་བར་དུ་ཇི་ལྟ་བུར། གནས་པ་ཡིན་ཞེས་བལྟ་བར་བྱ། །བལྟས་ནས་བདག་གིས་བྱའོ། །བདག་གིས་བྱས་ནས་ཡང་འགའ་ཞིག་གི་ཚེ། ཡང་དག་པར་སེམས་པར་མི་འགྱུར་རོ་ཞེ་ན། ཆོས་ལ་སེམས་པའི་ཀ་ཆེན་ལ། །དགེ་བ་ཡང་སེམས་པའི་

ཀ་བ་ལ་བཅིངས་པ་གྲོལ་བར་མི་འགྱུར་ལྟར། །སེམས་ཀྱི་གླང་ཆེན་སྨྱོན་པ་དག །འབད་པ་ཀུན་གྱིས་དཔྱད་པར་བྱ། །ཇི་ལྟར་དཔྱད་པར་བྱ་ཞེ་ན། །ཅི་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ནས་ཡང་དག་བླངས་པའི་གཙོ། །ཡང་དག་པར་བླངས་པའི་
གཙོ་བོ་འདིའི། སྐད་ཅིག་གཅིག་ཀྱང་མི་འཆོར་བར། །དགེ་བ་འམ་གཞན་དག་ལ། བདག་གི་ཡིད་འདི་གར་དཔྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །གལ་ཏེ་དགེ་བ་ལ་ཡིན་ན་གོང་ནས་གོང་དུ་དགེ་བ་དག་ལ་ཡང་ཡང་དག་པར་སྦྱར་བར་བྱའོ། །གལ་ཏེ་གཞན་ལ་ཡིན་
ན་མི་དགེ་བ་དེ་ལས་བཟློག་ཅིང་། ལུང་དུ་མ་བསྟན་པ་དང་། དེ་ནས་དགེ་བ་ལ་སྦྱར་བར་བྱ་སྟེ། གོ་རིམས་འདིས་དགེ་བ་འདི་ལ་གཞག་པར་བྱ་ཞིང་དེ་ལྟར་སོ་སོར་བརྟག་པར་བྱའོ། །འཇིགས་དང་དགའ་སྟོན་སོགས་བྱུང་བས་ཕྱིའི་འཇིགས་པ་ལ་ཡང་འདིས་འཇིགས་པས་ན་
འཇིགས་པ་སྟེ་སྦྲུལ་ལ་སོགས་པའོ། །དགའ་སྟོན་ནི་རིགས་ཀྱི་མེ་སྐོར་ལ་སོགས་པ་འམ། གཙུག་ལག་ཁང་དུ་ནི་སངས་རྒྱས་ཀྱི་མཆོད་པ་ལ་སོགས་པའོ། །ལ་སོགས་པའི་སྒྲས་ནི་གཉིད་ལོག་པ་གཟུང་ངོ་། །དེ་དག་དང་འབྲེལ་ཅིང་ལྡན་པར་འགྱུར་བས་ན། སྙོམས་པར་འཇུག་
པའི་ཚེ། གལ་ཏེ་ཅི་བདེར་མི་ནུས་ན། །འདི་ལ་འགྱོད་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་སྦྱིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམས་གཞག་པར་གསུངས། །ཞེས་བྱ་བ་སྨོས་ཏེ་སྦྱིན་པ་ནི་འདིར་ནུས་པ་ཉེ་བར་མཚོན་པའོ། །ཏུའི་སྒྲས་ནི་ངེས་པར་བཟུང་བ་སྟེ།
སྦྱིན་པའི་དུས་ན་ཚུལ་ཁྲིམས་ཉོན་མོངས་པ་ཅན་ཉིད་མ་ཡིན་པ། བདག་གིར་མ་བྱས་པ་ཉིད་ལ་སོགས་པ་ལས་ལྡོག་པ་དང་། ཉོན་མོངས་པ་ཅན་བདག་གིར་མ་བྱས་པ་ལ་སོགས་པ་ཡང་རྣམ་པ་ཐམས་ཅད་རྗེས་སུ་གནང་བ་མེད་པ་ལས་སྙིང་རྗེའི་བསམ་པ་དག་པ་ཡིན་ཞིང་མངོན་པར་ཤེས་པ་
ཐོབ་པ་ཡིན་ན། འཚེ་བ་ལ་སོགས་པ་ཡང་ཉོན་མོངས་པ་མ་ཡིན་ནོ་ཞེས་རྗེས་སུ་གནང་བ་ཡིན་ནོ། །སོ་སོའི་སྐྱེ་བོ་ནི་ཉོན་མོངས་པ་ཅན་མ་ཡིན་ན་ཡང་ཉོན་མོངས་པ་བྱེད་པའི་ཕྱིར་དཀའ་བར་བྱེད་པའོ། །དེ་མི་ནུས་པ་ནི་བཏང་སྙོམས་སུ་གཞག་པ་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས།

སྦྱིན་པའི་དུས་སུ་ཚུལ་ཁྲིམས་བསྲུང་བ་བཏང་སྙོམས་སུ་གཞག་པར་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ། །གལ་ཏེ་རྣམ་པ་འགའ་ཞིག་གིས་འཇིགས་པ་དང་། དགའ་སྟོན་ལ་སོགས་པ་དང་འབྲེལ་བ་ལས་ནུས་པ་མེད་པ་ལ་ཉོན་མོངས་པ་ཅན་གྱི་རྩ་བའི་ལྟུང་བ་འབྱུང་བར་འགྱུར་ན།
འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་ཆོ་ག་བཞིན་དུ་བཤགས་པ་བྱས་ནས། རྒྱལ་པོ་ལ་སོགས་པས་ཡང་སྡོམ་པ་གཟུང་བར་བྱའོ། །གལ་ཏེ་རྣམ་པ་གཞན་དུ་གཞན་འབྱུང་བ་ན་ཡང་། ཚུལ་ཁྲིམས་ཀྱི་ལེའུ་ལ་སོགས་པའི་ཆོ་ག་བཞིན་དུ་བཤགས་པར་བྱའོ། །ཇི་
ལྟར་ན་བྱ་བ་ཐམས་ཅད་ཡང་དག་པར་བྱས་པར་འགྱུར་ཞེ་ན། གང་ཞིག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་བསམས་ཏེ་བྱར་བརྩམས་པ། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏད་པ་ཡི་བསམ་པ་ཡིས། །སེམས་ཀྱིས་དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། །དེ་ལྟ་ན་ནི་ཀུན་ལེགས་བྱ། །
གཞན་དུ་གཉི་གར་མི་འགྱུར་རོ། །བསམ་པ་དང་དེ་ལས་གཞན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཉིས་ཀར་མི་འགྱུར་རོ། །ཤེས་བཞིན་མ་ཡིན་ཉེ་ཉོན་མོངས་པ་དག་ཀྱང་། དེ་ལྟ་ན་ནི་འཕེལ་མི་འགྱུར། །འཕེལ་བ་ཉིད་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་དེ་ལས་གཞན་པ་བསམ་པར་མི་བྱའོ། །ཡང་
ཅི་ཞིག་བྱ་ཞེ་ན། བྲེ་མོའི་གཏམ་ཞེས་བྱ་བ་སྨོས་ཏེ། བྲེ་མོའི་གཏམ་ནི་སྣ་ཚོགས་དང་། །རྒྱལ་བའི་གཏམ་ལ་སོགས་པ་དང་། །ངོ་མཚར་ལྟད་མོ་སྟེ་མིག་འཕྲུལ་སོགས་པ་རྣམ་པ