Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 106

Văn bản gốc(Tây Tạng)

Trang 10 / 19 (50.000 ký tự/trang)
་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་སྟེ་འཕགས་པའི་བདེན་པ་རྣམས་མཐོང་བ་

སྟེ། མངོན་དུ་བྱས་པ་ལས་མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱི་སྒོ་ནས་གྲོལ་བས་ཆོག་མོད། སྟོང་པ་ཉིད་བསྒོམས་པས་ཅི་ཞིག་བྱ་སྙམ་པ་ལ། ལན་བརྗོད་པ། གང་གི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ལམ་འདི་མེད་པར་བྱང་ཆུབ་ཅེས་བྱ་བ་ཡོད་པ་མ་ཡིན་ནོ་
ཞེས་བྱ་བ་ལུང་ལས་གསུངས་པ་སྟེ། དེ་ཡང་འདི་སྐད་དུ། སངས་རྒྱས་རང་སངས་རྒྱས་དང་ནི། །ཉན་ཐོས་རྣམས་ལ་ངེས་བསྟན་པའི། །ཐར་པའི་ལམ་ནི་ཁྱོད་གཅིག་པུ། །གཞན་ཡོད་མིན་ཞེས་ངེས་པ་ཡིན། །ཞེས་འབྱུང་ངོ་། །འོན་ཏེ་ཞེས་པ་ནི་རྒོལ་བ་སྟེ། ཐེག་
ཆེན་ནི་བྱང་ཆུབ་སེམས་དཔའི་ཐེག་པའོ། །དེའི་ལུང་གིས་མ་གྲུབ་པོ་སྙམ་པ་ལ། ལན་བརྗོད་པ། ཁྱོད་ཀྱི་ཡང་ལུང་གིས་ཇི་ལྟར་འགྲུབ་པ། རྒོལ་བས་སྨྲས་པ། གང་གི་ཕྱིར་གཉིས་གལ་ཏེ་འུ་བུ་ཅག་གཉི་ག་ལ་ངའི་ལུང་གྲུབ་པོ་སྙམ་པ་ལ། སྒྲུབ་པ་པོས་བརྗོད་པ་
དང་པོར་ཞེས་སྨོས་ཏེ། དང་པོར་ཏེ་རེ་ཞིག་སྔོན་ཁྱོད་ཀྱིས་ཁས་མ་བླངས་པའི་ལུང་དེ་ཉིད་མི་འགྲུབ་པའོ། །ཕྱིས་ཁས་བླངས་པ་ལས་ནི་འགྲུབ་ལ་རག་ན། དེ་ལྟ་ན་ནི་ཁོ་བོ་ཅག་གི་ཐེག་པ་ཆེན་པོ་ཡང་ཁས་བླངས་ནས་འགྲུབ་པ་ཉིད་ཡིན་པས་གཉི་ག་ལ་འདི་གྲུབ་ཅེས་གང་གིས་རྗོད་པར་
བྱེད། གལ་ཏེ་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གདམས་ངག་དང་། སངས་རྒྱས་ཀྱི་བཀའ་ཡིན་པ་ཉིད་ཀྱི་མདོ་སྡེ་ལ་འཇུག་པ་དང་འདུལ་བ་ལ་ཡང་སྣང་བ་དེ་སངས་རྒྱས་ཀྱི་བཀའ་ཡིན་གྱི། གཞན་ནི་མ་ཡིན་ནོ་སྙམ་པ་ལ་བརྗོད་པ། གང་ཞིག་ཅེས་སྨོས་ཏེ།
གང་ཞིག་རྐྱེན་རྣམས་ནི་གང་ཞིག་རྒྱུ་མཚན་དུ་སྦྲེལ་བ་རྣམས་སོ། །དེ་ལ་ཞེས་པ་ནི་རང་གི་ལུང་ལའོ། །གནས་པ་སྟེ་ཁས་ལེན་ནོ། །དེ་ཉིད་ནི་ཐེག་པ་ཆེན་པོའི་ལུང་ལ་ཡང་ཡོད་པ་ཉིད་ཡིན་པས་རྐྱེན་དེ་རྣམས་སྦྱར་བར་གྱིས་ཤིག །དེ་སྐད་དུ་ཡང་། གང་ཞིག་དོན་ལྡན་ཆོས་ཀྱི་
ཚིག་དང་ཉེར་ལྡན་པ། །ཁམས་གསུམ་རྣམས་ཀྱི་ཀུན་ནས་ཉོན་མོངས་གཅོད་པར་བརྗོད། །གང་ཞིག་ཕན་ཡོན་ཞི་བ་མཐོང་བར་བྱེད་པ་དེ། །གཙུག་ལག་དེ་ལྟ་མིན་ལ་ཕྱིན་ཅི་ལོག་ཏུ་བརྗོད། །ཅེས་གསུངས་སོ། །གལ་ཏེ་འོ་སྐོལ་གཉིས་མ་ཡིན་པའི་གཞན་པོ་གཉིས་ཀྱིས་

འདོད་པ་དེ་བདེན་པའི་དོན་ཡིན་ནོ་སྙམ་པ་ལ། གཞན་དག་ཅེས་སྨོས་ཏེ། འོ་སྐོལ་གཉིས་མ་ཡིན་པའི་གཞན་པོ་གཉིས་ཀྱིས་འདོད་པ་བདེན་པ་ཡིན་པ་ལྟ་ན་ནི་རིག་བྱེད་ལ་སོགས་པ་ཡང་བདེན་པ་ཉིད་དུ་འགྱུར་རོ། །གལ་ཏེ་ལུང་ཉིད་ཡིན་མ་ཡིན་རྩོད་པ་ཡོད་
པའི་ཕྱིར་ཐེག་པ་ཆེན་པོ་ནི་རྩོད་པ་དང་བཅས་པའོ་སྙམ་པ་ལ། སྒྲུབ་པ་པོས་བརྗོད་པ། དེ་ལྟར་ན་ནི་ཁྱོད་ཀྱི་ལུང་ཡང་འདོར་དགོས་ཏེ། དེ་ལ་ཡང་ཁྱོད་དང་མུ་སྟེགས་པ་གཉིས་ཡང་དག་པར་རྟོགས་པ་དང་ལོག་པར་རྟོགས་པ་ཡོད་པའི་ཕྱིར་རོ། །མུ་སྟེགས་པ་
འབའ་ཞིག་ཏུ་མ་ཟད་ཀྱི། བདག་དང་སྟེ་རང་གི་སྡེ་པའི་བྱེ་བྲག་དང་གཞན་གྱི་སྡེ་པ་སྟེ། སྡེ་པ་གཞན་གྱི་དབྱེ་བས་ཁྱོད་ཀྱིས་ཁས་བླངས་པའི་ལུང་ལས་གཞན་དུ་རང་དང་གཞན་གྱི་སྡེ་པས་ཁས་བླངས་པས་དེ་ཡང་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་དོར་བར་བྱ་དགོས་
ཏེ་ཁས་བླངས་པར་མི་གཤའ་བ་ཉིད་དོ། །གཞན་གྱི་ལུང་ཞེས་པའི་ཚིག་ནི་རང་གི་ལུང་དང་། གཞན་གྱི་ལུང་ཞེས་བྱ་བའི་དོན་ཏོ། །ཞར་ལ་བྱུང་བའི་ཚུལ་གྱིས་ལུང་ལ་ལོག་པར་རྟོགས་པ་བསལ་ནས་བདེན་པ་མཐོང་བས་གྲོལ་བར་འགྱུར་བས་ན་སྟོང་པ་ཉིད་བསྒོམས་པས་
ཅི་ཞིག་བྱ་ཞེས་དོགས་པ་ཉིད་བསལ་བར་བྱ་བའི་ཕྱིར། བསྟན་རྩ་ཞེས་སྨོས་ཏེ། བསྟན་པ་ནི་གསུང་རབ་པོ། །ཉོན་མོངས་པ་ལས་ཐར་པ་དང་ཞི་བ་ཁས་བླངས་པ་སྟེ་དགེ་སློང་གཉིས་ཀྱི་ནི་རྩ་བ་སྟེ། དེ་དག་གིས་ཡུན་རིང་དུ་གནས་པར་བྱེད་པས་སོ། །དེ་ལ་གཙོ་བོ་ནི་
ཉོན་མོངས་པ་ལས་ཐར་པའི་དགེ་སློང་ཡིན་ན་སྟོང་པ་ཉིད་མེད་པར་བདེན་པ་མཐོང་བ་ལས་ནི་ཉོན་མོངས་པ་ལས་ཐར་པའི་དགེ་སློང་དེ་འབྱུང་བ་མ་ཡིན་པས་དཀའ་བར་གནས་པའོ། །དགེ་སློང་དཀའ་བར་གནས་པ་འབའ་ཞིག་ཏུ་མ་ཟད་ཀྱི། སེམས་དམིགས་པ་དང་བཅས་པ་སྟེ་
གང་དག་དངོས་པོར་མངོན་པར་ཞེན་པ་རྣམས་ཀྱི་མྱ་ངན་ལས་འདས་པ་ཡང་དཀའ་བར་གནས་པ་ཡིན་ནོ། །དེ་ལ་དགེ་སློང་ཉིད་མི་འཐད་དོ་ཞེས་བྱ་བའི་ཕྱིར། རྒོལ་བ་བསླང་བ་ཉོན་མོངས་ཞེས་སྨོས་ཏེ། །བདེན་པ་མཐོང་བས་ཉོན་མོངས་པ་སྤངས་ཏེ། དེ་ནས་གྲོལ་བར་འགྱུར་རོ་སྙམ་

པ་ལ་ལན་བརྗོད་པ། འདི་ལྟར་དེའི་རྗེས་ལ་སྟེ་ཉོན་མོངས་པ་སྤངས་པ་ཉིད་ཀྱི་རྗེས་ལ་གྲོལ་བ་ཁོངས་སུ་ཆུག །ཅི་སྟེ་གྲོལ་བ་ཉིད་དུ་འགྱུར་བ་ལ་ཐེ་ཚོམ་ཅི་ཡོད་ཅེ་ན། མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྗོད་པ། ཉོན་མོངས་ཞེས་སྨོས་ཏེ། ཉོན་མོངས་པའི་ལས་མེད་ཀྱང་དེ་ལ་སྟེ་མཽད་
གལ་གྱི་བུ་ལ་སོགས་པ་ལ་རྡེག་པ་ལ་སོགས་པའི་ལས་ཀྱི་མཚན་ཉིད་ཀྱི་ནུས་པ་མཐོང་བའི་ཕྱིར་རོ། །དེ་བས་ན་ཉོན་མོངས་པ་སྤངས་པའི་རྗེས་ལ་གྲོལ་བར་འགྱུར་བ་ནི་མ་ཡིན་ནོ། །ཅི་སྟེ་དེ་དག་ལ་ཡང་སྐྱེ་བའི་རྒྱུ་སྲིད་པ་ཉིད་མེད་དོ་ཞེས་རྒོལ་བའི་དོན་དུ་ཅི་ཙམ་ཞེས་སྨོས་ཏེ། ངེས་པ་ནི་དེ་
ལྟར་ངེས་པའོ། །སྒྲུབ་པ་པོས་བརྗོད་པ་སྲེད་པ་འདི་ཞེས་སྨོས་ཏེ། སྲེད་པ་འདི་ཉིད་ཉོན་མོངས་པ་སྟེ། ཀུན་ནས་ཉོན་མོངས་པ་དང་ལྡན་པ་མ་ཡིན་དུ་ཟིན་ཀྱང་། ཀུན་ནས་ཉོན་མོངས་པ་བཞིན་དུ་སྟེ་ཉོན་མོངས་པའི་ཤེས་པ་བཞིན་དུ་དེ་ཅི་སྟེ་མེད་པ་ཡིན་དེ་བཞིན་དུ་ཚོར་བའི་ཞེས་བྱ་བ་
ལ། ཚོར་བའི་རྐྱེན་གྱིས་སྲིད་པ་སྟེ་ཚོར་བ་དེ་ནི་འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་ཡོད་པ་ཡིན་པས་ན་རྒྱུ་མ་ཚང་བ་མེད་པའི་སྲེད་པ་དེ་ཇི་ལྟར་ན་མེད་པར་འགྱུར། དེའི་ཕྱིར་སྟོང་པ་ཉིད་མེད་པར་དགེ་སློང་ཉིད་བདེ་བླག་ཏུ་གནས་ཤིང་སོ་སོར་སྣང་བ་མ་ཡིན་ནོ། །གང་སེམས་
དམིགས་པ་དང་བཅས་པ་རྣམས་ཀྱི་མྱ་ངན་ལས་འདས་པ་ལ་དཀའ་བར་གནས་སོ་ཞེས་བརྗོད་པ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། དམིགས་པ་ཞེས་སྨོས་ཏེ། དམིགས་པ་དང་བཅས་པའི་སེམས་ཀྱིས་འཕགས་པའི་བདེན་པ་ལ་སོགས་པས་རང་སྲིད་པར་འཇོག་པར་བྱེད་
ཀྱི་ཡང་སྐྱེ་བའི་སྐྱེ་བ་ནི་ལྡོག་པར་མི་བྱེད་དོ། །གཞན་ཡང་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནུས་པ་ཅུང་ཟད་ཙམ་ལྡོག་པར་སྲིད་ཀྱང་། ཡང་དེ་བཞིན་དུ་ཀུན་ཏུ་ཆགས་པའི་ཞགས་པས་སླར་འཆིང་བར་སྐྱེད་པར་འགྱུར་ཏེ།
འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་ཀྱང་དེ་ལས་ལངས་ནས་སེམས་དེ་ཡང་སྐྱེ་བར་འགྱུར་བ་བཞིན་ནོ། །གང་ཞིག་མདོ་སྡེ་ལ་འཇུག་ཅེས་བྱ་བ་ལ་སོགས་པ་ཚེག་བར་བདུན་པའི་ཚིགས་སུ་བཅད་པ་གསུམ་ནི་གཞན་གྱིས་འཕངས་པ་ཡིན་གྱི། སློབ་དཔོན་ཉིད་ཀྱི་མ་ཡིན་ཏེ། གང་གི་

ཕྱིར་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པ་དཔྱོད་པའི་སྐབས་ཡིན་གྱི། ལུང་དང་ལུང་མ་ཡིན་པའི་དཔྱོད་པ་སྐབས་མ་ཡིན་པའི་ཕྱིར་རོ་ཞེས་ཁ་ཅིག་ཟེར་རོ། །ཁོ་བོས་ནི་འཕགས་པ་ཞི་བའི་ལྷ་སེང་གེའི་ཁྲི་ལ་བཞུགས་པའི་དུས་དེ་ཉིད་ཀྱི་ཚེ་
ཆོས་བཤད་པ་མཛད་པ་ཡིན་པས་ན། གོང་འོག་གི་འབྲེལ་བ་མ་གཟིགས་པར་གསུངས་པ་ཁོ་ན་འདྲ་བར་མཐོང་ངོ་། །ཐེག་པ་ཆེན་པོ་དང་ཁྱོད་ཀྱི་མདོ་སྡེ་ཉན་ཐོས་ཀྱི་མདོ་སྡེ་མཉམ་པ་ནི་དོན་གཅིག་པར་རོ། །མ་རྟོགས་གཅིག་སྟེ་ཕྱོགས་གཅིག་གོ། །མ་རྟོགས་པར་གྱུར་པ་ནི་
མཚུངས་པར་མ་རྟོགས་པ་སྟེ། དོན་ཐ་དད་པའི་ཕྱིར་རོ། །ཐམས་ཅད་དེ་ཐེག་པ་ཆེན་པོ་ཐམས་ཅད་དོ། །ཉེས་པ་དང་བཅས་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཉིད་དོ། །གཅིག་དང་སྟེ་ཐེག་པ་ཆེན་པོའི་ཕྱོགས་གཅིག་དང་ངོ་། །ཐམས་ཅད་ནི་ཐེག་པ་ཆེན་པོ་ཐམས་ཅད་དོ། །ཁྱོད་
ཀྱིས་ཤེས་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་སོ། །སྟོང་པ་ཉིད་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། ཆགས་པ་ཞེས་སྨོས་ཏེ། ཆགས་པ་ནི་ཡོད་པར་ཞེན་པའོ། །འཇིགས་པ་ནི་ཆད་པའི་མཐས་སྐྲག་པ་སྟེ། རྟག་ཆད་གཉིས་ཀྱི་མཐའ་ཞེས་བྱ་བའི་དོན་ཏོ། །གྲོལ་བ་སྟེ་དེ་གཉིས་ཀྱི་
མཐའ་ཡོངས་སུ་བཏང་ནས་དབུ་མའི་ལམ་རྟོགས་པར་བྱས་ཏེ། འཁོར་བ་ཡང་གྲུབ་པར་གནས་པའོ། །རྨོངས་པ་ཞེས་པ་ནི་ཀུན་རྫོབ་ཏུ་སེམས་ཅན་ལ་དམིགས་ནས་སྙིང་རྗེས་འཁོར་བར་ཞུགས་པའོ། །སྟོང་པ་ཉིད་མཐོང་བས་འཁོར་བའི་སྐྱོན་གྱིས་མི་གོས་པ་འདི་ནི་སྟོང་པ་ཉིད་ཀྱི་འབྲས་བུའོ། །
ཐེ་ཚོམ་ནི་སོམ་ཉིའོ། །ཉོན་མོངས་པ་དང་ཤེས་བྱ་ཉིད་སྒྲིབ་པའོ། །དེ་ཉིད་མུན་པ་དང་འདྲ་བས་ན་མུན་པའོ། །དེའི་གཉེན་པོ་ནི་དེ་འཇོམས་པར་བྱེད་པའི་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱིས་སྐྲག་པར་མི་བྱའོ་ཞེས་གདམས་པར་བྱ་བའི་ཕྱིར། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། བདག་གོ་སྙམ་པའི་ཤེས་པའི་ཡུལ་དུ་བརྗོད་པའི་བདག་དེ་ཉིད་བདག་གི་རང་གི་ངོ་བོ་སྟེ། དེ་ཉིད་གལ་ཏེ་བརྟགས་ཤིང་དཔྱད་ན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བརྟགས་དཔྱད་ཉིད་བརྗོད་པར་བྱ་བའི་ཕྱིར་སོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ཡིན་ཞེས་པ་ནི་

བདག་མ་ཡིན་པའོ། །མཆིལ་མ་ནི་ཁ་ནས་བྱུང་བའོ། །ཆུ་སེར་ནི་རྨ་ནས་འཛག་པའོ། །ཞག་ནི་ཚིལ་བུ་སྟེ་གང་གི་དབང་གིས་ལུས་རྒྱས་པར་འགྱུར་རོ། །རྔུལ་ནི་རབ་ཏུ་རྔུལ་བའི་རྔུལ་ལོ། །ནང་གྲོལ་ནི་རྒྱུ་མཐའ་ཕྲ་མོ་ཡན་ཆད་དོ། །རྒྱུ་མ་ནི་རྩ་དང་ཉེ་བའོ། །དྲོད་ནི་མེའི་ཁམས་
སོ། །བུ་ག་ནི་མིག་ལ་སོགས་པའོ། །གལ་ཏེ་གྲངས་ཅན་པ་རྣམས་ཀྱིས་བདག་ནི་རིག་པའི་རང་བཞིན་ཡིན་པའི་ཕྱིར། སྒྲ་ལ་སོགས་པའི་ཤེས་པའི་རང་བཞིན་གྱི་བདག་རྟག་པར་འདོད་པ་མ་ཡིན་ནམ། ཇི་ལྟར་ན་བདག་འགེགས་པར་བྱེད་སྙམ་པ་ལ། གལ་ཏེ་ཞེས་སྨོས་ཏེ།
གལ་ཏེ་སྒྲའི་ཤེས་པ་བདག་ཡིན་ན་ནི། དེ་ཡང་རྟག་པ་ཡིན་པས་དེའི་ཚེ་དུས་ཐམས་ཅད་དུ་སྒྲ་འཛིན་པར་འགྱུར་ཏེ། རྣམ་པར་ཤེས་པ་རྟག་པའི་ཡུལ་སྒྲ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲ་ནི་རྟག་ཏུ་ཡོད་པ་མ་ཡིན་གྱི། རྟག་ཏུ་ཡོད་པ་པོ་ནི་རྣམ་པར་ཤེས་པ་འབའ་
ཞིག་ཡིན་པས་ན་དེའི་ཕྱིར་རྟག་ཏུ་མི་འཛིན་ནོ་སྙམ་པ་ལ། གང་གིས་ཞེས་སྨོས་ཏེ། གང་གིས་ཤེས་པར་བརྗོད་པའི་མངོན་པར་རྗོད་པར་བྱེད་པས་སྒྲ་ལ་སོགས་པ་མེད་པར་ཅི་ཞིག་ཅེས་བྱ་བའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཤེས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་
ཏེ། གཞན་ཡང་སྒྲ་འཛིན་པར་བྱེད་པའི་བདག་གཅིག་པོ་དེས་དེའི་ཚེ་གཟུགས་ལ་སོགས་པས་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་རྣམ་གྲངས་ཀྱིས་བརྗོད་པ། དེས་ན་ཞེས་སྨོས་སོ། །སྒྲའི་ཤེས་པ་དེ་ཉིད་ཀྱིས་གཟུགས་ཀྱང་འཛིན་པ་ཡིན་ནོ་ཞེ་ན། སྒྲུབ་པ་པོས་བརྗོད་པ། དེ་ཚེ་ཞེས་
སྨོས་ཏེ། གཟུགས་འཛིན་པའི་དུས་དེའི་ཚེ་སྒྲ་ཡང་ཅི་སྟེ་མི་འཛིན་ཏེ་སྒྲའི་ཤེས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲ་ཉེ་ཕྱོགས་ན་མེད་པའི་ཕྱིར་མི་འཛིན་པ་ཉིད་དོ་ཞེ་ན། ཀྱེ་ཧེ་དེ་ལྟར་ན་ནི་ཤེས་པ་དེ་ཡང་སྒྲའི་ཤེས་པ་དེ་ཡང་མེད་པ་ཉིད་དོ། །གཞན་ཡང་སྒྲ་འཛིན་ཞེས་བྱ་བ་ལ་སོགས་
པའོ། །ཅི་སྟེ་སྐྱེས་བུ་གཅིག་ཉིད་ལ་ཁ་ཅིག་གི་ཕ་ཁ་ཅིག་གི་བུ་རུ་བཏུབ་པ་མ་ཡིན་ནམ། དེ་ཇི་ལྟར་སྙམ་པ་ལ། སྒྲུབ་པ་པོས་བརྗོད་པ། ཕ་དང་ཞེས་སྨོས་ཏེ། ཕ་རོལ་པོས་བརྟགས་པའི་དོན་ནི་བཏུབ་ལ་རག་ལ། འདིར་དོན་དམ་པ་ཉིད་ཀྱི་རང་བཞིན་ཁས་བླང་བར་བྱ་བའི་སྐབས་

སུ་བབ་པ་ཡིན་ནོ། །འདི་ལྟར་འདི་ནི་དོན་དམ་པ་མ་ཡིན་ནོ་ཞེས་ཐ་སྙད་དུ་བྱ་བའི་ཕྱིར། སྙིང་སྟོབས་ཞེས་སྨོས་ཏེ། སྙིང་སྟོབས་ནི་བདེ་བའོ། །རྡུལ་ནི་སྡུག་བསྔལ་ལོ། །མུན་པ་ནི་མ་རིག་པའོ་ཞེས་གྲངས་ཅན་རྣམས་ཀྱིས་སྨྲས་པའི་བུའི་གནས་སྐབས་ཀྱི་
ཡོན་ཏན་གསུམ་པོ་དེ་ཉིད་ཕའི་གནས་སྐབས་ན་ཡང་ཡིན་པས་ཁྱད་པར་མེད་པའི་ཕྱིར་བརྟགས་པ་ཉིད་ཡིན་གྱི་དོན་དམ་པར་མ་ཡིན་ནོ། །གཞན་ཡང་སྒྲ་འཛིན་ཞེས་བྱ་བ་ལ། གལ་ཏེ་གཟུགས་འཛིན་པའི་དུས་ན་སྒྲ་འཛིན་པའི་རང་བཞིན་གྱི་ཤེས་པ་དེ་ཡང་ཡོད་ན་ནི་དེ་བཞིན་དུ་
དམིགས་པར་འགྱུར་བ་ཞིག་ན་དེ་ལྟར་ཡང་མ་དམིགས་པའི་ཕྱིར་དེའི་རང་བཞིན་དེ་མེད་པ་ཉིད་དུ་ངེས་པ་ཡིན་ནོ། །ཅི་སྟེ་སྒྲའི་ཤེས་པ་དེ་ཉིད་ལས་གཞན་གཟུགས་ཀྱི་ཤེས་པ་འབྱུང་བ་ཡིན་ཏེ། དཔེར་ན་གར་མཁན་གྱི་རང་བཞིན་གཅིག་པོ་དེ་ཉིད་རང་བཞིན་གཞན་གྱིས་ཏེ། རེས་
འགའ་ནི་ཨརྫུ་ནའི་གཟུགས་ཀྱིས་སྣང་བ་བཞིན་ནོ་ཞེ་ན། སྒྲུབ་པ་པོས་བརྗོད་པ། དེ་ཡང་མི་རྟག་ཅེས་སྨོས་ཏེ། གར་མཁན་དེ་ཡང་མི་རྟག་ཅིང་མི་བརྟན་པ་ཉིད་ཡིན་ཏེ། གཟུགས་གཞན་བོར་ནས་གཟུགས་གཞན་འཛིན་པར་བྱེད་པའི་ཕྱིར་རོ། །གལ་ཏེ་གཅིག་ལ་རང་
བཞིན་གཉིས་ནི་ཡོད་པ་མ་ཡིན་ཏེ། གར་མཁན་གཅིག་པོ་དེ་ཉིད་རང་བཞིན་གྱི་ཚུལ་གྱིས་འོངས་པ་ཡིན་ནོ་ཞེ་ན། ལན་བརྗོད་པ་སྔོན་མེད་ནི་ངོ་མཚར་ཅན་གྱི་གར་མཁན་སྣང་བའོ། །གང་ཡང་དེ་ཉིད་ཅེས་བརྗོད་པ་ནི་བདེན་པར་བརྗོད་པ་ཉིད་དུ་སྟེ། ཡང་དེ་ཉིད་གཞན་ཉིད་ཀྱི་ཚུལ་
གྱིས་གཅིག་པ་ཕན་ཚུན་དུ་འགལ་བའི་རང་བཞིན་གཉིས་ནི་ཡོད་པ་མ་ཡིན་ན་གཅིག་ཅེས་བྱ་བའི་གཅིག་ཉིད་གང་གིས་ན་ཡོད། གལ་ཏེ་རིག་པའི་རང་བཞིན་གྱི་བདག་ལས་གཞན་ཡུལ་གྱི་ཁྱད་པར་དུ་བྱས་པ་ནི་ཤེལ་གྱི་སྔོན་པོ་བཞིན་བདེན་པ་མ་ཡིན་ནོ་སྙམ་པ་ལ། ལན་བརྗོད་པ།
གཉུག་མ་དེ་ཡི་རང་བཞིན་སྨོས། །གལ་ཏེ་ཡུལ་གཟུགས་ལ་སོགས་པ་ཐ་དད་དུ་ཟིན་ཀྱང་ཤེས་པ་ཉིད་དོན་དམ་པ་གཅིག་པུར་གྱུར་པ་ཉིད་གཅིག་ཡོད་དོ་སྙམ་པ་ལ། ལན་བརྗོད་པ་དེའི་ཕྱིར་ཞེས་སྨོས་ཏེ། དེ་ལྟར་ན་ནི་སྐྱེ་བོ་ཀུན་གཅིག་གི་བདག་ཉིད་དུ་འགྱུར་ཏེ། ཤེས་པ་ཉིད་ཐམས་

ཅད་ལ་ཐུན་མོང་དུ་ཡོད་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་མ་ཡིན་པ་དག་ནི་བདག་དང་རང་བཞིན་ཏེ་གཅིག་པར་འགྱུར་བ་ནི་དེ་དངོས་པོ་ལ་ཐ་མི་དད་པར་འགྱུར་བའོ་སྙམ་པ་ནི་མཚུངས་པའོ། །རྒྱུ་གང་ཡིན་པའི་སྒོ་ནས་སེམས་ཅན་དང་སེམས་པ་མེད་པ་གཉིས་ཡོད་པར་མ་གྲུབ་པ་ནི་
ཡོད་མིན་ནོ། །འདི་སྙམ་དུ་སྐྱེས་བུ་རྣམས་ལ་འདྲ་བའི་རྒྱུ་མཚན་གཅིག་ཉིད་དུ་གྱུར་པ་ཅིག་མི་འདོད་ན་ནི་བདེན་ན། འོན་ཀྱང་འདོད་པ་ཉིད་དོ་སྙམ་པ་ལ། གང་ཚེ་བྱེ་བྲག་ཅེས་སྨོས་ཏེ། ཡང་ཞེས་པ་ནི་ཉེས་པ་གཞན་སུན་དབྱུང་བའོ། །གང་གི་བྱེ་བྲག་བརྫུན་པ་དེའི་ཚེ་གཅིག་ཉིད་
དུ་གྱུར་པ་ཉིད་དེ། འདི་ལྟར་བྱེ་བྲག་ཏུ་ཐ་དད་པར་གྱུར་ན་ནི་ཅུང་ཟད་ཆོས་མཐུན་པའི་སྒོ་ནས་འདྲ་བ་ཡོད་པར་འགྱུར་གྲང་ན། བྱེ་བྲག་ཐ་དད་པ་ཡོད་པ་མ་ཡིན་ཏེ། དེ་དེ་ཉིད་དུ་གྱུར་པའི་ཕྱིར་འདྲ་བ་ཡོད་པ་མ་ཡིན་ནོ། །ད་ནི་རིགས་པ་ཅན་ལ་སོགས་པས་བརྟགས་པའི་བདག་
སེམས་པ་མེད་པར་འདོད་པ་དགག་པར་བྱ་བའི་ཕྱིར། སེམས་མེད་པ་ཡང་ཞེས་སྨོས་ཏེ། བདག་ཅེས་བྱ་བ་སེམས་པ་མེད་པའི་དངོས་པོ་སྟེ་སེམས་པ་མེད་པ་ཅན་གྱི་བདག་གོ། །ཅི་སྟེ་སེམས་ལྡན་ན་སྟེ་སེམས་པ་དང་སྦྱར་ནས་ཤེས་པར་བྱེད་པ་ཡིན་ནོ་སྙམ་པ་ལ། ལན་བརྗོད་
པ། དེ་ལྟར་ན་བརྒྱལ་བ་ལ་སོགས་པའི་གནས་སྐབས་ན་སེམས་པ་ཡོད་པ་མ་ཡིན་པའི་ཕྱིར་མི་ཤེས་པ་ཉིད་ཐོབ་པར་འགྱུར་ཞིང་སེམས་དང་འབྲེལ་བ་ཡང་ཉམས་པར་འགྱུར་བས་ན། བདག་ཉམས་ནས་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་བདག་ནི་རྟག་པ་ཉིད་ཡིན་པའི་
ཕྱིར། ནམ་ཡང་འགྱུར་བ་མེད་པ་ཉིད་ཡིན་པ་དེས་ན་ཉམས་པར་མི་འགྱུར་རོ་ཞེས་གཞན་གྱིས་བརྒལ་བ་ལ་ལན་བརྗོད་པ་སེམས་པས་ཞེས་སྨོས་ཏེ། ཤེས་པ་དང་སྦྱར་བས་འགྱུར་བ་མེད་པའི་བདག་འདི་ལ་ཅི་ཞིག་རྒྱས་པར་འགྱུར། གང་གིས་ན་ཤེས་པར་བྱེད་པར་འགྱུར། དེ་
ལྟ་བས་ན་བདག་གི་རང་བཞིན་ནི་ནམ་མཁའི་བདག་ཉིད་དུ་བྱས་ཏེ་རྣམ་པར་གཞག་པར་འགྱུར་ཏེ། འདི་དེ་དང་མཚུངས་པའི་ཕྱིར་རོ། །ཡང་རྣམ་པ་གཞན་གྱིས་བདག་སྒྲུབ་པར་འདོད་ནས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བདག་རྟག་པ་ལས་བྱེད་ཅིང་མྱོང་

བ་མེད་པར་གྱུར་པ་དེ་ལྟ་ན་ལས་དགེ་བ་དང་མི་དགེ་བ་བྱས་པ་ཉམས་པར་འགྱུར་ཏེ། གང་གིས་འབྲས་བུ་འབྱུང་བར་འགྱུར། དེས་ན་བདག་ནི་ཡོད་པ་ཉིད་དོ་སྙམ་པ་ལ་ལན་བརྗོད་པ། རྟེན་གཞན་ཞེས་སྨོས་ཏེ། རྟེན་བྱས་པའི་འབྲས་བུ་ཉིད་དུ་ནི་འུ་བུ་གཉི་ག་
རྟེན་བདག་དང་བདག་མེད་པར་སྨྲ་བ་གཉི་ག་ལ་གྲུབ་པ་སྟེ་ལས་གང་ཞིག །ལུས་འདིས་བྱས་ནས་དེའི་འབྲས་བུ་གཞན་དུ་སྐྱེས་པའི་ལུས་ཀྱིས་མྱོང་བར་བྱེད་པ་ཡིན་ནོ། །དེ་དང་དེ་བདག་ཡོངས་སུ་བརྟགས་པ་ནི་དགོས་པ་མེད་པ་ཉིད་དེ་བྱ་བ་མེད་པ་ཡིན་པའི་ཕྱིར་དང་། བདག་དང་
ལས་ཀྱི་འབྲས་བུ་འབྲེལ་པ་མེད་པའི་ཕྱིར་རོ། །གཞན་ཡང་རྒྱུ་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ཆོས་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་དགོངས་པ་ཡིན་ནོ། །དེ་ལྟ་ན་འདི་ཉིད་ཀྱིས་བྱས་པའི་ལས་གཞན་གང་གིས་ཉམས་སུ་མྱོང་བར་འགྱུར་ཞེས་གསུངས་པ་
དེ་ཇི་ལྟར་འཚམ་པར་འགྱུར་སྙམ་པ་ལ། རྒྱུན་ཞེས་སྨོས་ཏེ། རྒྱུན་དེ་སྐད་ཅིག་མ་གཞན་དང་གཞན་གྱི་རང་བཞིན་གཅིག་ལ་བརྟེན་ནས་ཏེ་སྒྲོ་བཏགས་ནས་ལས་གང་བྱས་པའི་འབྲས་བུ་དེ་ལོངས་སྤྱོད་པར་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས་ཏེ། དེ་
ལྟ་མ་ཡིན་ན་འགྲོ་བ་རྣམས་ལས་ཀྱི་འབྲས་བུ་རྒྱུན་ཆད་དོ་སྙམ་དུ་སེམས་པར་འགྱུར་རོ། །དེ་སྐད་དུ་ཡང་། གང་གི་རྒྱུད་ལ་བཞག་པ་ཡི། །ལས་ཀྱི་བག་ཆགས་དེ་ཉིད་ཀྱི། །འབྲས་བུ་དེ་ཉིད་ལ་འབྲངས་ཏེ། །རས་བལ་དམར་པོ་ཇི་བཞིན་ནོ། །ཞེས་གསུངས་ཏེ། དཔེར་ན་རྒྱུ་རྒྱ་སྐྱེགས་ལ་སོགས་
པའི་ཚོགས་ཀྱི་རས་བལ་ལ་སོགས་པའི་ས་བོན་ལས་བྱུང་བ་ནི་འབྲས་བུ་འདུས་བྱས་པའི་རྒྱུན་གཅིག་ཏུ་ཞུགས་པས་བདག་མེད་བཞིན་དུ་ཡང་དེའི་མེ་ཏོག་ལ་སོགས་པ་དམར་པོར་འབྱུང་ངོ་། །དེ་བཞིན་དུ་སྐབས་ལ་བབ་པའི་དོན་ཡང་ངོ་། །གལ་ཏེ་བདག་མེད་པར་གྱུར་ན། །བདག་གི་
མགོན་པོ་བདག་ཉིད་དེ། །གཞན་དག་མགོན་དུ་ཇི་ལྟར་འགྱུར། །བདག་ཉིད་ཀྱིས་ནི་ལེགས་བཏུལ་ན། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པ་གསུངས་པ་དེ་ཇི་ལྟར་འཚམ་ཞེ་ན། དེ་ནི་སེམས་ཉིད་ལ་བརྗོད་པ་ཡིན་པར་གཟུང་བར་བྱ་སྟེ། མདོ་

སྡེ་གཞན་དག་ལས་ཀྱང་སེམས་ཉིད་ལ་བདག་གི་སྒྲས་བརྗོད་པའི་ཕྱིར་རོ། །ལང་ཀར་གཤེགས་པ་ལས་ཀྱང་། གང་ཟག་རྒྱུད་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་ཕྲན་དང་། །གཙོ་བོ་དབང་ཕྱུག་བྱེད་པོ་ཞེས། །སེམས་ཙམ་ཉིད་ལ་ང་ཡིས་བཤད། །ཅེས་གསུངས་སོ། །
སེམས་དེ་ཡང་བདག་གོ་སྙམ་དུ་ང་རྒྱལ་བསྐྱེད་པར་བྱ་བའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདས་དང་ཞེས་བྱ་བ་སྨོས་ཏེ། བདག་མིན་ཞེས་པ་ནི་བདག་གོ་སྙམ་པའི་ཡུལ་མ་ཡིན་པའོ། །བདག་གིས་སེམས་ད་ལྟར་བ་ཡང་བདག་གོ་སྙམ་དུ་ང་རྒྱལ་བསྐྱེད་པར་བྱ་བའི་སྤྱོད་ཡུལ་
མ་ཡིན་ཏེ། སྐྱེས་ཀྱི་རྗེས་ཉིད་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །སེམས་འདི་ཞིག་པར་གྱུར་ཙམ་ཡང་བདག་གོ་སྙམ་པའི་ཡུལ་ཡོད་པ་ནི་མ་ཡིན་ནོ། །མཇུག་བསྡུ་བར་བྱ་བའི་ཕྱིར། ཇི་ལྟར་ཞེས་སྨོས་ཏེ། བདག་གོ་སྙམ་པའི་ང་རྒྱལ་བའི་ཡུལ་ཡང་དངོས་པོར་གྱུར་པ་མ་ཡིན་ནོ། །
ཡང་རྣམ་པ་གཞན་གྱིས་བདག་སྒྲུབ་པར་འདོད་ནས། གལ་ཏེ་ཞེས་སྨོས་ཏེ། སེམས་ཅན་དང་བདག་མེད་པར་གྱུར་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་འཇུག་པར་འགྱུར་སྙམ་པ་ན། སྒྲུབ་པ་པོས་བརྗོད་པ། རྨོངས་པས་ཞེས་སྨོས་ཏེ། རྨོངས་པས་ཞེས་པ་
ནི་ཀུན་རྫོབ་ཏུ་ཞེས་བྱ་བའོ། །བཏགས་པ་ནི་སྒྲོ་བཏགས་པའོ། །དགོས་པའི་དོན་དུ་སྟེ་སངས་རྒྱས་བསྒྲུབ་པའི་དོན་དུའོ། །ཁས་བླངས་པ་ནི་དམ་བཅས་པ་སྟེ་སེམས་ཅན་རྣམས་ཀྱི་ཐོག་ཏུའོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་ནི་རྣམ་པ་གསུམ་སྟེ་སེམས་ཅན་ལ་དམིགས་པ་དང་།
ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་སྟེ་གསུམ་མོ། །དེ་སྐད་དུ་བསྟོད་པ་བཞི་པ་ལས་ཀྱང་། མགོན་ཁྱོད་སེམས་ཅན་འདུ་ཤེས་ཀྱིས། །རྣམ་པ་ཀུན་ཏུ་འཇུག་མི་མཛད། །སྡུག་བསྔལ་གྱིས་གཟིར་སེམས་ཅན་ལ། །ཁྱོད་ནི་ཤིན་ཏུ་བརྩེ་བར་ལྡན། །ཞེས་
གསུངས་སོ། །གལ་ཏེ་རྒྱུན་གཅིག་གི་རྗེས་སུ་ཞུགས་ནས་སྐྱེ་ཞིང་འགག་པའི་སེམས་ཅན་མེད་ན། དེས་ན་དགོས་པར་བྱ་བའི་འབྲས་བུ་གང་ཞིག་ཡིན་ཞེ་ན། ལན་བརྗོད་པ་དེ་ནི་བདེན་ཏེ། དོན་དམ་པར་དེའི་འབྲས་བུའོ་ཞེ་འམ་དགོས་པའོ་ཞེས་བྱ་བ་འགའ་ཞིག་ཀྱང་

ཡོད་པ་མ་ཡིན་ཡང་འདིར་ནི་རྨོངས་པ་སྟེ། ཀུན་རྫོབ་ཏུ་སེམས་ཅན་ལ་དམིགས་ནས་འབྲས་བུའི་དོན་དུ་དེས་བྱ་བ་བྱེད་དོ། །གལ་ཏེ་ཡང་རྨོངས་པ་ཞེས་བྱ་བ་ནི་མ་རིག་པ་ཡིན་ན། དེ་ཇི་ལྟར་ཁས་ལེན་པར་བྱེད་སྙམ་པ་ལ་བརྗོད་པ། སྡུག་བསྔལ་
ཞེས་སྨོས་ཏེ། རྨོངས་པ་རྣམ་པ་གཉིས་ཏེ། འཁོར་བའི་རྒྱུ་དང་རབ་ཏུ་ཞི་བའི་རྒྱུའོ། །དེ་ལ་གང་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བའི་རྨོངས་པ་འདིར་གཟུང་ངོ་། །གལ་ཏེ་ཡང་འདི་སྙམ་དུ་ཇི་ལྟར་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུ་ཡིན་པའི་ཕྱིར་རྨོངས་པའི་བྱ་བ་བཟློག་པར་མི་བྱ་བ་དེ་
བཞིན་དུ་བདག་ཏུ་རྨོངས་པ་ཡང་བཟློག་པར་མི་བྱ་སྟེ། དེའི་དངོས་པོ་འདོད་པའི་དོན་སྒྲུབ་པའི་ཕྱིར་རོ་སྙམ་པ་ལ། ལན་བརྗོད་པ། སྡུག་བསྔལ་རྒྱུ་ཡི་ཞེས་སྨོས་ཏེ། དེ་སྐད་དུ་ཡང་། བདག་འཛིན་ལས་ནི་གཞན་གྱི་འདུ་ཤེས་འབྱུང་། །བདག་འཛིན་དབྱེ་བས་ཡོངས་འཛིན་ཞེ་
སྡང་སྟེ། །འདི་དག་གཉིས་དང་ཀུན་ཏུ་འབྲེལ་པ་ལས། །ཉེས་པ་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཞེས་འབྱུང་ངོ་། །དེ་བཞིན་དུ། བདག་འཛིན་དང་བཅས་ཡིད་ཀྱིས་སྐྱེ་བའི་རྒྱུ་ནི་རབ་ཏུ་ཞི་བྱེད་མིན། །བདག་ཏུ་ལྟ་བས་བདག་ཏུ་འཛིན་པའི་ང་རྒྱལ་སྙིང་ལས་སྤོང་བྱེད་མིན། །
བདག་མེད་སྨྲ་བ་གཞན་ཡོད་མིན་ཕྱིར་འགྲོ་ན་སྟོན་པ་གཞན་ཡོད་མིན། །དེས་ན་ཉེ་བར་ཞི་བྱེད་ཆོ་ག་ཁྱེད་བཞེད་ལམ་ལས་གཞན་ཡོད་མིན། །ཞེས་འབྱུང་ངོ་། །དེ་ལྟར་བདག་ཏུ་རྨོངས་པས་བདག་ཏུ་འཛིན་པ་བཟློག་པར་མི་བྱེད་པ་དེའི་ཚེ་བདག་མེད་པ་ཉིད་བསྒོམ་པའི་
མཆོག་ཡིན་ནོ། །ཕྱིས་ནི་དེ་ཡང་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་སྤང་བར་བྱའོ། །གལ་ཏེ་འདི་ལྟར་ཡན་ལག་ཅན་གྱི་ལུས་བདག་ཏུ་འཛིན་པའི་ཡུལ་ཡིན་ནོ་སྙམ་པ་ལ། ལུས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ལ་ནི་རྣམ་པར་དཔྱད་ན་ཡན་ལག་ལ། ཐ་
དད་པའི་དངོས་པོ་ཅུང་ཞིག་ཀྱང་མེད་ལ། དེས་ན་གཞན་ཡོད་པ་ཡང་མ་ཡིན་ནོ། །བརླ་ནི་པུས་མོའི་སྟེང་གི་ཕྱོགས་སོ། །ཕྲག་པ་ནི་དཔུང་པའོ། །དེ་ནི་སྟེ་ལུས་ནིའོ། །འདི་ནི་སྟེ་དེ་དག་རྣམས་ཀྱི་ནང་ནའོ། །གལ་ཏེ་ཡན་ལག་ཐམས་ཅད་ལ་ཡན་ལག་ཅན་གྱི་ལུས་ཡོད་པ་ཡིན་

ནོ་སྙམ་པ་ལ། གལ་ཏེ་ཞེས་པ་ལ་སོགས་པ་སྨོས་ཏེ། ཡན་ལག་རྣམས་ལ་ཡན་ལག་ཅན་ཕྱོགས་གཅིག་པའམ་ཡང་ན་ཐམས་ཅད་ལ་ཡོད་གྲང་། གལ་ཏེ་ཕྱོགས་གཅིག་ལ་ཡོད་པར་འགྱུར་ན་ནི་དེ་ཡང་ཡན་ལག་རྣམས་ཀྱི་ཆ་ཤས་སུ་གྱུར་པ་ན་ཡན་ལག་ཅན་གཅིག་གང་ན་
གནས་ཏེ་སུས་ཀྱང་རིག་པ་མེད་དོ། །དེ་སྟེ་ལག་པ་ལ་སོགས་པའི་ཡན་ལག་གི་བདག་མུན་པ་སྟེ་ཐམས་ཅད་ལ་གནས་པར་འགྱུར་ན་ནི་དེའི་ཚེ་ལུས་ཀྱི་ཡན་ལག་ཇི་སྙེད་པའི་ལུས་སུ་འགྱུར། ཁ་བསྒྱུར་བ་དང་མ་བསྒྱུར་བའི་ཐལ་བར་འགྱུར་བ་ཡང་བརྗོད་པར་བྱའོ། །ཤ་ལ་
སོགས་སྔར་དཔྱད་པར་བྱས་པའི་ཕྱིར་ན་སྟེ། ནང་རོལ་ན་ལུས་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཞེས་པ་ནི་རྣམ་པ་གང་གིས་ཞེས་བྱ་བའོ། །གཏི་མུག་པ་སྟེ་མ་རིག་པའི་དབང་གིས་སོ། །གལ་ཏེ་རྨོངས་པ་ཉིད་ཀྱིས་ལུས་ཀྱི་ཁྱད་བྱུང་གི་དོན་དམ་པར་མ་ཡིན་པ་ཇི་ལྟར་སྙམ་པ་ལ།
དབྱིབས་སུ་ཞེས་སྨོས་ཏེ། དབྱིབས་སུ་བཀོད་པ་ནི་གཟུགས་སུ་བྱས་པའོ། །ཤིང་དུམ་སྟེ་ཤིང་དུམ་མཐར་བསྒྲེང་བ་ལ་རྐྱེན་གྱི་དབང་གིས་སྐྱེས་བུ་བཞིན་དུ་སྣང་བའོ། །དེ་ཞེས་པ་ནི་ཚོགས་པའོ། །འདི་ལ་སྟེ་ལག་པ་ལ་སོགས་པ་ལའོ། །ཇི་ལྟར་ལུས་མེད་པ་བཞིན་དུ་ཡན་ལག་
ཀྱང་མེད་པ་ཞེས་བསྟན་པའི་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཞེས་པ་ནི་སོར་མོའི་ཚོགས་སོ། །ཚིགས་ཀྱང་རང་རང་གི་ཆས་ཕྱེ་ན་ཆ་ཤས་སུ་ཡོད་པ་མ་ཡིན་ནོ། །ཆ་ཤས་ཀྱང་ཡོད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱིས་རྣམ་པར་དཔྱད་ཅིང་གཞིགས་པའི་ཕྱིར་རོ། །རྡུལ་
ཕྲ་རབ་ཀྱང་ཡོད་པ་མ་ཡིན་ཏེ། ཕྱོགས་ཆ་ཐ་དད་པའི་ཕྱིར་རོ། །འདི་ལྟར་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་འགྱུར་རོ། །དཀྱིལ་འཁོར་གྱི་ཆ་མེད་པ་གཅིག་པོ་དེ་ལ་ཤར་ཕྱོགས་ན་མོའི་དེའི་ཆ་དེ་དེའི་ཕྱོགས་གཞན་ན་མོ་ཡིན་པར་འགྱུར་ན་ནི་གོང་བུ་ཡང་རྡུལ་ཕྲན་ཙམ་དུ་
འགྱུར་རོ། །གཞན་ཡིན་པར་འགྱུར་ན་ནི་དེའི་ཚེ་དེ་ཡང་ཆ་དྲུག་ཏུ་འགྱུར་ཏེ། འདི་ལྟར་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་འགྱུར་རོ། །དེའི་ཕྱིར་ལུས་ཀྱང་བདག་ཏུ་འཛིན་པའི་བློའི་སྤྱོད་ཡུལ་མ་ཡིན་ནོ། །གཟུགས་ཞེས་པ་ནི་གཟུགས་ཀྱི་ཕུང་པོའོ། །དེ་ལྟར་ལུས་དྲན་

པ་ཉེ་བར་གཞག་པ་བསྟན་ནས། ཚོར་བ་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། གལ་ཏེ་ཞེས་སྨོས་ཏེ། གལ་ཏེ་ཚོར་བ་དོན་དམ་པར་ཡོད་པར་གྱུར་ན་དེས་དེའི་ཚེ་ན་ཡོད་པའི་རབ་དགའ་སྟེ་ཚོར་བ་བདེ་བ་ཅིའི་ཕྱིར་ན་མི་འགེགས། གདུངས་པ་ནི་གཟིར་
བའོ། །ཞིམ་པ་ནི་དགའ་བར་བྱེད་པའོ། །དེའི་ཕྱིར་དེ་དག་ནི་རྟོག་པས་ཀུན་ཏུ་སྒྲོ་བཏགས་པའོ། །ཕ་རོལ་པོས་བརྗོད་པ། མང་པོ་ཞེས་སྨོས་ཏེ། དགའ་བ་ལ་སོགས་པའི་གནས་སྐབས་ན་བདེ་བ་ལ་སོགས་པ་མང་ཞིང་ཕལ་ཆེ་བས་སྡུག་བསྔལ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ཉམས་
སུ་མི་མྱོང་ངོ་སྙམ་པ་ལ། ལན་བརྗོད་པ་གང་ཞིག་ཅེས་སྨོས་ཏེ། གང་ཞིག་ཉམས་སུ་མྱོང་བའི་བདག་ཉིད་དུ་མ་གྱུར་པའི་ཚོར་བ་དེ་ཇི་ལྟ་བུ་ཞིག །གང་ལས་རིག་ཅིང་མྱོང་ནས་རིག་གོ་ཞེས་བརྗོད་པར་བྱ། གཞན་གྱིས་བརྗོད་པ། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་
བསྔལ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་གྱི་འོན་ཀྱང་སྡུག་བསྔལ་ཕྲ་བ་ཉིད་དུ་ཡོད་པ་ཡིན་ལ། བདེ་བ་ནི་རགས་པ་ཉིད་དེ་མཆོག་ཏུ་དགའ་བ་ཁྱད་པར་ཅན་སྐྱེས་པ་མ་ཡིན་ནམ་ཞེས་པ་ནི་བོད་པའོ། །ཕྲ་བ་ཉིད་ནི་གང་ཡིན་སྙམ་ན་དགའ་བ་ཙམ་གཞན་དུ་གྱུར་པ་ཡིན་ལ། དགའ་བ་ཙམ་ནི་
རངས་པ་ཙམ་ཉིད་དེ་དགའ་བའི་བག་ཞད་ཆུང་ངུ་ཙམ་མོ། །གཞན་དུ་གྱུར་པ་ནི་རྨད་དུ་བྱུང་བའི་དགའ་བ་གཉིས་པའོ་ཞེས་གལ་ཏེ་འདོད་དོ་ཞེ་ན། ལན་བརྗོད་པ། དེའི་ཕྱིར་ཞེས་སྨོས་ཏེ། དེའི་བདེ་བ་ཕྲ་བ་མ་ཡིན་པར་ཡོད་པས་སྡུག་བསྔལ་ཡོད་པར་མི་འགྱུར་ཏེ། དགའ་བ་མེད་པའི་
རིགས་ཡིན་པའི་ཕྱིར་རོ། །ཡང་ན་དེའི་ཕྱིར་ཏེ། དེ་ལྟ་ཡིན་པ་དེའི་ཕྱིར་རྨད་དུ་བྱུང་བར་གྱུར་པའི་བདེ་བ་ལས། བདེ་བ་འདི་ལས་གཞན་པའི་བདེ་བ་ཙམ་འབྱུང་གི་སྡུག་བསྔལ་ནི་མ་ཡིན་ནོ། །གཞན་གྱིས་བརྒལ་བ་དགའ་བའི་གནས་སྐབས་ན་སྡུག་བསྔལ་དང་འགལ་བ་བདེ་བའི་རྒྱུའི་
ཚོགས་པ་ཚང་ཞིང་། སྡུག་བསྔལ་གྱི་རྒྱུ་མ་ཚང་བར་གྱུར་པས་འབྱུང་བར་མ་གྱུར་ཏོ་སྙམ་པ་ལ། ལན་བརྗོད་པ་དེའི་ཚེ་ཚོར་བ་ཞེས་བྱ་བ་བརྟགས་པ་ལ་མངོན་པར་ཞེན་པ་འབའ་ཞིག་ཏུ་གྱུར་པ་མ་ཡིན་ནམ། འདི་ལྟར་དངོས་པོ་གཅིག་ཉིད་ལ་ཁ་ཅིག་ནི་བདེ་བ། ཁ་ཅིག་ནི་སྡུག་

བསྔལ་དུ་འགྱུར་ལ། གནས་སྐབས་ཁ་ཅིག་ནི་མི་བདེ་བའི་རྒྱུར་འདུག་པ་དེ་ཉིད་གནས་སྐབས་གཞན་དུ་གྱུར་པ་དེའི་ཚེ་བདེ་བའི་རྒྱུར་འགྱུར་བ་ཡིན་ནོ། །དེ་སྐད་དུ་ཡང་། སྦྲུལ་ལ་རྨ་བྱ་དགའ་བ་སྐྱེ་བར་འགྱུར། །དུག་ལ་གོམས་པ་རྣམས་ལ་དགའ་ཉིད་རྩི། །རྔ་མོའི་ཁ་ན་
ཚེར་མ་ཚ་བཞིན་དུ། །དགའ་བའི་རྒྱུ་ཡི་ཁྱད་པར་སྐྱེད་པར་བྱེད། །ཅེས་གསུངས་སོ། །དེའི་ཕྱིར་བདེ་བ་ལ་སོགས་པ་མངོན་པར་ཞེན་པའི་བདག་ཉིད་ཀྱི་ཚོར་བ་འདི་རྣམ་པར་བརྟགས་ལ། དེའི་གཉེན་པོའི་ཕྱོགས་ཚོར་བ་དྲན་པ་ཉེ་བར་གཞག་པའི་བདག་ཉིད་བསྒོམ་པར་བྱ།
གོམས་པར་བྱའོ་གཞན་ཡང་འདིའི་ཕྱིར་ཡང་ཚོར་བ་མངོན་པར་ཞེན་པའི་བདག་ཉིད་དོ་ཞེས་བསྟན་པའི་ཕྱིར། རྣམ་བརྟགས་ཞེས་སྨོས་ཏེ། འདི་ལྟར་རྣམ་པར་བརྟགས་པ་ཉིད་ཞིང་ངོ་། །གང་དེ་ལས་ཡང་དག་པར་བྱུང་བའི་བསམ་གཏན་གྱི་བདེ་བ་དེ་ཉིད་ཟས་སོ། །རྒྱུ་
ཁས་བླངས་ནས་ཚོར་བར་མངོན་པར་ཞེན་པ་ལ་བརྗོད་པ། ད་ནི་རྒྱུ་མེད་པ་ཉིད་ཀྱིས་ཚོར་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དབང་དོན་ཞེས་སྨོས་ཏེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་འདུས་ཤིང་ཕྲད་པ་ལས་རེག་པ། དེ་ལས་ཚོར་བ་སྐྱེ་བ་ཡིན་ན་དེ་
ཡང་བར་དང་བཅས་པའམ་བར་མེད་པ་ཅིག་ཡིན་གྲང་ན། བར་དང་བཅས་པ་སྟེ་རྣམ་པར་ཆོད་པའི་ལྟ་ན་ནི་ཇི་ལྟར་འདུ་བར་འགྱུར། བར་མཚམས་མེད་པ་སྟེ་རྣམ་པར་མ་ཆོད་པར་གྱུར་ན་ནི་གཅིག་ཉིད་དེ་བདག་ཉིད་དུ་གཅིག་པར་འགྱུར། གལ་ཏེ་འདི་ལྟར་རྡུལ་ཕྲ་རབ་རྣམས་འདུས་
ཤིང་ཕྲད་པ་ལས་འདུ་བར་འགྱུར་རོ་སྙམ་པ་ལ། རྡུལ་ཕྲན་ཞེས་སྨོས་ཏེ། རྡུལ་ཕྲ་རབ་ཀྱང་རྡུལ་ཕྲ་རབ་ལ་འཇུག་པ་མེད་དེ། འདི་ལྟར་གོ་སྐབས་མེད་པའི་རྡུལ་ཕྲ་རབ་ལ་བར་མཚམས་མེད་པའོ། །མཚུངས་པ་ནི་མཉམ་པ་སྟེ་མཐོ་དམན་མེད་པའི་ཕྱིར་རོ། །གལ་ཏེ་འཇུག་པ་མེད་
དུ་ཆུག །དུ་མ་ཡིན་ལ་རག་གོ་སྙམ་པ་ལ་མ་ཞུགས་པ་ཞེས་སྨོས་སོ། །རྡུལ་ཕྲ་མོ་རྣམས་ཀྱི་འདུ་བ་ནི་བདག་ཉིད་གཅིག་པ་ཉིད་དུ་འགྱུར་བ་ཡིན་ཏེ། ཆ་ཤས་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཆ་ཤས་དང་བཅས་པར་ཐལ་བར་འགྱུར་རོ། །གཞན་ཡང་ཆ་ཤས་མེད་པ་ནི་ཆ་

ཤས་ཀྱིས་སྟོང་པའོ། །འདུ་བ་ནི་དངོས་པོའི་ཚོགས་སོ། །ཇི་ལྟ་བུར་ན་ཞེས་པ་ནི་མི་སྲིད་པ་ཉིད་དུ་སྟོན་པའོ། །རྣམ་པར་ཤེས་པ་ལ་ཡང་འདུ་བ་ཡོད་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཚོགས་པ་སྟེ། ཡང་དག་པའི་ཚོགས་
པའི་དངོས་པོ་ཡང་ཡོད་པ་མ་ཡིན་པས་འདུ་བ་ཡོད་པ་མ་ཡིན་ནོ། །སྔར་དཔྱད་པ་ནི་དེ་བཞིན་སོར་མོའི་ཚོགས་རྣམས་ལས་ཞེས་བྱ་བ་ལ་སོགས་པས་ངེས་པར་བསལ་བའོ། །སྡུག་བསྔལ་ནི་བདེ་བ་བསྒྲུབས་པ་འགྲུབ་ཅིང་སོགས་པ་ངལ་ཞིང་དུབ་པའོ། །གནོད་ན་
ཞེས་བྱ་བ་ནི་ཚོར་བའི་རྒྱུ་མེད་པ་དང་བྱེད་པ་པོ་མེད་པས་མེད་པའི་སྒོ་ནས་སོ། །གང་ལ་ཇི་ལྟར་འགྱུར་ཞེས་བྱ་བ་ནི་རྒྱུ་མེད་པ་ཉིད་དུ་བསྟན་ཏོ། །ཅི་སྟེ་འཇོམས་མི་བྱེད་ཅེས་བྱ་བ་ནི་རྒྱུ་མེད་པ་ཉིད་ཀྱིས་ཅི་སྟེ་ཟློག་པར་མི་བྱེད་ཅེས་བྱ་བའོ། །གལ་ཏེ་རིག་པར་བྱ་བའི་དངོས་པོ་
ཉིད་མེད་ན་ཇི་ལྟར་མཐོང་བ་ལ་སོགས་པའི་ཐ་སྙད་ཡོད་པར་འགྱུར་སྙམ་པ་ལ། མཐོང་བའམ་ཞེས་སྨོས་ཏེ། མཐོང་བའམ་རེག་པ་ལ་སོགས་པ་དོན་གྱི་ཐ་སྙད་ནི་རྨི་ལམ་ལྟ་བུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སེམས་ཀྱིས་རིག་པ་ཡིན་གྱི། དོན་དམ་པར་ཡོད་པ་ཉིད་ནི་མ་
ཡིན་ནོ། །གལ་ཏེ་དེ་ལྟར་ན་སེམས་ཀྱིས་མཐོང་བའི་ཚོར་བ་ཡོད་དོ་སྙམ་པ་ལ། སེམས་དང་ལྷན་ཅིག་ཅེས་སྨོས་ཏེ། ཚོར་བ་ཞེས་བྱ་བ་ནི་སེམས་དང་ཡང་དག་པར་ལྡན་པའི་ཆོས་ཡིན་ལ། དེ་ཡང་ལྷན་ཅིག་ཏུ་འབྱུང་བའི་ཕྱིར་སེམས་ཀྱིས་གཟུང་བར་བྱ་བ་མ་ཡིན་ནོ། །གཞན་
ཡང་ཚོར་བ་དེ་སྔར་སྐྱེས་པའི་ཤེས་པས་ཀྱང་རིག་པར་བྱ་བ་མ་ཡིན་ཏེ། དེའི་ཚེ་དེ་མེད་པའི་ཕྱིར་རོ། །ཚོར་བ་དེ་ཕྱིས་སྐྱེས་པའི་ཤེས་པས་ཀྱང་རིག་པར་བྱ་བ་མ་ཡིན་ཏེ། དེའི་ཚེ་ན་ཡང་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དྲན་པ་འབའ་ཞིག་ཙམ་དུ་ཟད་དོ། །ཚོར་བ་བདག་ཉིད་
ཀྱིས་བདག་ཉིད་རིག་པ་ཡང་མ་ཡིན་ཏེ། རང་རིག་པ་ཉིད་ནི་སྔར་བསལ་བའི་ཕྱིར་རོ། །གཞན་གྱིས་རིག་པ་ཡང་མ་ཡིན་ཏེ། དེ་ཡང་སྔར་བསལ་བའི་ཕྱིར་རོ། །ནི་ཞེས་པ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་དེ་ལྟར་ཚོར་བ་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གཞན་

དུ་མངོན་པར་ཞེན་པ་ལས་མ་གཏོགས་པའི་ཚོར་བ་ཡང་དག་པ་ཉིད་དུ་ཡོད་པ་མ་ཡིན་ནོ། །འདི་ཡིས་ཞེས་པ་ནི་ཚོར་བས་སོ། །དེ་དག་གིས་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་བསྟན་པ་ཡིན་ནོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། ཚོར་བ་ཉམས་མྱོང་ཞེས་
བརྗོད་པ། །ཚོར་བྱ་ཚོར་བྱེད་ཚོར་བ་རྣམས། །སོ་སོར་གྱུར་པ་མ་མཐོང་ན། །གང་གིས་ན་ཉིད་ཉམས་སུ་མྱོང་། །དེ་ལྟར་ཚོར་བ་རྣམས་ལ་ནི། །མཁས་པས་དྲན་པ་ཉེ་བར་གཞག །ཅེས་འབྱུང་ངོ་། །སེམས་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། ཡིད་ནི་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དབང་པོ་ནི་ཤེས་པ་སྐྱེ་བ་ལ་བདག་པོའི་ཚུལ་གྱིས་དབང་བྱེད་པའི་དོན་གྱིས་ན་དབང་པོའོ། །གཟུགས་སོགས་ཞེས་བྱ་བ་ནི་ལུས་ལས་ཐ་དད་པའི་གཟུགས་རྣམས་སོ། །བར་ན་ཞེས་པ་ནི་དབང་པོ་དང་ཡུལ་གྱི་བར་ནའོ། །ནང་ནི་ལུས་ཀྱི་ནང་ནའོ། །ཕྱི་
ན་སྟེ་ལུས་ཀྱི་ཕྱི་ནའོ། །གཞན་ན་སྟེ་བརྗོད་པ་རྣམས་ལས་གཞན་ནའོ། །སེམས་དང་ཡིད་ནི་དོན་གཅིག་པའོ། །ལུས་དང་ལྷན་ཅིག་ཏུ་འདྲེས་པ་མ་ཡིན་ཞིང་རྟེན་ཐ་དད་པ་མ་ཡིན་ཏེ། དངོས་པོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་རང་བཞིན་གྱི་སེམས་ནི་
ཡོད་དོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་འཐད་པ་ཡང་སྟབས་གཅིག་ཆོས་དྲན་པ་ཉེ་བར་གཞག་པ་བསྟན་པར་བཞེད་ནས། ཤེས་བྱ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་བརྗོད་པའི་རིམ་པའོ། །གཞན་གྱིས་བདེན་པ་གཉིས་མི་འཐད་པར་བརྩད་
པར་འདོད་ནས་གལ་ཏེ་ཞེས་སྨོས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་གཅིག་པུ་ཁོ་ནར་འགྱུར་གྱི། བདེན་པ་གཉིས་སུ་མི་འགྱུར་རོ། །ཡང་ན་དོན་དམ་པའི་རང་བཞིན་ཐོབ་པ་ཡང་ཡོད་ལ་ཀུན་རྫོབ་ཀྱང་ཡོད་པ་ཡིན་ཏེ། དེ་ཡང་
གཞན་ཏེ་རྒྱུད་གཞན་གྱི་བློས་རྣམ་པར་འཇོག་པར་བྱེད་དོ། །དེས་ན་དོན་དམ་པའི་བདེན་པ་འབའ་ཞིག་ནི་མ་ཡིན་གྱི། ཀུན་རྫོབ་གྲུབ་པའི་ཕྱིར་གཉི་ག་ཡང་གྲུབ་པ་ཡིན་པས་བདེན་པ་གཉིས་སུ་རྗོད་པར་བྱེད་པ་དེ་ལྟ་ན་ནི་དོན་དམ་པ་ཡང་བློའི་སྤྱོད་ཡུལ་དུ་འགྱུར་ལ། བློ་ནི་ཀུན་རྫོབ་ཡིན་

པས་ན་དེའི་ཚེ་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་འགྱུར་བའི་ཕྱིར་དེ་ཐོབ་ནས་སེམས་ཅན་མྱ་ངན་ལས་ག་ལ་འདའ་སྟེ། གང་གིས་ནི་གྲོལ་བ་ཉིད་དུ་འགྱུར་སྙམ་དུ་སེམས་པ་ལ། སྒྲུབ་པ་པོས་ལན་བརྗོད་པ་འདི་ནི་ཞེས་སྨོས་ཏེ། གང་གི་ཚེ་གཞན་
གྱིས་མྱ་ངན་ལས་འདས་པའོ་ཞེས་མྱ་ངན་ལས་འདས་པ་རྟོག་པར་བྱེད་པ་དེའི་ཚེ་གཞན་གྱི་སེམས་ཉིད་རྟོག་པ་དང་བཅས་པ་ཡིན་པས་ན་དེས་མྱ་ངན་ལས་འདས་པ་ཡུལ་དུ་བྱེད་པར་མི་འགྱུར་རོ། །རང་གི་ཀུན་རྫོབ་སྟེ་རང་གི་རྣམ་པར་རྟོག་པ་ལ་མྱ་ངན་ལས་འདས་
པ་དེ་ཡོད་མིན་ཏེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འགགས་པའི་ཕྱིར་རོ། །དེས་ན་མྱ་ངན་ལས་འདས་པ་ཇི་ལྟར་འགྱུར། གལ་ཏེ་རང་ལ་ཀུན་རྫོབ་དེ་ཡོད་པ་མ་ཡིན་པ་དེ་ལྟ་ན་ནི་གཞན་གྱི་ཀུན་རྫོབ་ཀྱང་ཀུན་རྫོབ་ཉིད་དུ་ཇི་ལྟར་འགྱུར་སྙམ་པ་ལ། ཕྱིས་
དེ་ཞེས་སྨོས་ཏེ། རྣམ་པར་བརྟགས་པ་མ་ཡིན་པའི་གཞན་ལས་སྐྱེས་པ་ཡིན་ནོ་ཞེས་གང་རྐྱེན་ལས་བྱུང་བའི་མཚན་ཉིད་ཀྱི་ཆོས་ཕྱིས་ངེས་པར་བྱེད་པ་ཡིན་ན་ཀུན་རྫོབ་ཡོད་ལ། གང་གི་ཚེ་དེ་ཡང་མེད་པ་ཡིན་པ། དེའི་ཚེ་ཀུན་རྫོབ་མེད་པ་ཉིད་དེ། རྒྱུ་རྐྱེན་འདི་ལས་
བྱུང་ཞེས་བྱ་བ་ནམ་མཁའི་མེ་ཏོག་བཞིན་དུ་མེད་པར་གྱུར་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་པའི་ཆོས་རྣམས་ལ་དོན་དམ་པར་ཤེས་པར་བྱེད་པ་ཡང་ཡོད་པ་མ་ཡིན་ལ་ཤེས་པར་བྱ་བ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་ཅི་ཞིག་ཅིས་རྟོགས་པར་
བྱེད་སྙམ་པ་ལ། རྟོག་དང་ཞེས་སྨོས་ཏེ། རྟོག་པ་ནི་བློའོ། །བརྟག་པར་བྱ་བ་ནི་ཤེས་བྱའོ། །དེ་དག་གཉིས་པོ་ཕན་ཚུན་བརྟེན་པ་ནི་ཕན་ཚུན་ལྟོས་པའོ། །ཇི་ལྟར་གྲགས་པ་ལ་གནས་ནས་ཏེ་བཟུང་ནས་འཇིག་རྟེན་པའི་ཐ་སྙད་དུ་རྟོག་པར་བྱེད་ཀྱི། དོན་དམ་པར་ནི་རྟོག་པར་
བྱེད་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་རྟོག་པར་བྱེད་པ་པོ་ཡང་བརྟག་པ་ཉིད་ཡིན་པའི་ཕྱིར་དེས་ཉེ་བར་གཞག་པའི་དངོས་པོ་ཡང་མེད་པ་ཉིད་དོ་སྙམ་པ་ལ། གང་ཚེ་ཞེས་སྨོས་ཏེ། གང་གི་ཚེ་རྣམ་པར་རྟོག་པས་གཞན་ཞིག་ལ་བརྟགས་ནས། དེ་ཡང་རྟོག་པར་བྱེད་པ་གཅིག་གིས་

བརྟག་པར་བྱ་བ་ཡིན་ན་ནི་དེའི་ཚེ་ཡང་རྟོག་པར་བྱེད་པ་གཞན་ཞིག་གིས་བརྟག་པར་བྱ་བ་ཡིན་ལ། ཡང་དེ་ཡང་གཞན་ཞིག་གིས་བརྟག་པར་བྱ་བ་ཡིན་པས་ཐུག་པ་མེད་པར་འགྱུར་རོ། །དེས་ན་རྟོག་པར་བྱེད་པ་ལ་ནི་བརྟག་པར་བྱ་བ་མ་ཡིན་གྱི་འོན་ཀྱང་བརྟག་པར་བྱ་བ་ཉིད་
ལའོ། །རྣམ་པར་བརྟག་པར་བྱ་བ་ལ་བརྟགས་པ་ནི་གཏན་ལ་དབབ་པར་བྱ་བ་གཏན་ལ་ཕེབས་པ་སྟེ། ཡང་དུས་ཕྱིས་བརྟག་པར་བྱ་བའི་གནས་ནི་ཡོད་པ་མ་ཡིན་ནོ། །གནས་མེད་པས་ན་ཡང་རྣམ་པར་རྟོག་པར་བྱེད་པ་འཇུག་པར་མི་འགྱུར་རོ། །འཇུག་པ་ལ་
སོགས་པ་མེད་པ་དེ་ནི་མྱ་ངན་ལས་འདས་པར་བཤད་དེ། དེས་བྱ་བ་མེད་པར་ཞི་བའི་ཕྱིར་རོ། །དོན་དམ་པར་བདེན་པར་སྨྲ་བ་གང་དག་རྣམ་པར་རྟོག་པར་བྱེད་དེ། ཚད་མ་དང་རྣམ་པར་བརྟག་པར་བྱ་བ་སྟེ་གཞལ་བར་བྱ་བའོ་ཞེས་འདི་གཉིས་བདེན་པར་འདོད་པ་ནི་ཤིན་ཏུ་ཡང་
འཁོར་བར་ལྟུང་བ་ཡིན་པའི་ཕྱིར་གནས་མེད་པ་སྟེ་ངན་པར་གནས་པ་ཉིད་དོ། །དེ་ཉིད་བརྗོད་པ། གལ་ཏེ་ཞེས་སྨོས་ཏེ། གལ་ཏེ་ཤེས་པ་ཚད་མའི་དབང་གིས་ཏེ་སྟོབས་ཀྱིས་དོན་གཞལ་བར་བྱ་བ་རྣམ་པར་འཇོག་པར་བྱེད་པའི་ལྟ་ན། དེའི་ཚེ་ཤེས་པ་ཡོད་པ་ཉིད་དུ་གང་
གིས་ངེས་པར་བྱེད་དེ། རང་གིས་རང་རིག་པ་ནི་མེད་པའི་ཕྱིར་ལ། ཚད་མ་གཞན་ཚོལ་ན་ཡང་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །འོན་ཏེ་ཤེས་བྱའི་དབང་གིས་ཏེ་གཞལ་བར་བྱ་བའི་སྟོབས་ཀྱིས་ཚད་མ་རྣམ་པར་འཇོག་པར་བྱེད་པ་སྟེ། དེས་ན་གང་གིས་ཐུག་པ་མེད་པར་
འགྱུར་སྙམ་ན་ནི། དེའི་ཚེ་གཞལ་བྱ་ཡོད་པ་ཉིད་དུ་གང་གིས་ཁོང་དུ་ཆུད་པར་བྱ། དེ་སྟེ་ཤེས་པའི་སྟོབས་ཀྱིས་ཤེས་བྱ་ཡོད་པ་ཉིད་དུ་འཇོག་ཅིང་། ཤེས་བྱའི་སྟོབས་ཀྱིས་ཤེས་པ་ཉིད་དུ་འཇོག་གོ་ཞེ་ན་ནི་དེའི་ཚེ་གཉིས་ཀ་ཡོད་པར་མི་འགྱུར་ཏེ། ཕན་ཚུན་བརྟེན་པ་ཡིན་པའི་
ཕྱིར་གཅིག་མ་གྲུབ་པས་གཉིས་པ་ཡང་མི་འགྲུབ་པོ། །ཕ་མེད་ཅེས་པ་ལ་སོགས་པ་ནི་རྗེས་སུ་མཐུན་པའི་དཔེ་སྟེ། འགའ་ཞིག་གིས་བུ་སྐྱེད་པ་ན་ཕར་འགྱུར་གྱི། ཇི་སྲིད་དུ་མ་བསྐྱེད་ཀྱི་བར་དེ་སྲིད་ནི་མ་ཡིན་ལ། ཇི་སྲིད་དུ་ཕ་མེད་པར་འགྱུར་གྱི་བར་དེ་སྲིད་དུ་བུའི་སྐྱེ་བ་ཡང་ཡོད་

པ་མ་ཡིན་པས་གཉིས་ཀ་ཡང་མེད་པ་ཉིད་དོ། །དེ་སྐད་དུ་ཡང་། ཕན་ཚུན་ལྟོས་ནས་གཉིས་གྲུབ་པའི། །གཉིས་ཀའི་དོན་དམ་ཉིད་མ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་ཤེས་པ་དང་ཤེས་བྱ་དག་ཀྱང་མ་གྲུབ་པ་ཉིད་དོ། །རྒོལ་བ་པོས་བརྗོད་པ་མྱུ་
གུ་ཞེས་སྨོས་ཏེ། མཚོན་ཞེས་པ་ནི་གོ་བར་བྱེད་པའོ། །མྱུ་གུ་ཉིད་བཞིན་དུ་ཤེས་པའི་ཤེས་བྱ་ཡོད་པ་ཉིད་དུ་ཅི་སྟེ་རྟོགས་ཤིང་གོམས་པར་མི་བྱེད་སྙམ་པ་ལ། སྒྲུབ་པ་པོས་བརྗོད་པ། མྱུ་གུ་ལས་ཞེས་སྨོས་ཏེ། མྱུ་གུ་ལས་གཞན་དུ་གྱུར་པའི་ཤེས་པས་མྱུ་གུ་ཤེས་
པར་བྱས་ནས་ས་བོན་ཡོད་དོ་ཞེས་གོ་བར་བྱེད་རྟོགས་པར་བྱེད་གྲང་ན། ཤེས་པ་ཡོད་པ་ཉིད་ནི་གང་ལས་ཀྱང་མ་ཡིན་ཏེ། རང་རིག་པ་མེད་པའི་ཕྱིར་ལ་ཤེས་པ་གཞན་གྱིས་ཀྱང་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །བརྟགས་པའི་ཕྱོགས་ལ་ནི་འཇིག་རྟེན་པའི་ཐ་སྙད་དུ་
རྒྱུ་དང་འབྲས་བུའི་དངོས་པོ་དགག་པར་མི་བྱ་བ་ཉིད་ཡིན་གྱི་དེ་ཁོ་ན་ཉིད་དུ་མ་ཡིན་ནོ། །འདི་ལྟར་རང་བཞིན་དུ་སྨྲ་བ་ཉིད་རྒྱུ་མེད་པར་སྨྲ་བ་སྟེ། དེ་དག་ན་རེ་འགྲོ་བ་སྣ་ཚོགས་ནི་རྒྱུ་མེད་པ་ཉིད་ཡིན་པ་དེ་ལས་རྒྱུ་ལས་འབྱུང་བ་ག་ལ་སྲིད། དེས་ན་འགྲོ་བ་སྣ་ཚོགས་ནི་རྒྱུ་མེད་པ་ཉིད་དོ་
ཞེས་འདོད་པར་བྱའོ། །དེ་སྐད་དུ་ཡང་། པདྨ་གེ་སར་ལ་སོགས་ཏེ། །རྣམ་པ་སྣ་ཚོགས་སུ་ཡིས་བྱས། །རྨ་བྱའི་མདོངས་ལ་སོགས་པ་ཡི། །སྣ་ཚོགས་ཁྲ་བོ་སུ་ཡིས་སྤྲུལ། །ཞེས་འབྱུང་བས་སོ་སྙམ་པ་ལ་ལན་བརྗོད་པ། རེ་ཞིག་ཅེས་པ་ནི་རྗེས་དཔག་ལ་ལྟོས་པ་སྟེ། རྒྱུ་
བརྗོད་པས་དེ་ལ་གནོད་པའི་ཕྱིར་རོ། །སྣ་ཚོགས་འདི་ནི་དབང་ཕྱུག་རྒྱུར་བྱས་ནས་བྱུང་བ་ཡིན་ནོ་སྙམ་པ་ལ། དབང་ཕྱུག་ཅེས་སྨོས་ཏེ། སྨོས་ཞེས་པ་ནི་འདི་ཅི་འདྲ་བ་ཞིག་ཡིན་སྟོན་ཅིག་པའོ། །གལ་ཏེ་འབྱུང་རྣམས་ཏེ་ས་ལ་སོགས་པ་རྒྱུ་ཡིན་ན་ནི་ས་ལ་སོགས་པ་རྗེས་སུ་འགྲོ་བ་
དང་ལྡོག་པའི་སྒོ་ནས་རྒྱུ་ཉིད་དུ་གྲུབ་པས་ཆོག་མོད། མིང་ཙམ་ལ་ངལ་བར་བྱེད་པ་ཅིའི་ཐ་ཚིག་གཞན་ཡང་སྒྲའི་སྒོ་ནས་སྐྱོན་རྟག་ཏུ་དགལ་བར་བྱ་བའི་ཕྱིར། འོན་ཀྱང་ཞེས་སྨོས་ཏེ། དུ་མ་ཞེས་བྱ་བ་ནི་ས་ལ་སོགས་པའི་རང་བཞིན་དུ་མའོ། །མི་རྟག་པ་ནི་རྣམ་པར་འཇིག་པའོ། །

སེམས་མེད་པ་ནི་ཤེས་པ་དང་བྲལ་བའི་ཕྱིར་རོ། །ལྷ་མ་ཡིན་པ་ནི་བརྟེན་པར་བྱ་བ་མ་ཡིན་པའོ། །འགོམས་དང་ཞེས་བྱ་བ་ནི་རྐང་པ་ལ་སོགས་པས་གནོན་ཅིང་འགོམས་པར་བྱ་བའོ། །མི་གཙང་བ་ནི་གང་ཞིག་བཙོག་པར་གྱུར་པ་རྣམས་སོ། །གལ་ཏེ་དབང་ཕྱུག་འདི་ནི་བསམ་དུ་མེད་
པ་སྟེ། དེས་ན་དབང་ཕྱུག་རང་གི་ངོ་བོ་སྤྱད་ནས་ཅི་ཞིག་བྱ་སྙམ་པ་ལ། བསམ་མིན་ཞེས་སྨོས་ཏེ། དབང་ཕྱུག་བསམ་དུ་མེད་པ་ཡིན་ན། བྱེད་པ་ཉིད་ཀྱང་བསམ་དུ་མེད་པའི་ཕྱིར་བརྗོད་པ་པོ་ཉིད་དུ་ཡང་མི་རིགས་སོ། །གལ་ཏེ་དེའི་རང་གི་ངོ་བོ་ནི་ཤིན་ཏུ་མཚོན་པར་
དཀའ་བས་ན་བསམ་ཞིང་དཔྱད་པར་མི་ནུས་ལ། འབྲས་བུ་ནི་འགྲོ་བ་ཀུན་གྱི་ཐུན་མོང་བ་ཡིན་པས་དེ་བསམ་པར་བྱ་བ་ཉིད་དོ་སྙམ་པ་ལ། དེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཕྱུག་དེས་ཅི་ཞིག་འབྲས་བུ་བསྐྱེད་པར་བྱ་བར་འདོད། གལ་ཏེ་བདག་ཡིན་ནོ་ཞེ་
ན། བདག་དེ་ནི་རྟག་པ་ཡིན་ན་ཇི་ལྟར་བསྐྱེད་པར་བྱ་བའི་འབྲས་བུར་འགྱུར། ས་ལ་སོགས་པའི་འབྱུང་བ་རྣམས་ཀྱང་བསྐྱེད་པར་བྱ་བ་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་རྟག་པ་ཡིན་པའི་ཕྱིར་རོ། །རགས་པའི་བྱ་བ་ནི་ཆུང་ངུ་ནས་དགག་པར་བྱ་བའོ། །དབང་ཕྱུག་ཅེས་བྱ་བ་
ནས་དབང་ཕྱུག་ནི་རྟག་པ་དེས་བདག་ཉིད་བྱེད་པ་འགལ་བའོ། །འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་ཞེས་བྱ་བ་ལས་སྐྱེས་པའི་ཤེས་པ་ཡང་ཐོག་མ་མེད་པས་ན་དེས་བྱས་པ་ནི་མ་ཡིན་ལ། རྣམ་པར་ཤེས་པས་སྐྱེད་པའི་དགེ་བ་ལ་སོགས་པའི་ལས་ལས་བྱུང་བའི་བདེ་བ་དང་།
འདི་སྡུག་བསྔལ་དེ་དག་ཀྱང་དེས་བྱས་པ་མ་ཡིན་ནོ། །གཞན་ཡང་ཐོག་མ་མེད་པ་ནས་ཀྱི་རྒྱུ་དབང་ཕྱུག་ཡིན་ན་ནི། དེའི་ཐོག་མ་འདི་ཡིན་ཞེས་བྱ་བ་མེད་པས་དེའི་ཚེ་བསྐྱེད་པ་ལ་སོགས་པ་རྟག་པ་ཉིད་དུ་འགྱུར་ན། སྲིད་པ་ཆགས་ནས་ཚུར་ཁོ་ན་སྐྱེད་ཀྱི་འཇིག་པའི་ཚེ་མ་
ཡིན་པ་ཇི་ལྟར་ཡིན། དེས་ན་ནུས་པ་རྟག་པ་དེ་ལ་སྐྱེད་པ་ལ་སོགས་པའི་ཐོག་མ་ཡོད་པ་མ་ཡིན་ན་འབྲས་བུ་ལ་ཐོག་མ་གང་ལས་འབྱུང་བར་འགྱུར། ཁོ་བོ་ཅག་གི་ལྟར་ན་ནི་འཇིག་པའི་ཚེ་ནུབ་པར་འགྱུར་བའི་སྐྱེས་བུ་རྣམས་ཀྱི་དྲན་པའི་རིགས་ཤེས་པ་འོད་གསལ་བ་ལ་སོགས་པར་

སྐྱེས་ནས། དེས་ན་ཡང་འདི་ཉིད་དུ་སྐྱེ་བ་ཡིན་ནོ། །གལ་ཏེ་ནུས་པ་ཡོད་དུ་ཟིན་ཀྱང་ལྷན་ཅིག་བྱེད་པ་མེད་པའི་ཕྱིར་རྟག་ཏུ་སྐྱེད་པ་མ་ཡིན་ནོ་སྙམ་པ་ལ། དེ་ནི་ཞེས་སྨོས་ཏེ། དེ་སྟེ་དབང་ཕྱུག་གིས་མ་བྱས་པ་མེད་པ་ཉིད་ཡིན་པས་རྟག་ཏུ་སྐྱེད་ཅིང་འབྱིན་པར་
ཐལ་བར་འགྱུར་རོ། །གལ་ཏེ་ཚོགས་པ་ལ་ལྟོས་པ་ཡིན་ན་ནི། དེའི་ཚེ་ཚོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པས་བསྒྲུབས་པ་ཡིན་པའི་ཕྱིར་དབང་ཕྱུག་རྒྱུར་མི་འགྱུར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་མེད་ཅེས་སྨོས་ཏེ། ཚོགས་པ་དེ་མེད་ན་བྱེད་པར་ནུས་པ་མ་ཡིན་པས་དབང་
ཕྱུག་བྱེད་པ་པོ་མ་ཡིན་ནོ། །གཞན་ཡང་ཚོགས་པའི་ནུས་པས་གཅུན་ནས་དབང་ཕྱུག་མི་འདོད་ཀྱང་། གལ་ཏེ་བྱེད་པའི་ལྟ་ན་ནི་དེའི་ཚེ་གཞན་གྱི་དབང་དུ་ཐལ་བར་འགྱུར་རོ། །ཅི་སྟེ་འདོད་བཞིན་དུ་བྱེད་པའི་ལྟ་ན་ནི་དེའི་ཚེ་ཡང་འདོད་པ་ལ་རག་ལས་པ་ཡིན་པའི་ཕྱིར་རང་དབང་ཅན་དུ་མི་
འགྱུར་ན་དེ་འབྲས་བུ་བྱེད་པའི་མངའ་དབང་ཅན་ཉིད་དུ་གང་གིས་འགྱུར། གལ་ཏེ་འདི་ལྟར་རྡུལ་ཕྲ་རབ་རྣམས་ལས་བྱུང་བའི་འབྲས་བུ་འགྲོ་བ་རྣམས་ཡིན་ནོ་སྙམ་པ་ལ། གང་དག་ཅེས་སྨོས་ཏེ། ཆ་ཤས་ཀྱང་ནི་རྡུལ་ཕྱེ་ནས། །ཞེས་བྱ་བ་ལ་སོགས་པས་སྔར་རྡུལ་
ཕྲ་རབ་རྣམས་བཟློག་ཟིན་ཏོ། །གཙོ་བོ་རྒྱུར་གྱུར་ནས་འགྲོ་བ་རྣམས་བྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཙོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉམ་པ་ཞེས་བྱ་བ་ནི་ནུས་པའི་རང་བཞིན་གྱིས་སོ། །མི་མཉམ་འགྲོ་བ་ཞེས་ནི་བརྗོད་ཅེས་བྱ་བ་ནི་གང་གི་ཚེ་ཆེན་པོ་ལ་སོགས་
པ་ཡོན་ཏན་རྣམས་ཀྱིས་སྐྱེ་བ་མི་མཉམ་པ་ཉིད་དུ་གྱུར་པ་དེའི་ཚེ་འགྲོ་བ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་དང་གནས་པ་རྣམས་འབྱུང་བ་ཡིན་ནོ། །དེ་དག་ཀྱང་འདི་ལྟར་རང་བཞིན་ལས་ཆེན་པོ། དེ་ལས་ང་རྒྱལ། དེ་ལས་ཡོན་ཏན་བཅུ་དྲུག་གོ། །བཅུ་དྲུག་པོའི་ལྔ་ལས་འབྱུང་
བ་ལྔའོ། །འདིའི་དོན་ནི་འདི་ཡིན་ཏེ་དེ་ལས་ངར་འཛིན་པའོ། །ངར་འཛིན་པ་ལས་ནི་ལས་ཀྱི་དབང་པོ་ལྔ་སྟེ། ངག་དང་། ལག་པ་དང་། རྐང་པ་དང་། རྐུབ་དང་། མཚན་མ་རྣམས་སོ། །བློའི་དབང་པོ་ལྔ་སྟེ། རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་དང་། སྣ་རྣམས་

དང་། ཐུན་མོང་མ་ཡིན་པ་ཡིད་ཀྱི་དབང་པོ་དང་། སྒྲ་དང་། གཟུགས་དང་། རོ་དང་། དྲི་དང་། རེག་རྣམས་ཏེ་བཅུ་དྲུག་གོ། །སྒྲ་ལ་སོགས་པ་ལྔ་ལས་ནི། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་སྟེ་འབྱུང་བ་ལྔ་རྣམས་དང་། དེ་དག་རྣམས་དང་བདག་སྟེ་དེ་ཁོ་ན་
ཉིད་ཉི་ཤུ་རྩ་ལྔ་རྣམས་སོ། །འདི་དག་གི་རྣམ་པར་དབྱེ་བ་བརྗོད་པའི་རྩ་བ་རང་བཞིན་ནི་འགྱུར་བ་མེད་པའོ། །ཆེན་པོ་ལ་སོགས་པ་རྣམ་པ་བདུན་ནི་རང་བཞིན་དང་འགྱུར་བའོ། །བཅུ་དྲུག་པོ་འདི་རྣམ་པར་འགྱུར་བའོ། །སྐྱེས་བུ་ནི་རང་བཞིན་ཡང་མ་ཡིན་འགྱུར་བ་ཡང་མ་ཡིན་ནོ་ཞེས་འདོད་
དོ། །དེ་ལ་ལན་བརྗོད་པ། གཅིག་ལ་ཞེས་སྨོས་ཏེ། གཙོ་བོ་གཅིག་ལ་རང་བཞིན་གསུམ་ཉིད་མི་རིགས་ཏེ་འགལ་བའི་ཕྱིར་རོ། །དེ་བཞིན་དུ་ཡོན་ཏན་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཡོན་ཏན་གསུམ་པོ་ཞེས་བརྗོད་པར་ཡོན་ཏན་ཡང་ཡོན་ཏན་གསུམ་གྱི་རང་བཞིན་ཉིད་
ཡིན་པས་ན། གཅིག་པུ་ལ་ནི་ཡོན་ཏན་གསུམ་ཞེས་མི་རིགས་པ་ཉིད་དོ། །ཉེས་པ་དེ་ཉིད་ཀྱིས་ན་ཡོན་ཏན་ཡོད་པར་མ་གྱུར་པ་དེའི་ཚེ་དེས་རྒྱུ་བྱས་པའི་སྒྲ་ལ་སོགས་པ་ནི་རིང་དུ་སྤངས་པ་ཉིད་དོ། །གཞན་ཡང་གལ་ཏེ་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱི་གོས་ལ་སོགས་པའི་
བདེ་བ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་གྲངས་ཅན་རྣམས་འདོད་ན། དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་སེམས་མེད་པའི་གོས་ལ་སོགས་པ་སེམས་མེད་པ་ཉིད་དང་བདེ་བ་ལ་སོགས་པ་ནི་སེམས་ཉིད་དུ་གྲུབ་པའི་ཕྱིར་རོ། །གལ་ཏེ་བདེ་བ་ལ་སོགས་པ་ཡོངས་སུ་གྱུར་
པའི་དངོས་པོའི་རྒྱུར་གྱུར་པའི་རང་བཞིན་ཉིད་ཡིན་པས་ན། གོས་ལ་སོགས་པ་ལ་བདེ་བ་ལ་སོགས་པ་ཉིད་རིགས་པ་ཡིན་ནོ་ཞེ་ན། ལན་བརྗོད་པ་རྣམ་པར་དཔྱད་ན་སེམས་མེད་ཅེས་སྨོས་ཏེ། གོས་ལ་སོགས་པའི་ཡན་ལག་ཅན་ཡང་ཡོད་པ་མ་ཡིན། རྡུལ་ཕྲ་རབ་རྣམས་
ཀྱང་ཡོད་པ་མ་ཡིན། ཡོན་ཏན་གསུམ་གྱི་བདག་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །གཞན་ཡང་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་ཀྱི་ཡོན་ཏན་རྣམས་དངོས་པོ་རྣམས་ཀྱི་རྒྱུ་ཡིན་པས་ན། ཁྱོད་ཀྱི་བདེ་ལ་སོགས་པ་ཉིད་གོས་ལ་སོགས་པའི་རྒྱུར་འགྱུར་ན།

བདེ་བ་ལ་སོགས་པ་ལས་ནི་གོས་ལ་སོགས་པ་མ་ཡིན་གྱི། འོན་ཀྱང་སྣལ་མ་ལ་སོགས་པ་ཉིད་ལས་ཏེ། གོས་ལ་སོགས་པ་ལས་ནི་བདེ་བ་ལ་སོགས་པ་སྐྱེ་བར་མཐོང་བ་ཡིན་པ་དེ་བས་ན། དེ་མེད་པས་ན་སྟེ། རྣམ་པར་དཔྱད་ན་གོས་ལ་སོགས་
པ་ཡོད་པ་མ་ཡིན་པས་ན། བདེ་བ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནོ། །ཡོན་ཏན་གྱི་བདག་ཉིད་ཀྱི་བདེ་བ་ལ་སོགས་པ་ནི་རྟག་པ་ཉིད་དུ་འདོད་དོ་སྙམ་པ་ལ། དེ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདེ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་
སྙམ་པ་ལ། བརྗོད་པ། བདེ་སོགས་གསལ་ཞེས་སྨོས་ཏེ། དུས་གཅིག་གི་ཚེ་བདེ་བ་གསལ་བ་རྟག་པ་ཉིད་དུ་བདེན་པ་ཉིད་ཡིན་ན། རྟག་ཏུ་དེ་ཡང་དག་པར་རིག་པར་ཅིའི་ཕྱིར་མ་གྱུར། གལ་ཏེ་མངོན་པར་གསལ་བ་ཉིད་ནུས་པ་ཕྲ་མོའི་གནས་སྐབས་སུ་གྱུར་པས་
ན། གཞན་གྱི་ཚེ་མཐོང་བ་མ་ཡིན་ནོ་ཞེ་ན། བརྗོད་པ། རགས་དང་ཞེས་སྨོས་ཏེ། རགས་པ་སྟེ་མངོན་པར་གསལ་བའི་རྟག་པ་དེ་ཉིད་ཕྲ་བ་སྟེ་མི་གསལ་བར་ཇི་ལྟར་འགྱུར་ཏེ། རྟག་པའི་རང་བཞིན་གཅིག་ལ་དུ་མ་མི་རིགས་པའི་ཕྱིར་རོ། །གལ་ཏེ་རིམ་གྱིས་རགས་
པ་སྤངས་ནས་ཕྱིས་ཕྲ་བར་འགྱུར་གྱི་ཅིག་ཅར་དུ་ནི་མ་ཡིན་ནོ་སྙམ་པ་ལ། རགས་པ་ཞེས་སྨོས་ཏེ། དེ་ལྟར་ན་རགས་པ་དང་ཕྲ་བ་དེ་དག་གསལ་བ་དང་མི་གསལ་བའི་རང་བཞིན་མི་རྟག་པར་འགྱུར་རོ། །ཇི་ལྟར་རགས་པ་དང་ཕྲ་བ་དེ་རྗེས་འགྲོ་མེད་པའི་རྣམ་པར་འཇིག་
པས་ཉམས་པར་འགྱུར་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་རྗེས་འགྲོ་མེད་པའི་ཉམས་པར་འགྱུར་བ་ཉིད་དུ་འདོད་པར་གྱིས་ཤིག །གཞན་ཡང་གང་རགས་པ་སྟེ། གསལ་བ་དེ་བདེ་བ་ལས་གཞན་དུ་གྱུར་པ་མ་ཡིན་ན་དེའི་ཚེ་གསལ་བ་བཞིན་དུ་བདེ་བ་ཡང་མི་རྟག་པ་ཉིད་དུ་
འགྱུར་རོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་ཞིག་པར་གྱུར་པ་དེའི་ཚེ་བདེ་བ་ཕྱིར་ཞིང་སྐྱེ་བར་མི་འགྱུར་ཏེ་མེད་པ་ཡིན་པའི་ཕྱིར་རོ། །དེས་ན་དངོས་པོ་རྣམས་ནུས་པའི་རང་བཞིན་གྱིས་ཡོད་པ་ཡིན་པས་དེ་སྐྱེ་བ་ཡིན་ནོ་སྙམ་པ་ལ། ལན་བརྗོད་པ། མཐོང་བའི་གསལ་བ་མེད་པ་

སྟེ་མེད་པ་ཉིད་སྐྱེ་བར་ཇི་ལྟར་མི་འདོད། གཞན་ཡང་གལ་ཏེ་རྒྱུ་ལ་འབྲས་བུ་ཡོད་པར་སྨྲ་བ་ཡིན་པའི་ཕྱིར། རྒྱུ་ལ་འབྲས་བུ་ཡོད་པ་ཉིད་ཡིན་ན་དེའི་ཚེ་ཟས་དེ་བཟའ་བར་བྱ་བའི་ཟས་རྣམས་མི་གཙང་བ་སྟེ་བཤང་བ་ལ་སོགས་པ་ཟ་བར་འགྱུར་རོ། །རས་ཀྱི་རིན་ཉིད་དེ་རས་ཉོ་བའི་རིན་ཉིད་
གྱོན་པར་བྱེད་པ་སྟེ་ལུས་ལ་བགོ་བར་བྱ་བའོ། །གལ་ཏེ་འཇིག་རྟེན་རྨོངས་པ་སྟེ་མི་ཤེས་པས་རྒྱུ་ས་བོན་ལ་སྣམ་བུ་ལ་སོགས་པ་མ་མཐོང་ངོ་སྙམ་པ་ལ། དེ་ཉིད་ཅེས་སྨོས་ཏེ། དེ་ཁོ་ན་ཉིད་ཤེས་པའི་གྲངས་ཅན་ལ་ཡང་རྨོངས་པ་དེ་གནས་པ་མ་ཡིན་པས་དེས་ཀྱང་ཇི་ལྟར་མཐོང་
བར་མི་འགྱུར། ཡང་ན་དེ་གནས་ཡིན་ཞེས་བྱ་བ་རྣམ་པར་གནས་པའོ། །ཡང་ན་གྲངས་ཅན་ལ་ཡང་སྣམ་བུ་དེ་ས་བོན་ལ་གནས་པ་ཡིན་པས་དེ་ཉིད་ཅི་སྟེ་གྱོན་པར་མི་བྱེད་ཅེས་བྱ་བའོ། །གཞན་ཡང་འཇིག་རྟེན་པ་ལ་ཡང་རྒྱུ་དང་འབྲས་བུ་ཡོད་དོ་ཞེས་བྱ་བའི་གྲགས་
པ་དེ་ནི་ཡོད་ན་དེ་ཅིའི་ཕྱིར་ལྟ་བར་མི་བྱེད། ཅི་སྟེ་འཇིག་རྟེན་པའི་མཐོང་བ་ཚད་མ་མ་ཡིན་ནོ་ཞེས་བརྗོད་ན་ནི། དེའི་ཚེ་འཇིག་རྟེན་པའི་ཚད་མས་སྒྲ་ལ་སོགས་པ་གསལ་བར་མཐོང་བའི་འཇིག་རྟེན་པའི་མངོན་སུམ་ལ་སོགས་པ་དེ་ཡང་བདེན་པ་མ་ཡིན་ཏེ་ཚད་མར་མི་འགྱུར་
རོ། །གལ་ཏེ་ཚད་མར་མངོན་པར་འདོད་ན་ནི་བརྗོད་པར་བྱ་སྟེ། གང་གསལ་བར་མཐོང་བ་དེ་ནི་ཚང་མ་ཡིན་ནོ། །ཁོ་བོ་ཅག་གྲངས་ཅན་གྱི་ཚད་མ་ནི་གྲོལ་བའི་གནས་སྐབས་ན་རང་བཞིན་ལ་གསལ་བ་རྣམས་ཐིམ་པར་འགྱུར་ཏེ་དེ་འདོད་པ་ཡིན་ནོ་སྙམ་པ་ལ། ལན་བརྗོད་
པ། དེས་ཏེ་ཚད་མ་དེས་གཞལ་བ་སྟེ་ཡོངས་སུ་བཅད་པའི་གང་གསལ་བའི་དངོས་པོ་མེད་པའི་རང་བཞིན་ཏེ་བརྫུན་དུ་འགྱུར་རོ། །དེ་བས་ན་གསལ་བ་རྣམས་ཀྱི་སྟོང་པ་ཉིད་གྲངས་ཅན་པ་རྣམས་ལ་འཐད་པ་མ་ཡིན་ནོ། །ཁོ་བོ་ཅག་སངས་རྒྱས་པའི་ལྟར་ན་ནི་བློས་བརྟགས་པ་ལ་
སྒྲོ་བཏགས་ཏེ། དངོས་པོ་ལ་མ་རེག་ཅིང་མ་བཙལ་བ་དེ་ནི་མེད་པ་སྟེ་བརྟགས་པའི་དངོས་པོ་ཉིད་བརྫུན་པའོ། །དེའི་ཕྱིར་དངོས་པོ་མེད་པ་དེ་ནི་ཤིན་ཏུ་ཡང་བརྫུན་ནོ། །དངོས་པོ་མེད་པ་ནི་དངོས་པོ་ལ་ལྟོས་པ་ཡིན་པའི་ཕྱིར་དངོས་པོ་མ་གྲུབ་པ་དེའི་དངོས་པོ་མེད་པ་ཡང་མི་འགྲུབ་

པའོ། །ཡང་ན་གྲངས་ཅན་གྱི་རྩོད་པ་བསླང་བ་སྟེ་ཚད་མ་ནི་སྔོན་པོ་ལ་སོགས་པར་འཛིན་པའོ། །གལ་ཏེ་ཚད་མ་ཡིན་ནོ་ཞེས་བརྗོད་ན་ནི་དེའི་ཚེ་གང་ཚད་མ་མ་ཡིན་པས་གཞལ་བའི་གང་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་དེ་ཡང་བརྫུན་
པར་འགྱུར་རོ། །དེ་བས་ན་སངས་རྒྱས་པའི་དངོས་པོ་རྣམས་སྟོང་པ་ཉིད་དུ་འདོད་པ་ནི་མི་འདོད་པ་ཉིད་དོ་ཞེས་དོགས་པ་ལ། བརྟགས་པའི་དངོས་པོ་ལ་ཞེས་བྱ་བ་ལ་སོགས་པས་ནི་ལན་བཏབ་པའོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་སྟེ། དེ་ནི་ཞེས་བྱ་བ་ནི་མེད་དོ་ཞེས་
བྱ་བའི་རྣམ་པར་རྟོག་པའོ། །ཡོད་མིན་ཞེས་བྱ་བ་ནི་བརྟགས་པའོ། །དེས་ཅི་བྱེད་ཅེ་ན། རྟོགས་པའི་དངོས་པོ་དེ་ལྟ་བུ་ཡོད་དོ་ཞེས་རྟོགས་པར་བྱེད་དོ། །དེའི་སྐྱེས་པ་བཟློག་པ་ནི་འགག་པར་གྱིས་ཤིག་པའོ། །རྒྱུ་མེད་པའི་ཞེས་རྒྱུ་མེད་པར་སྨྲ་བ་རྣམས་བསལ་ནས། མཇུག་
བསྡུ་བར་བྱ་བའི་ཕྱིར། དེ་ལྟར་ཞེས་སྨོས་ཏེ། སོ་སོར་ཞེས་བྱ་བ་ནི་སོ་སོར་བྱེ་བྲག་ལའོ། །རྣམ་པར་གནས་ཞེས་པ་ནི་བདེན་པའི་ཚུལ་གྱིས་གནས་པའོ། །དུས་གསུམ་དུ་སྨྲ་བའི་འདོད་པ་བཟློག་པར་བྱ་བའི་ཕྱིར། གཞན་ལས་ཞེས་སྨོས་ཏེ། གཞན་ལས་ཞེས་པ་ནི་འདས་པའི་དུས་ལས་ཏེ། དེ་
ལས་འོངས་པ་མ་ཡིན་པ་ནི་འདུས་བྱས་རྟག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དེ་ཉིད་དང་ལྡན་པར་གནས་པ་མ་ཡིན་ལ། དེ་ཉིད་མ་འོངས་པར་འགྲོ་བ་ཡང་མ་ཡིན་ནོ། །སྒྱུ་མ་དང་ཁྱད་པར་ཅི་ཡང་མེད་པའི་འགྲོ་བ་འདི་དག་རྨོངས་པ་སྟེ་མི་ཤེས་པས་བདེན་པ་ཉིད་
དུ་བརྟགས་ཤིང་ཁས་བླངས་པའོ། །དེ་ཉིད་བརྗོད་པ། སྒྱུ་མ་ཞེས་སྨོས་ཏེ། སྒྱུ་མ་ནི་སྒྱུ་མ་མཁན་ཏེ་རྒྱུ་ལ་འབྲས་བུ་བརྟགས་པའི་ཕྱིར་རོ། །རྒྱུ་རྣམས་ཀྱིས་ཞེས་པ་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་སོ། །གལ་ཏེ་འདི་སྙམ་དུ་རྐྱེན་ལས་སྐྱེས་པ་ནི་བདེན་པ་ཉིད་དུ་
རིགས་སོ་སྙམ་པ་ལ། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་ཡང་། གང་ཞིག་རྒྱུ་རྣམས་ལས་སྐྱེས་པ། །དེ་ཡོད་མིན་ཕྱིར་མེད་པ་སྟེ། །ཇི་བཞིན་དུ་ནི་གསལ་བ་དེ། །གཟུགས་བརྙན་དང་ནི་མཚུངས་པར་འདོད། །ཅེས་གསུངས་སོ། །རྒྱུ་རྣམས་ལ་ཡང་ནུས་པ་མེད་

དོ་ཞེས་བསྟན་པའི་ཕྱིར། དངོས་པོ་ཡོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་སྟེ་དངོས་པོ་མེད་པ་ལ་ཇི་ལྟར་ན་རྒྱུས་དགོས་པ་མེད་སྙམ་པ་ལ། བྱེ་བ་ཞེས་སྨོས་ཏེ། དངོས་པོ་མེད་ཅིང་གཟུགས་མེད་དུ་གྱུར་པ་ལས་བསྒྱུར་དུ་མེད་པ་སྟེ་དངོས་པོ་གཞན་དུ་བྱར་མེད་པའོ། །གལ་ཏེ་
བསྒྱུར་དུ་མེད་ལ་རག་མོད། དངོས་པོའི་རང་བཞིན་དུ་ནི་ཡོད་པ་ཉིད་དོ་སྙམ་པ་ལ། གནས་སྐབས་ཞེས་སྨོས་ཏེ། དེའི་གནས་སྐབས་མ་སྤངས་པར་དངོས་པོ་མེད་པའི་རང་བཞིན་དེ་དངོས་པོར་ཇི་ལྟར་འགྱུར། གལ་ཏེ་དངོས་པོ་མེད་པའི་རང་བཞིན་ལོག་པ་ལ་དངོས་པོར་འགྱུར་རོ་སྙམ་
པ་ལ། དངོས་འགྱུར་ཞེས་སྨོས་ཏེ། གལ་ཏེ་དངོས་པོ་མེད་པ་ཉིད་མ་གྱུར་ན་ཇི་ལྟར་དངོས་པོ་གཞན་ཉིད་དུ་འགྱུར་བར་རང་གིས་རིག་པར་འགྱུར། དེའི་ཕྱིར་དངོས་པོ་མེད་པ་དངོས་པོ་མ་ཡིན་པས་ན། དངོས་པོ་མེད་པའི་ཚེ་ན་ནི་དངོས་པོ་ཡོད་པ་མ་ཡིན་ན། དེར་ནམ་ཞིག་དངོས་པོ་འབྱུང་བར་
འགྱུར། གལ་ཏེ་མི་སྐྱེ་བའི་དངོས་པོ་འབྱུང་བར་འགྱུར་བ་རྣམ་པར་འཇིག་པར་བྱེད་དོ་སྙམ་པ་ལ། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་མེད་པ་ནི་འགལ་ཟླ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་ལྟར་དངོས་པོ་སྐྱེས་པས་དངོས་པོ་ཟློག་པར་བྱེད་དོ་སྙམ་པ་ལ། དངོས་པོ་
མེད་པ་ཞེས་བྱ་བ་སྨོས་ཏེ། མ་བྲལ་ན་ཞེས་བྱ་བ་ནི་མ་སྤངས་ན་དངོས་པོ་མེད་པ་ལ། དངོས་པོ་ནི་སྐྱེ་བའི་དངོས་པོའོ། །དེ་བས་ན་སྐྱེ་བོ་འདི་དག་ཐམས་ཅད་སྐྱེ་བ་མེད་ཅིང་འགག་པ་མེད་པར་གཟུང་བར་བྱའོ། །ཡང་ཁྱད་པར་དུ་བསྟན་པའི་ཕྱིར། འགྲོ་བ་ཞེས་སྨོས་ཏེ། འགྲོ་བ་ནི་འགྲོ་བ་
རིས་དྲུག་གོ། །དེ་རྣམས་རྨི་ལམ་འདྲ་བ་ནི་རྨི་ལམ་དང་མཚུངས་སོ། །དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་ནི་འདོད་ཆགས་ལ་སོགས་པའི་འཆིང་བ་ལས་གྲོལ་བའོ། །ཡང་དག་དེ་ཁོ་ན་ཉིད་དུ་ཁྱད་པར་མེད་པ་ནི་བྱེ་བྲག་མེད་པའོ། །ཡང་ཀུན་རྫོབ་ཏུ་ནི་ཐ་དད་དུ་ཡོད་པ་ཉིད་དོ། །དེ་
སྐད་དུ་ཡང་། སངས་རྒྱས་རྣམས་དང་སེམས་ཅན་ཁམས། །དེས་ན་དོན་ལ་ཐ་དད་མེད། །བདག་ཉིད་དང་ནི་གཞན་དག་ཏུ། །མཉམ་པ་ཉིད་དུ་ཁྱེད་ཀྱིས་བཞེད། །ཅེས་གསུངས་སོ། །འཕྲོག་པ་ནི་ཕྱིར་ཁྱེར་བའོ། །རེ་ཞིག་སྲེད་པ་ནི་ཡོད་པ་ཉིད་དོ་སྙམ་པ་ལ། དེ་ཉིད་དུ་

ཞེས་སྨོས་ཏེ། ནམ་ཡང་མི་འབྱུང་ངོ་། །གསོན་པའི་འཇིག་རྟེན་ནི་སེམས་ཅན་ནོ། །མཁའ་ཞེས་པ་ནི་བརྟགས་པས་སྟོན་པའི་ཕྱིར་ནམ་མཁའ་དང་འདྲའོ། །བདག་བཞིན་ཞེས་པ་ནི་བདག་དང་འདྲ་བར་བདེན་པ་མཐོང་བའོ། །འདི་ལྟར་གང་འཐབ་པ་
དང་སྤྲོ་བའི་རྒྱུ་དག་གིས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་སེམས་དཀྲུགས་པའི་བྱིས་པ་རྣམས་ཕྱིར་ཞིང་འཁྲུག་པར་བྱེད་པའི་འཁྲུག་པའོ། །དགའ་བར་འགྱུར་བ་ནི་དགའ་བར་བྱེད་པའོ། །ཉོན་མོངས་པ་ནི་སེམས་ཁྲལ་ཏེ་བྲང་བརྡུང་བ་ལ་སོགས་པའོ། །འཚེ་བ་ཞེས་པ་ནི་
ཡིད་མི་བདེ་བའོ། །མི་རང་འཚོང་བ་ནི་འཚོང་བའི་ཕྱིར་ཉམས་པར་འགྱུར་བའོ། །སྡིག་པ་སྟེ་མི་དགེ་བའི་ཆོས་ཀྱིས་སོ། །དེ་ནས་ཤི་ནས་ངན་འགྲོར་ལྟུང་བ་ནི་དམྱལ་བ་ལ་སོགས་པར་རོ། །ཡུན་རིང་ཞེས་བྱ་བ་ནི་དུས་རིང་དུ་འབྱུང་བའོ། །མི་བཟད་ཅེས་པ་ནི་བསྲན་དཀའ་བའི་སྡུག་
བསྔལ་གྱིས་གཟིར་བའོ། །ཡང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་པར་བྱ་བའི་ཕྱིར། སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཡང་ས་ནི་ཡ་ང་བའི་སའོ། །དེ་ནི་སྟེ་སྲིད་པར་རོ། །དེ་ཉིད་མིན་ཞེས་པ་ནི་རྣམ་པར་རྨོངས་པས་དཀྲུགས་པ་ཉིད་དོ། །
འདི་འདྲ་ཞེས་པ་ནི་ཕན་ཚུན་འགལ་བར་བརྗོད་པའི་མཚན་ཉིད་དེ་ཁོ་ན་ཉིད་མ་ཡིན་པ་སྟེ། དོན་དམ་པར་ཡོད་པའི་དངོས་པོ་ནི་གཅིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །བྱ་བ་ཞེས་པ་ནི་འཚོ་བའི་དོན་གྱི་བྱ་བ་ཁྲུས་དང་། བསྐུ་བྱུག་པ་ལ་སོགས་པ་དང་། ནད་མེད་པར་བྱ་བའི་དོན་དུ་རྩུབ་པ་ཁ་
ཏན་ཏེ་ཟ་བ་ལ་སོགས་པའོ། །བཀྲེས་པ་ནི་ལྟོགས་པའོ། །ནད་ནི་ན་བའོ། །ངལ་བ་ནི་ལམ་ལ་སོགས་པའི་ཉོན་མོངས་པའོ། །གཉིད་ནི་གཉིད་ལོག་པའོ། །འཚེ་བ་ནི་ཐོ་འཚམས་པ་ལ་སོགས་པའོ། །ཚེ་འཛིན་པ་ནི་ཚེ་སྒྲུབ་པར་བྱེད་པའོ། །མྱུར་བ་ནི་མགྱོགས་པའོ། །བདེན་པ་ནི་སྲིད་པའི་
ཆགས་པ་དང་བྲལ་བའོ། །དེ་ལའང་ཞེས་པ་ནི་བདེན་པ་ཡིན་པའོ། །རྣམ་པར་གཡེངས་པ་ནི་རྒོད་པར་གྱུར་པའོ། །གལ་སྟེ་རྗེས་སུ་འཇུག་པའོ། །དེང་ན་ཡང་དོན་མེད་པར་འགྱུར་བའོ། །ངན་འགྲོ་ཆེན་པོ་ནི་མནར་མེད་པ་ལ་སོགས་པའོ། །ལྟུང་བར་བྱེད་པ་ནི་ལྟུང་བར་གྱུར་པའི་རྒྱུ་མཚན་ནོ། །

ལོག་པའི་ལམ་ནི་བྲམ་ཟེ་ལ་སོགས་པས་བཤད་པ་རྣམས་སོ། །གསོ་བ་སྟེ་ཡང་དག་པའི་ལམ་གྱིས་ཀྱང་ཐུབ་པར་དཀའ་བའོ། །དལ་འབྱོར་ཏེ་མི་ཁོམ་པ་བརྒྱད་ལས་རྣམ་པར་གྲོལ་བའི་གནས་སྐབས་རྙེད་པར་དཀའ་བའོ། །ཨེ་མའོ་ཞེས་པ་ནི། སྐྱོ་བའོ། །སྡུག་བསྔལ་རྙེད་པ་ནི་གཅིག་
ནས་གཅིག་ཏུ་བརྒྱུད་པའི་དཀའ་བླ་ཐོབ་པའོ། །ཀྱེ་མ་ཀྱི་ཧུད་ཅེས་པ་ནི་སྐྱོ་ནས་ཡ་མཚན་དུ་གྱུར་པའོ། །རབ་ཏུ་གདུངས་པ་ནི་བཅུམ་པར་གྱུར་པའོ། །མི་མཐོང་བ་ནི་མི་ལྟ་བའོ། །གང་ཞེས་པ་ནི་སེམས་ཅན་ནོ། །ཚུལ་དང་མཐུན་པའི་དཔེ་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་སྨོས་ཏེ།
ཁྲུས་བྱས་ནས་ཏེ། ཁྲུས་ཇི་ལྟ་བ་བཞིན་དུ་བྱས་ནས་གྲང་བས་ཉེན་ནས་བདེ་བར་འདོད་པས་མེར་འཇུག་པ་ནི་ལུས་བསྲོ་བའི་དོན་དུའོ། །དེ་ལྟར་ན་སྟེ་བརྗོད་པའི་རིམ་པ་ལྟར་ན་མི་བདེ་བར་གནས་པ་སྟེ། སྡུག་བསྔལ་གྱི་མེས་ཁྱུར་མིད་བྱས་པའོ། །ཨེ་མའོ་བདག་ཉིད་ལ་ཡོད་པར་གྱུར་
པའི་བག་མེད་པ་ཡང་མ་རིག་གོ་ཞེས་བསྟན་པའི་ཕྱིར། རྒ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཆི་བ་ནི་ཤི་ནས་རྣམ་པར་ཤེས་པ་འཕོ་བ་སྟེ་ད་རུང་མ་རིག་པ་གང་ཡིན་པའོ། །རོལ་པ་ནི་གང་དེ་དག་ཉིད་ཀྱི་ལོངས་པར་བྱེད་པའོ། །འཇིགས་པར་བྱེད་པ་ནི་སྡུག་བསྔལ་མི་བཟད་པར་སྟེར་
བའི་ཕྱིར་རོ། །ཞི་བ་ནི་བདེ་བའོ། །བྱེད་པ་ནི་སྤྱོད་པར་བྱེད་པའོ། །དམིགས་པ་མེད་པར་ནི་སྦྱིན་པར་བྱ་བ་དང་སྟེར་བའོ། །སོ་སོར་འཛིན་པ་པོ་སྟེ་གསུམ་མི་དམིགས་པར་གུས་པས་བསོད་ནམས་ཀྱི་ཚོགས་སོགས་པའོ། །དམིགས་པས་ཕུང་བ་ནི་དམིགས་པར་ལྟ་བས་ཕུང་བ་སྟེ། གང་དེ་
དག་རྣམས་ལ་ནམ་གྱི་ཚེ་སྟོང་པ་ཉིད་སྟོན་པར་འགྱུར་ཞེས་བྱ་བ་སྟེ། གཞན་དུ་ན་བསྟན་པར་མི་ནུས་པའི་ཕྱིར། ཀུན་རྫོབ་ཏུ་ཐ་སྙད་ཙམ་དུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་དགུ་པའི་དཀའ་འགྲེལ་ལོ།། །།ད་ནི་ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར། །བདག་གིས་
བྱང་ཆུབ་སྤྱོད་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་བསམས་པ་ནི་རྣམ་པར་དཔྱད་པའོ། །དགའ་བ་ནི་ཡི་རང་བའོ། །ཉམས་པ་སྟེ་བྲི་བར་མ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །རྒྱུན་མི་ཆད་པ་སྟེ་རྟག་ཏུའོ། །དེ་ལྟར་སྤྱིར་བརྗོད་ནས་བྱེ་བྲག་ཏུ་བརྗོད་པར་བྱ་བའི་ཕྱིར། འཇིག་རྟེན་ཞེས་

སྨོས་ཏེ། དེ་ལ་ཚ་བའི་དམྱལ་བ་ཆེན་པོ་བརྒྱད་ནི་ཡང་སོས་དང་། ཐིག་ནག་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། རབ་ཏུ་ཚ་བ་དང་། ཚ་བ་དང་། བསྡུས་འཇོམས་དང་། མནར་མེད་པ་རྣམས་སོ། །གྲང་བའི་དམྱལ་བ་ཆེན་པོ་བརྒྱད་ནི། སོ་ཐམས་ཐམས་པ་
དང་། ཀྱི་ཧུད་དང་། ཨ་ཆུ་ཟེར་བ་དང་། ཆུ་བུར་རྡོལ་བ་དང་། ཆུ་བུར་ཅན་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་གས་པ་ཆེན་པོ་རྣམས་སོ། །བདེ་བ་ཅན་ཞེས་པ་ནི་སངས་རྒྱས་འོད་དཔག་ཏུ་མེད་པའི་ཞིང་ཁམས་ཏེ། དེའི་བདེ་བས་དགའ་བར་ཤོག་ཤིག་པའོ། །
མཚོ་ཡས་ཞེས་པ་ནི་འདུས་པའི་ཚོགས་སོ། །ཉེ་བའི་དམྱལ་བ་བསྟན་པའི་ཕྱིར། །རལ་གྲི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རལ་གྲིའི་རྣམ་པ་ལྟ་བུའི་ལོ་འདབ་དང་གང་ལྡན་པའི་གནས་དེ་རལ་གྲིའི་ལོ་མ་ནགས་ཚལ་ལོ། །དགའ་ཚལ་ནི་བརྒྱ་བྱིན་གྱི་སྐྱེད་མོས་ཚལ་ལོ། །དེ་ཉིད་སྡུ་གུ་སྟེ་བདེ་
བ་སྟེར་བྱེད་དོ། །གང་གཞན་གྱི་བུད་མེད་ཡིད་ལ་བྱས་པ་ཙམ་གྱིས་མཁོ་དགུར་ལྡན་ཞིང་ཡིད་དུ་འོང་བའི་འདོད་ལྡན་མ་རབ་ཏུ་སྣང་བས་ན་སྤྲུལ་པ་སྟེ། ཤལ་མ་རིའི་སྡོང་པོ་ཡང་དེའོ། །དཔག་བསམ་གྱི་ཤིང་ནི་དཔག་བསམ་གྱི་སྡོང་པོའོ། །འཁྲུང་བར་ཤོག་ཤིག་ཅེས་པའོ། །ཆེ་ལྡན་
ཞེས་པ་ནི་ཆད་པ་མེད་པར་ལྡན་པའོ། །ཉམས་དགའ་བ་ནི་སྙིང་དགའ་བའོ། །སོལ་ཕུང་ནི་མེ་མར་མུར་གྱིའོ། །རིན་ཆེན་ནི་བཻ་ཌཱུརྱ་ལ་སོགས་པའོ། །ས་བསྲེགས་ནི་ལྕགས་ཀྱི་རང་བཞིན་དུ་འབར་བ་ཅན་གྱི་དམྱལ་བའི་ས་གཞིའོ། །ཤེལ་གྱི་ས་གཞི་བསྟར་བ་ཞེས་བྱ་བ་ནི་ཤེལ་ལས་བྱུང་ཞིང་དེས་
བརྩམས་པའི་ས་གཞིའོ། །བསྡུས་འཇོམས་རི་བོ་ནི་རི་ལུག་གི་རྣམ་པ་ལྟ་བུའོ། །གཞལ་མེད་ཁང་ནི་ལྷའི་གཞལ་ཡས་ཁང་ངོ་། །ཆུ་བོ་རབ་མེད་ནི་དམྱལ་བའི་ཆུ་བོའོ། །མེ་ནི་སྲེག་པར་བྱེད་པའོ། །འདྲ་བ་ནི་དེ་དང་མཚུངས་པའི་ཆུ་གང་ཡིན་པའོ། །བྱིང་བ་ནི་གཏིང་དུ་ནུབ་པའོ། །
ཞིག་པ་ནི་ཞིག་ཅིང་འབྲུལ་བའོ། །ལུས་ཐོབ་པ་ནི་བདག་གི་དངོས་པོས་སོ། །བདེ་བས་མངོན་པར་དགའ་བ་ནི་བདེ་དགའོ། །མེ་ཏོག་ནི་པདྨའོ། །ཆར་པ་ནི་འབབ་པའི་རྒྱུན་ནོ། །འབབ་པ་ནི་རབ་ཏུ་འབབ་པའོ། །ཕྱག་ན་པདྨ་ནི་འཇིག་རྟེན་དབང་ཕྱུག་གོ། །སྡུག་བསྔལ་ནི་སྡུག་ཅིང་བསྔལ་བའོ། །

ཤུགས་ནི་རབ་ཏུ་འབབ་པའི་རྒྱུན་ནོ། །གྲོགས་ནི་གྲོགས་དག་གོ། །བརླན་པ་ནི་བངས་པའོ། །སྤོས་དྲིས་གང་བའི་ཁང་པ་བརྩེགས་པ་ཞེས་བྱ་བ་ནི་མཚན་ཉིད་ཀྱིས་གསུངས་པའོ། །སྒྲིབ་པ་མེད་ཅེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའམ་ཡང་ན་མངོན་སུམ་མོ། །
བྱང་ཆུབ་སེམས་དཔའི་ཚོགས་སྤྲིན་དང་འདྲ་བས་ན་སྤྲིན་ནོ། །བདེ་བ་ནི་དལ་གྱིས་འབབ་པའོ། །ཚིམ་པ་ནི་ཟས་སྐོམ་གྱིས་སོ། །ཁྲུས་བྱས་ནི་འོ་རྒྱུན་གྱིས་སོ། །ལྷ་མོ་སྒྱུ་འཕྲུལ་ནི་སྟོན་པ་སྐྱེད་བྱེད་མའོ། །བསྟན་པ་ནི་རྩོམ་པའོ། །ཐར་པར་འགྱུར་ཞེས་བྱ་བ་ལ་སེམས་ཅན་ཞེས་བྱ་
བ་ཚིག་གི་ལྷག་མའོ། །བདེ་བ་ནི་བཀྲ་ཤིས་པར་བྱེད་པའོ། །འབད་མི་དགོས་པ་ནི་ཐབས་ལ་མཁས་པས་སོ། །གྲུ་ཆེན་ནི་གཟིངས་སོ། །ཉམ་ང་ནི་བགྲོད་དཀའ་བའོ། །མྱོས་པ་ནི་སྨྱོན་པའོ། །རབ་མྱོས་ནི་དཔག་མེད་པས་མྱོས་པའོ། །རྟག་ཏུ་ཞེས་པ་ནི་དུས་ཀྱི་མཐར་བརྗོད་པའོ། །མཛོད་
ནི་ནམ་མཁའ་ཉིད་དོ། །དེ་དང་གང་འདྲ་བ་ནི་མཛོད་བཞིན་དུ་ཞེས་བྱ་བའོ། །རྩོད་པ་ནི་འཐབ་པའོ། །ཕོངས་པ་ནི་ཉོན་མོངས་པའོ། །གཟི་བརྗིད་ནི་ནུས་པའོ། །དཀའ་ཐུབ་ནི་ཉོན་མོངས་པའོ། །མཐོ་བ་ནི་ནོར་ལ་སོགས་པའོ། །འོད་ཟེར་ཞེས་བྱ་བ་ནི་ཉི་ཟེར་ལ་སོགས་པའོ། །མཐུ་
དང་ལྡན་པ་ནི་ནུས་པ་ཕུན་སུམ་ཚོགས་པའོ། །ནད་པ་ནི་ནད་ཡང་དག་པར་སྐྱེས་པའོ། །རྒྱས་པ་ནི་གང་བའོ། །མཐུན་པ་ནི་བསམ་པ་གཅིག་པའོ། །ལས་སུ་རུང་བ་ནི་ལེ་ལོ་མེད་པའོ། །བདེ་བ་དང་ལྡན་ཞེས་པ་ནི་ངེས་པར་གཟུང་བ་སྟེ། དེ་དག་ཅེས་བྱ་བ་ཚིག་གི་ལྷག་མའོ། །
སྡུག་པ་ནི་གནས་སྐབས་ན་ཡང་ཉམས་དང་ལྡན་པ་སྟེ། ལུས་པོ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དབེན་པའི་དོན་དུ་གནས་པ་ནི་དབེན་པ་ན་གནས་པའོ། །དེའི་ཕུན་སུམ་ལྡན་པ་ནི་རྗེས་སུ་མཐུན་པར་ཚོགས་པ་ཉིད་དོ། །སྨིན་གྱུར་ཅིག་ནི་འབྲས་བུ་སྨིན་པར་གྱུར་ཅིག་པའོ། །བསྟན་
པ་ནི་རྒྱལ་བའི་བཀའ་དེ་སྟོན་པར་བྱེད་པའི་གཙུག་ལག་ལ་སོགས་པ་ཡང་ངོ་། །དགེ་བའི་བཤེས་གཉེན་ནི་བླ་མའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ལེའུ་བཅུ་པའི་དཀའ་འགྲེལ་ལོ།། །།དགེ་སློང་བཻ་རོ་ཙ་ན་ཡིས། །བྱང་ཆུབ་སྤྱོད་པ་ལ་འཇུག་པ། །

ཕྱོགས་ཙམ་བཀྲོལ་ལས་དགེ་བ་གང་། །ཐོབ་དེས་འགྲོ་རྣམས་རྒྱལ་བར་ཤོག །ནུབ་ཕྱོགས་རྒྱུད་དུ་འགྲོ་སྙམ་པ་ཡི་བསམ་པས་བདག་གིས་འགྲེལ་པ་འདི་བརྩམས་ཏེ། །དེ་ན་རྩ་བ་རྐྱང་པ་འང་ཡོད་དམ་མེད་སྙམ་བདག་ནི་ཐེ་ཚོམ་གྱུར་པ་ན། །ལྟ་
སྨོས་ཅི་དགོས་འགྲེལ་པ་མེད་སྙམ་དེས་ན་ང་རྒྱལ་སྒོ་ནས་བྱས་སོ་ཞེས། །ཐུགས་དགོངས་མ་མཛད་དག་པའི་བློ་ཅན་རྣམས་ཀྱིས་གཞན་དག་ཅི་དགར་སེམས་ལ་རག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། དཔལ་བཱི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་མཁས་པ་ཆེན་པོ་
དགེ་སློང་བཻ་རོ་ཙ་ན་རཀྵི་ཏས་མཛད་པ་རྫོགས་སོ།། །།༄། །ཤེས་རབ་ལེའུའི་དཀའ་འགྲེལ་བཞུགས།། ༄༅༅། །བདེ་བར་གཤེགས་པ་ལ་ཕྱག་འཚལ་ལོ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་གསུམ་བདག་ཉིད་རྒྱལ་བ་ལ། །རབ་ཏུ་བཏུད་ནས་ཤེས་རབ་ཀྱི། །ལེའུའི་དཀའ་འགྲེལ་བདག་
གིས་བྱ། །བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་སྦྱིན་པ་ལ་སོགས་པ་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ཞི་གནས་ཕན་ཚུན་ཚོགས་པའི་མཚན་ཉིད་བསམ་གཏན་བརྗོད་ནས། དེའི་རྗེས་ལ་ལྷག་མཐོང་བསྟན་པའི་ཕྱིར། ཡན་ལག་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཡན་ལག་ཅེས་
པ་ནི་འཁོར་ཏེ་བྱང་ཆུབ་ཀྱི་གྲོགས་ཡིན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་སྦྱིན་པ་ལ་སོགས་པའོ། །ཐུབ་པས་ཞེས་བྱ་བ་ནི་ཆད་པ་དང་རྟག་པའི་མཐའ་གཉིས་དང་བྲལ་བ་བརྗོད་དུ་མེད་པ་མི་གསུང་བས་ཐུབ་པའོ། །ཤེས་རབ་དོན་དུ་ཞེས་བྱ་བ་ལ། ཡང་དག་པའི་ཤེས་པ་ཉིད་ནི་
ཤེས་རབ་ཡིན་པས་དེ་བསྐྱེད་པའི་དོན་དུའོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཡན་ལག་འདི་དག་ཐམས་ཅད་གསུངས་པ་སྟེ་བརྗོད་པ་དེའི་ཕྱིར་ཤེས་རབ་བསྐྱེད་དོ་ཞེས་བྱ་སྟེ། རྒྱུ་དང་འབྲས་བུ་ཁྱད་པར་མེད་པའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་ལམ་དུ་གྱུར་པ་ཡིན་ནོ། །ཅིའི་དོན་དུ་ཞེ་ན། སྡུག་
བསྔལ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རང་དང་གཞན་གྱི་ཕུང་པོ་ལྔ་ཉེ་བར་ཞི་བར་འདོད་པས་ཤེས་བྱ་སྟེ། ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་ཐོབ་པའི་དོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡན་ལག་འདི་ཀུན་ཤེས་རབ་ཀྱི་དོན་དུ་ཡིན་ན། དེའི་ཚེ་དེ་ཉིད་དོན་

དམ་པར་འགྱུར་བའི་ཕྱིར་རོ། །སྦྱིན་པ་ལ་སོགས་པ་ཇི་ལྟར་ཞེ་ན་ཀུན་རྫོབ་དང་ནི་ཞེས་གསུངས་སོ། །འདི་དེ་ཁོ་ན་སྒྲིབ་པས་ན་ཀུན་རྫོབ་ཡིན་ལ། བྱིས་པས་དེ་ལྟ་དེ་ལྟར་མངོན་པར་ཞེན་པའི་ཕྱིར་ན་བདེ་བ་ཡིན་ནོ། །བཅོས་བུ་མ་ཡིན་པས་དོན་ཡང་ཡིན་ལ། དམ་པ་ཡང་
ཡིན་པས་ནི་དོན་ཇི་ལྟ་བ་ཉིད་དུ་བདེན་པ་ཡིན་ནོ། །འདོད་པའི་སངས་རྒྱས་རྣམས་བཞེད་པའོ། །གང་གི་ཕྱིར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་པ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པའི་རང་
བཞིན་བདེན་པ་ཡིན་ཡང་། དོན་གྱི་ཚོགས་ཀྱི་རྒྱུ་ཀུན་རྫོབ་ཏུ་ཡོད་པའི་སྦྱིན་པ་ལ་སོགས་པ་ཡང་ཡོད་པ་ཡིན་ཏེ། དེ་མེད་པར་ནི་དེ་རྣམས་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཤེས་རབ་ཡོད་པ་ཡིན་ན། འོ་ན་དེ་ཉིད་ཀྱིས་བྱང་ཆུབ་རྟོགས་པའི་ཕྱིར། གཞན་
གྱིས་ཅི་ཞིག་བྱ་ཞེ་ན། དོན་དམ་དུ་ཞེས་བྱ་བ་ནི། སངས་རྒྱས་ཉིད་ཅེས་བྱ་བ་བསྒྲུབ་པར་བྱའོ། །དེ་སྐད་དུ་ཡང་། སྤྱོད་ཡུལ་མིན་པས་གང་མི་འཇུག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འོ་ན་ཤེས་པ་ཉིད་ཡོད་དོ་སྙམ་ན། བློ་ནི་ཞེས་གསུངས་སོ། །དེ་སྐད་དུ་ཡང་། གསལ་
བའམ་ནི་མི་གསལ་བ་ལ་སོགས་པས་འཆད་པར་འགྱུར་རོ། །ད་ནི་ཀུན་རྫོབ་དོན་དམ་པ་ཉིད་སྟོབས་ཆེ་ཆུང་བསྟན་པའི་ཕྱིར་གཞི་འདིང་བ་ནི། དེ་ཡང་འཇིག་རྟེན་ཞེས་གསུངས་པའོ། །ཕལ་ཞེས་བྱ་བ་ནི་མ་རིག་པ་ཡིན་ལ། དེ་ལ་གནས་པ་ནི་ཕལ་པ་ཡིན་པས་དེ་ཉིད་སྨད་པའི་ཕྱིར།
ཕལ་པ་ཞེས་བརྗོད་དོ། །དེ་ལ་ཞེས་བྱ་བ་ནི་དེ་གཉིས་ཀྱི་ནང་གནས་སོ། །ཕལ་པ་ཞེས་བྱ་བ་ཀུན་རྫོབ་ཀྱི་རྣམ་པ་སྟོན་ཏེ། རྟག་ཏུ་དོན་དམ་པ་ལ་མཉམ་པར་འཇོག་པ་དང་ལྡན་པས་རྣལ་འབྱོར་པ་ཡིན་ལ། དེ་ཉིད་ནི་འཇིག་རྟེན་ཡང་ཡིན་ཏེ། ཕུང་པོ་ལྔའི་བདག་ཉིད་ཡིན་པའི་ཕྱིར་རོ། །
འདིས་ནི་དོན་དམ་པའི་རྣམ་པ་བསྟན་ཏོ། །བློའི་ཁྱད་པར་ཅན་རྣལ་འབྱོར་པའི་འཇིག་རྟེན་དེས་གནོད་ཅིང་ཞེས་བྱ་བར་རང་གི་ངོ་བོ་བསྟན་པས་འཁྲུལ་པ་ཉིད་དོ་ཞེས་བྱ་བར་བསྒྲུབ་པོ། །དེ་བཞིན་དུ་རྣལ་འབྱོར་པ་ཡང་ཞེས་བྱ་བ་ཚུ་རོལ་མཐོང་བའི་རྣལ་འབྱོར་པ་ཡང་གོ་འཕང་གོང་ནས་གོང་དུ་

འཕགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གནོད་དེ། དཔེར་ན་ས་དང་པོ་ལ་ཡང་ས་གཉིས་པ་ལ་སོགས་པས་གནོད་པ་བཞིན་ནོ། །ཇི་ལྟར་གནོད་སྙམ་ན། གཉི་ག་ཡང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྒྱུ་མ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང་།
ཆུ་ཟླ་ལ་སོགས་པ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ཡང་ནི་འདོད་པ་སྟེ། མངོན་པར་འདོད་པའི་དཔེས་སོ། །གལ་ཏེ་ཐ་སྙད་པའི་སྟོབས་ཀྱིས་ཡིན་ན། དེའི་ཚེ་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ཡང་དོན་དམ་པར་འགྱུར་རོ་ཞེས་བྱ་བའམ། ཡང་ན་གང་ལ་དེ་ཐམས་ཅད་སྒྱུ་མ་ལྟ་བུ་
ཡིན་ན། ཇི་ལྟར་སྦྱིན་པ་ལ་སོགས་པ་ལ་འཇུག་སྙམ་ན། འབྲས་བུའི་དོན་དུ་མ་དཔྱད་ཕྱིར། །ཞེས་གསུངས་ཏེ། སྦྱིན་པ་ལ་སོགས་པ་འཇུག་གོ་ཞེས་བྱ་བ་ལ་སོགས་པ་ནི་ལྷག་མའོ། །འབྲས་བུའི་དོན་ནི་དགོས་པའི་ཆེད་དུ་སྟེ། སངས་རྒྱས་ཉིད་ཀྱི་དོན་དུ་ཞེས་བྱ་བའི་དོན་དུའོ། །མ་
དཔྱད་ཕྱིར་ནི་ཞེས་བྱ་བ་ནི་ཆོས་ཐམས་ཅད་གཅིག་དང་དུ་མ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་རྣམ་པར་མ་དཔྱད་པར་གྲགས་པ་ཙམ་གྱིས་རབ་ཏུ་གྲུབ་པར་རྣམ་པར་མ་དཔྱད་པར་འདི་སྦྱིན་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ། །འཇུག་པ་ཉིད་ཀྱང་མ་བརྟགས་ན། །ཉམས་དགའ་བ་ཙམ་
ཡིན་པས་ཆད་པ་འགའ་ཡང་མེད་དོ། །འཇིག་རྟེན་པ་ཡང་འདིར་ལོག་པར་རྟོག་པ་ཅི་ཡོད་སྙམ་ན། འཇིག་རྟེན་པ་ཡིས་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་དངོས་པོ་འདི་དག་འབྱུང་ཞིང་སྐྱེ་བ་ཅན་ཡིན་པ་དེའི་ཕྱིར་དོན་དམ་པ་ཉིད་ཡིན་གྱི་སྒྱུ་མའི་རང་བཞིན་ནི་མ་ཡིན་ནོ་ཞེས་འཇིག་རྟེན་
པ་དང་རྣལ་འབྱོར་པ་རྩོད་པ་ཆེན་པོ་ཡོད་དོ། །གལ་ཏེ་དེ་ལྟར་གཟུགས་ལ་སོགས་པ་འདི་དག་ནི་བ་ལང་རྫི་ལ་སོགས་པའི་བར་ལ་ཚད་མས་གྲུབ་པས་བདེན་པ་མ་ཡིན་ནམ། ཇི་ལྟར་ན་སྒྱུ་མ་ཉིད་དུ་འགྱུར་སྙམ་ན། གཟུགས་ལ་སོགས་པ་ཞེས་བྱ་བ་ལ་