Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 106
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
ན་ཏེ། དེ་ཉིད་ཀྱིས་ན་ལུས་གང་ལ་གང་མེད་ཅེས་ བྱ་བ་ལ་སོགས་པ་སྨོས་ཏེ། འདྲེས་མིན་ཞེས་བྱ་བ་ནི་ལུས་དང་ངོ་། །ཐ་དད་པ་མ་ཡིན་ནས་བྱ་བ་ནི་ལུས་ལས་ལོགས་ཤིག་ན་གཞི་མེད་པར་གནས་པ་ཡང་མ་ཡིན་ནོ། །སེམས་ནི་གཟུགས་མེད་པའི་ཕྱིར་ལ་ལར་སེམས་འདྲེས་ཏེ་ཡང་གནས་ལ། ལུས་ལས་ཐ་དད་པ་ཡང་ཡིན་ནོ་ཞེ་ན་དེའི་ཕྱིར་ ཞེས་བྱ་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ག་ལ་ཡོད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་ཤེས་བྱ་རྣམས་སྐད་ཅིག་མ་ཡིན་པའི་ཕྱིར་ཆ་ཤས་མེད་དེ། ཅིག་ཅར་འཇིག་ཅིང་མེད་པའི་ཕྱིར་དང་། ཆ་ཤས་དང་བཅས་ན་ཡང་དངོས་པོ་མེད་པའི་ཕྱིར་སེམས་ཀྱི་སྐད་ཅིག་མ་སྔ་མ་མེད་པ་ ཡིན་ནོ། །ཤེས་པ་དང་ཤེས་བྱ་ལྷན་ཅིག་སྲང་གི་མདའ་ལྟར་ཡོད་དུ་ཟིན་ཀྱང་གཅིག་གི་རྒྱུ་གཅིག་མ་ཡིན་པས་ཡང་དག་པར་དེ་གཉི་ག་ཡང་མེད་པ་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་ཞེས་བྱ་བ་སྨོས་ཏེ། འདིས་ནི་ཆོས་དྲན་པ་ཉེ་བར་གཞག་པ་བཤད་པ་ཡིན་ཏེ། དེ་ལྟར་ ཇི་སྐད་བཤད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྐྱེ་བ་ཡོད་པར་ནི་ཤེས་ཤིང་བསྒྲུབ་ཏུ་མི་རུང་ངོ་། །ཡང་དེའི་ཀུན་རྫོབ་ཏུ་བློ་རང་བཞིན་ཡོད་པར་བཤད་པ་དེ་ཡང་ངེས་པར་བརྟགས་ན་རང་རིག་པ་མ་གྲུབ་པས་དེ་ཡང་ཡོད་པ་མ་ཡིན་ལ། དེའི་ཕྱིར་བདེན་པ་གཉི་ག་ཡང་དག་པར་ཡོད་པ་མ་ ཡིན་ནོ། །ཡང་ན་ཀུན་རྫོབ་རྒྱུ་གཞན་གྱིས་སམ་ཕྱི་མའི་དབང་གིས་ཀུན་རྫོབ་ཏུ་འགྱུར་ན། ལོགས་སུ་གྲུབ་པའི་ཕྱིར་སེམས་ཅན་རྣམས་མྱ་ངན་ལས་འདས་པར་མི་འགྱུར་ཏེ། ཀུན་རྫོབ་གཞན་པར་བརྟགས་པས་མྱ་ངན་ལས་ག་ལ་འདའ། གླེགས་བམ་ལ་ལ་ལས་ནི། དེ་བས་མྱ་ངན་ འདས་པ་མེད། །ཅེས་ཟེར་རོ། །དེ་ཡང་འོན་ཏེ་ཀུན་རྫོབ་གཞན་ཡིན་པར་འགྲུབ་ན། གཞན་དུ་བྱས་པ་ཡིན་པས་སེམས་ཅན་མྱ་ངན་ལས་འདས་པ་ཡིན་པར་ཡང་མི་འགྱུར་རོ་ཞེས་པ་ཡང་དོན་དེ་ཉིད་ཡིན་ནོ། །དེ་ལྟར་གཞན་གྱིས་བརྒལ་བའི་ལན་བཤད་པའི་ཕྱིར་འདི་ནི་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། གཞན་སེམས་ཀྱི་རྣམ་རྟོག་ཅེས་བྱ་བ་ནི་གཞན་གྱི་འམ་གཞན་པ་སྟེ། གཞན་གྱི་རྒྱུད་དུ་འམ་ཕྱི་མའི་ཚུལ་དུ་སེམས་ཡོད་པར་རྟོག་པའི་ཀུན་རྫོབ་བོ། །སེམས་སྨོས་པ་ནི་བརྡ་སྤྲོད་པ་རྣམས་ཀྱི་རྟོག་པ་པ་ལས་དགར་བའོ། །དེ་ཡང་ཕྱོགས་གཞན་གྱི་སེམས་སུ་ བརྟགས་པ་དེ་ནི་འདིར་གཟུང་བར་མི་བྱ་སྟེ། རབ་ཏུ་བྱེད་པ་འདི་ལ་ནི་སྒྲུབ་པ་སྙིང་པོར་བྱ་བ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་སྨོས་པ་ནི་སེམས་དེ་ཡང་རྫུན་པ་ཙམ་དུ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལྟར་གཞན་སུ་ཞིག་ཡིན་ ཞེ་ན། དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་རང་གི་ཀུན་རྫོབ་ཏུ་མེད་པ་དེ་ནི་དེའི་འོག་ཏུ་རྣམ་པར་དཔྱོད་པ་ཉིད་ཀྱིས་མེད་པ་ཁོ་ནར་ངེས་པ་ཡིན་ལ། སྔར་རྣམ་པར་མ་བཤིག་པའི་མ་བརྟགས་ན་ཉམས་དགའ་བའི་རྣམ་པར་ཡོད་པ་ཡིན་ནོ། །དེ་ཡང་། དེ་ཉིད་ཚོལ་བ་ ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པའོ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །མ་བརྟགས་པའི་གོང་དུ་དེ་ཡོད་ན་ཕྱིས་བརྟགས་པས་ཀྱང་རྣམ་པར་བསལ་བར་ནུས་པ་ མ་ཡིན་ཏེ། གཞན་དག་ནས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད་ཅེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ་ཞེས་ཟེར་ན། དེའི་ཕྱིར་དེ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་རང་ངམ་གཞན་པའི་ཀུན་རྫོབ་མེད་པ་ཉིད་ཡིན་ནོ། །དེ་རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་ རྟོག་པས་རྒྱུ་དང་འབྲས་བུར་བརྟགས་པ་ཡིན་ནོ། །དེ་ལྟར་ན་རྟོག་པས་བརྟགས་པས་གཉིས་པོ་འདི་དག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་ཡིན་ཏེ། བརྟག་པར་བྱ་བ་མེད་པར་ནི་རྟོག་པ་མེད་ལ། དེ་མེད་པར་ནི་བརྟག་པར་བྱ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཅི་ལྟར་ རྣམ་པར་དཔྱད་ཅེ་ན། ཇི་ལྟར་གྲགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བ་དང་། ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའི་ཆོས་དང་ཆོས་ཅན་གཟུགས་ལ་སོགས་པ་ཇི་ལྟར་གྲགས་པ་གང་ཡིན་པ་དེ་ལ་བརྟེན་ནས། དབུ་མ་པ་དེ་ནི་ཡོད་པའི་ཕྱིར་ཡང་དག་པ་མ་ཡིན་ པས་སྒྱུ་མ་དང་འདྲའོ། །ཞེས་བྱ་བ་ལ་སོགས་པ་གྲགས་པར་རྣམ་པར་དཔྱད་པ་ཐམས་ཅད་བརྗོད་པ་ཡིན་ནོ། །དཔྱོད་པར་བྱེད་པར་ཡང་རྣམ་པར་བྱ་བ་ཉིད་མ་ཡིན་ནམ་ཞེ་ན། དེའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་དཔྱོད་པ་ནི་ཁོ་བོ་ཅག་གིས་དགོས་པའི་ དོན་དུ་ཁས་བླངས་པ་ཡིན་ཏེ། དཔྱད་པར་བྱ་བ་དེ་ཁོ་ན་ཉིད་ལ་སོགས་པ་ལ་རྣམ་པར་དཔྱོད་ཅིང་བརྟག་པ་ན་བརྟག་པའི་གནས་མེད་ལ། གནས་མེད་པ་ཉིད་ཀྱིས་ན་དེ་མི་སྐྱེ་ཞིང་འབྱུང་བར་མི་འགྱུར་ཏེ། རྣམ་པར་དཔྱོད་པ་ཡང་རང་བཞིན་གྱིས་མ་སྐྱེས་པ་ཡིན་ལ། མ་སྐྱེས་པ་དེ་ནི་མྱ་ ངན་ལས་འདས་པར་བཤད་དོ། །ཡང་རྟོག་པ་པོ་དང་བརྟག་པར་བྱ་བ་གཉིས་པོ་འདི་དག་དེ་ཁོ་ན་ཉིད་དམ་བདེན་པར་ཡོད་པའམ་མེད་པར་སྨྲ་བ་དེ་ཉིད་ནི་ཤིན་ཏུ་འགལ་བ་དང་བཅས་པ་ཡིན་པས་སྡུག་བསྔལ་བ་ཡིན་ནོ། །ཅི་ལྟར་དཀའ་བས་གནས་ཤེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། རྟོག་པར་བྱེད་པ་ནི་ཤེས་པའོ། །བརྟག་པར་བྱ་བ་ནི་དོན་ཏོ། །དེ་ལྟར་ན་ཤེས་པ་དང་ཤེས་བྱ་མེད་ན་ཤེས་པ་ཡོད་པར་ག་ལ་འགྱུར་ཏེ། འདིས་ནི་རྟོག་དང་བརྟག་པར་བྱ་བ་དག །གཉིས་པོ་ཕན་ཚུན་བརྟེན་པ་ཡིན་ཞེས་གང་བཤད་པ་གསལ་བར་བྱེད་པ་ཡིན་ནོ། །ཕན་ཚུན་ གཅིག་ལ་གཅིག་བརྟེན་དུ་ཟིན་ཀྱང་ཤེས་པ་དང་ཡུལ་དག་ཕ་དང་བུའི་ཚུལ་དུ་ཡོད་ཅེ་ན། དེའི་ཕྱིར་ཕ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕ་དང་བུ་གཉིས་ཕན་ཚུན་ལྟོས་པ་ཡིན་པ་ཉིད་ཀྱིས་ཡང་དག་པར་ན་མེད་ཅིང་མ་གྲུབ་པ་ཡིན་པ་དེ་བཞིན་དུ་ཤེས་པ་དང་དོན་ གཉིས་ཀྱང་བསྐྱེད་པ་པོ་དང་། སྐྱེད་པར་བྱེད་པ་གཉིས་ཀྱི་ཚུལ་དུ་ཕན་ཚུན་ལྟོས་པ་ཉིད་ཡིན་པས་དེས་ན། དེ་གཉིས་མེད་པ་ཡང་དེ་བཞིན་དུ་བལྟའོ། །མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནི་གཞན་དག་གི་ཚིག་གོ། །མྱུ་གུ་ལས་གཞན་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། མྱུ་གུ་ ལས་གཞན་པའི་ཤེས་པས་མྱུ་གུ་ཤེས་ནས་ས་བོན་ཡོད་དོ་ཞེས་རྟོག་པར་བྱེད་པ་ཡིན་ན། ཤེས་བྱ་ལ་ཤེས་བྱར་ཤེས་པ་ཉིད་ཀྱང་ག་ལ་ཡོད་དེ། རང་རིག་པ་མེད་པའི་ཕྱིར་ཤེས་པ་དེ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤེས་པ་ལས་ས་བོན་ཡོད་དོ་ཞེས་ཀྱང་ཇི་ལྟར་རྟོགས་ཤེ་ན། དེའི་ཕྱིར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཅེས་བྱ་བའི་སྒྲ་ནི་རྗེས་སུ་དཔག་པ་ལ་སོགས་པ་ལ་ལྟོས་པའོ། །ཐམས་ཅད་ཅེས་བྱ་བ་ནི་རྒྱུ་རྐྱེན་གྱི་ཚོགས་པ་ཇི་ལྟར་སྣང་བའི་ནུས་པ་ལས་དགག་པ་མེད་པ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་པདྨ་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། དེ་སྐད་ཅེས་སྨྲས་པ་དང་། རྒྱུ་མེད་པར་སྨྲ་བ་དག་ན་རེ། པདྨའི་སྡོང་བུ་ལ་སོགས་པ་དེ་ནི་སུ་ཞིག་གིས་བྱས་པ་ཞེས་སྨྲ་བ་ལ། དེའི་ཕྱིར་རྒྱུའི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མའི་རྒྱུའི་དབྱེ་བ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་ལས་ལས་སྐྱེས་པའི་འཇིག་རྟེན་ སྣ་ཚོགས་པའི་རབ་ཏུ་དབྱེ་བ་ལས་གྱུར་པ་ཡིན་གྱི། རྒྱུ་མེད་པ་ཉིད་ནི་ཡུལ་དང་དུས་ལ་སོགས་པའི་དབྱེ་བ་མེད་པའི་ཕྱིར་མི་རིགས་སོ། །རྒྱུའི་དབྱེ་བ་ལས་འབྲས་བུའི་དབྱེ་བ་འབྱུང་བ་ཡིན་དུ་ཆུག་ན། རྒྱུས་འབྲས་བུ་བསྐྱེད་པར་ཇི་ལྟར་འགྱུར་ཞེས་རྟོག་ན། ཐམས་ཅད་རྒྱུའི་མཐུ་ལས་ འབྱུང་། །ཞེས་བྱ་སྟེ། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འབྲས་བུ་སྐྱེ་བའི་ནུས་པའི་མཐུ་གང་ལ་ཡོད་པ་དེ་ལས་འབྱུང་བ་ཡིན་ནོ། །འདིར་དབང་ཕྱུག་རྒྱུར་སྨྲ་བ་དག་ན་རེ་རྒྱུ་དེ་ཡོད་དུ་ཆུག་ན་དེ་ནི་དབང་ཕྱུག་གི་བློ་སྔོན་དུ་བཏང་བ་དེ་ཉིད་ཀྱིས་ལུས་ཅན་དང་ གནས་ལ་སོགས་པ་ཐམས་ཅད་བྱས་པ་ཡིན་ནོ་ཞེས་རྟོག་པས། དེའི་ཕྱིར་འགྲོ་བའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རེ་ཞིག་དབང་ཕྱུག་གང་ཡིན་སྨྲོས། །ཞེས་བྱ་བ་ནི། དེ་ལྟར་དབང་ཕྱུག་འགྲོ་བའི་རྒྱུ་ཞེས་བྱ་བ་ཡིན་ན། དབང་ཕྱུག་ཉིད་གང་ཡིན་སྨྲོས་ཤིག་ཅེས་དྲི་ བའོ། །གལ་ཏེ་དེ་དག་ན་རེ་འབྱུང་བ་རྣམས་ཡིན་ནོ་ཞེས་ཟེར་ན། དེ་ལྟར་ཡིན་པར་ནི་ཟད་དེ། གང་གི་ཕྱིར་ཁོ་བོ་ཅག་ཀྱང་དེ་རྣམས་ལ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྲས་བུའི་ཚུལ་གྱིས་འགྲོ་བའི་རྒྱུ་ཉིད་དུ་འདོད་པས་དེ་ཡིན་དུ་ནི་ཆུག་ན། དེ་རྣམས་ལ་ཁྱེད་ཀྱིས་དབང་ཕྱུག་ཅེས་ མིང་བཏགས་པ་ཙམ་དུ་ཟད་ན། མིང་ཙམ་ལས་མེད་དུ་ཟིན་ན་ངལ་བས་ཅི་ཞིག་བྱ་སྟེ། ཅིའི་ཕྱིར་ཁྱོད་དེ་ཙམ་དུབ་ཅིང་ཉོན་མོངས་པར་བྱེད། འོན་ཀྱང་ས་ལ་སོགས་པ་འདི་དག་ནི་དུ་མ་ཡིན་པ་དང་། སྐྱེ་བ་དང་འཇིག་པ་དག་གིས་མི་རྟག་པ་ཡིན་པ་དང་། སེམས་མེད་པ་ཡིན་པའི་ ཕྱིར་ལྷ་མ་ཡིན་ཏེ། ལིང་ག་ལ་སོགས་པ་དང་འདྲའོ། །དེ་བཞིན་དུ་འགོམ་པར་བྱ་བ་གང་ཡིན་པ་དང་། མི་གཙང་བ་ཉིད་ཀྱང་ཡིན་ཞིང་། མི་གཙང་བ་དང་འདྲེས་པས་ས་ལ་སོགས་པ་དེ་དག་དབང་ཕྱུག་མ་ཡིན་ཏེ། ཁྱོད་ནི་འདི་ལྟར་གཅིག་པ་ཉིད་དང་རྟག་པ་དང་། བློ་གྲོས་ བཟང་པོ་དང་ལྡན་པ་དང་། ལྷ་ཉིད་ཡིན་པ་དེས་ན། ལིང་ག་ལ་སོགས་པ་དེ་ཡང་འགོམ་པར་བྱ་བ་མ་ཡིན་པར་གཙང་མ་ཡིན་པར་འདོད་པའི་ཕྱིར་རོ། །གལ་ཏེ་ཁྱོད་དབང་ཕྱུག་ནམ་མཁའ་ཡིན་པར་འདོད་ན། དེ་ཡང་བྱ་བ་དང་འདོད་པའི་སྤྱོད་པ་དང་བྲལ་བས་དབང་ཕྱུག་མ་ཡིན་ནོ། ། ཉི་མ་དང་ཟླ་བ་མཆོད་པ་བྱེད་པ་ལ་སོགས་པའི་བདག་ཉིད་ཅན་གྱི་བདག་ཉིད་ཀྱང་དབང་ཕྱུག་དེ་མ་ཡིན་ཏེ། དེ་ནི་སྔར། །སོ་དང་སྐྲ་སེན་བདག་མ་ཡིན། ཞེས་བྱ་བ་ལ་སོགས་པས་བཀག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་ཕྱུག་དེ་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་འདོད་ན། དེ་བྱེད་ པ་ཉིད་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པས་ཅི་ཞིག་བརྗོད་དུ་ཡོད་དེ། བསམ་གྱིས་མི་ཁྱབ་པ་དེ་བརྗོད་པའི་ཡུལ་ཇི་ལྟར་ཡིན། གལ་ཏེ་དེ་ལྟར་ཡིན་ན་དེས་ན་དངོས་པོ་ཅི་ཞིག་འབྱིན་ཅིང་སྐྱེད་པར་འདོད། གལ་ཏེ་བདག་ཅེས་བྱ་བ་འབྱིན་པར་འདོད་ན། དེ་ནི་རྟག་ཅིང་བརྟན་པར་ཁྱེད་ སྨྲ་བས་དབང་ཕྱུག་དང་འདྲ་བ་མ་ཡིན་ནོ། །ས་ལ་སོགས་པ་གང་འབྱིན་པ་མ་ཡིན་ཏེ། དབང་ཕྱུག་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཤེས་པ་ཡང་འབྱུང་བ་མ་ཡིན་ཏེ། དེ་ནི་ཤེས་པ་ལས་འབྱུང་བ་མ་ཡིན་པའི་ཕྱིར་དང་། ཐོག་མ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཤེས་བྱ་ ཡང་རང་གི་རྒྱུ་ཐོག་མ་མེད་པ་ཅན་རང་བཞིན་ཡིན་པའི་ཕྱིར་དེ་ལས་འབྱུང་བར་མི་འདོད་དོ། །གལ་ཏེ་བདེ་བ་དང་སྡུག་བསྔལ་སྤྲུལ་ཏོ་ཞེ་ན། དགེ་བ་དང་མི་དགེ་བའི་ལས་རྣམས་ལས་བདེ་བ་དང་སྡུག་བསྔལ་སྐྱེས་པ་ཡིན་པའི་ཕྱིར་དང་། ལས་དེ་ཡང་ཐོག་མ་མེད་པའི་དུས་ཅན་ཡིན་ པའི་ཕྱིར་མི་རུང་ངོ་། །དེ་ལྟ་ཡིན་ན་དབང་ཕྱུག་དེས་དངོས་པོ་ཅི་ཞིག་སྤྲུལ་ཞིང་འབྱིན་པར་བྱེད་པ་ཡིན་པ་སྨྲོས་ཤིག །ཡང་གཞན་དག་ན་རེ་ཤེས་པ་ལ་སོགས་པ་ཐོག་མ་མེད་པ་ཉིད་མ་ཡིན་གྱི། དབང་ཕྱུག་ཐོག་མ་མེད་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་རྒྱུའི་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། ཁྱེད་གལ་ཏེ་རྒྱུ་དབང་ཕྱུག་ཐོག་མ་ཡོད་པ་མ་ཡིན་པར་འདོད་ན། འབྲས་བུ་ཡང་ཐོག་མ་མེད་པར་འགྱུར་རོ། །དེ་ལྟར་ཡིན་དུ་ཟིན་ཀྱང་རྟག་ཏུ་མི་བྱེད་དེ། དེ་ལྟོས་ནས་ཡང་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱིན་པ་ནི་དེ་དངོས་པོ་ གཞན་ལ་མི་ལྟོས་པ་ཡིན་ན་རྟག་པར་དུས་ཐམས་ཅད་དུ་ཅིའི་ཕྱིར་མི་བྱེད། དེ་མ་བྱས་པའི་དངོས་པོ་ཞིག་ལ་ལྟོས་ནས་རྟག་ཏུ་མི་བྱེད་དོ་ཞེ་ན། དེའི་ཕྱིར་དེ་མ་བྱས་སོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མ་བྱས་པའི་དངོས་པོ་ཞིག་ཡོད་ན་ནི་དེ་ལ་ལྟོས་སུ་རུང་ན། ཐམས་ཅད་འདིས་ བྱས་པར་ཁྱེད་འདོད་པ་དང་། ལྟོས་པ་ཡོད་པར་འདོད་པ་ནི་མི་རིགས་སོ། །གལ་ཏེ་འགའ་ཞིག་ལ་ལྟོས་པར་འདོད་ན་ནི་དེའི་ཚེ་ཚོགས་པ་ཉིད་རྒྱུ་ཡིན་གྱི། དབང་ཕྱུག་མ་ཡིན་ནོ། །དེ་ཡང་གལ་ཏེ་ཚོགས་པ་ཡོད་ན་ནི་དབང་ཕྱུག་དེ་མི་བྱེད་ཅིང་བྱ་བ་བཤོལ་བར་ཡང་མི་ནུས་ལ་དེ་མེད་པ་སྟེ། ཚོགས་པ་དེ་མེད་ན་ནི་དབང་ཕྱུག་གིས་བྱེད་པ་མེད་དེ། ཚོགས་པ་ལས་བྱུང་བ་ཡིན་ནོ། །གལ་ཏེ་ཚོགས་པ་ཡོད་པར་གྱུར་ནས་དབང་ཕྱུག་མི་འདོད་བཞིན་དུ་བྱེད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་དབང་ཕྱུག་དེ་གཞན་གྱི་དབང་དུ་ཐལ་བར་འགྱུར་བས་ཁྱོད་ཀྱི་རང་ དབང་དུ་ཡོད་པར་འདོད་པ་དང་མི་མཐུན་ནོ། །འོན་ཏེ་འདོད་པ་ལ་རག་ལས་པར་བྱེད་དོ་ཞེ་ན། དེའི་ཕྱིར་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པ་ཡང་འདོད་པ་ཉིད་ལ་རག་ལས་པར་འགྱུར། དབང་ཕྱུག་དེ་བྱེད་པ་པོ་ཡིན་པར་རྣམ་པ་ཐམས་ཅད་དུ་ག་ལ་ཡོད་དེ་མེད་དོ། །དེས་ ན་རང་དགར་དབང་བྱེད་པ་ག་ལ་ཡིན། གང་ཡང་གཟེགས་ཟན་ལ་སོགས་པ་རྡུལ་ཕྲ་རབ་རྟག་པར་སྨྲ་བ་དག་གིས་འདུ་བ་དང་ཆ་ཤས་སུ་དབྱེ་བ་དག་གི་འབྲས་བུ་སྐྱེད་པར་འདོད་པ་དེ་ཡང་། ཕྱོགས་ཆ་རྣམས་ཀྱང་ཆ་མེད་པ་ཞེས་བྱ་བས་རྣམ་པར་དཔྱད་དེ་བཟློག་པ་ཡིན་ནོ། །དེ་ ལྟར་དབང་ཕྱུག་རྒྱུར་འདོད་པ་ལ་སོགས་པ་བཀག་ནས། འདི་མན་ཆད་གྲངས་ཅན་དག་གཙོ་བོ་ཞེས་བྱ་བ་ནི་རྒྱུ་ཡིན་པར་འདོད་པའི་ཕྱིར་གཙོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉམ་དུ་གནས་ཞེས་བྱ་བ་ནི་ཆེན་པོ་ལ་སོགས་པ་འགྱུར་བ་མེད། དེ་དག་ལ་ནི་གཙོ་བོ་ཞེས་བྱ་ལ། འགྱུར་བ་ལས་མི་མཉམ་པར་གྱུར་པ་དེའི་ཚེ་ནི་འགྲོ་བ་ཞེས་ཟེར་རོ། །དེ་ལ་དབུ་མ་པས་གཙོ་བོ་ཞེས་བྱ་བ་གཅིག་པུ་ལ་རང་བཞིན་གསུམ་ཡོད་པ་ནི་མི་རིགས་པ་ཡིན་ལ། དེས་ན་གཙོ་བོ་ཞེས་བྱ་བ་དེ་མེད་དོ། །དེ་བཞིན་དུ་ཡོན་ཏན་ཡང་ཡོད་པ་མ་ཡིན་ཏེ། ཡོན་ཏན་གསུམ་པོ་དེ་དག་རེ་རེ་ ཞིང་ཡང་སྙིང་སྟོབས་དང་། རྡུལ་དང་མུན་པ་གསུམ་དང་ལྡན་པར་འགྱུར་རོ། །གསུམ་པོ་དེ་དག་ཀྱང་བདེ་བ་དང་། སྡུག་བསྔལ་དང་། གཏི་མུག་གི་བདག་ཉིད་ཅན་ཡིན་པར་འདོད་ལ། དེ་དག་ནི་ཕན་ཚུན་འགལ་ཏེ། བདེ་བ་མྱོང་བའི་སྐབས་སུ་ཡང་སྡུག་བསྔལ་མི་མྱོང་བའི་ ཕྱིར། ཡོན་ཏན་མ་གྲུབ་ཅིང་མེད་པ་ཡིན་པས་དེ་དེ་ལས་བྱུང་བའི་སྒྲ་ལ་སོགས་པའི་གཞན་དག་ཡོད་པ་ཉིད་ནི་ཤིན་ཏུ་ཡང་ཐག་རིང་བ་ཡིན་ཏེ། ཚད་མ་གཞན་གྱིས་མི་བཟོད་པའི་ཕྱིར་རོ། །དེ་ལྟར་ན་ཡང་གྲངས་ཅན་དག་གོས་ལ་སོགས་ལས་བྱུང་བའི་བདེ་བ་ཡང་དེའི་འགྱུར་བ་ཡིན་པར་ འདོད་པ་དེ་ཐམས་ཅད་འདོད་པ་ཡང་མ་ཡིན་པས་མི་རུང་ངོ་། །དེའི་ཕྱིར་སེམས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་མེད་པ་དང་སེམས་ཡོད་པ་དག་ཕན་ཚུན་འགལ་བ་ཡིན་པས་དེ་ནི་མི་སྲིད་དོ། །འོན་ཏེ་བདེ་བ་ལ་སོགས་པ་རྒྱུའི་རང་བཞིན་ནམ་ངོ་བོ་ཉིད་ཡིན་པ་གོས་ལ་ སོགས་པའི་དངོས་པོ་གང་ཡིན་པ་དེ་ནི་རྒྱུའི་རང་བཞིན་དུ་གྱུར་པས་རྒྱུ་ཡིན་ལ། དེའི་འབྲས་བུ་ནི་གོས་ལ་སོགས་པ་ཡིན་པས་དེ་ལ་བདེ་བ་ལ་སོགས་པ་ཡོད་པ་ཡིན་གྱི། གཞན་དུ་ན་དེ་ལས་འབྱུང་བར་མི་འགྱུར་རོ་ཞེ་ན། དངོས་པོ་རྣམས་དཔྱད་མ་ཟིན་ནམ་ཞེས་བྱ་བ་སྨོས་ཏེ། དྲན་ པ་ཉེ་བར་གཞག་པ་རྣམས་ཀྱིས་དེ་མ་གྲུབ་པར་དཔྱད་ཟིན་ཏེ་ཞེས་བྱ་བའི་དོན་ཏོ། །གྲངས་ཅན་ཁྱོད་ཀྱིས་དངོས་པོ་རྣམས་ཀྱི་རྒྱུ་བདེ་བ་ལ་སོགས་པ་ཉིད་ཡིན་པར་འདོད་ན། དེ་ནི་མ་ཡིན་ཏེ། བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་དེ་ལས་ཀྱང་སྣམ་བུ་ལ་སོགས་པའི་དངོས་ པོ་རྣམས་ཀྱང་སྐྱེ་བར་མ་མཐོང་ངོ་། །གཞན་དུ་ན་གོས་ལ་སོགས་པ་ལས་བདེ་བ་ལ་སོགས་པ་འགྱུར་བ་ཡིན་ལ། ཡང་དག་པར་ན་གོས་ལ་སོགས་པ་དེ་མེད་ཅིང་མ་གྲུབ་པས་ན་བདེ་བ་ལ་སོགས་པ་ཡང་མེད་པ་ཡིན་ནོ། །བདེ་བ་ལ་སོགས་པ་ནི་རྟག་པ་ཡིན་པས་ངེས་ པར་ཡོད་དོ་ཞེ་ན། བདེ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པ་རྟག་པ་ཉིད་མ་ཡིན་ནོ། །དུས་ནམ་ཡང་རྙེད་ཅིང་དམིགས་པར་མི་འགྱུར་རོ། །གལ་ཏེ་རྟག་པར་ཡང་ཡོད་མོད་ཀྱི། གལ་ཏེ་དེ་གསལ་བའི་ཚེ་ན་བདེ་བར་སྣང་གི །ནུས་པའི་ ཚུལ་དུ་མི་གསལ་བའི་ཚེ་ན་ནི་མ་ཡིན་ནོ་ཞེས་ཟེར་ན། དེའི་ཕྱིར་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རང་རིག་པའི་མངོན་སུམ་གྱིས་བདེ་བ་ལ་སོགས་པ་ཉིད་ཡོད་དོ་ཞེས་སྨྲ་ན། དེས་བདེ་བ་ལ་སོགས་པ་ཅིའི་ཕྱིར་མི་འཛིན། དེ་ནི་ཕྲ་བ་ཉིད་ཀྱི་ཕྱིར་མི་འཛིན་ནོ་ཞེས་ ཟེར་ན། གལ་ཏེ་རགས་པ་ཡིན་ན་ཕྲ་བར་ཡང་ཇི་ལྟར་འགྱུར་ཏེ། རགས་པ་དང་ཕྲ་བ་གཉིས་ནི་ཕན་ཚུན་འགལ་བ་ཡིན་ནོ། །དེ་ལྟར་ཡིན་མོད་ཀྱི་བདེ་བ་དེས་རགས་པ་སྤངས་ནས་ཕྲ་བར་གྱུར་པ་ཡིན་པས། དེ་ཕྲ་བ་དང་རགས་པའི་གནས་སྐབས་ཐ་དད་པ་ཡིན་གྱི་གནས་ཀྱི་གཞི་ བདེ་བ་ལ་ནི་ཐ་དད་པ་མེད་དོ་ཞེ་ན། དེའི་ཕྱིར་རགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གནས་སྐབས་མི་རྟག་པ་ཡིན་གྱི་དེའི་གཞི་རྟག་པས་ཐ་དད་དོ་སྙམ་ན། དེའི་ཕྱིར་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པར་ན་བདེ་བ་ལས་ རགས་པ་དེ་གཞན་མ་ཡིན་པས། བདེ་བ་དེ་མི་རྟག་པ་ཉིད་ཡིན་པར་ཤིན་ཏུ་གསལ་བ་ཡིན་ནོ། །ཡང་གཞན་དག་ན་རེ་བདེ་བ་རགས་པའི་ཟླ་ལ་མི་འཇིགས་ཏེ། ཞིག་ཅིང་མི་རྟག་ན་ཅི་ཡང་མེད་པ་ཡིན་པས་མེད་པ་ལས་མི་སྐྱེའོ་ཞེ་ན། དེའི་ཕྱིར་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ འདོད་པ་དེ་ནི་མི་རུང་ངོ་། །ཡོད་པར་ཁས་ལེན་པ་རགས་པར་ཡོད་དགོས་ལ། དེ་ནི་གསལ་བར་ཡིན་ཏེ། དེ་ལས་སྐྱེ་བར་འགྱུར་བས་ན་ཁྱེད་རགས་པའི་ཚུལ་དུ་མེད་དོ་ཞེས་ཟེར་ཏེ། གསལ་བར་མི་འདོད་ཀྱང་མེད་ཅིང་མི་གསལ་བ་ལས་མི་སྐྱེའི་ཡོད་པ་ལས་སྐྱེས་པ་ཉིད་ཀྱིས་རགས་པར་ གནས་པར་འགྱུར་རོ། །གལ་ཏེ་འབྲས་བུ་གསལ་བར་རྒྱུ་ལ་གནས་ན་ནི་རྒྱུ་ཟས་ལ་སོགས་པ་ལ་འབྲས་བུ་མི་གསལ་བར་གནས་པས་དེ་ཟ་བ་ནི་མི་གཙང་བ་ཟ་བར་འགྱུར་རོ། །གཞན་ཡང་རྒྱུ་ལ་འབྲས་བུ་གསལ་བར་གནས་ན་ནི་རས་ཀྱི་རིན་གང་ཡིན་པ་དེས་རས་བལ་གྱི་ས་བོན་ ཉོས་ལ་གོས་སུ་བགོ་བར་གྱིས་ཤིག་པའོ། །གལ་ཏེ་རས་བལ་གྱི་ས་བོན་ལས་རས་ཡོད་མོད་ཀྱི། འཇིག་རྟེན་པ་རྣམས་རྨོངས་པས་མ་མཐོང་བར་ཟད་དོ་ཞེས་ཟེར་ན་ནི། དེ་ཁོ་ན་ཉིད་ཤེས་ཤིང་མ་རྨོངས་པ་ལ་ཡང་རྨོངས་པ་དེ་གནས་ཤིང་ཡོད་པ་མ་ཡིན་ཏེ། གལ་ཏེ་མེད་ན་རས་བལ་ གྱི་ས་བོན་གོས་སུ་ཅིའི་ཕྱིར་མི་གྱོན་ཡང་གལ་ཏེ་དེ་ཁོ་ན་ཉིད་ཀྱི་ཤེས་པ་གང་ཡིན་པ་དེ་འཇིག་རྟེན་པ་ལ་ཡང་ཡོད་དོ། །རྒྱུ་དང་འབྲས་བུ་ཡོད་པས་མཐོང་བ་ཉིད་ཡིན་ན་ནི་འཇིག་རྟེན་པ་ཡང་དེ་ཁོ་ན་ཉིད་མཐོང་བ་ཡིན་ན་ཅིའི་ཕྱིར་དེ་མ་མཐོང་། དེ་བཞིན་དུ་བདེ་བ་ལ་སོགས་པའི་རྒྱུ་ དང་འབྲས་བུས་འཇིག་རྟེན་པ་ཅིའི་ཕྱིར་མ་མཐོང་། འཇིག་རྟེན་པ་རྣམས་ནི་ཚད་མ་དང་ལྡན་པ་མ་ཡིན་པས་རྒྱུ་ལ་འབྲས་བུ་མ་མཐོང་ངོ་ཞེ་ན། དེའི་ཕྱིར་འཇིག་རྟེན་གསལ་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་སྒྲ་ལ་སོགས་པ་ཡོད་པར་དོན་གྱི་ཚད་མས་གསལ་བར་ མཐོང་བ་དང་། འང་ཞེས་བྱ་བའི་སྒྲས་རྗེས་སུ་དཔག་པ་དང་། ལུང་ལ་ཡོད་པ་ཡང་བདེན་པ་མ་ཡིན་ཞིང་མེད་པར་འགྱུར་རོ། །དེ་ཁོ་ན་ཉིད་དུ་སྒྲ་ལ་སོགས་པ་བརྟགས་པའི་དངོས་པོ་རྣམས་ལས་སྟོང་པ་ཉིད་ཡིན་ན་གསལ་བར་མཐོང་བ་གང་ཞིག་ཡོད། དེ་མེད་ན་ཚད་མ་ཡང་ཚད་མ་ཡིན་ པར་འགྱུར་བར་དེའི་ཕྱིར་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་ནི་ཚད་མ་གཞལ་བ་ཡིན་གྱི་གཞན་དུ་ན་ཇི་ལྟར་ཤེས་པར་འགྱུར། དེ་ཡང་ཚད་མ་དག་ཚད་མ་མ་ཡིན་ཞིང་བརྫུན་ན་ནི་དེས་གཞལ་བའི་སྟོང་པ་ཉིད་ལ་སོགས་པ་ཐམས་ཅད་བརྫུན་པར་འགྱུར་བ་དེ་བས་ན་ དངོས་པོ་རྣམས་ཀྱི་སྟོང་པ་ཉིད་མི་འཐད་པར་འགྱུར་རོ། །གླེགས་བམ་ལ་ལ་ལས་ནི་ཁྱོད་ཀྱིས་འཐད་པ་མ་ཡིན་ནོ་ཞེས་ཟེར་ཏེ། གྲངས་ཅན་ཁྱོད་ཀྱིས་སྟོང་པ་ཉིད་སྨྲ་བར་ཡང་དག་པར་འཐད་ཅིང་རིགས་པ་མ་ཡིན་ཏེ། སངས་རྒྱས་རྣམས་ནི་ཀུན་རྫོབ་ཏུ་ཐམས་ཅད་ཡོད་པར་འདོད་ པ་རིགས་པ་ཡིན་ནོ། །གང་གི་ཕྱིར་བརྟགས་པའི་དངོས་པོ་རྣམས་ཀྱིས་བཙལ་ཞིང་ཡོངས་སུ་མ་དཔྱད་པར་དེ་མེད་པ་ཉིད་ཅེས་བརྟགས་པའི་དངོས་པོ་མེད་པ་ཉིད་འཛིན་པར་མི་ནུས་ཀྱི། དེའི་རང་བཞིན་སྟོང་པ་ཉིད་དུ་ཤེས་ཤིང་འཛིན་པ་དེ་ལས་དངོས་པོ་རྣམས་བརྫུན་པར་ཤེས་པར་ འགྱུར་རོ། །དེ་བས་ན་བརྟགས་པའི་དངོས་པོ་རྣམས་བརྫུན་པ་མ་ཡིན་པས་དེའི་དངོས་པོ་མེད་པ་ཉིད་ནི་ཤིན་ཏུ་གསལ་བར་བརྫུན་པ་ཡིན་ཏེ། མེད་པ་ནི་ཡོད་པ་ལ་ལྟོས་པ་ཡིན་པས་དངོས་པོ་མ་གྲུབ་པས་ན་དེའི་མེད་པ་ཡང་མི་འགྲུབ་པོ། །གྲངས་ཅན་ལ་དཔེ་བསྟན་པའི་སྒོ་ནས་ཉེ་བར་ བསྡུ་བ་སྨྲས་པ་ནི། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་རྨི་ལམ་གྱི་ནང་ན་བུ་སྐྱེས་པ་རྨིས་ལ་རྨི་ལམ་ན་དེ་ཤི་བ་རྨི་ལ་དེའི་མེད་དོ་ཞེས་བྱ་བ་ནི་རྣམ་པར་བརྟགས་པ་ཙམ་ཡིན་པའི་རྟོག་པ་དེས་བུ་ཡོད་པའི་རྟོག་པ་སྐྱེས་པ་གང་ཡིན་པ་དེ་རྗེས་སུ་ཟློག་པར་བྱེད་ཅིང་ འགོག་པར་བྱེད་དོ། །དེ་བཞིན་དུ་གལ་ཏེ་དངོས་པོར་བརྟགས་པ་ཡོད་ན་དེ་མེད་དོ་ཞེས་བྱ་བ་རྣམ་པར་རྟོག་པར་འགྱུར་ཏེ། དེ་ཉིད་ཀྱང་བརྫུན་པ་ཡིན་ནོ། །དེ་ལྟར་རྒྱུ་མེད་པར་སྨྲ་བ་དང་མི་མཐུན་པ་རྒྱུར་སྨྲ་བ་རྣམ་པར་བསལ་ནས། གཞུང་ཉེ་བར་བསྡུ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། རྐྱེན་རྣམས་སོ་སོ་འམ་འདུས་པ་ཞེས་བྱ་བ་ལ། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་རྟག་པ་རྣམས་ལའམ། ས་བོན་ལ་སོགས་པ་རང་སྣང་བ་མི་རྟག་པ་ཉིད་དང་འདུས་པ་ཞེས་བྱ་བ་ཉེ་བར་ལེན་པའི་རྒྱུ་ལ་སོགས་པ་མི་རྟག་པ་ རྣམས་དང་། བདག་དང་ས་བོན་ལ་སོགས་པ་རྟག་པ་དང་། མི་རྟག་པ་ལ་སོགས་པ་རྣམས་ལའང་། མཐོང་བ་དང་མ་མཐོང་བའི་རྒྱུ་དང་རྐྱེན་ལ་རྣམ་པ་བཞི་པོ་དག་ལ་ཡང་གནས་པ་མ་ཡིན་ནོ། །གཞན་ནས་ཞེས་བྱ་བ་ནི་རྐྱེན་རྣམས་ལས་གཞན་པ་ལས་ཀྱང་འོང་བ་མ་ཡིན་ནོ། །དེ་ལྟར་མ་ འོངས་སུ་ཟིན་ཀྱང་ཡོད་པར་གནས་པ་ཡིན་ནོ་ཞེ་ན། གནས་པ་མེད་ཅེས་བྱ་བ་སྨོས་ཏེ། སྐད་ཅིག་ཀྱང་སྡོད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་འགྲོ་བ་ཡང་མེད་དེ། མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་སྒྱུ་མ་ཉིད་དང་འདི་ལ་ཁྱད་པར་དུ་བྱ་བ་ཅི་ཞིག་ཡོད་ན། རྨོངས་པ་རྣམས་ཀྱིས་བདེན་ པ་ཁོ་ནར་བརྟགས་ཤིང་སྒྲོ་བཏགས་པའི་གཟུགས་ལ་སོགས་པ་གང་ཞིག་ཡོད་དེ་མེད་དོ། །གཟུགས་ལ་སོགས་པ་ནི་རྒྱུས་བསྐྱེད་པ་ཡིན་ནོ། །སྒྱུ་མའི་སྒྱུ་མས་བྱས་པ་ཁྱད་པར་ཅི་ཡོད་ཅེ་ན། དེའི་ཕྱིར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་འགྲོ་བ་དང་འོང་བ་མེད་པས་གཉི་ ག་ཡང་ལོག་པར་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡིན་ན་ཡང་རྐྱེན་ལས་བྱུང་བ་ནི་བདེན་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་གཞན་གང་ཞིག་དང་ཉེ་བ་ན་ངེས་པར་མཐོང་ཞིང་སྣང་ལ། དེ་མེད་ན་ནི་མི་མཐོང་བས་དེ་ནི་ཡོད་པ་མ་ཡིན་ ཏེ་གཟུགས་བརྙན་དང་འདྲའོ། །དེ་ཡང་གཟུགས་བརྙན་ནི་མེ་ལོང་ལ་སོགས་པ་བཞིན་དང་ཉེ་བ་ན་སྣང་གི །དེ་མེད་པར་ནི་མ་ཡིན་ནོ། །དེ་བཞིན་དུ། གཞན་དག་ལ་ཡང་རང་གི་རྒྱུ་དང་ཉེ་བ་ལས་ཡིན་གྱི། དེ་མེད་པར་མ་ཡིན་པའི་ཕྱིར། གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་རྒྱུ་དང་རྐྱེན་ལ་ལྟོས་ཤིང་རག་ལས་པས་བསྐྱེད་པ་ནི་བཅོས་མ་དང་འདྲ་བ་ཡིན་ན། དེ་བདེན་ཞིང་ཡང་དག་པ་ཉིད་དུ་ཇི་ལྟར་ཡོད་པ་ཡིན། དེ་ལྟར་ན་རྒྱུ་ནི་ཡོད་དོ་ཞེ་ན་དེའི་ཕྱིར་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ལ་སོགས་པའི་དངོས་པོ་རྣ་ཆ་ལ་སོགས་པ་བྱས་པར་གྱུར་པའི་ རྒྱུ་ཡོད་དོ་ཞེ་ན། བྱེ་བ་བརྒྱ་ཕྲག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པའི་ཕྱིར་ཆ་ཤས་མེད་པར་འགྱུར་བ་ཡིན་ལ། དེ་ལྟར་དངོས་པོ་མེད་ཅིང་བསྒྱུར་དུ་མེད་པའི་གནས་སྐབས་དེའི་དངོས་པོ་ཅི་ཞིག་ཏུ་གྱུར་ནས་དངོས་པོ་ཞེས་སྨྲ་སྟེ། དེ་ལྟ་བུའི་གནས་སྐབས་དེ་དངོས་པོ་མེད་པ་ལས་ གཞན་པའི་དངོས་པོ་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་ཡིན། ཡང་དག་པར་ནི་རྒྱུ་དང་འབྲས་བུ་མེད་པའི་ཕྱིར་དེ་ལས་འདིར་སྐད་ཅིག་མར་ཡོད་པར་སྨྲ་བ་དག་འདི་སྐད་ཅེས་དངོས་པོ་མེད་པའི་དུས་སུ་འགའ་ཡང་དངོས་པོར་མི་འགྱུར་བ་ནི་བདེན་མོད་ཀྱི། སྐད་ཅིག་མར་ཡོད་དོ་ཞེས་རྟོག་པ་དེའི་ཕྱིར། མེད་ པའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པའི་ཚེ་ན་ནི་དངོས་པོ་མེད་པ་ཉིད་ཡིན་ལ། དངོས་པོ་དེ་དུས་ནམ་ཞིག་ན་འབྱུང་བར་འགྱུར་ཏེ། ནམ་ཡང་འབྱུང་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ལ་སྐྱེ་བ་མེད་པ་ཉིད་ ཀྱི་དངོས་པོ་མེད་ཅིང་མ་སྐྱེས་པ་དང་ནི་བྲལ་ཞིང་ཐ་དད་པར་མི་འགྱུར་ཏེ། དེ་དངོས་པོ་རྣམས་མེད་པ་དང་མ་བྲལ་བ་ཉིད་ཀྱིས་དངོས་པོ་རྣམས་ཡོད་ཅིང་འབྱུང་བའི་སྐབས་ཡོད་པར་མི་འགྱུར་རོ། །དེ་ལྟར་རེ་ཞིག་འགའ་ཡང་དངོས་པོ་ཉིད་དུ་མི་འགྱུར་བ་ཡིན་མོད་ཀྱི། དེ་ལྟར་ན་ཁས་ལེན་པར་ བྱེད་པ་དག་གི་ཕྱིར་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྫས་གཅིག་ལ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཉིད་ཀྱི་རྣམ་པར་འགྱུར་བ་དེར་ཐལ་བར་འགྱུར་ཏེ། དངོས་པོ་གཅིག་ལ་ དངོས་པོ་མེད་པ་མི་མཐུན་པའི་ཆོས་གཉིས་སུ་འགྱུར་བ་ན་འགལ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་སྡུད་པ་ཡིན་ནོ། །དེ་སྐྱེད་པར་མ་གྲུབ་ན་འགག་པ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་རྟག་པར་གྱུར་པའི་དངོས་པོ་ཡང་མི་དམིགས་ཤིང་ ཡོད་པ་མ་ཡིན་ནོ། །རྒྱུ་དེ་བས་ན་འགྲོ་བའི་སྐྱེ་བོ་དེ་དག་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་རང་བཞིན་ཅན་ཡིན་ནོ། །འགྲོ་བ་རྣམས་ཞེས་བྱ་བ་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དང་། མི་དང་། ལྷ་སྟེ་འགྲོ་བ་ལྔ་འམ་དྲུག་གོ། །ཆུ་ཤིང་བཞིན་དུ་སྙིང་པོ་མེད་ཅེས་ བྱ་བ་ནི་ཆུ་ཤིང་ལ་རལ་གྲི་ལ་སོགས་པས་གཤེགས་ཤིང་རྣམ་པར་ཕྱེ་ནས་བལྟས་ན་སྲ་བའི་སྙིང་པོ་ཅི་ཡང་མི་རྙེད་པ་དང་འདྲ་བར་ཆོས་ཉིད་འདི་དག་ཀྱང་དེ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར། མྱ་ངན་འདས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་རྙེད་པ་ལ་ སོགས་པ་འཇིག་རྟེན་པའི་ཆོས་བརྒྱད་དང་། སྲེད་པ་ལ་སོགས་པ་ཐམས་ཅད་བརྫུན་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུའི་རང་བཞིན་རྙེད་པར་བྱ་བ་ཡང་ཅི་ཞིག་ཡོད། དེ་བཞིན་དུ་བསྟོད་པ་ལ་སོགས་པས་རིམ་གྲོ་བྱ་བ་འམ། སྨད་པ་ལ་ སོགས་པས་བརྙས་པར་གྱུར་པ་དང་། གྲགས་པ་མ་ཡིན་པ་ལ་སོགས་པས་མི་དགའ་བ་དང་། གྲགས་པ་ལ་སོགས་པས་དགའ་བ་ཡང་ཅི་ཞིག་ཡོད། འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་ནི་སྲེད་པ་ལས་བྱུང་བས་དེའི་ཕྱིར་སྲེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲེད་པ་ནི་འདོད་པའོ། །འོ་ན་ མི་འཆི་བ་ལ་སོགས་པ་ལ་སྲེད་པ་དགོས་སོ་ཞེ་ན། གསོན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་འདི་ན་བྱུང་བར་འགྱུར་བའི་ལུས་རྣམས་ལ་སྲེད་དོ་ཞེ་ན། དེའི་ཕྱིར་སུ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ན་ཡང་གཉེན་འདུན་དང་མཛའ་བཤེས་ལ་སོགས་པ་དང་ཕྲད་ པར་མངོན་པར་འདོད་པ་ལ་སྲེད་དོ་ཞེ་ན་གཉེན་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉེན་ནི་ཉེ་དུ་རྣམས་སོ། །བཤེས་ནི་མཛའ་བོ་རྣམས་སོ། །དེ་དག་ཐམས་ཅད་ནི་ཡང་དག་པར་ན་མ་སྐྱེས་པ་ཡིན་པའི་ཕྱིར་ནམ་མཁའ་དང་འདྲ་བར་དངོས་པོ་མེད་པ་ཡིན་པས། བདག་དང་འདྲ་བ་ཡིས་ ཞེས་བྱ་བ་ནི་གཞུང་འདི་བདག་དང་སྐལ་བ་མཉམ་པའི་དོན་དུ་བྱས་པས་དེས་འདི་ལྟར་སྒྱུ་མ་ལྟ་བུར་བརྟགས་པས་ཡོངས་སུ་ཤེས་པར་གྱིས་ཤིག་པའོ། །དེ་ལྟར་ཡིན་ན་ཡང་བདེ་བ་དང་། སྡུག་བསྔལ་གྱི་སེམས་ནི་ཡོད་དོ་ཞེ་ན། དེའི་ཕྱིར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འཐབ་ པ་དང་རྩོད་པ་ལ་སོགས་པའི་རྒྱུས་སོ། །སྤྲོ་བ་ནི་དགའ་སྟོན་ལ་སོགས་པའི་རྒྱུས་སོ། །ཤིན་ཏུ་མི་བདེར་འཚོ་བར་བྱེད། །ཅེས་བྱ་བ་ནི་མྱ་ངན་ལ་སོགས་པས་ཤིན་ཏུ་ཉམ་ཐག་པ་ཡིན་ནོ། །རྡེག་པ་ནི་གཞན་ལ་འཁུ་ཞིང་གནོད་པ་བྱས་པ་ལ་སོགས་པའོ། །ངན་འགྲོ་ནི་དམྱལ་བ་ལ་སོགས་ པར་ཡང་ནས་ཡང་དུ་ལྟུང་ནས་སླར་བདེ་འགྲོར་ལྷའི་འཇིག་རྟེན་དུ་སྐྱེ་ཞིང་འབྱུང་བའི་ཚུལ་གྱིས་སྲིད་པ་ན་འཁོར་བ་དང་། གཡང་ས་མང་པོ་སྟེ། གྲང་བ་དང་ཚ་བའི་དམྱལ་བ་བཅུ་དྲུག་དང་། དེའི་ཉེ་འཁོར་བ་རྣམས་དང་། དུད་འགྲོ་དང་། ཡི་དྭགས་ཀྱང་དབྱེ་བས་ཤིན་ཏུ་མང་བར་སྐྱེ་བ་ནས་སྲིད་ པ་དེར་དེ་ཁོ་ན་མ་ཡིན་པ་འདི་ནི་སྒྱུ་མ་དང་འདྲ་བ་ཉིད་ཡིན་ནོ། །དེར་ཡང་ཕན་ཚུན་འགལ་བར་འགྱུར་བ་དག་སྟེ། ཚ་བ་དང་། གྲང་བ་ལ་སོགས་པ་དང་། སེམས་ཅན་གཞན་དག་ཀྱང་ཕན་ཚུན་གྱི་མི་མཐུན་པར་གྱུར་པས་གནས་པ་དང་། སྲེད་མིན་ཞེས་པ་སྲེད་པ་མེད་པར་འགྱུར་བ་དེ་ སྲིད་ཀྱི་བར་དུ་དེ་ཁོ་ན་ཉིད་མ་ཡིན་པ་འདི་མེད་པར་མི་འགྱུར་གྱི། སྲེད་པ་མེད་ན་འགྱུར་རོ། །དེ་ལྟར་གཡང་ས་མང་པོ་ཡོད་པའི་སྲིད་པ་དེར་ཡང་ཉམ་ཆུང་ཞིང་སྟོབས་ཞན་པར་གྱུར་པ་དང་། དེར་ཡང་ཚེ་ཐུང་ཞིང་ནད་མང་བ་དང་། ཡང་དེར་ཡང་གསོན་ཞིང་འཚོ་བ་དང་། ནད་མེད་པའི་ དོན་དང་བྱ་བ་རྣམས་ཀྱིས་བྱིས་པ་འདྲེས་པའི་རྒྱུས་འབྲས་བུ་མེད་པ་ཁོ་ནར་མྱུར་དུ་དུས་འདའ་བར་བྱེད་པ་ཡིན་ལ། དེར་ཡང་སྔོན་ནས་གོམས་པའི་རྣམ་པར་གཡེང་བ་བཟློག་ཅིང་དབེན་པར་བྱ་བ་དང་། སེམས་མཉམ་པར་འཇོག་པའི་དུས་ག་ལ་ཡོད་དེ། ཤིན་ཏུ་རྙེད་པར་དཀའོ་ཞེས་ བྱ་བའི་ཐ་ཚིག་གོ། །དེར་ཡང་བྱ་བ་དེ་རྣམས་ལ་བརྩོན་པར་ཞུགས་པར་གྱུར་ཀྱང་འདོད་པའི་ཁམས་ཀྱི་དབང་ཕྱུག་གི་བདུད་དམ། ཐམས་ཅད་དུ་སོང་བའི་བདུད་ཀྱིས་ལམ་ལོག་པར་འཇུག་པར་བྱེད་པ་འམ། ཐེ་ཚོམ་སྐྱེད་པར་བྱེད་པས་རྣམ་པ་འདི་འདྲ་བས་དེ་ཁོ་ན་ཉིད་རྟོགས་པར་མི་ འགྱུར་ཞིང་སྡུག་བསྔལ་བས་འཚོ་བས། ཐུབ་པར་དཀའ་བས་ཞེས་བྱའོ། །དེ་ལྟར་བདུད་ཀྱིས་བྱིན་གྱིས་བརླབས་པས་སྡིག་པ་ཆེན་པོ་ལ་འཇུག་པས་ཡང་ནས་ཡང་དུ་ངན་འགྲོ་རྣམས་སུ་སྐྱེ་བར་འགྱུར་བས་དེའི་ཕྱིར་དེས་སླར་དལ་འབྱོར་ཐོབ་པ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་འཁོར་བ་ལས་ འབྱུང་བ་ཡང་རྙེད་པར་དཀའ་བ་ཡིན་པ་དང་། དེར་ཡང་སངས་རྒྱས་འབྱུང་བ་དང་། དམ་པའི་ཆོས་སེམས་ཤིང་སེམས་མཉམ་པར་འཇོག་པ་ཤིན་ཏུ་ཡང་རྙེད་པར་དཀའ་བས་འདོད་ཆགས་པའི་ཚོགས་ཀྱི་ཆུ་བོ་རྣམས་ནི་སྡུག་བསྔལ་བས་ཀྱང་ཤིན་ཏུ་བཟློག་པར་དཀའ་བ་ཡིན་ནོ། །ཨེ་མའོ་ཞེས་པ་ནི་ ངོ་མཚར་དུ་གྱུར་པའོ། །སྡུག་བསྔལ་རྒྱུད་ཅེས་བྱ་བ་ནི་གང་གི་ཕྱིར་ཉོན་མོངས་པ་ལས་ལས། དེ་ལས་སྡུག་བསྔལ། དེ་ལས་ཀྱང་ཉོན་མོངས་པའི་ཆུ་བོ་བཟློག་དཀའ་བ་འབྱུང་བའི་ཕྱིར་རོ། །དེ་ཡང་འགྲོ་བ་ཐོག་མཐའ་དབུས་མེད་པར། །འཁོར་བའི་འཁོར་ལོས་ འཁོར་གྱུར་པ། །མགལ་མེ་བསྐོར་བ་ལྟ་བུར་ནི། །ཕན་ཚུན་རྒྱུ་ཅན་འཁོར་བར་འགྱུར། །ཞེས་བཤད་པ་ལྟ་བུའོ། །འདི་ཞེས་བྱ་བ་ལ་དེ་སུ་ཞིག་ཅེ་ན། གང་འདི་ལྟར་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་རང་སྡུག་བསྔལ་བར་གནས་པར་མི་མཐོང་གི །གཞན་དུ་ན་རང་ཤིན་ཏུ་བདེ་བར་གནས་ པ་ཡིན་སྙམ་དུ་སེམས་སོ། །དེ་ལྟར་སྡུག་བསྔལ་བར་གནས་པ་ཡིན་ཞེ་ན། དཔེར་ན་རྔ་མོ་ཚེར་མ་ཟ་ཞིང་འཚོ་ཡང་བདེ་བར་གནས་སྙམ་དུ་སེམས་པ་དེ་བཞིན་དུ་ཐམས་ཅད་ཀྱང་བདེ་བར་རློམ་པ་ཙམ་ཡིན་པའི་ཕྱིར་དེ་ལ་གཞན་ཅི་ཡང་མེད་དོ། །བསོད་ནམས་སྤྲིན་ནི་བསོད་ནམས་ཀྱི་ཕུང་པོའོ། ། དམིགས་པ་ལ་མངོན་པར་ཞེན་པ་ལ་གནས་པས་དམིགས་པ་ལ་སྤྱོད་པའོ། །སོགས་པ་ནི་ཉེ་བར་བསྡུས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ་ལེའུ་དགུ་པའོ།། །།བསྔོ་བའི་དབང་དུ་མཛད་ ནས། བདག་གིས་བྱང་ཆུབ་སྤྱད་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བྱང་ཆུབ་ནི་ཡོན་ཏན་དང་སྐྱོན་ཐམས་ཅད་འཕེལ་བ་དང་སྒྲིབ་པའི་མཐར་ཐུག་པ་ལ་གནས་པའི་དེ་ཁོ་ན་ཉིད་ཀྱི་བློ་སྟེ། ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ་སོགས་པ་དོན་རྣམ་པ་བཅུ་པོ་གང་ཡིན་པས་ས་དང་ཕ་རོལ་ཏུ་ཕྱིན་པ་དག་ལ་འཇུག་པ་ནི་ཇི་སྐད་དུ་བཤད་པ་དེ་བསྔོ་བ་དང་བཅས་པ། རྣམ་པར་བསམས་པའི་ཞེས་བྱ་བ་བརྩམས་ནས་ཡོངས་སུ་མ་རྫོགས་པ་དེ་ལྟར་གྱིས་ཡོངས་སུ་བསྔོ་བའི་དོན་ཡིན་ནོ། ། དགའ་བ་ཞེས་བྱ་བ་ནི་ཡིད་བདེ་བའོ། །ཉམས་པ་ནི་འཇིག་པའོ། །རྒྱུན་མི་འཆད་ཅེས་བྱ་བ་ནི་རྟག་ཏུའོ། །དེ་ལྟར་སྤྱིར་འགྲོ་བའི་དོན་དུ་ཚིགས་སུ་བཅད་པ་གསུམ་གྱིས་དགེ་བ་ཡོངས་སུ་བསྔོ་བ་བསྟན་ནས་འགྲོ་བ་དབྱེ་བའི་སྒོ་ནས་བསྟན་པའི་ཕྱིར། འཇིག་རྟེན་ཁམས་ན་ དམྱལ་བ་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག །ཅེས་བྱ་བ་དེ་ཡན་ཆད་དང་སྦྱར་བར་བྱའོ། །དམྱལ་བ་ནི་ཡང་སོས་ལ་སོགས་པ་ཚ་བ་དང་། ཆུ་བུར་ཅན་ ལ་སོགས་པ་གྲང་བ་དག་གོ། །འཕགས་པ་སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་སྐྱེ་བ་ལ་སོགས་པ་ཡང་དག་པ་སྟོན་པའི་ས་རྟག་ཏུ་བདེ་བ་ཉིད་དང་ལྡན་པའི་ཕྱིར་བདེ་བ་ཅན་ཞེས་བྱ་བ་ལ། བདེ་བ་ཅན་དེ་ལ་བདེ་དགས་དགའ་བར་ཤོག །བྱང་ཆུབ་སེམས་དཔའི་ སྤྲིན་ཆེན་ལས་ཏེ། གང་ལ་དེ་ལས་བྱུང་བའི་ཆུ་བོ་མཚོ་མཐའ་ཡས་ཀྱི་ཆུ་བོའི་ཚོགས་ཀྱིས་སོ། །རལ་གྲི་ལོ་མའི་ནགས་ཚལ་ཡང་། །ཞེས་བྱ་བ་སྤུ་གྲིའི་སོ་འཕེལ་བའི་དམྱལ་བའི་ལམ་མོ། །དེ་ཉིད་ལ་ཤལ་མ་ལིའི་སྡོང་པོ་དག །ཅེས་བྱ་བ་ལས་ཀྱི་སྒྱུ་མས་རྡོ་རྗེའི་ཚེར་མ་ཁ་ཐུར་དུ་ བལྟས་ཤིང་རྣོ་བ་ཅན་གྱི་རིའི་ཤིང་ནི་ཤལ་མ་ལིའི་སྡོང་པོའོ། །བརྒྱ་བྱིན་གྱི་སྐྱེད་མོས་ཚལ་དགའ་བའི་ཚལ་དེར། དཔག་བསམ་ཤིང་དུ་འཁྲུངས་པར་ཤོག །མཐིང་རིལ་ལ་སོགས་པའི་བྱ་དེ་དག་ནི་སྐད་སྙན་འབྱིན་པ་སྟེ། སྐད་སྙན་སྒྲོགས་པས་མཛེས་འགྱུར་ཤོག །ཤིན་ཏུ་རིང་དུ་ སོང་བ་ཉིད་ཀྱི་ཕྱིར་པདྨ་སྟེ། ཆུ་སྐྱེས་དྲི་བསུང་ཆེ་ལྡན་གང་ལ་ཡོད་པའི་མཚོ་དེ་དག་གིས། དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་ནི་མེ་མ་མུར་གྱི་དམྱལ་བའི་ལམ་མོ། །ས་བསྲེགས་ནི་ཚ་བ་ལ་སོགས་པའི་དམྱལ་བའིའོ། །བསྡུས་འཇོམས་རི་བོ་རྣམས་ཀྱང་ནི། །ཞེས་ བྱ་བ་ལ་བསྡུས་འཇོམས་ཞེས་བྱ་བ་ནི་དམྱལ་བ་ཆེན་པོ་ན་ལུག་ལྟ་བུའི་རི་ཆེན་པོ་རྣམས་ཀྱང་ངོ་། །མདག་མེ་ལ་སོགས་པའི་ཆར་ནི་གཤིན་རྗེའི་སྐྱེས་བུ་ལ་སོགས་པས་ཕབ་པའོ། །བསྐལ་པ་ཟད་པའི་ད་ལྟར་ཡང་མཚོན་གྱིས་འཐབ་པ་དམྱལ་བ་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་བསྟན་ཏོ། །ཆུ་ བོ་རབ་མེད་ནི་དམྱལ་བའི་ལམ་མོ། །ལྷ་མོ་རྣམས་ནི་ལྷའི་བུད་མེད་དག་གོ། །དལ་གྱིས་འབབ་པ་ནི་མཐོ་རིས་ཀྱི་ཆུ་བོ་གངྒཱ་སྟེ། དེ་ལ་གནས་པར་ཤོག་ཅེས་བྱ་བ་ལ་སོགས་པ་ནི་དམྱལ་བ་རྣམས་ལ་རྣམ་པར་རྟོག་པའོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། །ཀུན་ནས་མུན་པ་ནི་ཀུན་ནས་ སྨག་ཏུ་གྱུར་པའོ། །དེ་ཀོ་སུའི་མཐུ་སྙམ་སྟེ། །གྱེན་དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་ཏེ། སྡིག་པ་སྤངས་པར་གྱུར་ནས། བདག་ནི་དགེ་བའི་སྟོབས་ཀྱིས་ ཕྱག་ན་རྡོ་རྗེ་དེ་དང་ལྷན་ཅིག་འགྲོ་བར་ཤོག །ཅེས་བཤད་ཟིན་པ་དང་སྦྱར་རོ། །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། །ཞེས་རྣམ་པར་རྟོག་པར་འགྱུར་བ་ན། གློ་བུར་བདེ་བས་ཚིམ་པ་འདི་ཅི་སྙམ་ན། སེམས་ ཅན་དམྱལ་བ་རྣམས་ཀྱིས་ལག་ན་པདྨ་སྟེ། སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་ཤོག །དེ་ལྟར་རྡོ་རྗེ་དང་པདྨའི་རིགས་བསྟན་ནས། དེ་བཞིན་གཤེགས་པའི་རིགས་བསྟན་པའི་ཕྱིར། གྲོགས་པོ་དག་འཇིགས་པ་བོར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་ བསྔལ་ནི་ཕོངས་པའོ། །བརྩེ་བ་ཡང་བདག་ལ་སྐྱེས་པར་གྱུར་པའོ། །གང་ལ་དབུའི་ཟུར་ཕུད་མངའ་བ་དེ་ནི་གཞོན་ནུ་ཟུར་ཕུད་ཅན་ནོ། །ཞབས་ཀྱི་པདྨ་ནི་ཞབས་སོ། །ཐུགས་རྗེས་བརླན་པའི་སྤྱན་གང་ལ་མངའ་བ་དེ་ནི་ཐུགས་རྗེས་བརླན་སྤྱན་ནོ། །དབུ་ལ་མེ་ཏོག་དུ་མའི་ ཚོགས་ཀྱིས་ཆར་ཕབ་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་ཏེ། དེ་ལྟ་བུར་ནི་མཚན་ཉིད་རྣམ་པར་གྱུར་པའི་མཚན་ཉིད་ཅན་གྱིས་འཇམ་པའི་དབྱངས་དེ་འདྲ་མཐོང་ནས། གྲོགས་དག་འཇིགས་པ་ བོར་ལ་ཚུར་ཤེག་ཅེས་བྱ་བ་ལ་སོགས་པ་སྨྲ་བ་ལ། ད་ནི་སེམས་དམྱལ་ཀུ་ཅོ་འདོན་པར་ཤོག །དམྱལ་བའི་འགྲོ་བའི་མཇུག་བསྡུ་བ་ནི། །དེ་ལྟར་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུད་འགྲོའི་འགྲོ་བ་ནི་དུད་འགྲོ་རྣམས་ནི་གཅིག་ལ་གཅིག་ཅེས་བྱ་བ་ལ་སོགས་པ་ སྨོས་ཏེ། འདི་མན་ཆད་བདག་གི་བསོད་ནམས་འདི་ཡིས་ནི་ཞེས་བྱ་བ་འཆད་པར་འགྱུར་བ་དང་སྦྱོར་རོ། །ཡི་དྭགས་ཀྱི་འགྲོ་བ་ནི། སྒྲ་མི་སྙན་པའི་མི་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་གི །ཞེས་བྱ་བ་ནི་ཁོང་དུ་ཆུད་པར་སླའོ། ། མིའི་འགྲོ་བ་ནི། ལོང་བ་རྣམས་ཀྱིས་མིག་མཐོང་ཤོག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་དང་། བཅས་པས་ཁ་ན་མ་ཐོ་བ་མེད་པའོ། །སྐྲག་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་ནི་རྟོགས་སླའོ། །ལྷའི་འགྲོ་བ་ནི། །མི་དལ་ཀུན་ལས་ཐར་པ་དང་། ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་དུ་ཐམས་ཅད་ནམ་མཁའི་མཛོད་བཞིན་དུ་འམ། འཕགས་པ་ནོར་བཟངས་བཞིན་དུ་ལོངས་སྤྱོད་ཆད་པ་མེད་པར་ཤོག །ནམ་མཁའ་མ་ལུས་པའི་མཛོད་གང་ལ་མངའ་བ་དེ་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་དོ། །དེས་གང་ དང་གང་དོན་དུ་གཉེར་བ་དེ་དང་དེ་ནམ་མཁའ་ལས་བླངས་ནས་སྦྱིན་པར་མཛད་དོ། །རྩོད་པ་མེད་ཅིང་ཅ་ཅོ་མེད་པ་ནི་རྩོད་པ་མེད་པའོ། །རང་དབང་དུ་སྤྱོད་ཅིང་འཇུག་པ་གང་ལ་ཡོད་པ་དེ་དག་ནི་རང་དབང་དུ་སྤྱོད་པར་ཤོག །གཟི་བརྗིད་ཆུང་བ་ནི་གཟི་མདངས་ཆུང་བའོ། །ང་རྒྱལ་ དག་ཀྱང་བཅོམ་པར་ཤོག །ཅེས་བྱ་བ་ནི་ང་རྒྱལ་བྱེད་པར་མ་གྱུར་ཅིག་ཅེས་པའོ། །ཇི་ལྟར་ཞེ་ན། བདག་གི་བསོད་ནམས་ཀྱིས་སེམས་ཅན་རྣམས་འདི་ལྟ་བུའི་རྣམ་པར་གྱུར་ཏེ། དེ་དག་གི་འབྲས་བུ་ཉིད་ནི་འདི་ཉིད་ཡོད་ན་ཡང་། རྒྱུ་མཐུན་པ་དང་། རྣམ་པར་སྨིན་པའི་འབྲས་ བུ་ཉིད་དུ་འགྱུར་རོ། །བདག་པོ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ནི་རྒྱུད་གཞན་ལ་ཡོད་ཅེས་བསྟན་པའི་ཕྱིར། བདག་གི་བསོད་ནམས་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གི་བསོད་ནམས་ཀྱིས་བདག་གི་གཙོ་བོའི་སྟོབས་ཀྱིས་སྡིག་པ་ཐམས་ཅད་དེ་མ་ལུས་པར་ སྤངས་ནས་ནིའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ནི་ཁོང་དུ་ཆུད་པར་སླའོ། །དེ་ལྟར་དམྱལ་བ་ལ་སོགས་པའི་འགྲོ་བའི་དབྱེ་བས་གཞན་དག་གི་མངོན་པར་མཐོང་བའི་དོན་དུ་ཡོངས་སུ་བསྔོས་ནས། སངས་རྒྱས་དང་། བྱང་ཆུབ་སེམས་ དཔའ་ཡང་དག་པར་དགོངས་པའི་དོན་དང་། ཆོས་ཡང་དག་པར་ལོངས་སྤྱོད་པའི་དོན་དུ། སངས་རྒྱས་ཀྱི་མཆོད་པ་དག་གིས་དེ་ལྟར་སྔོ་བར་བྱེད་དོ། །དཔག་བསམ་གྱི་ཤིང་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སངས་རྒྱས་དང་ནི་སངས་རྒྱས་སྲས། །ཡིད་དུ་འོང་བའི་ཆོས་སྙན་ སྒྲོགས་པས་གང་བ་ཡིས་སོ། །གསེག་མ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཚེར་མ་ལ་སོགས་པ་གཟུང་ངོ་། །བཻ་ཌཱུརྱའི་རང་བཞིན་ནི་རིན་པོ་ཆེ་བཻ་ཌཱུརྱའི་ཁང་པའོ། །འཇམ་པ་ནི་མཉེན་པ་སྟེ། ཀ་ཙ་ལིན་དའི་གོས་ལྟར་ རེག་ན་འཇམ་པའོ། །བྱང་ཆུབ་སེམས་དཔའ་མང་པོ་ཡིས། །འཁོར་གྱི་དཀྱིལ་འཁོར་ཆེན་པོ་དག །ཀུན་ནས་ལེགས་པར་ས་སྟེངས་དག །བརྒྱན་པར་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱིས་བྱ་དང་ནི། །ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་ སླའོ། །ཡང་མི་རྣམས་ནི་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་མཐོང་བའི་ཆོས་ཀྱི་བདེ་བའི་དོན་དུ། ལྷ་ཡང་དུས་སུ་ཆར་འབེབས་ཤིང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་སྔོ་བར་བྱེད་པ་ཡིན་ཏེ། ཁོང་དུ་ཆུད་པར་སླའོ། །ཀློག་པ་དང་ཁ་ཏོན་གྱིས་ རྒྱས་ཤིང་། དར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དགེ་འདུན་མཐུན་པ་དང་། དགེ་འདུན་མཉམ་པ་ཉིད་དང་། དགེ་འདུན་དོན་ཡང་འགྲུབ་པར་ཤོག །འགྲུབ་པར་འདོད་པའི་དགེ་སློང་རྣམས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་ནི་རྟོགས་སླའོ། །གང་གཙོ་བོར་ གྱུར་པ་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་མཆོད་པ་སྔོན་དུ་སོང་བའི་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཕྱིར། སེམས་ཅན་ཀུན་གྱིས་ལན་མང་དུ་ཞེས་བྱ་བའི་ཚིགས་སུ་བཅད་པས་སྔོ་བར་བྱེད་པ་ཡིན་ཏེ། རྟོགས་སླའོ། །རང་སངས་རྒྱས་དང་ཉན་ཐོས་གཟུང་བར་ བྱ་བའི་ཕྱིར་དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་གཞན་གྱི་དོན་གྲུབ་པའི་ཕྱིར་དགེ་བ་ཡོངས་སུ་བསྔོས་ནས། ད་ནི་རང་གི་དོན་སྒྲུབ་པའི་ཕྱིར། བདག་ཀྱང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་ཡོངས་སུ་སྔོ་བར་བྱེད་པ་ཡིན་ཏེ། ཁོང་དུ་ཆུད་པར་སླའོ། ། གཞན་དོན་ཕུན་སུམ་ཚོགས་པའི་རང་གི་དོན་ཕུན་སུམ་ཚོགས་པ་སྔོན་དུ་སོང་བ་ཅན་ཡིན་པས། གཙོ་བོ་ཉིད་ཡིན་པའི་ཕྱིར་གཞན་གྱི་དོན་དུ་ཡོངས་སུ་བསྔོ་བ་སྔར་བསྟན་ནས། བསྟན་པ་གནས་པའི་ཕྱིར། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །ཞེས་བྱ་བ་ལ་སོགས་པ་ཡོངས་སུ་སྔོ་ བར་བྱེད་པ་ཡིན་ཏེ། ཐམས་ཅད་དུ་བདག་གི་བསོད་ནམས་འདི་ཡིས་ནི། །ཞེས་བྱ་བ་དང་སྦྱར་རོ། །གཞན་གྱི་དོན་དུ་ལེགས་པར་ཡོངས་སུ་བསྔོ་བ་རྫོགས་ནས། དད་པ་མངོན་པར་འཕེལ་བ་ཅན་གྱིས་དགེ་བའི་བཤེས་གཉེན་ལ། གང་གི་དྲིན་གྱིས་དགེ་བློ་འབྱུང་། །ཞེས་བྱ་བ་ལ་ སོགས་པས་ཕྱག་འཚལ་བ་ཡིན་ཏེ། དགེ་བའི་བློ་སྟེ། བྱང་ཆུབ་ཀྱི་སེམས་འབའ་ཞིག་ཡོད་པར་མ་ཟད་ཀྱི། འབྱུང་ཞིང་འཕེལ་བར་བྱེད་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི །ལེགས་པར་སྦྱར་བའི་དགེ་བ་ཡིས། །འགྲོ་བ་འདུལ་དང་ལྡན་བཞིན་དུ། ། བྱང་ཆུབ་སེམས་གྱུར་དགའ་བར་ཤོག །དཔལ་ལྡན་བཀྲ་ཤིས་རྣ་བས་གསོལ་བཏབ་ནས། །བདག་གིས་འདི་ཡི་ལེགས་སྦྱར་བྱས་པ་ལ། །མཁས་པ་རྣམས་ཀྱིས་དཔྱད་འཁྲུལ་ཡོད་ན་ནི། །ཡོན་ཏན་དམ་པའི་བློ་ཅན་གྱིས་བཟོད་མཛོད། །ཤྭ་ལོ་ཀ་སྟོང་ཕྲག་གཅིག་དང་ནི། །དགུ་ བརྒྱ་བདུན་ཅུ་རྩ་ལྔ་ཞེས། །གྲངས་ཉིད་ཀྱིས་ནི་ལེགས་བགྲངས་ནས། །དགེ་བའི་ལྷ་ཡིས་བྱས་པ་ཡིན། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་ཡོངས་སུ་བསྔོ་བ་བསྟན་པ་སྟེ་ལེའུ་བཅུ་པའོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཀུ་མཱ་ར་དང་། ཞུ་ ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙཱརྱ་ཨ་བ་ཏཱ་ར་དུ་ར་བ་བོ་དྷ་ན་ནི་རྞ་ཡ་ནཱ་མ་གྲནྠཱ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་ དཀའ་བའི་གནས་གཏན་ལ་དབབ་པ་ཞེས་བྱ་བའི་གཞུང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡུན་རིང་དད་དང་བརྩོན་པའི་སྟོབས་ཀྱིས་བསམ་གཏན་མཆོག་ལ་རབ་གཞོལ་ཞིང་། །གང་གི་སྤྱི་གཙུག་མཆོག་གིས་འཇམ་དབྱངས་ ཞབས་ཀྱི་པདྨ་ལ་རེག་པ། །ས་སྟེངས་འཇམ་དབྱངས་གཉིས་པ་ཡིན་ཞེས་མཁས་པ་རྣམས་ཀྱིས་བསྟོད་པ་བསྟན་བཅོས་རྩོམ་པ་པོ། །བསྟོད་ཕྱིར་བདག་གི་ཡིད་ཀྱིས་དད་པའི་མེ་ཏོག་སྙིམ་པ་བཀང་བས་འཐོར། །དད་པ་མེད་པ་དགྲ་ཡི་རྩ་བ་ཤེས་རབ་ཞན་པ་འཆི་བདག་ ཞགས་པ་ཉིད། །དེ་ཕྱིར་དད་མེད་དགྲ་ཡི་དབང་སོང་བླུན་པའི་ཞགས་པར་ཆུད་པ་རྣམས། །འཇམ་དབྱངས་གསུང་གི་བདུད་རྩི་སྙན་གྱི་སྣོད་ཀྱིས་གསོལ་ནས་གཏོར་བ་ཡི། །གཞུང་མཆོག་སྨོད་བྱེད་དེ་དག་རྣམས་ལ་བརྩེ་ཕྱིར་འཁྲུལ་པའི་གནས་རྣམས་ བཤད། །འདི་ན་བསྟན་བཅོས་རྩོམ་པ་ནི་གཉིས་ཏེ། སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པ་གཙོར་བྱེད་པ་བཙུན་པ་ཟླ་གྲགས་ལ་སོགས་པ་དང་། །ཕན་འདོགས་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱེད་པ་སློབ་དཔོན་ལུན་དྷ་ཀ་ལ་སོགས་པའོ། །དེ་ལ་སློབ་དཔོན་ཞི་བའི་ ལྷ་འདི་ནི་ཕན་འདོགས་པ་ལྷུར་ལེན་པ་ཡིན་གྱིས། སྡེབ་སྦྱོར་དང་སྙན་ངག་ལ་སོགས་པ་གཙོ་བོར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་འདིར་སྡེབ་སྦྱོར་དང་འགལ་བ་དང་། སྙན་ངག་དང་། རྐྱང་པ་དང་། སྤེལ་བ་ལ་སོགས་པ་མ་བྱུང་བས་ནི་ སྤང་བར་བྱ་བ་མ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཡིན་དུ་ཟིན་ཀྱང་འདི་ལ་དགོས་པ་ལ་སོགས་པ་མེད་དོ་ཞེས་བསམ་པར་མི་བྱ་སྟེ། ཇི་ལྟར་བཀོད་པའི་གཞུང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་སྟོན་པ་ལ་འཇུག་པས་འབྲེལ་པ་དང་ བཅས་པའི་བརྗོད་པར་བྱ་བ་དང་། རྗོད་པའི་ངོ་བོ་གནས་ལ། དེ་ལྟ་བུའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་གི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱོགས་རྟོགས་ཏེ། རྟོགས་པ་དང་རྗེས་སུ་མཐུན་པར་བསྒྲུབས་པས་སངས་རྒྱས་ཀྱི་ས་ཐོབ་ཀྱི་བར་གྱི་དགོས་པ་གྲུབ་ནས། སྲིད་ པ་ཇི་སྲིད་དུ་འགྲོ་བ་ལ་ཕན་པར་གནས་པ་དགོས་པའི་ཡང་དགོས་པ་ཉིད་ལ་གནས་སོ། །དེ་ལྟར་ཡང་གསུངས་པ་གཞན་དོན་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་འབྲས་བུའི་གཙོ་བོར་བཤད་པ་སྟེ། སངས་རྒྱས་ཉིད་སོགས་དེ་ལས་གཞན། །དེ་ཡི་དོན་གྱི་འབྲས་བུར་བཤད། ། ཅེས་སོ། །དེ་བས་ན་འདིའི་དགོས་པ་ལ་སོགས་པ་ནི་གཞུང་གི་མིང་ཉིད་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བས་ནི། འབྲེལ་བ་དང་བཅས་པའི་བརྗོད་བྱ་བསྟན་ལ། མ་འཁྲུལ་པར་བཀྲོལ་བ་ལ་སོགས་པ་ཡོད་པས་ན་དགོས་པ་ལ་སོགས་པའི་དོན་ ཆེན་པོ་ཉིད་མེད་པ་མི་སྲིད་པའི་ཕྱིར་རོ། །ཡང་ནི་སློབ་དཔོན་དངོས་གྲུབ་ཐོབ་པ་དང་། བདེན་པ་གཟིགས་པའི་ཚིག་ལ་ནི་དགོས་པ་ལ་སོགས་པ་མེད་པར་དོགས་པ་མི་རིགས་པས་སློབ་དཔོན་གྱི་ཞལ་སྔ་ནས་ནི་ཕྱག་འཚལ་བའི་དངོས་གྲུབ་བརྙེས་པ་ཉིད་པས་དེ་དགོས་པ་ལ་སོགས་པ་བློན་ པོ་རྣམས་འབའ་ཞིག་ལ་བསྙད་པར་ཟད་དོ། །བདེན་པ་གཟིགས་པ་རྣམས་ཀྱི་ཚིག་ལ་ཡང་དགོས་པ་མེད་པར་རྟོག་ན་དེའི་གཟུང་བར་མི་ནུས་པ་སྟེ། ཇི་ལྟར་ཟླ་བ་གྲགས་པས་གསུངས་པ། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་བཟུང་བར་མ་ནུས་པ། ། ཙནྡན་ཞེས་བྱའི་གང་ཟག་གོ། །ཞེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་མ་དད་པ་དང་། ཐེ་ཚོམ་གྱི་དྲ་བ་དང་བྲལ་བ་དང་། སློབ་དཔོན་གྱི་བཀའ་ལུང་ལ་གུས་པས་ཤེས་པར་འདོད་པ་དག་གིས་འདི་ཁོང་དུ་ཆུད་པར་བྱའོ། །བསྟན་བཅོས་འབྱུང་བའི་རྒྱུ་ཉིད་དང་། ཕ་རོལ་ཏུ་ཕྱིན་ པ་དྲུག་བསྙད་པ་དང་། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་འཚལ་བ་དང་ཞེས་བྱ་བ་གསུམ་པོ་ནི་བསྟན་བཅོས་འདིའི་ལུས་ཡིན་པར་སྐྱེ་བོ་ཆེན་པོ་དག་བཞེད་དོ། །ཇི་ལྟ་ཞེ་ན། ཕྱག་འཚལ་བ་དང་གཞུང་བརྩམ་པར་ཞལ་གྱིས་བཞེས་པ་ནི་བར་ཆད་མེད་པ་དང་། བསམ་པ་ཚར་ཆོད་ པས་བསྟན་བཅོས་འབྱུང་བའི་རྒྱུ་ཉིད་ཡིན་ལ། རང་གི་དོན་དུ་བརྩམ་པར་བསྙད་པས་ནི་མཁས་པ་མངོན་པའི་ང་རྒྱལ་ཅན་འགའ་ཞིག་ཁྱོད་ཀྱིས་བདག་ཅག་རྗེས་སུ་གཟུང་མི་དགོས་སོ་ཞེས་བར་ཆད་བྱེད་པ་བཟློག་པས་བསྟན་བཅོས་འབྱུང་བའི་རྒྱུ་ཉིད་དོ། །སྐལ་བ་མཉམ་པ་རྣམས་ ལ་བསྐུལ་བས་ནི་དེ་དག་དད་པར་འགྱུར་ཞིང་། དད་པ་དང་ལྡན་པའི་སྣོད་དུ་བསྟན་བཅོས་བཞག་པར་རིགས་སོ་ཞེས་དགོངས་པས་བསྟན་པ་ལ་འཇུག་པས་ན་བསྟན་བཅོས་འབྱུང་བའི་རྒྱུ་ཉིད་དོ། །དེས་ན་བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །བཙུན་པ་ཀུན་ལ་གུས་ པས་ཕྱག་འཚལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་རྣམས། །གསུང་རབ་ཚིག་ལས་བཏུས་པ་བསྟན་པར་བྱ། །ཞེས་པ་ནི་བསྟན་བཅོས་འབྱུང་བའི་རྒྱུ་དང་པོའོ། །སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད་ཅེས་པ་ནས། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། ། ཞེས་བྱ་བའི་བར་ནི་དེའི་རྒྱུ་གཉིས་པའོ། །དགེ་བ་བསྒོམ་པར་བདག་གི་དད་པའི་ཤུགས། །ཞེས་པ་ནས། ཇི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །ཞེས་པའི་བར་ནི་དེའི་རྒྱུ་གསུམ་པའོ། །དེ་ལ་བསྟན་བཅོས་འབྱུང་བའི་རྒྱུ་དང་པོ་ནི་གདུལ་བྱ་དག་ལ་བསླབ་ པའི་ཆེད་དུ་ཟད་དེ། མཆོག་གི་དངོས་གྲུབ་ཐོབ་པ་དག་ནི་བགེགས་འབྱུང་བར་དགོངས་པ་དང་། དོན་དང་ལྡན་པའི་བྱ་བ་བརྩམས་པ་ལས་ལྡོག་པ་མི་སྲིད་པའི་ཕྱིར་རོ། །ལུས་དང་པོའོ། །ལུས་གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་བཞག་པ་སྟེ། དེ་ནི་ལེའུ་དང་པོ་བྱང་ ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པ་དང་། གཉིས་པ་སྡིག་པ་བཤགས་པ་དང་། གསུམ་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་དང་། བཅུ་པ་སྨོན་ལམ་གྱི་ལེའུ་སྟེ། དེ་ལྟར་རྣམ་པ་བཞི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟ་ཞེ་ན། ལེའུ་དང་པོ་གསུམ་ནི་བྱང་ཆུབ་ཏུ་སེམས་ བསྐྱེད་པའི་ངོ་བོ་ཡིན་ལ་གང་བྱང་ཆུབ་ཏུ་སེམས་བརྟན་པ་དེ་ནི་ལུས་ལ་སོགས་པ་ཡོངས་སུ་གཏང་བའི་ཕྱིར་ཏེ། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཞེས་ལེའུ་ གསུམ་པ་ལས་གསུངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དག་གི་སྨོན་ལམ་ནི་ཕྲག་དོག་གི་དྲི་མ་མེད་པས་གཞན་ལ་ཕན་པའི་གོ་སྐབས་འབྱིན་པ་ཁོ་ན་སྟེ། དེ་བས་ན་སྨོན་ལམ་གྱི་ལེའུ་ཡང་སྦྱིན་པར་བརྗོད་པའོ་ཞེས་བློ་དང་ལྡན་པ་དག་འཆད་དོ། །བག་ཡོད་པར་བསྟན་པ་དང་། ཤེས་ བཞིན་བསྲུང་བ་བསྟན་པའི་ལེའུ་གཉིས་ནི་ཚུལ་ཁྲིམས་བརྗོད་པའོ། །ལེའུ་ལྷག་མ་བཞི་ནི་གོ་རིམས་བཞིན་དུ་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྟོན་པ་ལ་འཇུག་པའོ། །ད་ནི་ལུས་གཉིས་པའི་དབང་དུ་བྱས་ཏེ། བྱང་ཆུབ་སེམས་དཔའི་ལམ་ འབྲས་བུ་དང་བཅས་པར་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །ཞེས་པ་ནས། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་པའི་བར་གྱིས་རྙེད་པར་དཀའ་བའི་སྐྱེས་པ་ཆུད་མི་གསན་ པར་སེམས་བསྐྱེད་དོ། །དེ་ལྟར་སེམས་བསྐྱེད་པས་ཇི་ལྟར་ན་བདག་གིས་སྐྱེ་བ་འབྲས་བུ་ཅན་དུ་འགྱུར། འདིའི་ཐབས་ནི་གང་ཞིག་ཡིན་ཞེས་རྟོག་པ་ལ། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །ཅེས་པ་ནས། བྱམས་མགོན་བློ་དང་ལྡན་པས་ནོར་བཟངས་བཤད། །ཅེས་ བྱ་བའི་བར་གྱིས་ཕན་ཡོན་བསྙད་པས་སེམས་དྲན་པར་བྱ་བ་དང་བཅས་ཏེ། དེའི་ཐབས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དོ་ཞེས་ཤེས་པར་བྱའོ། །དེ་དེ་ལྟར་ཐབས་ཁོང་དུ་ཆུད་པས་སེམས་བསྐྱེད་པར་འདོད་པ་སེམས་བསྐྱེད་པ་གཅིག་པུ་པའམ། འོན་ཏེ་བྱེ་བྲག་ཅན་ཞེས་སེམས་ པ་ལ་ཞུགས་པ་ལ། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །ཞེས་པ་ནས། བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་པའི་བར་གྱིས་སེམས་བསྐྱེད་པའི་དབྱེ་བ་གཉིས་ཡོན་ཏན་གྱི་བྱེ་བྲག་མི་འདྲ་བར་བསྟན་པ་དང་བཅས་ཏེ་བཤད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ སྨོན་པ་བྱང་ཆུབ་ཀྱི་སེམས་ལ་སྨོད་ཅིང་འདོར་བ་དགག་པའི་ཕྱིར། གང་ནས་བཟུང་སྟེ་སེམས་ཅན་ཁམས། །ཞེས་པ་ནས། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལེའུ་དང་པོ་ཡོངས་སུ་རྫོགས་པའི་བར་དུ་བྱང་ཆུབ་སེམས་ཀྱི་ཡོན་ཏན་བརྗོད་པའོ། །དེ་ནས་བྱང་ ཆུབ་སེམས་དཔའ་སྨོན་པའི་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་འདོད་པ་ལ། དེའི་འདོད་ཆགས་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཡོངས་སུ་སྦྱངས་པ་ལ་སེམས་བསྐྱེད་པ་ཉིད་རིགས་པ་དང་པོར་མཆོད་པ་ལ་སོགས་པས་སེམས་སྦྱང་བའི་ ཕྱིར་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ་ཐལ་མོ་སྦྱར་ཏེ། སེམས་རྩེ་གཅིག་ཏུ་བྱེད་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བླ་མ་རྣམས་མངོན་དུ་དམིགས་ཏེ། དམ་ཚིག་གི་རྗེས་ སུ་འཇུག་པས། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །ཞེས་པ་ནས། སླན་ཆད་བདག་ནི་སྡིག་པ་ཡོང་མི་བགྱིད། །ཅེས་པའི་བར་དུ་ལེའུ་གཉིས་པ་ཟད་པར་བརྗོད་དོ། །དེ་མ་ཐག་ཏུ་ཡང་སེམས་ཅན་ཀུན་གྱི་ངན་སོང་གི །ཞེས་པ་ནས། བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་པའི་ བར་དུ་བརྗོད་དོ། །དེས་ནི་མཆོད་པ་དང་། བདག་ཉིད་དབུལ་བ་དང་། སྡིག་པ་བཤགས་པ་དང་། ཁྲུས་གསོལ་བ་དང་། རས་དབུལ་བ་དང་། རྒྱན་དབུལ་བ་དང་། བྱུག་པ་དབུལ་བ་དང་། སིལ་མ་དང་། ཕྲེང་བའི་མེ་ཏོག་དབུལ་བ་དང་། སྤོས་དབུལ་ བ་དང་། ལྷ་བཤོས་དབུལ་བ་དང་། སྣང་བ་དབུལ་བ་དང་། ས་གཞི་བསྟར་བ་དབུལ་བ་དང་། གཞལ་ཡས་ཁང་དབུལ་བ་དང་། གདུགས་དབུལ་བ་དང་། རོལ་མོ་དང་། གླུའི་མཆོད་པ་སྨོན་ལམ་གྱིས་དབུལ་བ་དང་། དཀོན་མཆོག་གི་གཟུགས་བརྙན་ལ་མཆོད་པ་སྨོན་ ལམ་གྱིས་དབུལ་བ་དང་། བདག་ཉིད་ཆེན་པོ་དག་གི་རྗེས་སུ་གཞོལ་བས་མཆོད་པ་དང་། བསྟོད་པ་དང་། མཆོད་པ་དང་། བསྟོད་པའི་མཆོད་པ་སྨོན་ལམ་གྱིས་དབུལ་བ་དང་། ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ དང་། སྐྱབས་སུ་གསོལ་བ་བཅས་ཏེ་འགྱོད་པ་དྲག་པོས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། སྨོན་ལམ་ཤིན་ཏུ་རྒྱས་པར་དམིགས་པ་སྟེ། ཉི་ཤུ་རྩ་བདུན་པོ་དག་གིས་སེམས་རབ་ཏུ་སྦྱང་ངོ་། །དེ་ནས་སེམས་ བསྐྱེད་པར་འདོད་པ་ཞིག་ན་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །ཞེས་བྱ་བ་འདི་ལན་གསུམ་བརྗོད་དོ། །དེ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞིང་སྔར་བཤད་པའི་ཡོན་ཏན་རྣམས་དང་ལྡན་པའོ། །གལ་ཏེ་བྱང་ཆུབ་ཏུ་ སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་གཉི་ག་ལེན་འདོད་པ་ཞིག་ན་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་བའི་ཕན་དོན་དུ། །བྱང་ཆུབ་ སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པའི་གྲངས་སུ་སོན་པ་སྟེ། དེའི་ཕྱིར་དེས་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཕམ་པའི་ གནས་དང་། སྦོམ་པོའི་ལྟུང་བ་དང་། ཉེས་བྱས་ཀྱི་ལྟུང་བ་རྣམས་བསྲུང་དགོས་པས། སློབ་དཔོན་བཙུན་པ་ཟླ་བས་སྦྱར་བའི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གཏོགས་པ་དུ་མ་བསླབ་པར་བྱ་ཞིང་། ལྟུང་བ་རྣམས་མི་འབྱུང་ བར་བྱ་བ་དང་། བྱུང་བ་ཡང་རིངས་པ་རིངས་པར་གསོ་བར་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་ལུས་ལྟ་བུ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཡིན་པས་འདི་ཉིད་ལ་བསླབ་པར་བྱ་སྟེ། གང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ ལས་བཤད་པ། བྱ་བ་དང་བྱ་བ་མ་ཡིན་པའི་ཆ་བསྲུང་བ་ལ་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་གང་ཡང་གང་འདྲ་ལ་མི་སྲིད་པའི་ཕྱིར་དང་། ལྟུང་བ་གསོ་བའི་ཐབས་ཀྱང་འདི་ཉིད་ལས་འབྱུང་བའི་བཤགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བཤད་པའི་ ཚུལ་གྱིས་སྟོང་པ་ཉིད་ལ་གནས་པ་ཁོ་ནས་དག་པར་འགྱུར་བའི་ཕྱིར་རོ། །གང་དག་ལས་བྱང་ཆུབ་སེམས་དཔའི་ལུས་བསྲུང་བ་དེ་དག་ཐམས་ཅད་ཀྱང་། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བཤད་པའི་ཚུལ་གྱིས་རང་བཞིན་མེད་པ་ལ་གོམས་པ་ཁོ་ནས་བསྲུང་བ་དེ་དང་དེ་ཐམས་ ཅད་འགྲུབ་སྟེ། ཇི་སྐད་དུ། གང་འདིར་རྒྱུ་བ་དང་ནི་མི་རྒྱུ་བ། །སྒྱུ་མ་ནམ་མཁའི་ངོ་བོ་ཡོངས་རྟོག་པ། །དོན་དམ་མཐོང་བའི་བསྲུང་བ་དེ་ཉིད་ཡིན། །བསྲུང་བའི་ཆོ་ག་གཞན་དག་འདིར་ཅི་དགོས། །ཞེས་གསུངས་སོ། །ཡང་གསུངས་པ། སྟོང་པ་ཉིད་ནི་རྣམ་བསྒོམས་ན། ། འཆི་བདག་གིས་ནི་མི་མཐོང་ཞིང་། །གཞན་ཡང་བདུད་ནི་བྱེ་བས་ཀྱང་། །མཐོང་བར་འགྱུར་བ་མ་ཡིན་ནོ། །ཞེས་སོ། །དེ་བཞིན་དུ་སློབ་དཔོན་ཆོས་ཀྱི་ཞལ་སྔ་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྲུང་བ་ནི་བསྲུང་བ་གཞན་གྱིས་བསྲུང་མི་དགོས་སོ་ཞེས་བཤད་དོ། ། དེ་ལྟར་སྨོན་པའི་བྱང་ཆུབ་སེམས་བསྐྱེད་ནས། བདག་གཟེངས་བསྟོད་པས་ལས་ཀྱི་མཐའ་མི་ལྡོག་པར་བྱ་བའི་ཕྱིར། དེ་ལྟར་བློ་དང་ལྡན་པ་ཡིས། །ཞེས་པ་ནས། མར་གྱི་ཉིང་ཁུ་བྱུང་བ་ཡིན། །ཞེས་བྱ་བའི་བར་དུ་བརྗོད་དོ། །དེ་ནས་འགྲོ་བ་ཐམས་ཅད་དབུགས་འབྱུང་བ་དང་། ཚོགས་ཆེན་པོ་ལ་དགོད་པའི་ཁུར་མི་འདོར་བར་བྱ་བའི་ཕྱིར། འགྲོ་བའི་འདྲོན་པ་སྲིད་པའི་ལམ་རྒྱུ་ཞིང་། །ཞེས་པ་ནས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་བྱ་བའི་བར་གྱིས་ལེའུ་གསུམ་པ་ཟད་པར་བརྗོད་དེ། དེ་ལྟར་ན་ལེའུ་དང་པོ་གསུམ་ནི་སྨོན་ པའི་བྱང་ཆུབ་སེམས་བསྐྱེད་པའི་ཆོ་ག་རྒྱས་པར་བསྟན་པ་ཁོ་ན་ཡིན་ནོ། །དེ་ལ་བློ་གྲོས་ཉམས་པ་ཁ་ཅིག་ནི་སྐྱོན་འདོགས་ཏེ། འདིར་ནི་རིམ་པ་ལེགས་པར་བརྗོད་དོ། འདིར་སེམས་བསྐྱེད་པ་དང་སྡོམ་པ་བླང་བའི་ཚིག་ནི་ཐ་མར་བྱུང་ལ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །ཞེས་ པ་ལ་སོགས་པ་འཕེལ་བར་བྱ་བའི་ཚིག་སྔོན་དུ་བརྗོད་དོ་ཞེས་པ་དང་། སྐབས་མ་ཡིན་པའི་ཚིག་མཆོད་པ་བརྗོད་པའི་སྐབས་སུ་སྡིག་པ་བཤགས་པ་ལ་སོགས་པ་ཡོད་དོ་ཞེས་སོ། །དེ་དག་ནི་བླུན་པོ་ཁོ་ནའི་ཚིག་སྟེ། གལ་ཏེ་མཆོད་པ་ལ་སོགས་པ་སེམས་བསྐྱེད་པ་འཕེལ་བར་བྱ་བའི་ ཕྱིར་ཡིན་ན་ནི་དེའི་ཕྱིར། རིན་ཆེན་སེམས་དེ་རྒྱས་པར་བྱ་བའི་ཕྱིར། །ཞེས་བརྗོད་པ་ནི་རིགས་ཏེ། དེ་བས་ན་དེ་དག་ནི་སྒྲ་ཙམ་ཡང་མི་ཤེས་པར་སློབ་དཔོན་ལ་སྡང་བར་ཟད་དོ། །མདོ་སྡེ་དུ་མ་ལས་ཀྱང་དང་པོ་ཡོན་ཕུལ་ནས་དེ་བཞིན་གཤེགས་པ་ལ་སེམས་བསྐྱེད་པ་མང་དུ་བྱུང་ལ། སློབ་དཔོན་ རྣམས་ཀྱང་དང་པོ་མཆོད་པ་ལ་སོགས་པས་སེམས་རྣམ་པར་སྦྱངས་ནས་གདོད་སེམས་བསྐྱེད་དོ་ཞེས་མཐུན་པར་འཆད་དོ། །སྐབས་མ་ཡིན་པར་སྨྲས་སོ་ཞེས་བརྒལ་བའི་ལན་ནི་ཁོ་བོས་ཐོག་མ་ཁོ་ནར་སྨྲས་སོ། །དེ་ལྟར་ན་འདིས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་ག་ འདི་ལ་སློབ་དཔོན་ཞི་བའི་འཚོ་ལ་སོགས་པས་ལུགས་ཐ་དད་པ་གང་གིས་མདུན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བཤད་པ་དེ་དག་གིས་ཀྱང་འདིར་བརྩད་དུ་མེད་དེ། ལུང་དག་ལས་སངས་རྒྱས་མ་ཡིན་པའི་གང་ཟག་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་སྣང་བའི་ཕྱིར་དང་། ལུགས་ འདི་ལ་ཉེས་པ་ཅི་ཡང་མེད་པའི་ཕྱིར་དང་། སློབ་དཔོན་ནི་འཇམ་པའི་དབྱངས་ཀྱི་ལུང་ཡོད་ཅིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པའི་ཕྱིར་རོ། །ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་སློབ་དཔོན་ཞི་བའི་ལྷ་དང་མཐུན་པར་མཛད་ པའི་ཕྱིར་དང་། ལུགས་གཞན་པས་འདི་ཉིད་ཚད་མ་དང་ལྡན་པར་སྣང་བའི་ཕྱིར་དེ་ལྟར་སྨོན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་འཇུག་པའི་བྱང་ཆུབ་ཀྱི་སྦྱོར་བས་དེ་བརྗོད་པར་བྱ་སྟེ། འདི་ཡང་གནས་བརྟན་མཆེ་བའི་སྡེ་ལ་སོགས་པའི་གཞུང་བདེན་ པ་མཐོང་བའི་དབང་ལས་འཇུག་པ་བྱང་ཆུབ་ཀྱི་སེམས་སུ་བརྗོད་ཅིང་། འཇིག་རྟེན་པའི་ལམ་ཐམས་ཅད་སྨོན་པར་འཇོག་པ་དང་། ཁ་ཅིག་གིས་བསོད་ནམས་མངོན་པར་འདུ་བྱ་བ་དང་ལྡན་པའི་སེམས་བསྐྱེད་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་ལ། བསོད་ནམས་ མངོན་པར་འདུ་བྱ་བ་དང་མི་ལྡན་པའི་སེམས་བསྐྱེད་པ་ཐམས་ཅད་སྨོན་པ་ཅན་ནོ་ཞེས་བརྗོད་པ་དེ་དག་དྲང་བ་མ་ཡིན་ཏེ། འདིར་ནི་དེ་ལྟར་སེམས་སྦྱངས་པའི་གང་ཟག་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅིང་། བསླབ་པ་ལ་གནས་པ་དེའི་བསླབ་པ་མི་འཇིག་པར་རྗེས་སུ་བསྲུང་བ་ཕ་རོལ་ཏུ་ ཕྱིན་པ་དྲུག་ལ་སྤྱོད་པ་དེ་ཉིད་སེམས་བསྐྱེད་པ་འཕེལ་བ་དང་། འཇུག་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་བློའི་ཕ་རོལ་ཏུ་ཕྱིན་པ་དག་འཆད་དེ། དེའི་ཕྱིར་དེ་ལྟར་སེམས་བསྐྱེད་ནས། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར་ཞེས་པ་ནས། སྟོང་པ་ཉིད་གཅིག་སྟོན་པར་འགྱུར་ཞེས་པའི་བར་ གྱི་ལེའུ་དྲུག་གིས། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དག་ལ་སྤྱད་ཅིང་། དེ་བཞིན་དུ་སྨོན་ལམ་གྱི་ལེའུ་ལས་བཤད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བཏབ་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་ སྟེ། འདི་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ཏེ། སེམས་སྔ་མ་འཕེལ་བར་བྱེད་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པ་ཡིན་ལ། ལེའུ་གཞན་དགུས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པ་ཉིད་དོ། །དེ་ ལྟར་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ངོ་བོར་ཡང་འདི་གནས་སོ། །བྱང་ཆུབ་རྣམས་ཀྱི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ངེས་པར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཏེ། ནུས་པ་མཐུ་དང་ལྡན་པའི་རྒྱུ་ཚོགས་པ་ན། དེ་དང་མཐུན་ པའི་འབྲས་བུ་གྲུབ་པ་ནི་འཇིག་རྟེན་དང་བསྟན་བཅོས་ལས་གྲུབ་པོ། །དེའི་ཕྱིར་འབྲས་བུའི་བདག་ཉིད་ནི་ཤུགས་ཀྱིས་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ནི་རྒྱལ་བའི་སྲས་ཐམས་ཅད་ཀྱི་ལམ་འབྲས་བུ་དང་བཅས་པ་བརྗོད་ པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུར་རིག་པར་བྱའོ། །འདིར་འགའ་ཞིག་བྱང་ཆུབ་སེམས་དཔའི་བསླབ་པའི་གྲངས་སུ་ཆུད་པ་དུ་ཞིག་ཡིན་ཞེས་རྟོགས་པའི་ཆེད་དུ་འདི་བརྗོད་པར་བྱ་སྟེ། སློབ་དཔོན་ཙནྡྲ་གོ་མིས་ གྲངས་ཉུང་ཤོས་ངེས་པར་མཛད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་བདུན་བརྒྱ་པ་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་བཞི་བརྒྱ་ཞེས་གྲངས་སུ་ཆུད་པ་ལ་སོགས་པ་ནི་མ་ངེས་ཏེ། དེ་དག་ནི་ཆེ་ལོང་ཙམ་ལ་དགོངས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ནི་བསམ་ གྱིས་མི་ཁྱབ་པ་ཡིན་པར་ལུང་དུ་མ་ལས་མཐོང་བའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའི་བསླབ་པ་ནི་མདོར་བསྡུ་ན་གཉིས་ཁོ་ན་སྟེ། གང་གིས་སེམས་ཅན་ལ་ཕན་པ་ཐམས་ཅད་བྱ་བ་དང་། གང་གིས་སེམས་ཅན་ཐམས་ཅད་ལ་གནོད་པ་ཐམས་ཅད་སྤང་བའོ། །གཞི་དེ་གཉིས་ ལས་མ་འདས་མོད་ཀྱི། རྒྱལ་བར་བྱེད་པའི་ཚད་ངེས་པར་ཡང་བདེན་པ་མཐོང་བ་དག་གིས་ཀྱང་བྱ་བར་མི་ནུས་སོ། །དེ་བཞིན་དུ་གནང་བ་དང་བཀག་པ་ཡང་སྙིང་རྗེ་དང་ཤེས་རབ་ལ་ལྟོས་པས་མ་ངེས་ཏེ། ཉི་མའི་ཟེར་གྱིས་གདུངས་པའི་མཚོ་ཆེན་ལྟར། །མཉམ་པའི་སྙིང་རྗེ་ཆེན་པོ་ ཁྲིད་བྱེད་ཅིང་། །ནང་ན་ཁ་བ་ལྟར་བསིལ་ཕྱི་རོལ་ན། །རྩུབ་པ་ཉིད་ཀྱིས་འགྲོ་བ་སྐྱོང་བར་བྱེད། །ཅེས་གསུངས་པ་ལ་སོགས་པས་ཐབས་དང་ཤེས་རབ་ཆེན་པོ་དག་ལ་ནི་བག་ཡངས་སུ་སྤྱོད་པ་ཡང་ཡིན་ལ། ལྟུང་བས་ཀྱང་མི་རེག་གོ། །ཤེས་རབ་དང་སྙིང་རྗེ་ཆུང་བ་དག་ནི་བཅིངས་ པས་གནས་པ་ཡང་ཡིན་ལ། ཡང་དང་ཡང་དུ་ཡང་ལྟུང་བས་ཀྱང་འཛིན་ཏེ། དེའི་ཕྱིར་རྗེས་སུ་གནང་བ་དང་། བཀག་པ་ཡང་མ་ངེས་སོ། །ལྟུང་བ་འབྱུང་བ་ཡང་མ་ངེས་ཏེ། དམན་པ་ཁ་ཅིག་ནི་དངོས་པོར་འཛིན་པའི་དབང་གིས་འགྱོད་ཅིང་ཡིད་ལ་གཅགས་པས་གཞན་གྱི་དྲུང་ དུ་ཉེས་པ་བཤགས་ཤིང་། ཕྱིས་སྡོམ་པའི་རིགས་ཀྱིས་ཉེས་པ་དེ་ལས་རིང་ཞིག་ན་ལྡང་བ་ཡང་ཡོད་དོ། །བར་མ་ཁ་ཅིག་ནི་རིག་སྔགས་ཀྱི་ལྷ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སོགས་པ་མཉེས་པར་བྱས་ཏེ། ལྷའི་རྗེས་སུ་གནང་བ་ཐོབ་པས་ལྟུང་བ་ལས་ ལྡང་ངོ་། །དམ་པ་ཁ་ཅིག་ནི་གང་གིས་ལྟུང་བ་བརྗོད་པ་དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་སུ་ཤེས་པས་ཚེགས་མེད་པར་གནས་ཏེ། ཇི་ལྟར་འཕགས་པའི་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པ། འཇམ་དཔལ་བྱང་ཆུབ་ སེམས་དཔའ་གང་གིས་ལས་མེད་ཅིང་རྣམ་སྨིན་མེད་པ་དེ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ལུས་གཉིས་པའོ། །ལུས་གསུམ་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། འཇིག་རྟེན་གྱི་ལེགས་པ་ཐམས་ཅད་བླ་མ་དང་འདོད་པའི་ལྷ་ལས་ འབྱུང་བས་ན། འདི་གཉིས་ནི་བདག་ལ་བཀའ་དྲིན་རྗེས་སུ་གནང་བ་ཡིན་ནོ་ཞེས་པ་དང་། སེམས་ཅན་དག་བྱས་པ་གཟོ་བ་དང་མི་འབྲལ་བར་གྱུར་ཅིག་ཅེས་དགོངས་པས་ཡུལ་རྣམ་པ་གཉིས་ལ་ཕྱག་བཙལ་བའི་དྲིན་དུ་གཟོ་བའི་ཚིག་བརྗོད་པ་དང་བཅས་པའོ། །གཞུང་ གི་ཚོགས་ནི་བདག་གིས་མ་ཕྱེ་སྟེ། རྟོགས་པར་སླ་བ་དང་། སློབ་དཔོན་དག་གིས་འགྲེལ་པ་དང་། ཊཱི་ཀ་ལ་སོགས་པ་ལས་གསལ་བར་མཛད་པའི་ཕྱིར་རོ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པའི་རྟོགས་དཀའ་བ་ཡི་གནས་རྣམས་ནི། །བདག་གིས་བླ་མའི་རྗེས་ འབྲངས་རབ་ཏུ་གསལ་བྱས་པས། །འགྲོ་རྣམས་དད་པས་བྱང་ཆུབ་སེམས་གཉིས་བཞོན་པར་རབ་ཞུགས་ནས། །སྡུག་བསྔལ་མ་ལུས་མཐར་ཕྱིན་འཇམ་དབྱངས་སྤྱོད་ཡུལ་ཉིད་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་ ཕབ་པའི་གཞུང་སློབ་དཔོན་མཁས་པ་ཆེན་པོ་ཀྲྀཥྞ་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ ཙཱརྱ་ཨ་བ་ཏཱ་ར་པཉྩི་ཀཱ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དོན་ཆེན་ལྡན་པའི་བྱང་ཆུབ་སྤྱོད་འཇུག་ལ། །ཅུང་ཟད་རྟོགས་པར་དཀའ་ བའི་ཚིག་ཡོད་པ། །དེ་དག་གསལ་བར་རྟོགས་པར་བྱ་ཕྱིར་འདིར། །ད་ནི་བདག་གིས་ཅུང་ཟད་ཙམ་འདི་བྲི། །གྲགས་པ་རྣམས་ཀྱིས་བྱས་པའི་འགྲེལ་པ་ཡོད་མོད་ཀྱི། །དེ་ལྟར་ཁོ་བོས་ཚུལ་བཞིན་བྲི་བར་བྱ། །གང་ཞིག་ཟོལ་མེད་བློ་ལྡན་བྱེ་བྲག་ཤེས། །དེ་ཡིས་འདི་ ཡི་བྱེ་བྲག་ཤེས་པར་འགྱུར། །འདིར་སློབ་དཔོན་ཞི་བའི་ལྷ་གསུང་རབ་ཀྱི་དེ་ཁོ་ན་ཉིད་རིག་པ། རང་དང་གཞན་གྱི་བདེ་བ་ལ་རེ་བ་མེད་པ་དང་འདོད་པ་དང་ལྡན་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་ངེས་པར་གནས་པས། གཞན་རྣམས་ལ་ཡོན་ཏན་དེ་བསྐྱེད་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་མཛད་པར་བཞེད་ནས། བདེ་གཤེགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ། །ཚིགས་སུ་བཅད་པ་འདི་ལ་དོན་དྲུག་གིས་བསྟན་ཏེ། དཀོན་མཆོག་གསུམ་དང་ཉན་ཐོས་དང་མཁན་པོ་ལ་སོགས་པ་རྣམས་ལ་ཕྱག་བཙལ་བ་ དང་། བརྗོད་པར་བྱ་བ་དང་། འབྲེལ་པ་དང་། དགོས་པ་དང་། རང་དགའི་སྐྱོན་སྤང་བ་དང་། ཟློས་པའི་སྐྱོན་སྤང་བའོ། ཕྱག་བཙལ་བ་ནི་བྱ་བའི་ཁྱད་པར་ཉིད་ཀྱིས་བསྟན་པའོ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ཞེས་པ་ནི་བརྗོད་པར་བྱ་བའི་ཚིག་གོ། །བསྟན་ པར་བྱ་ཞེས་པ་ནི་དགོས་པ་མངོན་པར་བརྗོད་པ་དང་། འབྲེལ་པ་ནི་ཤུགས་ལས་ཤེས་པར་བྱའོ། །གསུང་རབ་ཀྱི་ཚིག་ཅེས་པ་ནི་རང་དགའི་སྐྱོན་སྤང་པའོ། །བཏུས་པ་ཞེས་པ་ནི་ཟློས་པའི་སྐྱོན་སྤང་བ་སྟེ། དེ་དག་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ནི། བདེ་བར་ གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། བདེ་བའི་སྒྲ་ནི་མཛེས་པ་ལ་སོགས་པའི་དོན་ཏོ། །ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པས་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། བུ་མོ་གཟུགས་མཛེས་པ་བཞིན་ནོ། །དེ་ཁོ་ན་ཉིད་མི་གསལ་བར་བྱེད་པའི་མ་ རིག་པ་ལ་སོགས་པ་རབ་ཏུ་བསལ་ནས་ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་ན་ཡང་སྟེ། རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །བག་ཆགས་ཐམས་ཅད་རབ་ཏུ་བསལ་ནས་ཇི་སྲིད་དུ་འགྲོ་བར་བྱ་བའི་མཐར་ཕྱིན་པས་ན་ཡང་སྟེ། བུམ་པ་ལེགས་པར་གང་བ་བཞིན་ནོ། ། དེ་ལྟ་བུའི་བདེ་བར་གཤེགས་པ་ལ་གུས་པར་ཕྱག་བཙལ་ནས། བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་བསྟན་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །སྲས་བཅས་ཞེས་བྱ་བ་ནི་རྒྱལ་བ་རྣམས་ཀྱི་སྲས་པོས་རབ་ཏུ་དགའ་བ་ལ་སོགས་པ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ དེ་དག་རྣམས་དང་བཅས་ཏེ་སྟབས་གཅིག་ཏུའོ། །དེ་དག་གིས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་བསྟན་ཏོ། །ཆོས་ཀྱི་སྐུ་མངའ་ཞེས་པ་ནི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་མངའ་བ་དང་སྟབས་གཅིག་ཏུའོ། །ཆོས་ཀྱི་ཚོགས་བཅས་ཞེས་པའི་ཚིག་གིས་ནི་ ཉན་ཐོས་ཀྱི་དགེ་འདུན་ཡང་བརྗོད་དེ། ཉན་ཐོས་ལ་སོགས་པ་ཕྱག་བྱ་བའི་འོས་སུ་གྱུར་པ་མ་ལུས་པ་ལ་ཕྱག་བྱས་པའོ། །ཅི་སྟེ་སངས་རྒྱས་ཀྱི་རྗེས་ལ་ཆོས་ལ། དེའི་རྗེས་ལ་དགེ་འདུན་ལའོ་ཞེས་བསྟན་པར་བྱ་བ་ལ་ཅི་སྟེ་གོ་རིམས་བཟློག་ནས་བསྟན་ཞེ་ན། ཚིགས་སུ་བཅད་པ་འབྲེལ་ པར་བྱ་བའི་ཕྱིར་རོ། །བདེ་བར་གཤེགས་པའི་བདག་ཉིད་ཀྱི་ཆོས་ཀྱི་དེའི་དབང་གིས་བསྐྱེད་པ་ནི་བདེ་བར་གཤེགས་པའི་སྲས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་སྡོམ་པའམ་སྡོམ་པར་བྱེད་པས་ན་སྡོམ་པ་སྟེ། བྱང་ཆུབ་ཀྱི་སེམས་གཟུང་བ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་སེམས་དཔའི་ བསླབ་པ་ཡང་དག་པར་ལེན་པ་དེ་ལ། གང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ལ་སོགས་པ་དེས་འཇུག་པར་བྱེད་པའོ། །ཅི་སྟེ་ཁྱོད་ཀྱིས་རང་དགར་བརྩམས་པ་ལ་སུས་འཛིན་པར་བྱེད་སྙམ་པ་ལ་བརྗོད་པ། གསུང་རབ་ཀྱི་ཚིག་སྟེ་ལུང་ལས་མ་འདས་པའོ། །ཅི་སྟེ་ལུང་ལ་དད་པ་རྣམས་དེ་ཉིད་ ལ་འཇུག་པར་རག་མོད། ཁྱོད་ཀྱིས་ཅི་བསྟན་ཞེ་ན། བརྗོད་པ་བཏུས་པ་སྟེ་མདོར་བསྡུས་ནས་སོ། །ཅི་ལུང་བཞིན་དུ་ཞེས་སྨོས་པས་དོན་ལ་ཁྱད་པར་མེད་པའི་ཕྱིར་ཇི་ལྟར་གཞན་དག་འཇུག་པར་བྱེད་སྙམ་པ་ལ། སྔོན་ཆད་མ་བྱུང་བ་ནི་འདིར་བརྗོད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ནི་ ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །སྡུད་སྦྱོར་ནི་ཚིག་མཛེས་ཤིང་འཇེབས་པར་དགོད་པའོ། །དེའི་ཕྱིར་ཞེས་པ་ནི་སྔར་མ་བྱུང་བ་བརྗོད་པ་དང་། སྡུད་སྦྱོར་མཁས་པ་མེད་པ་དེའི་ཕྱིར་རོ། །འོ་ན་ཅིའི་དོན་དུ་བྱས་ཤེ་ན། རང་གི་ཞེས་བྱ་བ་སྨོས་ཏེ། རང་གི་ ཞེས་ཡིད་ལ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བའི་ཕྱིར་ཏེ། བསླབ་པར་བྱ་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་བདག་གིས་ཞེས་སྨོས་ཏེ། དགེ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །དད་པའི་ཤུགས་ཏེ་དད་པའི་སྟོབས་འཕེལ་བར་འགྱུར་རོ། །རེ་ཞིག་ཅེས་བྱ་བའི་སྒྲས་ནི་གཞན་ གྱི་དོན་ལ་རེ་ལྟོས་ཡོད་པར་བསྟན་པའི་ཕྱིར་སྨོས་ཏེ། ཅི་སྟེ་ཞེས་སྨོས་ཏེ། བདག་དང་སྐལ་བ་མཉམ་པ་ནི་སྐལ་བ་མཚུངས་པའོ། །སྡོམ་པ་ལ་འཇིག་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བརྗོད་པར་བཞེད་ནས། སྐབས་སུ་བབ་པའི་ཚིག་དལ་འབྱོར་ཞེས་སྨོས་ཏེ། དལ་ འབྱོར་ནི་མི་ཁོམ་པ་བརྒྱད་ལས་རྣམ་པར་གྲོལ་བའི་མིའི་དངོས་པོའོ། །མི་ཁོམ་པ་ནི་འདི་དག་རྣམས་ཏེ། དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ཀླ་ཀློ་ཚེ་རིངས་ལྷ་དང་ནི། །ལོག་ལྟ་སངས་རྒྱས་མེད་པ་དང་། །ལྐུགས་པ་ལ་སོགས་མི་ཁོམ་བརྒྱད། །གང་ན་མཚན་མོ་མུན་ནག་སྤྲིན་ དུ་གྱུར་པ་དེ་ནའམ། ཡང་ན་དེ་ནས་སོ། །དེ་བཞིན་དུ་འཁོར་བའི་མུན་ནག་སྡིག་པའི་སྤྲིན་རུམ་དུ་སངས་རྒྱས་ཀྱི་གློག་གི་མཐུས་བསོད་ནམས་ཀྱི་བློ་གྲོས་ཐང་འགའ་སྟེ་སྐད་ཅིག་ཙམ་འབྱུང་བ