Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 106
Văn bản gốc(Tây Tạng)
Trang 9 / 19 (50.000 ký tự/trang)
དུ་རྙེད་པ་ལ་སོགས་པ་ཡང་ཡོངས་སུ་དོར་བར་བྱའོ་ཞེས་བསྟན་པའི་ཕྱིར། བདག་ནི་ཞེས་སྨོས་ཏེ། ཤི་བའི་འོག་སྟེ་མི་ནས་ཤི་བའི་འོག་ཏུའོ། །དེ་ཡང་འདི་ལྟར་རྣམ་པར་དཔྱད་ ན་མི་འབྱུང་ངོ་ཞེས་བསྟན་པའི་ཕྱིར། གང་དང་གང་ལ་ཞེས་སྨོས་ཏེ་རྙེད་པ་ལ་སོགས་པ་ལ་ཆགས་པ་ནི་སྤྲོ་བའོ། །གྱུར་པ་ནི་ཞེན་པར་གྱུར་པའོ། །དེ་དང་དེ་ལྡོངས་ཞེས་པ་ནི་རྙེད་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུར་གྱུར་ནས་གནས་པའོ། །དེས་ན་རྙེད་པ་ལ་སོགས་པ་ལ་ཆགས་པར་མི་བྱ་ སྟེ། དེ་ལ་སྲེད་པར་མི་བྱ་བའོ། །འཇིགས་པ་ནི་འཆིང་བས་བྱས་པའི་འཇིགས་པའོ། །གཞན་ཡང་རྙེད་པ་ལ་སོགས་པ་དེ་རང་བཞིན་གྱིས་འདོར་བར་གྱུར་པ་ནི་ཉམས་པར་གྱུར་པའོ། །བརྟན་པར་གྱིས་ཞེས་པ་ནི་སོས་ཀློད་ལ་ཞེས་པའོ། །རབ་ཏུ་རྟོགས་ཞེས་པ་ནི་དུས་ཅུང་ཟད་ཙམ་ བརྟག་ཅིང་བཟོད་པར་གྱིས་ཤིག་པའོ། །དེ་བཞིན་དུ་རྙེད་པ་དག་ནི་མང་ཞེས་བྱ་བ་ལ་སོགས་པ་ཡང་ངོ་། །སྨོད་པ་ལ་སོགས་པ་དགག་པར་བསྟན་པའི་ཕྱིར། །བདག་ལ་ཞེས་སྨོས་ཏེ། སྨོད་པ་ནི་མཚང་འདྲུ་བའོ། །གང་གི་ཕྱིར་སེམས་ཅན་ཞེས་བྱ་བ་ལ་མོས་པ་ནི་བསམ་པའོ། །དེ་ ཉིད་བསྟན་པའི་ཕྱིར། སེམས་ཅན་རྙེད་པ་མེད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་སྙན་བརྗོད་ཅེས་པ་ནི་ངན་སྨྲས་གཏོང་བའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། རང་བཞིན་འགྲོགས་པར་དཀའ་བ་སྟེ། གང་སྟབས་གཅིག་ཏུའོ། ། བྱིས་པ་དང་འགྲོགས་པ་སྤངས་ནས་དབེན་པའི་ཕན་ཡོན་བསྟན་པའི་ཕྱིར། ནགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟེན་མི་དགོས་པ་ནི་དགོས་པར་བྱ་མི་དགོས་པའོ། །ཆགས་པ་མེད་པ་ནི་ཞེན་པ་མེད་པའོ། །བདག་གིར་བཟུང་བ་མེད་པ་ནི་གཞན་གྱིས་བདག་ཏུ་མ་བྱས་པའོ། ། ཆགས་པ་མེད་པ་ནི་བདག་ཏུ་བྱས་པ་མེད་པའི་གནས་སོ། །མ་སྦས་ཀྱང་མི་འཇིགས་པ་ནི་དངོས་པོ་གཟུང་བ་མེད་པའི་ཕྱིར་བསྲུང་མི་དགོས་པའོ། །ཀུན་ཏུ་ཆགས་པ་རྣམས་གཏོང་བའི་རྒྱུ་མི་རྟག་པ་ཉིད་བསྟན་པའི་ཕྱིར། དུར་ཁྲོད་ཅེས་སྨོས་ཏེ། དུར་ཁྲོད་ནི་དུར་ཁྲོད་དོ། །འཇིག་ པ་ནི་རུལ་བའི་དངོས་པོ་སྟེ་དེའི་ཆོས་ཅན་ནོ། །ནམ་ཞིག་མགོ་སྙོམས་པར་བྱེད་པར་འགྱུར་ཞེས་པ་ནི་ནམ་ཞིག་དེ་དང་འདྲ་བར་བྱེད་པར་འགྱུར་ཞེས་པའོ། །མགོ་སྙོམས་པ་ཉིད་བསྟན་པའི་ཕྱིར། བདག་གི་ཞེས་སྨོས་སོ། །ཆགས་པར་བྱ་བའི་མཛའ་བཤེས་རྣམས་ཀྱང་མི་རྟག་པ་ཉིད་དོ་ཞེས་བསྟན་ པའི་ཕྱིར། ལུས་འདི་ཉིད་ཅེས་སྨོས་ཏེ། གཅིག་པུ་སྟེ་གཅིག་པུར་བརྟགས་པའོ། །ལྷན་ཅིག་ཏུ་སྐྱེས་པ་ནི་སྟབས་གཅིག་ཏུ་སྐྱེས་པའོ། །བུ་ལ་སོགས་པ་རྣམས་ལ་ཆགས་པར་མི་བྱ་བ་ཉིད་དུ་བསྟན་པའི་ཕྱིར། སྐྱེ་ན་གཅིག་པུ་ཞེས་སྨོས་ཏེ། སྡུག་བསྔལ་ནི་དེ་ཉིད་ཀྱིས་མྱོང་བར་འགྱུར་བའི་ སྡུག་བསྔལ་ལོ། །སྐལ་བ་ནི་དེའི་ཆ་ཤས་སོ། །གཞན་ཞེས་པ་ནི་བུ་ལ་སོགས་པའོ། །བགེགས་བྱེད་པ་ནི་བདེ་བ་འཇོམས་པར་བྱེད་པའོ། །དོན་དམ་པར་ན་བཤེས་གཉེན་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལམ་དག་ཏུ་ཞེས་སྨོས་ཏེ། ལམ་ཐག་རིངས་ སུའོ། །ཞུགས་པ་ནི་དེར་རབ་ཏུ་ཞུགས་ནས་འགྲོ་བའོ། །དེ་ལྟ་བས་ན་དགེ་བའི་རྒྱུར་ནགས་སུ་འགྲོ་བར་རིགས་སོ་ཞེས་བསྟན་པའི་ཕྱིར། འཇིག་རྟེན་ཞེས་སྨོས་ཏེ། རང་གི་གནས་སུ་ཤི་བ་ལ་མྱ་ངན་བྱེད་པ་མེད་པའོ། །ཡང་འདི་ལ་ཡོན་ཏན་ཅི་ཡོད་སྙམ་པ་ལ། བཤེས་མེད་ཅེས་སྨོས་ཏེ། འཁོན་པ་ནི་ཞེ་སྡང་གིའོ། །བཤེས་པ་དང་འཁོན་པ་གཉི་ག་མེད་པར་ཤི་བའི་ལུས་པོ་ལ་མྱ་ངན་བྱེད་པ་ཡང་མེད་པའོ། །དྲུང་ན་འདུག་པ་ནི་ཉེ་དུ་ལ་སོགས་པའོ། །བདེ་ཞིང་སྐྱིད་པ་ནི་སྡུག་བསྔལ་གྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །ལུས་རྣམ་པར་དབེན་པ་བསྟན་ནས། སེམས་རྣམ་པར་དབེན་པ་བསྟན་པའི་ཕྱིར། བསམ་པ་གཞན་ནི་ཞེས་སྨོས་ཏེ། བདག་ལ་སེམས་པ་ནི་བྱང་ཆུབ་ཀྱི་སེམས་ལ་སེམས་པའོ། །གཅིག་པུ་སྟེ་དེ་ལ་སེམས་རྩེ་གཅིག་པའི་ཡིད་གང་ཡིན་པའོ། །ཡང་ན་རང་གི་སེམས་དེ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའོ། །མཉམ་པར་ གཞག་པ་ནི་ཞི་གནས་ཀྱིས་སོ། །དུལ་བར་བྱེད་པ་ནི་ལྷག་མཐོང་གིས་སོ། །འདོད་པའི་རྣམ་པར་རྟོག་པ་དགག་པའི་ཕྱིར་འཇིག་རྟེན་ཞེས་སྨོས་ཏེ། ཀུན་ནས་ཆགས་པ་བཟློག་པར་བྱ་བའི་ཕྱིར། འདོད་པ་ལ་སྨོད་པ་བརྗོད་པར་བཞེད་ནས། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་ནི་སྔར་རོ། །མ་བལྟས་པ་ནི་སྡིག་པ་ལ་སོགས་པ་འོང་གིས་དོགས་པར་མ་བལྟས་པའོ། །རྫས་ནི་ནོར་རོ། །ཞུགས་པ་ནི་མི་གནས་བཞིན་དུའོ། །མཆོག་ཏུ་དགའ་བ་ནི་ཆེར་བདེ་བའོ། །དེ་ཉིད་ཅེས་བྱ་བ་ནི་པགས་པས་གཡོགས་པའི་རུས་པ་དེ་ཉིད་ཀྱིའོ། །རང་དབང་ནི་རང་ཇི་ ལྟར་འདོད་པ་ལྟར་བྱར་ཡོད་པའོ། །འབད་དེ་བཏེག་པ་ནི་གདོང་གསལ་པོར་བལྟའོ་སྙམ་དུ་བསམ་པས་བཏེག་པའོ། །ངོ་ཚ་སྟེ་ངོ་ཚ་བའི་སྟོབས་ཀྱིས་ཡང་སླར་ལ་ལྟ་བར་བྱེད་པའོ། །ཡུལ་དབུས་ན་ཆོ་རིགས་ཅན་གྱི་བག་མ་རྣམས་ཀྱིས་གདོང་པ་གཡོགས་པར་བྱ་བའི་ཕྱིར་གདོང་ གཡོགས་ཀྱི་དྲ་བ་བཞིན་དུ་ལྟ་བར་བྱེད་དེ། དེས་དེའི་གདོང་གཡོགས་པའོ། །ཚོང་པ་དྲག་རིགས་རྣམས་ཀྱང་ཕལ་ཆེར་དེ་ལྟར་བྱེད་དོ། །ཁྱོད་ཉོན་མོངས་པ་སྟེ། དགའ་བཞིན་འདོགས་པའི་གདོང་པའོ། །མངོན་སུམ་དུ་གྱུར་པ་དེ་བཞིན་དུ་ཞེས་པ་ནི་རྒོད་ཀྱིས་མ་ཟོས་ནས་སོ། །དེ་ཟ་ན་ ཞེས་པ་ནི་བྱ་རྒོད་ལ་སོགས་པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཤའི་ཕུང་པོ་ཞེས་སྨོས་ཏེ། ཤའི་ཕུང་པོ་ནི་བུད་མེད་ཀྱི་ལུས་སོ། །བྱ་རྒོད་དང་གཞན་ཅེ་སྤྱང་ལ་སོགས་པ་རྣམས་ཀྱིས་ཤའི་ཕུང་པོ་དེ་ཟ་བ་མཐོང་བ་བཞིན་དུ་ཞེ་སྡང་བསྐྱེད་དེ། ཅི་སྟེ་སྲུང་བར་མི་བྱེད་ཅེས་སྦྱར་རོ། ། ཟས་ནི་གང་བྱ་རྒོད་ལ་སོགས་པ་རྣམས་ཀྱི་བཟའ་སྟོན་གྱི་རྒྱུའོ། །མཆོད་ཅེས་པ་ནི་ཤའི་ཕུང་པོ་དེ་ལ་ཅི་སྟེ་མཆོད་པར་བྱེད། ཡོངས་སུ་སྐྱོབ་པར་བྱེད་ཅེས་པའོ། །ཡང་ཆགས་ཅན་ཁྱོད་ལ་འདི་ལྟར་དྲི་བར་བྱའོ་ཞེས་བསྟན་པའི་ཕྱིར། རུས་གོང་ཞེས་སྨོས་ ཏེ། དུར་ཁྲོད་ལ་སོགས་པར་བོར་བའི་ཀེང་རུས་ལ་སོགས་པ་མི་འགུལ་བཞིན་དུ་ཡང་དེས་ཁྱོད་སྐྲག་ན་གསོན་པོའི་ལུས་རོ་ལངས་ལྟ་བུས་ཅུང་ཞིག་ཀྱང་མི་འཇིགས་པར་མི་གཤའ་བས་འཇིགས་པར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་རྣམ་གྲངས་གཞན་གྱི་སྒོ་ནས་ཆགས་པ་ཅན་ རྣམས་རྨོངས་པ་ཉིད་དུ་བསྟན་པའི་ཕྱིར། ཟས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟའ་སྟོན་ནི་འདི་ལྟ་སྟེ། བུད་མེད་ཀྱི་ལུས་པོ་འདི་བཤང་བ་ལ་སོགས་པའི་མི་གཙང་བ་རྣམས་བཤང་བའི་སྒྲས་གཟུང་ངོ་། །སྔས་ལ་སྟེ། སྔས་ནང་ཚངས་ཅན་ལའོ། །གཞན་ཡང་གང་ལ་གཡོགས་ ཀྱང་སྟེ། ཀེང་རུས་གང་ལ་ཤ་དང་མི་གཙང་བས་གཡོགས་ཙམ་ན་ཆགས་པ་སྐྱེ་ན་དེ་བཤུས་པ་སྟེ། ཤ་ལ་སོགས་པ་དང་བྲལ་བ་ལ་ཡང་ཅིས་ནི་ཆགས་པར་མི་བྱེད། གལ་ཏེ་ཤ་ལ་སོགས་པས་མ་གཡོགས་པའི་ཀེང་རུས་ལ་དགོས་པ་མེད་དོ་སྙམ་དུ་སེམས་ན་དེའི་ཚེ་གཡོགས་པ་ཅིའི་ཕྱིར་ ཉེད་པར་བྱེད་དེ། དེ་ལྟར་ན་ལག་པ་ལ་སོགས་པས་བྱིལ་བྱིལ་ཅི་སྟེ་བྱེད། གཞན་ཡང་མི་གཙང་བ་དེ་ལ་ཆགས་པ་མེད་དམ་འོན་ཏེ་ཆགས་གྲང་། གལ་ཏེ་ཆགས་པ་མེད་པ་ལྟ་ན། དེའི་ཚེ་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད་ཅེས་འབྲེལ་ཏོ། །རྒྱུས་པ་སྟེ་རྒྱུས་པ་དང་རྩས་སྦྲེལ་བའོ། ། གཞན་ནི་བུད་མེད་ཀྱི་ལུས་པོའོ། །དེ་སྟེ་ཆགས་པ་ཡོད་པ་ལྟ་ན་ཁྱོད་ཉིད་དེ་ཁྱོད་རང་ལའོ། །མང་བ་ནི་མི་ཉུང་བར་ཡོད་པའོ། །སྤྱོད་ལ་རག་ཅེས་པ་ནི་དེས་དགའ་བར་གྱིས་ཤིག་པའོ། །རྐྱལ་པ་སྟེ་སྣོད་དམ་ཡང་ན་ཕུང་པོའོ། །མི་གཙང་བརྐམ་པས་འདོད་པ་ནི་བཙག་གེ་བཙོག་གེ་ ཟ་བའི་ཚུལ་དང་གང་ལྡན་པའོ། །ཅི་བྱེད་ཅེས་པ་ནི་འོར་ཅིག་པའོ། །ཅི་སྟེ་བདག་ནི་ཤའི་ཕུང་པོ་འདི་ལ་དགའ་བས་རེག་པར་བྱེད་དོ་སྙམ་པ་ལ། དེ་ལྟ་ན་གང་སེམས་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སེམས་དེ་འདོད་པ་ལྟ་ན་སེམས་དེ་རེག་པར་ཡང་མི་ནུས་ ལ་བལྟ་བར་ཡང་མི་ནུས་ཏེ། གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །གང་ལུས་ལ་ནི་དེ་ལྟར་ནུས་སུ་ཟིན་ཀྱང་དེ་རིག་པ་སེམས་པ་ཅན་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གཞན་གྱི་ལུས་པོ་མི་གཙང་བར་མི་རྟོགས་པ་ནི་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་ཡ་མཚན་ཆེ་བ་མེད་ཀྱི། རང་ ཉིད་མི་གཙང་བའི་བདག་ཉིད་ཡིན་པ་ལ་ཁྱོད་ཀྱིས་མི་གཙང་བར་རྟོགས་པར་མ་གྱུར་པ་དེ་ངོ་མཚར་རོ། །གལ་ཏེ་ཁ་དོག་ལེགས་པ་ལ་སོགས་པའི་ལུས་འདི་ཡིད་དུ་འོང་བའི་ཕྱིར་ཁོ་བོ་འདོད་པ་སྐྱེའོ་སྙམ་དུ་སེམས་པ་ལ། སྤྲིན་བྲལ་ཞེས་སྨོས་ཏེ། སྤྲིན་བྲལ་ཞེས་བྱ་བ་ལ་སྤྲིན་མེད་པའི་ ཉི་ཟེར་གྱིས་ཁ་ཕྱེ་བ་སྟེ་རྒྱས་པར་བྱས་པའོ། །མི་གཙང་བ་ནི་བཙོག་པའོ། །ཞེན་པ་ནི་སེམས་གང་དག་ཞེན་པའོ། །མི་གཙང་བའི་གཟེབ་ནི་ལུས་པོའོ། །གཞན་ཡང་ས་ཕྱོགས་མི་གཙང་བས་གོས་པ་ཡང་ཅིའི་ཕྱིར་འདོད་པ་མི་བྱེད་ཅེས་བསྟན་པའི་ཕྱིར། ས་ཕྱོགས་ཞེས་ཏེ། གང་ ལས་ཏེ་ལུས་ལས་སོ། །དེ་ནི་སྟེ་མི་གཙང་བའོ། །བྱུང་བ་ནི་ལུས་དེའོ། །གཞན་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། མི་གཙང་བའི་གཞི་དེ་ཁོག་སྨད་ནས་བྱུང་བ་དེ་ཉིད་མི་གཙང་བའི་ས་བོན་ནོ། །དེས་ཞེས་པ་ནི་མི་གཙང་བ་དེས་བསྐྱེད་པའོ། །མི་གཙང་བ་ལས་ཡང་དག་པར་བྱུང་ བ་ཉིད་མི་གཙང་བའོ། །སྲིན་ཞེས་པ་སྲོག་ཆགས་ཕྲ་མོའོ། །འདོད་མི་བྱེད་ཅེས་པ་ནི་མི་འདོད་པའོ། །མི་གཙང་མང་པོའི་རང་བཞིན་ནི་བུད་མེད་ཀྱི་ཁོག་པའོ། །ལུས་ནི་བུད་མེད་ཀྱི་ལུས་སོ། །ད་ནི་མི་གཙང་བ་ཉིད་དངོས་སུ་བསྟན་པའི་ཕྱིར། ག་བུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁར་བླུགས་ནས་ཕྱིར་བོར་བའི་ས་ནི་ཕྱིར་བྱུང་ནས་བོར་བའི་སའོ། །ཐེ་ཚོམ་ཞེས་པ་ནི་ཡིད་མི་ཆེས་ན་ཞེས་པའོ་དེ་ལྟར་ན་མི་གཙང་ཞེས་བྱ་བ་ནི་རྣགས་པ་དང་རུལ་བ་ལ་སོགས་པ་ཡང་འབད་པས་བལྟ་བར་གྱིས་ཤིག་པའོ། །གཞན་ཡང་ལུས་ཞེས་བྱ་བ་ནི་རང་བཞིན་གྱིས་ཞེས་ པ་ལྡོག་པ་ཉིད་ཡིན་པས་དེ་ལ་མངོན་པར་དགའ་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། གང་ཞིག་པགས་པ་ཞེས་སྨོས་སོ། །ཙན་དན་ལ་སོགས་པས་བྱི་དོར་བྱས་པའི་ལུས་དེ་ཇི་ལྟར་ན་མངོན་པར་དགའ་བར་བྱ་བ་མ་ཡིན་སྙམ་པ་ལ། ལུས་ལ་ཞེས་སྨོས་ཏེ། བསྐུས་པ་ནི་ལེགས་པར་བྱུགས་ པའོ། །དྲི་སྟེ་དྲི་གདང་ཞིང་སང་བག་ཅན་དེ་གཞན་མ་ཡིན་པ་ནི་ལུས་ལས་མ་ཡིན་པའོ། །གཞན་ཡང་དྲི་འདི་དོན་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་མ་ཆགས་པ་སྟེ་ཞེན་པར་མ་གྱུར་ནའོ། །དེ་ལྟར་ན་ལེགས་ པ་དགེ་བ་སྟེ། ཆགས་པ་མེད་པའི་ཕྱིར་རོ། །དོན་མེད་པ་ནི་དམྱལ་བ་ལ་སོགས་པའི་རྒྱུ་ཡིན་པའོ། །དེ་ལ་དྲི་ཞིམ་སྟེ་ཙན་དན་ནོ། །དྲི་ཡིས་ཞེས་པ་ནི་ཙན་དན་གྱི་དྲི་ངད་ཀྱིས་སོ། །འདིའི་ཕྱིར་ཡང་ལུས་ལ་བྱི་དོར་བྱས་པ་ནི་དོན་མེད་པའི་རྒྱུ་ཉིད་དོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། འཇིགས་པ་ནི་འཇིགས་སུ་རུང་བའོ། །རང་ལ་གནོད་པ་ནི་བདག་ཉིད་ངན་འགྲོར་གཏོང་བར་བྱེད་པ་སྟེ། མཚོན་གྱིས་གཅོད་པ་བཞིན་གནོད་པར་བྱེད་པའོ། །མང་པོ་ཅི་སྨྲ་སྟོན་པ་སྟེ། ས་རྣམས་ཁེངས་སོ་ཞེས་བྱའོ། །དེ་བཞིན་འདི་ལྟར་རུས་གོང་ཞེས་བྱ་བ་ལ་ སོགས་པ་ལ། ཡིད་བྱུང་བ་ནི་འཇིགས་པའོ། །གཡོ་བ་ནི་རུས་གོང་ངོ་། །ཁྱབ་པ་ནི་ཁེངས་པའོ། །གྲོང་གི་དུར་ཁྲོད་གྲོང་ཉིད་དུར་ཁྲོད་དང་འདྲ་བས་ན་དུར་ཁྲོད་དོ། །གཞན་ཡང་དེ་ལྟར་ཞེས་པ་ནི་འདས་མ་ཐག་ཏུ་བརྗོད་པའི་རིམ་པ་ལྟར་རོ། །དེ་ཞེས་པ་ནི་ལུས་པོའོ། །དོན་དེ་ ལུས་པོའི་དོན་དུའོ། །སྒྲུབ་པ་ནི་ཟས་ནོར་ཉེ་བར་སྒྲུབ་པའོ། །དེ་བཞིན་དུ་བྱིས་པ་སྟེ། དྲོད་ཚད་མེད་པ་རྣམས་སོ། །ཅི་ཞེས་པ་ནི་རྣམ་པ་གང་གིས་སོ། །འདོད་པ་དང་ལྡན་པ་ཡང་དེ། ངན་པ་ཡང་དེ་ཡིན་པ་ན་འདོད་ལྡན་ངན་པའོ། །ཉིན་རངས་ཞེས་པ་ནི་ཉི་མ་རྒས་ཀྱི་བར་རོ། ། བྱེས་བགྲོད་ཅེས་པ་ནི་རྗེ་དཔོན་གྱི་བཀས་ཡུལ་གཞན་དུ་བང་ཆེན་བཏང་བའོ། །ཁྱུད་འཁོར་ལོ་ཞེས་པ་ནི་ལོ་ཁྱུད་འཁོར་གྱིས་ཀྱང་ངོ་། །དེའི་དོན་ནི་བུ་སྨད་ལ་སོགས་པའི་དོན་ནོ། །གང་དོན་ཉིད་དུ་སྟེ། ཆུང་མ་ལ་སོགས་པའི་དོན་དུའོ། །དེ་ཞེས་པ་ནི་ཆུང་མ་ལ་སོགས་པའོ། ། ལས་ཀྱི་སྟེ་བྱ་བ་མང་པོའོ། །ཤིང་དྲུང་ནི་ཤིང་ལོ་དྲུག་པའི་རྩ་བའོ། །སྲོག་སྟོར་དུ་དོགས་པ་ནི་ཐེ་ཚོམ་ཟ་བཞིན་ནོ། །གཡུལ་དུ་ནི་འཐབ་བྲལ་དུའོ། །འཇུག་པ་ནི་རབ་ཏུ་འཇུག་པའོ། །ཁེ་ཕྱིར་ཏེ་འདིར་རྙེད་པ་འདིས་འཚོ་ཞིང་གསོན་པར་བྱའོ་ཞེས་པའི་ཁེའི་དོན་དུ་སྟེ་རྙེད་པ་ལ་ སོགས་པ་མི་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །གང་འདོད་པ་ལ་ཞེན་པ་རྣམས་འདི་ཉིད་སྡུག་བསྔལ་བར་འགྱུར་བ་དེ་བསྟན་པའི་ཕྱིར་འདོད་ལྡན་ཞེས་སྨོས་ཏེ། བཅད་པ་ནི་རལ་གྲི་ལ་སོགས་པས་སོ། །བཙུགས་པ་ནི་འཇེབས་པར་དཀའ་བའོ། །མདུང་ཐུང་ནི་མཚོན་གྱི་བྱེ་བྲག་གོ། ། བསྲེག་པ་ནི་མེ་ལ་སོགས་པས་སོ། །གཞན་ཡང་འདོད་པའི་དོན་གྱི་ནོར་ནི་དོན་མེད་པར་འགྱུར་བ་ཉིད་དོ་ཞེས་བསྟན་པའི་ཕྱིར། བསག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསག་པ་ནི་ནོར་སོགས་པའོ། །བརླག་པའི་གདུང་བ་ནི་སེམས་ཁྲལ་ལོ། །འདོད་ལྡན་རྣམས་ལ་ཞེས་བྱ་བ་ལ་ སོགས་པ་ནི་མཇུག་བསྡུ་བ་སྟེ། ཉེས་དམིགས་ནི་གནོད་པའོ། །མང་བ་ནི་ཤིན་ཏུ་མང་བ་སྟེ་འདོད་ལྡན་རྣམས་ལའོ། །མནོག་ཆུང་བ་ནི་ལོངས་སྤྱད་པའི་རྒྱུའོ། །ཆུང་བ་ནི་ཆུང་བ་ཉིད་དོ། །ལས་ཀྱིས་ཞེས་པ་ནི་སྔོན་གྱི་ལས་ཏེ། དེས་མནར་ཅིང་བཅོམ་པའི་འདོད་པ་ཅན་རྣམས་ཀྱིའོ། །ཅི་ སྟེ་བྱང་ཆུབ་ཀྱི་སྤྱོད་པ་ཡང་སྡུག་བསྔལ་ཆེ་བ་ཉིད་དོ་སྙམ་པ་ལ། འདོད་པ་ངེས་པར་འཇིག་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པ་ནི་གདོན་མི་ཟ་བར་རོ། །འཇིག་པ་ནི་མི་བརྟན་པའོ། །དུབ་པའི་ཚེགས་ནི་སྡུག་བསྔལ་གྱིས་སོ། །དེའི་ཆེད་དུ་དུབ་པའི་ཚེགས་ཀྱིའོ། །བྱེ་བ་བརྒྱ་ཞེས་པ་ ནི་བྱེ་བ་ཕྲག་བརྒྱ་བརྒྱར་བགོས་པ་སྟེ། དེའི་ཆ་ཤས་སོ། །སངས་རྒྱས་ཉིད་འགྲུབ་པ་ནི་སངས་རྒྱས་ཉིད་ཐོབ་པ་སྟེ་སྡུག་བསྔལ་ཆུང་ངུ་ཉིད་ཀྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་བྱང་ཆུབ་སེམས་དཔའི་སྡུག་བསྔལ་བས་འདོད་པ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་ ཤིན་ཏུ་ཆེ་བ་ལ་བྱང་ཆུབ་མི་ཐོབ་པོ། །དེས་ཇི་ལྟར་ན་སྡུག་བསྔལ་ཤིན་ཏུ་ཆེ་སྙམ་པ་ལ། དམྱལ་སོགས་ཞེས་སྨོས་ཏེ། འདོད་པ་ཅན་རྣམས་ཀྱི་སྡུག་བསྔལ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱི་དཔེར་མི་ཕོད་པ་ནི་བསྒྲུན་དུ་མེད་པའོ། །ཇི་ལྟར་ཞེ་ན། འདོད་ལྡན་རྣམས་ཀྱི་དམྱལ་བ་ལ་ སོགས་པའི་སྡུག་བསྔལ་ལུང་ནས་གསུངས་པ་དྲན་པར་བྱའོ། །དེ་ལྟར་ན་སེམས་རྣམ་པར་དབེན་པ་བསྟན་ནས། དེའི་མཇུག་བསྡུ་བར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབེན་པ་ནི་རྣམ་པར་རྟོག་པ་དང་བྲལ་བའོ། །སྐལ་ལྡན་ཞེས་པ་ནི་དགེ་བའི་ནོར་ཆེན་པོ་ དང་ལྡན་པའོ། །ཟླ་བའི་འོད་ཉིད་དཀར་པོ་ཉིད་དུ་ཆོས་མཐུན་པས་ཙནྡན་ཏེ་དེས་བསིལ་བའོ། །ཡངས་པ་ནི་དེ་བཞིན་དུ་ཡངས་པའོ། །ཁང་བཟངས་ནི་ཁང་སྟེགས་སོ། །སྒྲ་མེད་པ་ནི་ཁམས་དང་མི་འཕྲོད་པའི་སྒྲ་མེད་པའོ། །ཞི་བ་ནི་བགས་ཀྱིས་སོ། ། འཆག་པར་བྱེད་ཅེས་པ་ནི་དངོས་པོའི་སྦྱོར་བའོ། །གང་དུ་ཇི་སྲིད་འདོད་པ་ནི་ནམ་རང་དགར་དགར་རོ། །གནས་པ་ནི་སྡོད་པའོ། །ལྟོས་པ་མེད་པ་ནི་རེ་ལྟོས་དང་བྲལ་བའོ། །སྤྱོད་པ་ནི་རྒྱུ་བའོ། །ཡོ་བྱད་མེད་པའི་ཕྱིར་སྡུག་བསྔལ་ཕོངས་པ་རྣམས་ཀྱིས་ཇི་ལྟར་བསམ་གཏན་ བསྒོམ་སྙམ་པ་ལ། རང་དབང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སོགས་པ་ནི་ལུས་རྣམ་པར་དབེན་པ་ལ་སོགས་པའོ། །བསམ་བྱས་ནས་ཞེས་པ་ནི་བསྒོམ་པར་བྱས་ནས་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པས་བསྒྲུབ་པའོ། །བདག་དང་གཞན་དུ་མ་ སྙོམས་པར་བྱང་ཆུབ་ཀྱི་སེམས་གོམས་པར་མི་ནུས་པས་བདག་དང་གཞན་དུ་མཉམ་པར་བསྟན་པའི་ཕྱིར། བདག་དང་གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་སོ། །ཇི་ལྟར་སྙམ་པ་ལ། བརྗོད་པ་གང་བདེ་བ་དང་ སྡུག་བསྔལ་མཉམ་པ་སྟེ། མཚུངས་པས་ནའོ། །ཉམས་གཅིག་པ་ནི་བདེ་བ་དང་སྡུག་བསྔལ་དག་བླང་དོར་གྱི་རང་བཞིན་དུའོ། །གལ་ཏེ་མཚུངས་པ་ཡིན་པ་དེ་ལྟ་ན་ཁྱོད་ཀྱི་སྡུག་བསྔལ་གྱིས་གཞན་གྱི་རྒྱུད་ལ་ཅི་སྟེ་མི་གནོད་སྙམ་དུ་དོགས་པ་ལ། བདག་གི་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། བདག་གི་ཕུང་པོ་ལ་ཆགས་པའི་མི་བཟོད་པ་ནི་བསྲན་པར་དཀའ་བའོ། །དེས་ཅིར་འགྱུར་སྙམ་པ་ལ། བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་ནི་བདེ་བར་བྱ་བའོ། །སེམས་ཅན་ཉིད་བདག་རང་བཞིན་དུ་བྱ་བའོ། །འདི་སྙམ་དུ་འབད་ འབུངས་ལ་བདག་ཉིད་བདེ་བར་བྱ་བ་ལས་མ་གཏོགས་པ་གཞན་གྱི་སེམས་ཁྲལ་གྱིས་ཅི་བྱ་སྙམ་པ་ལ། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གཅིག་སྟེ་བདག་འབའ་ཞིག་གོ། །དེ་ནི་བདག་ཉིད་དོ། །གཞན་ཞེས་པ་ནི་ཕ་རོལ་ལོ། །གཞན་མིན་ཞེས་པ་ནི་ཕ་རོལ་པོ་ དེའི་སྡུག་བསྔལ་ཅི་སྟེ་སྲུང་བར་མི་བྱེད་ཅེས་པའོ། །གཞན་ཡིན་པས་སོ་ཞེ་ན། དེ་ལྟ་ན་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་ཡང་དེ་ལྟར་བདག་ལ་མི་གནོད་པས་བསླབ་པས་དེ་བསྲུང་བར་མ་བྱེད་ཅིག་ཅེས་པའོ། །དེ་ནི་ཞེས་པ་ནི་མ་འོངས་པའི་དུས་ཀྱིའོ། །གང་ཚེ་གང་གི་ཞེས་བྱ་ བ་ལ་སོགས་པ་ལ་དེ་ཉིད་ཀྱིས་ཞེས་པ་ནི་གཞན་གྱིས་གཞན་གྱི་མི་སྲུང་བའོ། །བདག་གིར་འཛིན་ནི་ཕྱིན་ཅི་ལོག་ཏུ་འཛིན་པའོ། །བདག་ནི་བདག་ཏུ་བཟུང་བའོ། །གཞན་ནི་གཞན་དུ་བཟུང་བའོ། །ནན་གྱིས་ཏེ་སྟོབས་ཀྱིས་སོ། །ཅི་སྟེ་རྒྱུད་ལ་སོགས་པ་གཅིག་པ་ཉིད་ཡོད་པ་ མ་ཡིན་ནམ་དེ་ཇི་ལྟར་ན་གཞན་ཉིད་ཡིན་སྙམ་པ་ལ། རྒྱུད་དང་ཞེས་སྨོས་ཏེ། འདས་པ་ལ་སོགས་པའི་སྐད་ཅིག་མ་ཉིད་ནི་མ་ཡིན་ཏེ། དཔེར་ན་གྲོག་མོ་རིམ་པར་གནས་པ་ཉིད་ཕྲེང་བ་ཡིན་གྱིས་གཞན་མ་ཡིན་པ་བཞིན་ནོ། །ཚོགས་པ་ཡང་ཚོགས་པ་ལས་གཞན་མ་ཡིན་ཏེ། འདུས་ པ་རྣམས་ལ་དེ་ལྟར་ཐ་སྙད་དུ་བྱེད་པའི་ཕྱིར། དཔེར་ན་དམག་ཅེས་བྱ་བ་གླང་པོ་ལ་སོགས་པ་ལས་གཞན་ཞིག་མེད་པ་བཞིན་ནོ། །དེས་ཅིར་འགྱུར་སྙམ་པ་ལ། གང་གི་ཞེས་སྨོས་ཏེ། གང་གི་སྟེ་བདག་གམ་གཞན་གྱིའོ། །དེ་ནི་སྡུག་བསྔལ་ལོ། །དེའི་ཕྱིར་བདག་པོ་ མེད་པར་ནི་ཞེས་བྱ་བ་ལ་སོགས་པ་ལ། ངེས་པ་ཞེས་བྱ་བ་ནི་བདག་ཁོ་ནས་ཡིན་གྱི་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བའོ། །བརྩད་དུ་མེད་པ་ནི་སྡུག་བསྔལ་བཟློག་པར་བྱ་བ་ཉིད་དུ་ཐམས་ཅད་ལ་གྲུབ་པའི་ཕྱིར་རོ། །ཐམས་ཅད་ཅེས་པ་གཞན་གྱི་ཡང་ངོ་། །བཟློག་པ་ནི་བདག་གི་ བཞིན་དུ་གཞན་གྱི་ཡང་སྟེ། བདག་དང་ཐ་མི་དད་པར་ཉེ་བར་བརྟགས་པའི་ཕྱིར་རོ། །མ་ཡིན་ན་ཕུང་པོའི་རང་བཞིན་གྱི་སྡུག་བསྔལ་ཡང་བཟློག་པར་བྱ་བ་མ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་སེམས་ཅན་གྱི་སྡུག་བསྔལ་བཞིན་ནོ། །ཅི་སྟེ་སྙིང་རྗེས་སྡུག་བསྔལ་མང་དུ་འགྱུར་ བས་ན་སྙིང་རྗེ་མ་བསྐྱེད་པ་ཉིད་མཆོག་ཡིན་ནོ་ཞེས་རྩོད་པ་བསླང་བའི་ཕྱིར། ཆེད་དུ་ཞེས་སྨོས་ཏེ། ནན་གྱིས་ནི་འབད་པས་སོ། །ལན་བརྗོད་པའི་ཕྱིར། འགྲོ་བའི་ཞེས་སྨོས་སོ། །ལན་གཞན་ཡང་བརྗོད་པའི་ཕྱིར། གལ་ཏེ་ཞེས་སྨོས་ཏེ། སྡུག་བསྔལ་གཅིག་གིས་སྡུག་བསྔལ་ མང་པོ་མེད་པར་འགྱུར་བའི་ལྟ་ན་སྡུག་བསྔལ་དེ་བསྐྱེད་པར་བྱ་བ་ཉིད་དོ། །དེས་ན་སྟེ་རྒྱུ་མཚན་དེའི་ཕྱིར། བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཀྱིས་མངོན་པར་ཤེས་པའི་སྒོ་ནས་རྒྱལ་པོའི་གནོད་པས་བདག་ཉིད་འཆི་བ་ཤེས་ཀྱང་ངོ་། །ཡང་ན་རྒྱལ་པོ་ལ་གནོད་པ་ སྟེ། འཇིག་རྟེན་ཕ་རོལ་དུ་སྡུག་བསྔལ་ལོ། །མ་བསལ་བ་ནི་དེའི་ངོས་མ་བལྟས་པར་དམ་བཅས་པའོ་ཞེས་བྱ་བའི་དོན་ཏོ། །ཟད་བྱས་ཏེ་སྡུག་བསྔལ་ཅན་གྱི་མི་མང་པོའི་ཀུན་ནས་ཉོན་མོངས་སེམས་ཀྱི་སྐད་ཅིག་རྣམས་ཟད་པར་བྱས་པ་ནི་དགག་པར་བྱས་པའོ། །ཡང་ན་སྡུག་བསྔལ་ཅན་ དེ་གདུལ་བར་བྱ་བ་རྣམས་ཀྱི་རང་གི་དོན་ཉམས་པ་ནི་ཟད་པ་སྟེ། དེ་དག་རྣམས་ཀྱི་དོན་སྡུག་བསྔལ་ཟད་པ་དེ་ཡང་འདི་ལྟར་བདག་ཉིད་སྡུག་བསྔལ་བར་བྱས་པ་ཉིད་ལ་མཐོང་བ་ཡིན་ནོ། །འདི་ལྟར་རྒྱལ་པོའི་གདན་ས་རིན་ཆེན་ལྡན་ཞེས་བྱ་བ་ན་རྒྱལ་པོ་དཔལ་བྱིན་ཞེས་བྱ་བ་ལྟ་བ་ལོག་ པར་གྱུར་པས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་དང་བཅས་པ་བསྐྲད་ནས་ནགས་ན་གནས་པ་དང་། མེ་ཏོག་ཟླ་མཛེས་ཤིན་ཏུ་སྙིང་རྗེས་མ་བཟོད་ནས་དབེན་པ་ཞིག་ཏུ་སོང་སྟེ་བསམས་པ། འདི་ལྟར་བདག་གི་སྲོག་ལ་མ་བལྟས་ན་རྒྱལ་པོ་གཅིག་པོ་དང་འགལ་བ་ ཙམ་མ་ཡིན་པ་གཞན་སེམས་ཅན་མང་པོའི་དོན་དུ་འགྱུར་རོ་ཞེས་རིག་ནས་དེ་ཚངས་པར་སྤྱོད་པ་རྣམས་ལ་ང་ཆོས་སྟོན་དུ་འགྲོ་ཞེས་སྨྲས་པས། དེ་དག་གིས་བཀག་ཀྱང་མ་ཁེགས་པར་རྒྱལ་པོའི་གདན་སར་ཕྱིན་ནས་དེར་སེམས་ཅན་མང་པོ་ལ་ཆོས་བསྟན་པས་དེ་དག་རྣམས་མོས་པར་ གྱུར་པ་རྒྱལ་པོས་གཟིགས་སོ། །གཟིགས་མ་ཐག་ཏུ་ཞེ་སྡང་དང་བཅས་པའི་སེམས་ཀྱིས་གཤེད་མ་མི་དགའ་བྱེད་ཅེས་བྱ་བ་ལ་སོགས་པ་ལ་བསྒོ་ནས་རྐང་ལག་བཅད་དེ་བསད་པ་དང་། དེར་དེའི་ལུས་ལ་མེ་ཏོག་གི་ཆར་བབ་པ་ལ་སོགས་པ་རྨད་དུ་བྱུང་བའི་མཚན་མ་རྣམ་པ་དུ་མ་ གཟིགས་པས་དགེ་སློང་འདི་ནི་ཆེན་པོར་གྱུར་པ་ཅིག་འདུག་པ་ལ་སྙམ་ནས་འགྱོད་པ་དྲག་པོ་སྐྱེས་པར་གྱུར་ཏོ། །དེ་ལྟ་བུའི་བདག་ཉིད་ཀྱི་སྡུག་བསྔལ་མེད་དོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་སྨོས་ཏེ། དེ་ལྟར་ཏེ་བདག་དང་གཞན་མཉམ་པར་རོ། །རྒྱུད་ནི་གང་སེམས་ཀྱི་རྒྱུན་ནོ། །བསྒོམས་ པ་ནི་དེ་དག་ཏུ་བྱས་པའོ། །གཞན་གྱི་སྡུག་བསྔལ་གྱིས་མཚུངས་པར་སྡུག་བསྔལ་བ་ནི་གང་དགའ་བ་སྟེ་བདེ་བའི་རྒྱུ་ཡིན་པས་གང་བདག་ཉིད་བདེ་རུ་ཟིན་ཀྱང་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གང་དག་གཞན་གྱི་སྡུག་བསྔལ་ ཞི་བ་སྟེ་རྣམ་པར་ཉམས་པ་ལ་དགའ་བའོ། །གཞན་ཡང་གང་སེམས་ཅན་གྲོལ་བ་ལ་དགའ་བ་ནི་མང་པོ་ཉིད་དེ། དེ་ཉིད་བདེ་བ་མཐར་ཕྱིན་པ་སྟེ་ཤིན་ཏུ་ཡོངས་སུ་རྫོགས་པར་ཐོབ་པར་བྱེད་པ་ནི་ཐར་པ་ཐོབ་པ་བས་ལྷག་པ་སྟེ། གང་ཐར་པ་ཐོབ་པས་ཀྱང་དེའི་རྗེས་ལ་གཞན་དགའ་བའི་ དོན་ཉིད་བྱེད་པའི་ཕྱིར་རོ། །དེས་ན་ཐར་པ་ནི་བདེ་བ་དེ་ལ་ལྟོས་ན་རོ་བྲལ་ཏེ་བཅུད་མེད་པ་ཉིད་དོ། །དེས་ན་སྟེ་བདག་དང་གཞན་དུ་མཉམ་པར་འཐོབ་པ་དེའི་ཕྱིར་གཞན་གྱི་དོན་བྱས་ཀྱང་རློམ་སེམས་དང་ངོ་མཚར་ཏེ་ཡ་མཚན་ཆེར་རྒྱུ་མེད་པའོ། །རྣམ་སྨིན་འབྲས་བུ་ནི་གང་ལས་ཀྱི་རྣམ་པར་ སྨིན་པ་སྟེ་དེ་ལ་ཡང་རེ་ལྟོས་མེད་པའོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་སྟེ། ཆུང་ངུ་ན་ཞེས་པ་ནི་བག་ཙམ་མོ། །མི་སྙན་པ་སྟེ་སྨོད་པའོ། །བསྲུང་བ་ནི་སྦ་བའོ། །ཡང་ཇི་ལྟར་ན་བདག་གཞན་མཉམ་པའི་དུས་སུ་གཞན་གྱི་ལུས་ལ་བདག་ཏུ་གཟུང་བར་བྱ་སྙམ་ པ་ལ་གོམས་པ་ཞེས་སྨོས་ཏེ། གོམས་པ་ནི་ཡང་ནས་ཡང་དུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཞུགས་པས་སོ། །གཞན་དག་གི་ཁུ་བ་དང་ཁྲག་གི་ཐིགས་པའི་དངོས་པོ་ལ་བདག་མེད་ཀྱང་བདག་ཏུ་རློམས་ཏེ་བཟུང་བས་རང་གི་སྙམ་པའི་འདུ་ཤེས་སྐྱེ་བར་འགྱུར་བ་ནི་བུའི་བློ་ལའོ། །དེ་ བཞིན་ཞེས་པ་ནི་གོམས་ནའོ། །གལ་ཏེ་གཞན་གང་ཡིན་པ་ནི་དེ་ཉིད་བདག་ཏུ་བྱས་པའི་ལྟ་ན་བདག་གཞན་མཉམ་པར་མི་ནུས་ཏེ། དེ་ནི་ཐ་དད་པར་གྱུར་པའི་ཕྱིར་རོ་སྙམ་པ་ལ། བདག་གི་ལུས་ནི་ཞེས་སྨོས་ཏེ། དཀའ་བ་མེད་ཅེས་བྱ་བ་ནི་ཚེགས་མེད་པའོ། །བདག་དང་ གཞན་དུ་མཉམ་པ་བསྟན་ནས། བདག་དང་གཞན་དུ་བརྗེ་བ་བསྟན་པའི་ཕྱིར། བདག་ཉིད་ཅེས་སྨོས་ཏེ། གཞན་བླང་ཞེས་པ་ནི་གཞན་རྣམས་ལ་བདག་གོ་སྙམ་པའི་བློ་བསྐྱེད་པའོ། །སོ་སོ་སོ་སོར་བདག་དང་གཞན་དུ་བརྗེ་བར་ཇི་ལྟར་ནུས་ཤེ་ན། ཇི་ལྟར་ཞེས་སྨོས་ཏེ། ཇི་ལྟར་ལུས་ ཀྱི་ཡན་ལག་ཐ་དད་དུ་ཟིན་ཀྱང་ཞན་པའི་ལུས་པོ་གཅིག་ཏུ་ཐ་སྙད་བྱེད་པ་ལྟར་འགྲོ་བའི་ཡན་ལག་ཐ་དད་པར་གྱུར་པ་ལ་ཆགས་པའི་རྣམ་པར་འགྲོ་བ་ཞེས་བྱ་བ་གཅིག་ཉིད་དུ་བཟུང་ལ་འགྲོ་བ་དེ་དང་བརྗེ་བར་བྱའོ། །བདག་དང་གཞན་དུ་བརྗེ་བའི་འཐད་པ་བསྟན་པའི་ ཕྱིར། ཇི་ལྟར་བདག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུང་ངུ་ཞེས་བྱ་བ་ནི་མངོན་པར་འདོད་པ་མྱུར་དུ་བསྒྲུབ་པའོ། །མི་སྙན་པ་ནི་དགའ་བ་ལས་བཟློག་པའི་སྦྱོར་བ་ལ་སོགས་པས་སྡུག་བསྔལ་ལོ། །སྲུང་ཞེས་པ་ནི་སྦེད་པའོ། །དེ་བས་ཏེ་དེ་ཉིད་ཀྱི་ཕྱིར་ལུས་དང་སེམས་ བསྲུང་བ་ལྟ་ཞོག །མཚན་ཏེ་མིང་ཡང་བྱིན་གྱིས་བརླབས་སོ་ཞེས་འབྲེལ་ཏོ། །འཁོར་ནི་ཚོགས་པའོ། །བསལ་བ་ནི་འཇིགས་པ་མེད་པར་བྱ་བའོ། །དེ་ཉིད་དམ་དེ་ལས་འཇིགས་པ་གཞན་མེད་དོ། །གཞན་ཡང་དཀའ་བ་རྣམས་ལས་ཕྱིར་ལྡོག་པར་མི་བྱ་བའི་རིགས་པ་ བསྟན་པའི་ཕྱིར། དཀའ་བ་ཞེས་སྨོས་ཏེ། མཐུ་ཞེས་པ་ནི་ནུས་པའོ། །ད་ནི་བདག་དང་གཞན་དུ་བརྗེ་བའི་ཚིག་དངོས་སུ་བསྟན་པའི་ཕྱིར། གང་ཞིག་ཅེས་སྨོས་ཏེ། གསང་བ་ནི་དམན་པ་རྣམས་ལ་བསྟན་པར་མི་བྱ་བའི་ཕྱིར་རོ། །དམ་པ་ནི་བྱང་ཆུབ་བསྒྲུབ་པ་ཡིན་པའི་ཕྱིར་ རོ། །གཞན་ཡང་བདག་ལུས་ཞེས་བྱ་བ་ལ་སོགས་པ་ལ་ནི་བདག་གི་ལུས་ལ་ཆགས་པ་ནི་ཞེན་པའོ། །བདག་འཇིགས་པར་བྱེད་པས་ན་འཇིགས་པའོ། །ཆུང་ངུ་སྟེ་ཚེར་མ་ལ་སོགས་པའོ། །ནད་ནི་ནད་ཚ་བའོ། །ལམ་སྒུགས་བྱེད་ཅེས་པ་ནི་གཞན་ལ་རྐུ་བཤམ་པའི་ཕྱིར། ལམ་དུ་སྒུགས་པར་བྱེད་པའོ། །སྲུང་བར་བྱེད་པ་ནི་སྐྱོང་བར་བྱེད་པ་སྟེ། གཞན་གྱིས་དམ་པར་བྱེད་པའོ། །མཆོད་པར་བྱེད་པ་ནི་གོས་ལ་སོགས་པས་སོ། །བདག་ཉིད་ཀྱིས་སྐྱོན་རྣམས་བརྗོད་ནས་བདག་གི་དོན་དང་གཞན་གྱི་དོན་སྤྱོད་པའི་སྐྱོན་དང་ཡོན་ཏན་བརྗོད་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། བདག་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་འགྲོ་ནི་ལྷ་དང་མི་ལ་སོགས་པའི་འགྲོ་བའོ། །རིམ་གྲོ་ནི་བཀུར་སྟིའོ། །བློ་ནི་ཤེས་རབ་འཕེལ་བར་འགྱུར་བའོ། །དེ་ཀུན་རང་བདེ་འདོད་ལས་བྱུང་ ཞེས་པ་དང་། བྱིས་པ་རྣམས་དང་ཐུབ་པའི་ཁྱད་པར་ཏེ་བྱེ་བྲག་ལྟོས་ཞེས་པ་དང་འབྲེལ་ཏོ། །སངས་རྒྱས་ཉིད་བསྒྲུབ་པར་བྱ་བ་ཁས་མི་ལེན་དུ་ཆུག །དེས་འཁོར་བར་བདེ་བ་ཡང་ཐོབ་པར་མི་འགྱུར་བ་སྟེ། བདག་དང་གཞན་དུ་མ་བརྗེས་པར་ལྷ་དང་མིའི་གོ་འཕང་འཐོབ་པར་མི་འགྱུར་ ཞེས་པའོ། །དཔེར་ན་བྲན་གཡོག་ལས་བྱེད་དུ་མ་བཏུབ་ན་རྗེ་དཔོན་གྱིས་འཚོ་བ་ལ་སོགས་པ་མི་སྦྱིན་ཞིང་། རྗེ་དཔོན་འཚོ་བ་སྟེར་དུ་མ་བཏུབ་ན་བྲན་གཡོག་གིས་ལས་མི་བྱེད་པ་བཞིན་ནོ། །མཐོང་བ་དང་མ་མཐོང་བ་ལ་བདེ་བར་འགྱུར་བ་ནི་བདེ་བར་ནུས་པའོ། །བདེ་སྐྱིད་ནི་ བདེ་ཞིང་སྐྱིད་པའོ། །བདག་འཛིན་ནི་ངར་འཛིན་པའོ། །དེས་ཞེས་པ་ནི་བདག་ཏུ་འཛིན་པས་སོ། །དེས་ལྟས་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །བདག་དང་གཞན་དུ་བརྗེ་བ་རབ་ཏུ་བསྒྲུབས་ནས། འདིར་བསྟན་པར་བྱ་བའི་རང་གི་ཡིད་ལ་རྗེས་སུ་གདམས་ པ་བསྟན་པར་བཞེད་ནས། བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ཉིད་ཀྱི་དགོངས་པ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ནམ། དེ་ཇི་ལྟར་གཞན་འབའ་ཞིག་བསྒྲུབ་པར་བྱ་སྙམ་པ་ལ། གཞན་དབང་ཞེས་སྨོས་ཏེ། ཁྱོད་ཀྱིས་བདག་དང་གཞན་དུ་བརྗེས་པས་མིག་ལ་སོགས་ པ་གཞན་གྱི་དབང་དུ་གྱུར་པ་ཡིན་ལ། གཞན་དབང་དེས་རང་དོན་ཏེ་རང་བདེ་བར་བྱ་བའི་ཆེད་དུ་ཡུལ་ལ་ལྟ་བ་ལ་སོགས་པ་བསྒྲུབ་པར་རིགས་པ་མ་ཡིན་ནོ། །ཚིགས་བཅད་ཕྱེད་གོང་མས་མིག་ལ་སོགས་པ་བཟུང་སྟེ་བརྗོད་ནས་ཕྱེད་འོག་མས་ལག་པ་ལ་སོགས་པ་བྱེ་བྲག་ཏུ་སྨོས་ སོ། །དེས་ན་སྟེ་དེའི་ཕྱིར་རོ། །སེམས་ཅན་དབང་བྱས་ཏེ་སེམས་ཅན་གཞན་གྱི་དབང་དུ་གྱུར་པར་བྱས་ནས་གང་གོས་ལ་སོགས་པ་དེ་དག་ནི་ལུས་ལས་ཕྲོགས་ཤིང་ལོང་ལ་གཞན་དག་ལ་སྟེ་སེམས་ཅན་ལ་ཕན་པ་རབ་ཏུ་སྤྱོད་ཅིག་པའོ། །དམན་སོགས་ཏེ་ཆུང་བ་ལ་སོགས་པའོ། ། རྣམ་རྟོག་མེད་པར་ཏེ་ཐེ་ཚོམ་མེད་པས་སོ། །ཕྲག་དོག་ལ་སོགས་པ་བསྒོམས་པ་དེ་ཉིད་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཆེ་བར་གྲགས་པ་དང་བདག་ལ་མེད་པར་གྲགས་ཞེས་བྱ་བ་གཉི་ག་ཡང་མི་འདོད་པའི་ཚིག་གོ། །བདག་ལ་ཡོན་ཏན་མེད་པས་ ཁྱོད་ལ་ཅི་གོད་དེ། རང་ཉིད་ཡོན་ཏན་དང་ལྡན་པ་ཉིད་ཀྱིས་ཆོག་མོད། ཁོ་བོ་ཅག་གི་སེམས་ཁྲལ་གྱིས་ཅི་བྱ། གང་བདག་ལ་ཡོན་ཏན་མེད་ཅེས་བྱ་བ་དེ་དག་ཀྱང་ཁས་བླངས་ནས་བརྗོད་པ་སྟེ། རྣམ་པ་ཐམས་ཅད་དུ་ཡོན་ཏན་མེད་པ་ནི་མ་ཡིན་ནོ། དེའི་ ཕྱིར་ཡོན་ཏན་ཐམས་ཅད་དང་ལྡན་པར་བྱ་བའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གང་ན་ཞེས་སྨོས་ཏེ། འཇིག་རྟེན་པའི་ནང་ནའོ། །འདི་ཞེས་པ་ནི་སྔར་གྱི་བདག་གི་དངོས་པོའོ། །བདག་ཅེས་པ་ནི་གཞན་གྱི་དངོས་པོའོ། །ཡང་ན་ཚུལ་ཁྲིམས་ཀྱིས་ཕོངས་པ་ལ་སོགས་པ་དེས་ཁྱོད་ དམན་པ་ཉིད་ཀྱིས་ཁོ་བོ་ནི་མ་ཡིན་ནོ་ཞེས་ཟེར་ན་ཚུལ་ཁྲིམས་ཞེས་སྨོས་ཏེ། ཚུལ་ཁྲིམས་ཀྱིས་ཕོངས་པ་ནི་ཚུལ་ཁྲིམས་འཆལ་པ་ལ་སོགས་པའོ། །ལྟ་བས་ཕོངས་པ་ནི་སྦྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པའི་རྣམ་པས་ལོག་པར་ལྟ་བ་རྣམས་སོ། །འཚོ་བས་ཕོངས་པ་ནི་ཞིང་ ལས་ལ་སོགས་པས་འཚོ་བ་རྣམས་ཏེ། དེ་དག་ཐམས་ཅད་ཀྱང་ཉོན་མོངས་པའི་སྟོབས་ཏེ་ནུས་པས་ཡིན་གྱི་བདག་གི་འདོད་པས་ནི་མ་ཡིན་ནོ། །ཅི་སྟེ་ཁྱོད་ཀྱི་ནུས་པས་ལྟ་ན་ནི་དེའི་ཚེ་བདག་སོས་ཤིག་དང་ཁྱོད་ལ་ཅི་རིགས་པར་བྱ་བའི་རྔན་ཅན་མི་བྱ། ནུས་ཚད་ཀྱི་གནོད་པ་དང་ན་ཚ་ ཡང་བདག་གིས་བསྲན་པར་བྱ་བའོ། །བདག་ཅེས་པ་ནི་གཞན་དུ་གྱུར་པའོ། །བརྙས་པ་ནི་རྔན་ཅན་ནོ། །ཡོན་ཏན་དེ་དག་གིས་བདག་ལ་ཅི་བྱ་སྟེ་དགོས་པ་ཅི་ཡོད་ཅེས་བྱ་བའོ། །འདི་ནི་ཞེས་པ་ནི་སྔར་གྱི་བདག་ཡོན་ཏན་དང་ལྡན་པ་སྟེ། དེས་ཀྱང་བདག་ལ་ཅི་ཡང་བྱར་མེད་དོ། ། ངན་འགྲོ་སྟེ་སེང་གེ་ལ་སོགས་པའི་ཁར་རོ། །བཟང་བར་འདོད་པ་ནི་གཞན་ཟིལ་གྱིས་མནན་པར་འདོད་པའོ། །དེ་ལྟར་མཐོ་བ་རྣམས་ལ་ཕྲག་དོག་བྱ་བ་བསྟན་ནས། མཉམ་པོ་རྣམས་ལ་འགྲན་པར་བྱ་བ་བསྟན་པའི་ཕྱིར། བདག་དང་མཉམ་པ་ལ་ཞེས་སྨོས་སོ། །བདག་སྟེ་ གཞན་དུ་གྱུར་པ་ལ་གཞན་པའི་མིའི་ཡོན་ཏན་ལ་སོགས་པས་མཉམ་པ་སྟེ་མཚུངས་པ་ལ་བལྟས་ནས་འགྲན་སེམས་ཀྱིས་ལྷག་པར་ཞེས་བྱ་བའི་དོན་གྱིས་ཏེ། གང་ཙུག་བྱས་ནས་ཀྱང་བདག་རྙེད་པ་དང་བཀུར་སྟི་ལ་སོགས་པས་ཡང་ལྷག་པར་བྱ་བ་སྟེ། རྙེད་པ་དང་བཀུར་སྟི་ནི་ཞེས་པ་ནི་ བསྡུ་བར་བྱས་པའོ། །དེའི་ཚེ་གཞན་གྱི་ལ་རྩོད་པས་ཀྱང་བདག་གིས་ཞེས་རློམ་ཞིང་བསྒྲུབ་པར་བྱ་བའོ། །ཀྱང་ཞེས་པ་ནི་སྲིད་ནའི་དོན་ཏོ། །གཉིས་པ་ནི་ངེས་པར་གཟུང་བའི་དེའོ། །བདག་ནི་ཞེས་པ་ནི་གཞན་ནོ། །འདི་ལ་མིན་ཞེན་པ་ནི་སྔར་གྱི་བདག་ལའོ། །ལེགས་རྙེད་ཅེས་བྱ་བ་ལ་ གྱུར་ཞེས་བྱ་བ་ལྷག་མའོ། །མ་རུངས་པར་བྱས་པ་ནི་རྙེད་པ་ལ་སོགས་པས་བསླུས་པའོ། །བཞད་གད་དེ་སྐྱོན་བརྗོད་པས་བཞད་གད་བྱ་བའོ། །སྨོད་པ་ནི་མཚང་འདྲུ་བའོ། །ཉོན་མོངས་ཞེས་བྱ་བ་ནི་ལྟ་ངན་ཞེས་བྱ་བའོ། །འགྲན་པ་ནི་མཉམ་པར་རེ་བའོ། །ཐོས་པ་སྟེ་བསྟན་བཅོས་ལ་ སོགས་པ་ཐོས་པ་དང་། ཤེས་རབ་དང་གཟུགས་དང་རིགས་དང་ནོར་རྣམས་ཀྱིས་ཅི་རེ་ཞིག་འདི་དང་མཉམ་མམ་སྟེ་མཚུངས་སམ་ཞེས་བྱ་བའོ། །ཡོན་ཏན་ཞེས་པ་ནི་གཞན་གྱི་ཡོན་ཏན་ཆེན་པོ་ཉིད་དུ་གྱུར་པ་སྟེ་དེ་ཉིད་བསྒྲུབས་པ་ཡང་ཡིན་ནོ། །ཅི་སྟེ་བརྒྱ་ལམ་ཞིག་ན་འདི་རྙེད་པ་དང་ལྡན་པར་ གྱུར་སྲིད་ན་དེའི་ཚེ་ཇི་ལྟར་དུ་བྱ་སྙམ་པ་ལ། འདི་ལ་ཞེས་སྨོས་ཏེ། ཀྱང་ཞེས་པ་ནི་སྲིད་ནའི་དོན་ཏོ། །ཅི་ཐམས་ཅད་བླང་བར་བྱ་བ་ཁོ་ན་ཡིན་སྙམ་པ་ལ། ངའི་ཞེས་སྨོས་ཏེ། གལ་ཏེ་ངའི་བཀའ་བསྒོ་བ་བཞིན་བྱེད་ན་དེའི་ཚེ་འཚོ་བའམ་སྟེ། ཚེ་ཕྱེད་ཙམ་ལྟ་ངན་འདི་ལ་སྦྱིན་པར་བྱའོ། །གཞན་ ཡང་འདི་གལ་ཏེ་བདེ་ཞིང་སྐྱིད་པར་གྱུར་ན་དེའི་ཚེ་དེ་ལས་ཉམས་པར་བྱ་ཞིང་བདག་གི་ཇི་ལྟར་གནོད་པར་འགྱུར་བའི་གནོད་པ་ལ་ཡང་སྦྱར་བར་བྱ་སྟེ། དེ་བཞིན་དུ་འདི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རིམ་གྱིས་རིགས་པ་འཇམ་ཕུགས་ཉིད་ཀྱིས་གདམས་པར་བྱ་བའི་ ཕྱིར། ཡིད་ཁྱོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་འདོད་པ་ནི་ཤེས་པར་འདོད་པའོ། །ངལ་བ་ནི་རང་གི་དོན་ལ་ཐང་ཆད་པའོ། །དེ་ལྟར་དེའི་བཀའ་ཚིག་འཇམ་པའོ། །གདམས་པ་ལྟར་འདིར་གཞན་གྱི་དོན་ལ་ཡང་རང་གི་ལ་འཇུག་པ་བཞིན་དུ་ཞུགས་ཤིག་པའོ། །ངེས་ པར་ཞེས་པ་ནི་མ་དཔྱད་པར་ཞེས་བྱ་བ་སྟེ། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཧ་ཅང་དཔྱད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །མི་སླུ་བ་ནི་དོན་ཇི་ལྟ་བ་བཞིན་དུའོ། །ལས་འདི་ཞེས་པ་ནི་གཞན་གྱི་དོན་གྱི་མཚན་ཉིད་དོ། །ཕུན་སུམ་བདེ་བ་ནི་བདེ་བ་ཕུན་སུམ་ཚོགས་པའོ། །ཇི་ལྟར་ཞིག་ སྙམ་པ་ལ་སངས་རྒྱས་ཏེ་སངས་རྒྱས་ཉིད་ཕུན་སུམ་ཚོགས་པའོ། །མཇུག་བསྡུ་བའི་ཚུལ་གྱིས་སེམས་བརྟན་པར་བྱ་བའི་ཕྱིར། དེ་བས་ཞེས་སྨོས་སོ། །བྱ་མ་རྟ་ཞེས་བྱ་བ་བྱས་པ་བཞིན་དུ་བྱ་བའི་རྟོག་ཆེན་བྱེད་པའོ། །བརྟགས་ནས་གཞན་གྱིས་མ་བཤིག་པར་རོ། ། ཡང་ཕྲག་དོག་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། བདག་སྐྱིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ལ་ཕྲག་དོག་བྱེད་པ་ཡང་སྔར་གྱི་བདག་ལའོ། །སྐྱོན་ནི་ཉེས་པའོ། །རང་གི་ཞེས་པ་ནི་སྔར་གྱི་བདག་གོ། །གཞན་གྱི་གྲགས་པ་དེ་རབ་ཏུ་བསལ་བར་བྱ་བའི་ཕྱིར། རང་གི་གྲགས་པ་ བསལ་བའི་ཕྱིར་ཏེ་སྨད་པར་གྱིས་ཤིག་པའོ། །བྲན་གྱི་ཐ་མ་ནི་ཤིན་ཏུ་དམན་རིགས་སོ། །བཀོལ་བར་གྱིས་ཞེས་པ་ནི་ལས་ལ་ཆུག་ཤིག་པའོ། །གློ་བུར་ཡོན་ཏན་ཞེས་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡོན་ཏན་ཕལ་ཆེར་མི་བརྟན་པ་ཡིན་པའི་ཕྱིར་རོ། །ཆ་ནི་དེའི་ཆ་ཤས་སོ། །གཞན་ལ་ གནོད་བྱས་ནི་གཞན་ལ་གནོད་པ་བྱས་པའོ། །གནོད་དེ་སྡུག་བསྔལ་དེའོ། །གཉའ་དྲག་པ་ནི་ཁོག་ཤེད་སྐྱེས་པའོ། །ཤེད་སྐྱེས་པ་ནི་རྣམ་སྨིན་ཆེ་བའོ། །ངོ་ཚ་བ་ནི་བྱ་བར་མི་འོས་པའི་ལས་ལ་ཞུམ་པའོ། །འཇིགས་པ་ནི་ཉམས་ཀྱིས་དོགས་པས་སྐྲག་པའོ། །བསྡམས་པ་ནི་དབང་ པོ་བཏུལ་བའོ། །དེ་ལྟར་ལུས་འདི་དབང་དུ་བྱ་བར་རིགས་པ་ལས་འགལ་ཏེ་འདས་ན་ནི་ཆད་པས་གཅད་པར་བྱ་སྟེ། གནོད་པ་བསྐྱལ་བར་བྱའོ། །ད་ནི་སེམས་ལ་ཆད་པ་གཅད་པར་བྱ་བའི་ཕྱིར། འོན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརླག་པ་ནི་དམྱལ་བ་ལ་སོགས་པར་ཁྲིད་ པའོ། །དྲེགས་པ་སྟེ་ཁོང་རྒྱགས་པའོ། །ད་དུང་དུ་དོན་ཡོད་དོ་སྙམ་ནས་དོན་ལ་སྦྱར་བར་བྱེད་པ་དེ་འོར་ལ་གཞན་གྱི་བྱ་བ་ལ་ཞུགས་ཤིག་པའོ། །སྐྱོ་བ་སྟེ་སྡུག་བསྔལ་གྱིས་སོ། །གལ་ཏེ་ནི་ཅི་སྟེའོ། །བག་མེད་པ་ནི་ཉམས་པའོ། །དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་ཁྱོད་དང་རྗེས་སུ་མཐུན་ པའི་སྤྱོད་པ་སྤྱད་པའི་རྒྱུ་མཚན་གྱིས་ཁྱོད་ཀྱིས་ཁོ་བོ་དམྱལ་བའི་སྲུང་མ་རྣམས་ལ་བྱིན་ནས་དུས་རིང་དུ་སྡུག་ཅིང་བསྔལ་བའི་སྣོད་འབའ་ཞིག་བྱས་པར་འགྱུར་རོ། །རང་དོན་ཏེ་རང་འདོད་དོ། །སེམས་པ་ནི་དམན་པ་སྟེ་བྲན་དང་འདྲ་བའོ། །གཞོམ་ཞེས་པ་ནི་འགལ་བར་བྱེད་པའོ། །ད་ནི་ འཇམ་ཕུགས་ཀྱི་རིགས་པས་སེམས་ལ་བསླབ་པར་བྱ་བའི་ཕྱིར། དེ་སྟེ་ཞེས་སྨོས་ཏེ། བདག་ཅེས་བྱ་བ་ནི་ཕུང་པོ་ལྔའོ། །དགའ་བ་ནི་ཀུན་ནས་ཆགས་པའོ། །རང་ལ་དགའ་བ་ནི་རང་བྱིས་པ་སྟེ་འགྲོ་སར་འགྲོ་བར་མི་འདོད་པའོ། །བསྲུང་བར་འདོད་པ་སྟེ་ངན་འགྲོ་ལས་ སོ། །བསྲུང་བར་བྱ་བ་ནི་ལོག་པར་འཚོ་བ་ལ་སོགས་པས་སྦྱོང་བ་རྣམས་བསྲུངས་ལ་གཞན་དག་གི་དོན་ལ་ངེས་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྦྱངས་ནས་སྐྱོན་ཅི་ཡོད་སྙམ་པ་ལ། ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྐྱོང་བ་བཟོ་བས་སོ། །བཟེ་རེ་ ཅན་ཏེ་ཤིན་ཏུ་སྲན་ཆུང་བར་རོ། །ལྟུང་བ་ནི་དགེ་བ་ལ་ཉམས་པར་འགྱུར་བའོ། །འདི་ནི་སྟེ་ལུས་པོའོ། །དེ་ལྟར་ཏེ་བདེ་བ་ལ་རྔམ་པས་ལྷུང་ཡང་དེ་ལ་ཀུན་ཏུ་ཆགས་པའོ། །འདོད་པ་ནི་ཁོང་བརྐམ་པའོ། །དེའི་འདོད་པ་སུས་བྱེད་ནུས་ཞེས་པ་ནི་སུས་ཀྱང་དགའ་བར་མི་ ནུས་སོ་ཞེས་བྱ་བ་སྟེ། དཔེར་ན་རྒྱལ་པོ་ང་ལས་ནུས་འཛམ་བུའི་གླིང་ལ་དབང་བྱས་ཏེ། དེས་མཆོག་ནས་གླིང་བཞི་ལ་དབང་སྒྱུར་བའི་དབང་ཕྱུག་ཏུ་གྱུར་ནས་ཀྱང་བརྒྱ་བྱིན་གྱི་ཕྱེད་སྟན་ཐོབ་ལ་དེས་ཀྱང་ཆོག་པར་མ་གྱུར་པ་བཞིན་ནོ། །གཞན་ཡང་འདོད་པ་བྱེད་མི་ནུས་པ་ནི་ བྱ་ཐག་ཆད་དོ། །ཉོན་མོངས་པ་ནི་ཐང་ཆད་པའོ། །བསམ་པ་ཉམས་པ་ནི་རེ་བ་རྡུགས་པའོ། །རེ་ཐག་ཆད་པ་ནི་རབ་ཏུ་རྡུགས་པའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ནུས་པའམ་མི་ནུས་པ་ཐམས་ཅད་དུའོ། །མ་དཔྱད་པ་ནི་ཉམས་ཤིང་ཆུང་བ་ཉིད་དོ། །མི་ཉམས་པ་ནི་རྒྱ་ཆེ་བ་སྟེ། ཕུན་ སུམ་ཚོགས་པ་ལྷག་པའོ་ཞེས་བྱ་བའི་དོན་ཏོ། །འདོད་པ་ནི་རང་དབང་སྟེ་ལུས་དང་སེམས་ཀྱི་འདོད་པ་གཞན་ལ་སྦྱོར་བའི་ཕྱིར་རོ། །ཡང་ན་ཡུལ་ལ་འདོད་པས་འཕེལ་བ་ནི་ལུས་སོ། །མངོན་པར་འདོད་ཀྱང་སྐབས་དབྱེ་བར་མི་བྱ་སྟེ། གང་ལ་འཛིན་པ་མེད་ཅིང་ཁས་མི་ལེན་པ་དེའི་དངོས་པོ་ བཟང་པོ་ཡིན་པའི་ཕྱིར། དེས་ཁས་ལེན་པ་བཟང་པོ་མ་ཡིན་པའི་ཕྱིར་རོ། །གང་ཞིག་ཅེས་པ་ནི་གང་སྲིད་པའོ། །ཡིད་འོང་ནི་རང་གི་ལུས་སོ། །གང་གི་ཕྱིར་འཛིན་པར་མི་བྱེད་སྙམ་པ་ལ། ཐ་མར་ཞེས་སྨོས་ཏེ། ཐ་མར་ནམ་ཤི་བའི་དུས་སུ་ཐལ་བ་ལ་གནས་པར་འགྱུར་རོ་ཞེས་བྱ་ བ་འམ། །ཡང་ན་ཤིན་ཏུ་མཐར་གཏུགས་པའི་དུས་སུ་ཐལ་བ་ཉིད་དུ་འགྱུར་བའོ། །མི་གཡོ་བ་ནི་མི་འགུལ་བའོ། །གཞན་གྱིས་ཏེ་ཡིད་ཀྱིས་སོ། །གསོན་པོའི་ལུས་གཟུང་བར་མི་བྱ་བའི་འཐད་པ་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེས་སྨོས་ཏེ། འཁྲུལ་འཁོར་ནི་ ལུས་ཀྱིས་སོ། །ཀྱི་ཧུད་ཅེས་པ་ནི་སྤྱིར་སྨྲེ་སྔགས་བཏང་བའོ། །སེལ་མི་བྱེད་ཞེས་ཟློག་པར་མི་བྱེད་ཅེས་བྱ་བ་སྟེ། ཡུལ་མ་ཡིན་པ་ལ་འཇུག་པར་བྱེད་དམ་ཞེས་བྱ་བའི་དོན་ཏོ། །ཁ་ད་བྱེད་ནི་ཀུན་ཏུ་འཛིན་པའོ། །སྐྱོང་བ་ནི་ཁ་ཟས་གྱ་ནོམ་པ་ལ་སོགས་པས་རྒྱས་པར་གསོ་བའོ། ། ཆགས་པ་མེད་པ་ནི་སེམས་ལའོ། །ཞེ་སྡང་མེད་པ་ནི་བྱ་རྒོད་ལ་སོགས་པའོ། །གང་ཞིག་སྨད་པ་སྟེ་ངན་སྨྲས་བརྗོད་པས་ཁྲོ་བ་མེད་པ་ནི་སེམས་ལས་གཞན་པའི་ཕྱིར་རོ། །མི་ཤེས་པ་སྟེ་དེ་ཉིད་ལུས་སོ་ཞེས་མ་ཤེས་ནའོ། །ངལ་བ་ནི་དུབ་པར་བྱས་པའོ། །བདག་གིས་གང་གི་དོན་ངལ་བར་ བྱ་ཞེ་འམ། ཡང་ན་གང་གིས་ན་བདག་གི་ངལ་བ་ཞེས་བྱའོ། །གཞན་ཡང་གང་ཞིག་ལུས་འདི་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་ལ་ཕན་ཕྱིར་ཞེས་བྱ་བ་ནི་འགྲོ་ལ་ཕན་པའི་དོན་དུའོ། །ལས་བྱེད་པའི་སྤྱད་དེ་དཔེར་ན་དགོས་པའི་དོན་དུ་ཆུ་ལ་སོགས་པའི་སྣོད་ལྟ་བུར་སྣང་ངོ་། ། ལུས་ཀྱང་དེ་བཞིན་དུ་གཟུང་བར་བྱའོ། །གང་གི་ཕྱིར་ཡི་དམ་དུ་མ་བྱས་པར་ཉོན་མོངས་པ་ལ་གཞོམ་ཐབས་མེད་པ་དེའི་ཕྱིར་འཇིག་རྟེན་པའི་སྤྱོད་པ་དེ་ཙམ་གྱིས་ཆོག་པས་སོ། །ད་ནི་མཁས་པ་སྟེ་དཔྱས་ར་ཅན་རྣམས་ཀྱི་རྗེས་སུ་སྙོག་པ་ནི་རྗེས་སུ་བསྒྲུབ་པའི་ཕྱིར་རོ། །བག་ཡོད་ པ་ནི་ལུས་དང་སེམས་རྣམ་པར་མ་ཡེངས་པའོ། །གཉིད་དེ་གཉིད་ཀྱིས་བྱིང་བར་འགྱུར་བའོ། །རྨུགས་པ་ནི་ལུས་སྙོམ་པ་སྟེ་ལེ་ལོའི་དབང་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། སྒྲིབ་པ་བསལ་བ་ནི་ཉོན་མོངས་དང་ཤེས་བྱའིའོ། །བདག་ གིས་མཉམ་པར་གཞག་པར་བྱ་བ་ནི་གཏན་དུ་རྒྱུན་མི་འཆད་པར་མཉམ་པར་གཞག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སེམས་རྩེ་གཅིག་པ་ཞེས་བྱ་བ་སྟེ། ལེའུ་བརྒྱད་པའི་དཀའ་འགྲེལ་ལོ།། །།ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མེད་པར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ཐ་སྙད་དུ་བྱ་བར་འོས་པ་མ་ཡིན་པའི་ཕྱིར། བསམ་གཏན་གྱི་རྗེས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བཞེད་ནས། བསྡོགས་པ་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྡོགས་པ་སྦྱིན་པ་ལ་སོགས་པའི་ཚོགས་སོ། ། ཤེས་རབ་ནི་དོན་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་སྟེ། དེའི་དོན་དུ་གསུངས་པ་ནི་བཀའ་སྩལ་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔའོ། །མཚན་ཉིད་ཀྱི་སྡུག་བསྔལ་ལྡོག་པ་སྟེ། ཞི་བར་འདོད་པས་བསྐྱེད་པར་བྱ་བ་ནི་དངོས་སུ་བྱ་བའོ། །དེ་སྐད་དུ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བྲལ་ན་འཁོར་ལོས་སྒྱུར་བའི་མིང་མི་འཐོབ་པོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་པོ་ཞེས་གསུངས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་བའི་ཐབས་སུ་གྱུར་པའི་ཀུན་རྫོབ་དང་དོན་དམ་པ་གཉིས་བསྟན་པར་བཞེད་ནས། ཀུན་རྫོབ་ཅེས་སྨོས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་རྫོབ་པར་བྱེད་སྒྲིབ་པར་བྱེད་པས་ཀུན་རྫོབ་པོ། །དོན་དམ་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །གལ་ཏེ་བདེན་པ་གཉིས་ ཁོ་ན་ཡིན་པའི་ལྟ་ན། འཕགས་པའི་བདེན་པ་བཞི་ཇི་ལྟར་གསུངས་ཤེ་ན། སྡུག་བསྔལ་དང་ཀུན་འབྱུང་དང་། ལམ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པར་འདུས་ལ་འགོག་པ་དོན་དམ་པ་ཉིད་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དོན་དམ་པའི་བདེན་པ་ཅི་འདྲ་བ་ཞིག་སྙམ་ལ། དོན་དམ་ཞེས་བརྗོད་ དོ། །ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྤྲོས་པ་དང་བྲལ་བ་ཡིན་པའི་ཕྱིར་བློ་ནུབ་པར་གྱུར་པས་ན། བློའི་སྤྱོད་ཡུལ་མ་ཡིན་པ་ཉིད་དོན་དམ་པའོ། །ཅི་སྟེ་བློའི་སྤྱོད་ཡུལ་དོན་དམ་པ་མ་ཡིན་ཞེ་ན་མ་ཡིན་ཏེ། བློ་ནི་ཀུན་རྫོབ་ཡིན་པར་བརྗོད་པའི་ཕྱིར་ཏེ། འདི་ལྟར་ཐམས་ཅད་བློ་ལ་ དམིགས་པ་དང་ལྡན་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་རང་བཞིན་ཡིན་ལ། རྣམ་པར་རྟོག་པ་ནི་མ་རིག་པ་ཡིན་པས་སོ། །དེ་ལྟར་ཀུན་རྫོབ་པ་དང་དོན་དམ་པའི་དབྱེ་བས་བདེན་པ་རྣམ་པ་གཉིས་སུ་རྣམ་པར་གཞག་པར་བྱས་ནས། དེའི་དབང་དུ་བྱས་པའི་འཇིག་རྟེན་ཡང་རྣམ་པ་གཉིས་སུ་ བསྟན་པར་བཞེད་ནས། དེ་ལ་ཞེས་སྨོས་ཏེ། འཇིག་པར་བྱེད་ཉམས་པར་བྱེད་པས་ན་འཇིག་རྟེན་ནོ། །རྣམ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པ་གཉིས་དབང་དུ་བྱས་པའི། འཇིག་རྟེན་ཡང་གཉིས་སོ། །མཐོང་བ་ནི་རབ་ཏུ་རྟོགས་པ་སྟེ་ལུང་དང་རིགས་ པས་སོ། །ཐམས་ཅད་མི་དམིགས་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ནི་རྣལ་འབྱོར་རོ། །དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པ་སྟེ་དེ་ཁོ་ན་ཉིད་ཀྱི་དོན་ལ་ལྟ་བའོ། །ཕལ་པ་ནི་འཁོར་བར་འཇུག་པར་བྱེད་པའི་རྒྱུ་མ་རིག་པ་སྟེ་ཕལ་པར་སྐྱེས་པའོ། །ཕལ་པ་ཉིད་འཇིག་རྟེན་ཕལ་པ་སྟེ། འཁྲུལ་པ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ལ་ལྟ་བར་བྱེད་དོ། །དེ་གཉིས་གང་གིས་གང་ལ་གནོད་པར་བྱེད་སྙམ་པ་ལ། དེ་ལ་ཞེས་སྨོས་སོ། །ཅི་སྟེ་ཡང་རྣལ་འབྱོར་པ་རྣམས་ཀྱིས་འཇིག་རྟེན་ཕལ་པ་ཁོ་ན་ལ་གནོད་པར་བྱེད་དམ་འོན་ཏེ་རྣལ་འབྱོར་པ་ལ་ཡང་གནོད་སྙམ་པ་ལ། གོང་མ་ གོང་མ་ཞེས་སྨོས་ཏེ། དེ་དག་གི་བློའི་ཁྱད་པར་གྱིས་སུན་འབྱིན་པར་བྱེད་པ་ནི་གནོད་པར་བྱེད་པའོ། །འཇིག་རྟེན་ཕལ་པའི་ཤེས་པ་འཁྲུལ་པ་ཡིན་པར་ཇི་ལྟར་རྟོགས་པར་བྱ་སྙམ་པ་ལ། གཉི་ག་འདོད་པའི་ཞེས་སྨོས་ཏེ། རྣལ་འབྱོར་པ་དང་ཕལ་པ་གཉི་ག་དངོས་པོ་ མེད་པར་གྲུབ་པའི་སྒྱུ་མ་དང་སྨིག་རྒྱུའི་དཔེས་སོ། །ཀྱང་ཞེས་པ་ནི་ཚུལ་དེ་ལྟར་དངོས་པོ་མེད་པར་སྨྲ་བའི་རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་པ་གཞན་དག་གི་སུན་འབྱིན་ན་འདིར་ཐ་མལ་པའི་ཤེས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །ཆོས་ཐམས་ཅད་དངོས་པོ་མེད་ པ་ཡིན་པའི་ལྟ་ན་ཇི་ལྟར་སྦྱིན་པ་ལ་སོགས་པས་ཚོགས་ཡོངས་སུ་རྫོགས་པར་འགྱུར་སྙམ་པ་ལ། དགོས་པའི་ཞེས་སྨོས་ཏེ། དགོས་པ་ནི་བསྒྲུབ་བྱ་བསྒྲུབ་པའི་རྒྱུ་ཉེ་བར་བླང་བའི་འབྲས་བུའོ། །དོན་དུ་སྟེ་དེའི་རྒྱུ་མཚན་དུའོ། །མི་དཔྱད་ཅེས་པ་ནི་དཔྱད་པར་མི་བྱ་བ་སྟེ། མ་ དཔྱད་པ་དེའི་རྒྱུ་ལ་འཇུག་པར་བྱ་བ་ཡིན་པའི་ཕྱིར་རོ། །དོན་དམ་པར་སྦྱིན་པ་ལ་སོགས་པ་སྒྱུ་མ་ལ་སོགས་པའི་རང་བཞིན་ཡིན་དུ་ཟད་མོད། དེ་ལྟ་ན་ཡང་འཁོར་གསུམ་ཡོངས་སུ་དག་པ་དོན་དམ་པ་ཁོང་དུ་ཆུད་པར་བྱེད་པའི་ཐབས་ཡིན་པས་ན། རྒྱུ་དང་འབྲས་བུའི་དངོས་པོ་ ལས་འགལ་བ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་། ཐ་སྙད་པའི་བདེན་པ་ནི་ཐབས་སུ་གྱུར་པའོ། །དོན་དམ་པའི་བདེན་པ་ནི་ཐབས་ལས་བྱུང་བར་གྱུར་པའོ་ཞེས་གསུངས་སོ། །གལ་ཏེ་འདི་ལྟར་རྣལ་འབྱོར་པས་སྒྱུ་མའི་རང་བཞིན་དུ་མཐོང་བའི་དངོས་པོ་དེ་ཉིད་འཇིག་རྟེན་པས་ཀྱང་ མཐོང་བ་མ་ཡིན་ནམ། དེ་ཅི་སྟེ་རྩོད་པར་བྱེད་སྙམ་པ་ལ། འཇིག་རྟེན་ཞེས་སྨོས་ཏེ། སྐྱེ་བོ་ཐ་མལ་པ་རྣམས་ཀྱིས་ནི་མེད་པ་ཉིད་ལ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བས་དངོས་པོར་མཐོང་ལ་ཡང་དག་ཉིད་དུ་འང་སྟེ་བདེན་པའི་རང་བཞིན་དུ་འཛིན་གྱི། ཇི་ལྟར་རྣལ་འབྱོར་པས་སྒྱུ་མ་ ལྟར་མཐོང་བ་ལྟར་འཇིག་རྟེན་པས་མ་ཡིན་པས་ན་འདིར་རྣམ་པར་རྩོད་པར་བྱེད་དོ། །གཟུགས་ལ་སོགས་པས་དོན་བྱེད་པར་ནུས་པ་མངོན་སུམ་དུ་གྲུབ་པ་མ་ཡིན་ནམ། དེ་ལ་ཇི་ལྟར་ན་བསྙོན་གདབ་པར་བྱ་སྙམ་པ་ལ། གཟུགས་སོགས་ཞེས་སྨོས་ཏེ། གང་གཟུགས་ལ་སོགས་ པ་མངོན་སུམ་དུ་གྲུབ་ཏུ་ཟིན་ཀྱང་རབ་ཏུ་གྲགས་པ་སྟེ་འཇིག་རྟེན་པས་སྨྲ་བར་བྱེད་པ་ཙམ་མོ་ཞེས་བྱ་བའི་དོན་ཡིན་ནོ། །ཚད་མ་སྟེ་དོན་དམ་པའི་ཚད་མས་ཁོང་དུ་ཆུད་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་ཀུན་རྫོབ་པའི་ཚད་མས་བཟུང་བ་ཡིན་པས་ན་ཀུན་རྫོབ་ཉིད་དོ། །དེ་སྐད་དུ་ཡང་། གང་ཞིག་དབང་པོ་ལ་དམིགས་པ། །དེ་ཡི་གལ་ཏེ་དོན་དམ་ཡིན། །དེ་ཉིད་བྱིས་པས་རིག་པས་ན། །དོན་དམ་ཤེས་པ་དེ་ཅི་བྱ། །ཞེས་གསུངས་སོ། །མངོན་སུམ་དུ་གྲུབ་ཀྱང་བརྫུན་པའི་དཔེ་གང་སྙམ་པ་ལ། དེ་ནི་མི་གཙང་ཞེས་སྨོས་ཏེ། འདི་ལྟར་བུད་མེད་ཀྱི་ལུས་པོ་ ལ་སོགས་པ་མི་གཙང་བའི་དངོས་པོ་རྣམས་ལ་ཞེན་པའི་དབང་གིས་གཙང་བའི་བློ་སྐྱེས་པ་དེ་ཉིད་བརྫུན་པ་ཉིད་དེ། དེ་མ་ཡིན་ལ་དེར་གཟུང་བའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་ངོ་། །གལ་ཏེ་ཚད་མས་གྲུབ་པའི་དངོས་པོ་མ་ཡིན་དུ་ཆུག །དེ་ལྟར་ བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པ་བསྟན་པར་མཛད་པ་ཇི་ལྟར་སྙམ་པ་ལ། འཇིག་རྟེན་ཞེས་སྨོས་ཏེ། དངོས་པོར་མངོན་པར་ཞེན་པའི་འཇིག་རྟེན་པ་སྟོང་པ་ཉིད་ལ་གཟུད་པར་བྱ་བའི་ཕྱིར་ཕུང་པོ་ལ་སོགས་པ་བརྟན་པར་མཛད་པ་སྟེ། དང་པོ་ནས་སྟོང་པ་ཉིད་བརྗོད་ན་ སྐྲག་པར་གྱུར་པའི་ཕྱིར་རོ། །དེ་སྐད་དུ་ཡང་། རྒྱལ་བས་བདག་དང་བདག་གི་ཞེས། །གསུངས་པ་དགོས་པའི་དབང་གིས་ཏེ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། །དེ་བཞིན་དགོས་པའི་དབང་གིས་གསུངས། །ཞེས་འབྱུང་ངོ་། །སྐད་ཅིག་མར་གསུངས་ པས་ན་དངོས་པོ་ཡོད་པ་ཉིད་དོ་སྙམ་པ་ལ། དེ་བཞིན་ཉིད་ཅེས་སྨོས་ཏེ། དོན་དམ་པར་དངོས་པོ་མེད་པ་ཡིན་པའི་ཕྱིར་སྐད་ཅིག་མ་ཡང་མ་ཡིན་ནོ། །འོ་ན་ད་ལྟར་ཇི་སྐད་དུ་བརྗོད་པར་བྱ་སྙམ་པ་ལ། ཀུན་རྫོབ་ཡིན་ཞེས་སྨོས་སོ། །གཞན་གྱི་བརྗོད་པ་འགལ་བར་འགྱུར་ཞེས་སྨོས་ཏེ། འགལ་བར་འགྱུར་བ་ནི་སྐད་ཅིག་མ་མ་ཡིན་པར་གྲགས་པས་ན་གྲགས་པ་དང་འགལ་ལོ་ཞེས་བྱ་བའི་དོན་ཏོ། །ལན་བརྗོད་པ་རྣལ་འབྱོར་པ་སྟེ། གང་ཟག་གི་བདག་མེད་པར་རྟོགས་པ་རྣམས་ཀྱིས་ཀུན་རྫོབ་སྐད་ཅིག་མ་ཉིད་དུ་སྣང་བའི་ཕྱིར་ཉེས་པ་མེད་དེ། གྲགས་པ་དང་འགལ་བའི་ ཉེས་པ་ཡོད་པ་མ་ཡིན་ནོ། །དོན་དམ་པར་ནི་དེ་དག་ཡོད་པ་མ་ཡིན་ཏེ། བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་པ་ཁོ་ནས་མཐོང་བ་ཇི་ལྟར་སྙམ་པ་ལ། འཇིག་རྟེན་ལ་ཞེས་སྨོས་ཏེ། གཞན་དུ་ཞེས་བྱ་བ་ནི་གལ་ཏེ་རྣལ་འབྱོར་པ་རྣམས་ཀྱིས་ དེ་ཁོ་ན་ཉིད་མཐོང་བར་མ་གྱུར་ན་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་གཟུགས་ཕུང་མི་གཙང་བར་གསུངས་པ་ལ། འཇིག་རྟེན་པས་གཙང་བ་ཉིད་དུ་མངོན་པར་རློམས་པས་གནོད་པར་འགྱུར་རོ། །གལ་ཏེ་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་ཡིན་ན་དེའི་ཚེ་རྒྱལ་བ་ཡང་སྒྱུ་མ་ལྟ་བུ་ཉིད་ཡིན་པས་ན་ དེ་ལ་མཆོད་པ་ལ་སོགས་པ་བྱས་པས་ཇི་ལྟར་བསོད་ནམས་འབྱུང་སྙམ་པ་ལ། སྒྱུ་མ་ལྟ་བུའི་ཞེས་སྨོས་ཏེ། སྒྱུ་མ་ལྟ་བུའི་རྒྱལ་བ་དངོས་པོ་མེད་པ་ཡིན་པའི་ཕྱིར། བསོད་ནམས་གང་ཞིག་དེ་ལ་ཇི་ལྟར་འབྱུང་། །ཞེས་བྱ་བར་སྦྱར་རོ། །སྒྱུ་མའི་སྐྱེས་བུ་ལ་ཕན་པ་དང་། གནོད་ པ་བྱས་པ་ལ་བསོད་ནམས་ལ་སོགས་པ་ཡོད་པ་མ་ཡིན་ནོ། དེ་ཇི་ལྟར་སེམས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ལན་བརྗོད་པ། བདེན་པ་ལས་འབྱུང་བཞིན་དུ་འབྱུང་། །ཞེས་སྨོས་ཏེ། ཇི་ལྟར་དོན་དམ་པར་བདེན་པའི་བཅོམ་ལྡན་འདས་ལས་འབྱུང་བ་ལྟར་རོ། །བསོད་ནམས་ཇི་ལྟར་ཞེས་པ་ ནི་གཉིས་པ་ལ་ཡང་སྦྱར་བར་བྱའོ། །དེ་སྐད་དུ་ཡང་། ཇི་ལྟར་དོན་དམ་པར་ཡོད་པའི་རྒྱལ་བ་ལས་བསོད་ནམས་ཀྱང་དོན་དམ་པར་འབྱུང་བ་བཞིན་དུ། སྒྱུ་མ་ལྟ་བུའི་རྒྱལ་བ་ལས་ཀྱང་སྒྱུ་མ་ལྟ་བུའི་བསོད་ནམས་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་འུ་བུ་ཅག་ལ་ཁྱད་ པར་ཅུང་ཟད་ཀྱང་མེད་དོ། །རྐྱེན་འདི་དང་ཕྲད་པ་ལས་འདི་འབྱུང་ངོ་ཞེས་བྱ་བ་ནི་གཉི་ག་ལ་ཡང་མཚུངས་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་རྒོལ་བའོ། །ཅི་སྟེ་ནི་གང་གི་ཕྱིར་རོ། །ཤི་ནས་ཏེ་ཤི་བའི་རྗེས་ལའོ། །སྐྱེ་བ་ནི་འབྱུང་བ་སྟེ་སྐྱེ་ཞིང་འབྱུང་བས་ན་དོན་དམ་པར་ཡོད་པའོ་ ཞེས་བསམ་པའོ། །ལན་བརྗོད་པ་ཇི་སྲིད་ཅེས་སྨོས་ཏེ། ཇི་ལྟར་ཇི་སྲིད་དུ་སྔགས་དང་སྨན་ལ་སོགས་པའི་རྐྱེན་རྣམས་ཚོགས་པའི་དུས་དེ་སྲིད་དུ་སྒྱུ་མ་ཡང་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཇི་སྲིད་དུ་མ་རིག་པ་ལ་སོགས་པའི་རྐྱེན་རྣམས་ཚོགས་པ་དེ་སྲིད་དུ་སེམས་ཅན་ཡང་ འབྱུང་བར་འགྱུར་ཞིང་ཤི་བ་རྣམས་ཀྱང་སླར་སྐྱེ་བར་འགྱུར་རོ། །གཞན་ཡང་ཡུན་རིང་བར་གནས་པ་ཙམ་གྱིས་ཡང་དག་པ་ཉིད་དུ་ཡོད་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒྱུན་རིང་ཞེས་སྨོས་ཏེ། རིང་བ་ནི་ཐོག་མ་མེད་པ་ནས་རྒྱུན་སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་ པའོ། །དེ་ཙམ་གྱིས་དམ་པར་གཞན་ནི་ཡུན་རིང་དུ་གནས་པ་མ་ཡིན་ནོ། །ཅི་སྟེ་སྒྱུ་མའི་སྐྱེས་བུ་དང་རང་བཞིན་ཐ་མི་དད་པའི་ཕྱིར་སེམས་ཅན་བསད་ཀྱང་ཉེས་པར་མི་འགྱུར་རོ་སྙམ་པ་ལ། སྒྱུ་མ་ཞེས་སྨོས་ཏེ། སྒྱུ་མའི་སྐྱེས་བུ་དང་ཅིག་ཤོས་ཀྱི་སྐྱེས་བུ་དག་དངོས་པོ་མེད་ པ་ཉིད་དུ་མཚུངས་སུ་ཟིན་ཀྱང་སྒྱུ་མའི་སྐྱེས་བུ་ལ་སྒྱུ་མའི་སྐྱེས་བུའི་སེམས་མེད་པའི་ཕྱིར་སྡིག་པ་མེད་དོ། །དེ་ལ་ཡང་བསད་སེམས་ཀྱིས་སྦྱར་ན་ཉེས་པར་ནི་འགྱུར་ལ་སྲོག་གཅོད་པར་ནི་མི་འགྱུར་རོ། །ཅིག་ཤོས་གཞན་ལ་ཇི་ལྟར་སྲོག་གཅོད་པར་འགྱུར་སྙམ་པ་ལ། སྒྱུ་ མའི་ཞེས་སྨོས་ཏེ། སེམས་ཉིད་སྒྱུ་མའོ། །ལྡན་པ་ནི་དེ་དང་ལྡན་པའོ། །ཕན་པ་དང་གནོད་པ་སྲིད་པའི་བསོད་ནམས་ལ་སོགས་པའི་རྟེན་སེམས་ཡིན་པའི་ཕྱིར་རོ། །གང་གི་ཚེ་སྒྱུ་མ་ཉིད་དུ་དངོས་སུ་མཐོང་བ་དེའི་ཚེ་ནི་བསད་པ་ལ་སོགས་པའི་ཉེས་པ་ཡོད་པ་མ་ཡིན་ན། ད་ དུང་སེམས་ཀྱིས་དེ་ལྟར་ནུས་པ་མ་ཡིན་གྱི་འོན་ཀྱང་ཚིག་བཞིན་དུ་མོས་པ་བྱེད་པ་ཙམ་དུ་ཟད་དོ། །ཕ་རོལ་པོས་སེམས་སྒྱུ་མ་ཉིད་དུ་མི་འཐད་པར་བརྩད་པར་འདོད་ནས། སྔགས་ལ་སོགས་པ་ལ་སེམས་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་སེམས་ནི་སྒྱུ་མའི་རང་ བཞིན་དུ་མི་སྲིད་དོ། །ལན་བརྗོད་པ། སྣ་ཚོགས་ཞེས་བརྗོད་དེ། རྒྱུ་དང་རྐྱེན་སྣ་ཚོགས་ལས་ཡང་དག་པར་བྱུང་བའི་སྒྱུ་མ་དེ་ཡང་རྣམ་པ་སྣ་ཚོགས་པ་ཉིད་དོ། །ཡང་ཞེས་པ་ནི་རིམ་པ་བཞིན་དུ་སྦྱར་བའོ། །དེ་ལྟ་ན་སྒྱུ་མའི་སྒྲ་མཚུངས་སུ་ཟིན་ཀྱང་རྒྱུ་ཐ་དད་པ་ཉིད་དེ། དེས་ན་སྔགས་ ལ་སོགས་པའི་རྒྱུ་ལས་ནི་གཞན་ཉིད་ཡིན་ལ། མ་རིག་པ་ལ་སོགས་པའི་རྒྱུ་ལས་ནི་སེམས་སྒྱུ་མ་ཉིད་ཡིན་ནོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། རྐྱེན་གཅིག་ཅེས་སྨོས་ཏེ། ཁ་ཅིག་ཏུ་འབྲས་བུ་བསྐྱེད་པར་ནུས་པའི་རྒྱུས་ཐམས་ཅད་དུ་ནུས་པ་མ་ཡིན་ནོ། །དེ་ལྟར་སྒྱུ་མ་ཁ་ཅིག་ ནི་སྔགས་ཀྱིས་བསྐྱེད་པ་ཡིན་ལ། སྒྱུ་མ་ཁ་ཅིག་ནི་ཐོག་མ་མེད་པ་ནས་ཀྱི་མ་རིག་པས་རབ་ཏུ་བསྐྱེད་པའོ། །དེ་དག་ཀྱང་ཐ་སྙད་ཙམ་དུ་བརྗོད་པར་ཟད་དོ། །དོན་དམ་པར་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་དོ། །ཕ་རོལ་པོས་ཡང་སྐྱོན་གཞན་བརྗོད་པར་ འདོད་ནས། གལ་ཏེ་དོན་དམ་ཞེས་སྨོས་ཏེ། །གདོད་མ་ནས་ཞི་བའི་ཕྱིར་རོ། །དོན་དམ་པར་ནི་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ཉིད་ཡིན་པས་འཁོར་བ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཐ་སྙད་དུ་བརྗོད་པར་ཟད་དོ་ཞེས་ཟེར་བའི་ལྟ་ན། དེའི་ཚེ་སངས་རྒྱས་ལ་ཡང་འཁོར་བར་ སྐྱེ་བ་ལ་སོགས་པ་མངའ་བར་འགྱུར་རོ། །སངས་རྒྱས་ཉིད་ཐོབ་ནས་ཀྱང་རྒ་བ་ལ་སོགས་པ་ཡོད་པར་འགྱུར་ན་ནི་དེ་ལྟར་ན་མགོ་བྱིན་པ་ལ་སོགས་པའི་བྱང་ཆུབ་ཀྱི་སྤྱོད་པ་ཅི་ཞིག་བྱ་སྟེ། འབྲས་བུ་མེད་པའི་ཕྱིར་རོ། །དེ་ལ་ཇི་སྲིད་རྐྱེན་རྣམས་ཚོགས་པར་གྱུར་པ་ཞེས་བྱ་བ་ལ་ སོགས་པས་ལན་བརྗོད་དུ་ཟིན་ཀྱང་ཡང་གསལ་བར་བྱ་བའི་ཕྱིར། རྐྱེན་རྣམས་ཞེས་སྨོས་ཏེ། རྐྱེན་རྣམས་ཡོད་པར་གྱུར་ན་ཡང་སྒྱུ་མ་ཡང་ཡོད་པ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་སྒྱུ་མ་ཡང་ངོ་། །རྐྱེན་རྣམས་མེད་ན་ནི་སྒྱུ་མ་ཡང་ཡོད་པར་མི་འགྱུར་རོ། །དེ་བཞིན་དུ་ སངས་རྒྱས་སྒྱུ་མ་ཡང་རྐྱེན་ཡོད་ཀྱི་བར་དུ་མི་འབྱུང་བར་འགྱུར་ཏེ། སེམས་ཅན་གྱི་བསོད་ནམས་ཀྱི་རྐྱེན་གྱིས་རྒྱལ་བར་སྣང་བར་འབྱུང་ངོ་། །དེ་མེད་ན་ནི་ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། །དེ་ལྟར་རེ་ཞིག་མདོ་སྡེ་ལ་སོགས་པའི་རྩོད་པ་བསལ་ནས། ད་ནི་རྣལ་འབྱོར་སྤྱོད་པ་པའི་རྩོད་ པ་བསལ་བའི་ཕྱིར། དེའི་རྩོད་པ་བསླང་བར་བཞེད་ནས། གང་ཚེ་ཞེས་སྨོས་ཏེ། འཁྲུལ་པ་ཞེས་བྱ་བ་ནི་བློ་ལ་སྣང་བའོ། །གང་གི་ཚེ་སེམས་ཅན་ཐམས་ཅད་སྒྱུ་མའི་རང་བཞིན་ཡིན་ཞིང་རང་བཞིན་གྱིས་སྟོང་པ་ཉིད་དུ་གྱུར་པ་དེའི་ཚེ་སྒྱུ་མའི་རང་བཞིན་འཛིན་པར་བྱེད་པའི་བློ་ཡང་ ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ནི་སྒྱུ་མ་གང་གིས་དམིགས་པར་བྱེད། དེས་ན་རང་གི་སེམས་ཕྱི་རོལ་གྱི་གཟུགས་སུ་འཁྲུལ་བ་སྟེ། དེ་ལྟ་ན་ཉེས་པ་མེད་དོ་སྙམ་པ་ལ་དེ་བསལ་བར་བཞེད་པ་ལན་བརྗོད་པའི་ཕྱིར་གང་ཚེ་ཞེས་སྨོས་ཏེ། གང་གི་ཚེ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ཁྱོད་ལ་སྒྱུ་ མ་ཉིད་དེ་གཟུང་བར་བྱ་བ་གླང་པོ་ལ་སོགས་པའི་རྣམ་པའི་གཟུགས་ཀྱང་མེད་པའི་ལྟ་ན། སེམས་འབའ་ཞིག་ཁས་བླང་བར་བྱ་དགོས་ཏེ་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རོ། །དེ་ལྟ་ན་དེའི་ཚེ་ཅི་ཞིག་དམིགས་ཏེ། འདིར་ཅི་ཞིག་སོ་སོར་སྣང་བ་ཡང་བརྗོད་པར་བྱ་དགོས་སོ། །རྣལ་འབྱོར་ སྤྱོད་པའི་བསམ་པའི་དགོས་པ་བསྡུ་བའི་ཕྱིར། དེ་ནི་སེམས་ཞེས་སྨོས་ཏེ། རང་གི་སེམས་ཉིད་ཕྱི་རོལ་གྱི་གཟུགས་སུ་འཁྲུལ་ནས་གླང་པོ་ལ་སོགས་པའི་རྣམ་པར་སྣང་བ་སྟེ། དེས་ན་དེ་ཉིད་དོན་དམ་པར་ན་སེམས་གཞན་ཞིག་ཡོད་པ་ཉིད་དེ། འཛིན་པ་ལས་ཆད་པའི་རྣམ་པར་སྣང་ བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་ཁས་མི་ལེན་ནའོ། །དེ་ལྟ་ན་ཡང་དེ་འཚམ་པ་མ་ཡིན་ནོ་ཞེས་ལན་བསྟན་པར་བྱ་བའི་ཕྱིར། གང་ཚེ་ཞེས་སྨོས་ཏེ། གང་གི་ཚེ་ཤེས་པ་ཉིད་སྒྱུ་མར་ཁས་བླངས་པ་དེའི་ཚེ་གཞན་གང་གིས་འཛིན་པར་བྱེད། འདི་ལྟར་མཐོང་བའི་སྒྱུ་མ་ནི་རྣམ་པར་ཤེས་པ་ཡིན་ན། ལྟ་བར་བྱེད་པ་མེད་པར་ཇི་ལྟར་ན་བལྟ་བར་བྱ་བ་ཡོད་པར་འགྱུར། བལྟ་བར་བྱ་བ་མེད་པར་ཡང་ཇི་ལྟར་ན་ལྟ་བར་བྱེད་པ་ཡོད་པར་འགྱུར། དེས་ན་འགྲོ་བ་རྣམས་ལོང་བ་ཉིད་དུ་འགྲོ་བར་འགྱུར་རོ། །ཅི་སྟེ་འདི་སྙམ་དུ་ཤེས་པའི་བདག་གི་སྒྱུ་མའི་རང་བཞིན་ནི། བདག་ཉིད་ཀྱིས་བདག་ཉིད་ ལ་ལྟ་བར་བྱེད་པ་ནི། རེ་ཞིག་ཉེས་པ་དེ་དག་མི་འོང་ངོ་སྙམ་པ་ལ། འཇིག་རྟེན་ཞེས་སྨོས་ཏེ། བྱེད་པ་པོར་གྱུར་པའི་སེམས་ཀྱི་རང་བཞིན་དེ་ཉིད་ལས་སུ་བྱས་ནས་ལྟ་བ་ནི་རིགས་པ་མ་ཡིན་ཏེ། རང་ལ་རང་བྱེད་པ་འགལ་བའི་ཕྱིར་རོ། །འདི་སྐད་དུ་རིན་ཆེན་གཙུག་ཏོར་ཞེས་བྱ་ བའི་མདོ་ལས། རང་གི་སེམས་ལ་ཡོངས་སུ་དཔྱད་པ་བྱས་ན་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཕྱི་རོལ་དུ་ཡང་མ་ཡིན། ཕུང་པོ་ལ་ཡང་མ་ཡིན། ཁམས་རྣམས་ལ་ཡང་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ་འདི་ཅི་དང་འདྲ་བར་སྙམ་པ་ལ་རལ་གྲི་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། ཇི་ལྟར་རལ་གྲིའི་སོ་ཡང་རང་ལ་རང་མི་གཅོད་པ་དེ་བཞིན་དུ་ཡིད་ཀྱིས་ཀྱང་རང་གིས་རང་མི་རིག་སྟེ་ཆ་ཤས་མེད་པ་ལ་རང་བཞིན་གཞན་འགལ་བའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་དཔེར་ན་བུམ་པ་ལ་སོགས་པ་གསལ་བར་བྱེད་པའི་མར་མེ་ཉིད་རང་གསལ་བར་བྱེད་ པ་ཡིན་གྱི། ཡང་དེ་གསལ་བར་བྱེད་པའི་དོན་དུ་མར་མེ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཡང་མ་ཡིན་པས་འགལ་བ་མེད་སྙམ་དུ་སེམས་ན། གང་མར་མེ་གསལ་བར་བྱེད་པ་ཡིན་དུ་ཟིན་གྱིས་ཀྱང་། མུན་པས་བསྒྲིབས་ནས་རང་གི་ངོ་བོ་གསལ་བར་ བྱས་པ་ནི་མེད་དོ། །ཡང་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་རྩོད་པ་བསླང་བར་བྱ་བའི་ཕྱིར། སྔོན་པོ་ཞེས་སྨོས་ཏེ། དཔེར་ན་ཤེལ་གྱི་རྡོ་བ་སྔོན་པོ་ཉིད་དུ་འགྱུར་བ་ནི་སྣམ་བུ་སྔོན་པོ་ལ་སོགས་པ་རྐྱེན་གཞན་ལ་ལྟོས་མོད་ཀྱི། རང་བཞིན་གང་ཞིག་སྔོན་པོ་ཉིད་དུ་གྲུབ་པ་དེ་སྔོན་པོ་ཉིད་དུ་ བྱེད་པའི་ཕྱིར། རྐྱེན་གཞན་ལ་ལྟོས་པ་མེད་དོ། །དེ་བཞིན་དུ་ཅུང་ཟད་བུམ་པ་ལ་སོགས་པ་གསལ་བར་བྱེད་པ་ནི་མར་མེ་ལ་སོགས་པ་ལ་ལྟོས་པར་མཐོང་ལ། ཅུང་ཟད་མར་མེ་ལ་སོགས་པ་གསལ་བར་བྱ་བའི་དོན་དུ་མེ་ལ་སོགས་པ་གཞན་ལ་ལྟོས་པ་ནི་མ་མཐོང་སྟེ། རང་ཉིད་ ཀྱིས་གསལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་གསལ་བ་ཉིད་དུ་གྲུབ་པ་ཡིན་ནོ་སྙམ་པ་ལ། ལན་བརྗོད་པར་བྱ་བའི་ཕྱིར། སྔོ་ཉིད་ཅེས་སྨོས་ཏེ། དཔེ་འདི་ཡང་འདྲ་བ་མ་ཡིན་ནོ། །གང་ཡང་སྔོན་པོ་ཉིད་དུ་འགྱུར་བ་གཞན་ལ་མི་ལྟོས་པ་ནི་མ་ཡིན་ཏེ། རང་གི་རྒྱུ་ ལ་རག་ལས་པའི་ཕྱིར་རོ། །གལ་ཏེ་ལྟོས་པ་མེད་པར་འགྱུར་བ་ཉིད་ཡིན་ན་ནི་རང་གི་རྒྱུད་ལས་སྔོན་པོ་མ་ཡིན་པ་ཉིད་དུ་སྐྱེས་ལ། ཕྱིས་རྐྱེན་ལ་མི་ལྟོས་པར་བདག་ཉིད་ཀྱིས་བདག་ཉིད་སྔོན་པོར་བྱེད་པར་འགྱུར་བ་ལས། དེ་ལྟར་འགྱུར་བ་ཡང་མ་ཡིན་ན་དེ་གང་གིས་ན་སྔོན་པོ་ཉིད་དུ་ འགྱུར་བ་ལྟོས་པ་མེད་པ་ཡིན་ཞེས་བརྗོད། ཡང་ན་སྔོན་པོ་ཞེས་བྱ་བ་ལ་སོགས་པའི་གཞུང་རྣམས་ནི་མར་མེ་གསལ་བྱེད་མ་ཡིན་ཞེས་བྱ་བ་དེ་ཉིད་ཀྱི་འཐད་པ་སྟེ། འདི་ལྟར་ལྟོས་པ་མེད་པས་ཀྱང་བདག་ཉིད་གསལ་བར་བྱེད་པར་མི་འགྱུར་རོ་ཞེས་མདོར་བསྡུ་བའི་དོན་ཏོ། །མར་མེ་རང་གིས་ གསལ་བ་ཡིན་དུ་ཆུག་སྟེ། དེ་ལྟ་ན་ཡང་བློ་ལ་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ཞེས་པ་ནི་མར་མེའི་རྣམ་པར་ཤེས་པས་སོ། །བློ་ནི་སྟེ་ཤེས་པ་གཞན་གང་ཞིག་གིས་ཁོང་དུ་ཆུད་པར་བྱས་ནས་འདི་རང་གསལ་བར་བྱེད་པའོ་ཞེས་ རྗོད་པར་བྱེད་དེ། འདས་པ་དང་མ་འོངས་པ་དག་ནི་མེད་པའི་ཕྱིར་དང་ད་ལྟར་བྱུང་བ་ལ་ནི་དུས་མཉམ་པོ་ཉིད་ཡིན་པས་ན་འཛིན་པ་ཉིད་ནི་མི་འཐད་པ་ཉིད་དོ། །འདི་སྐད་དུ་ཡང་། འོད་སྲུངས་སེམས་ནི་ཤེས་པ་ཀུན་གྱིས་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་གསལ་བ་ནི་ མར་མེ་བཞིན་མི་གསལ་བ་བུམ་པ་བཞིན་ཞེས་པ་ནི་རོལ་པ་སྟེ་ལོངས་ཆོས་སོ། །བརྗོད་དུ་ཟིན་ཀྱང་སྟེ་སྨྲས་སུ་ཟིན་ཀྱང་དེ་དོན་མེད་པ་ཉིད་དོ། །སྐྱེ་བ་མེད་ཅིང་འགག་པ་མེད་པའི་བློ་དེ་མོ་གཤམ་གྱི་བུ་མོ་དང་ཁྱད་མེད་དོ་ཞེས་བྱ་བའི་དོན་ཏོ། །རྒོལ་བར་བརྗོད་པ། གལ་ཏེ་ཞེས་སྨོས་ཏེ། གལ་ཏེ་རྣམ་པར་ཤེས་པ་རང་རིག་པའི་ངོ་བོ་ཡོད་པར་མ་གྱུར་ན་དེའི་དུས་ཕྱིས་དྲན་པ་ཡོད་པར་མི་འགྱུར་ཏེ། དྲན་པའི་རྒྱུ་ནི་ཉམས་སུ་མྱོང་བ་ཡིན་པའི་ཕྱིར་རོ། །དེས་ན་དྲན་པ་ཡོད་པས་ཉམས་སུ་མྱོང་བ་ཡོད་པར་གྲུབ་པོ་སྙམ་པ་ལ། ལན་བརྗོད་པ། གལ་ཏེ་རང་རིག་པ་ངེས་པར་ཡོད་ པར་གྱུར་ན་ནི་དེའི་ཚེ་དེའི་འབྲས་བུ་དྲན་པ་ཡང་ཡོད་པར་གྱུར་ན་གང་གི་ཚེ་དེ་ཉིད་ལ་རྩོད་པ་ཞུགས་པ་དེའི་ཚེ་དྲན་པ་དེ་དེའི་འབྲས་བུ་ཉིད་ཡིན་ནོ་ཞེས་གང་གིས་ན་འགྱུར། གཞན་ཡང་དྲན་པ་ཉིད་ཀྱིས་ཤེས་པ་ཡིན་པའི་ཕྱིར། ཇི་ལྟར་འགྲུབ་པར་འགྱུར། འོ་ན་ཇི་ལྟར་དྲན་པ་ འབྱུང་སྙམ་པ་ལ། གཞན་མྱོང་ཞེས་སྨོས་ཏེ། ཤེས་པ་ལས་གཞན་གཟུང་བར་བྱ་བའི་ཡུལ་ཉམས་སུ་མྱོང་བ་ནས་དེ་དང་རྗེས་སུ་འབྲེལ་པའི་ཤེས་པ་སྐྱེ་བར་འགྱུར་ཏེ། ཡུལ་ཉམས་སུ་མྱོང་བའི་དྲན་པ་ཁྱད་པར་ཅན་ཉིད་དྲན་པར་བྱེད་དོ་ཞེས་བྱ་བའི་དོན་ ཏོ། །ཅི་དང་འདྲ་བར་སྙམ་པ་ལ། དྲན་པ་བྱི་བའི་དུག་བཞིན་ཞེས་སྨོས་ཏེ། ལྡོང་རོས་ཀྱིས་བསྐུས་པའི་བྱི་བའི་དུག་གིས་ལུས་ལ་ཟིན་པར་གྱུར་ན། དུས་གཞན་དུ་འབྲུག་གི་སྒྲ་བསྒྲགས་པའི་ཚེ་རང་རིག་པ་མེད་ཀྱང་རྐྱེན་དེ་ཙམ་གྱིས་དུག་བསླངས་ནས་རྣམ་པར་འཕེལ་བར་བྱེད་པ་བཞིན་ དུའོ། །ཕ་རོལ་པོ་རྣམ་གྲངས་གཞན་གྱི་སྒོ་ནས་རང་རིག་པ་བསྒྲུབ་པར་འདོད་ནས། རྐྱེན་གཞན་ཞེས་སྨོས་ཏེ། རྐྱེན་གཞན་ནི་བསྒོམ་པའོ། །དེ་དང་ལྡན་པ་ནི་སེམས་སོ། །གསལ་བར་བྱེད་པ་སྟེ། གཞན་གྱི་ཤེས་པ་སོ་སོར་སྣང་བར་བྱེད་པའི་ཕྱིར། རང་གསལ་བ་ཉིད་ཀྱང་ཡོད་པ་ཁོ་ན་སྟེ། དེས་གཞན་གྱི་ཤེས་པ་ལ་ཇི་ལྟ་བ་བཞིན་དུ་དམིགས་པར་བྱེད་དོ། །དེ་བཞིན་དུ་རང་གི་སེམས་ཀྱང་དམིགས་པར་བྱེད་པ་ཉིད་དེ། དེས་ན་རིག་པ་གྲུབ་པ་ཉིད་དོ་སྙམ་པ་ལ། ལན་བརྗོད་པ། སྨན་ཞེས་བརྗོད་དེ། དེ་ལྟ་ན་མིག་སྨན་བསྒྲུབས་པས་གྲུབ་པའི་ཆོ་ག་སྟེ་སྦྱོར་བའི་ས་མཐོང་བའི་བུམ་ པ་ནི་བུམ་པ་བཟང་པོ་སྟེ། བུམ་པ་བཟང་པོ་གང་ཡིན་པ་དེ་ཉིད་མིག་སྨན་དུ་འགྱུར་རོ། །དེའི་ཕྱིར་རྐྱེན་གྱི་དབང་གིས་གཞན་གྱི་སེམས་མཐོང་ཞེས་ཏེ་རང་གི་སེམས་ལ་ཡང་ལྟ་བར་བྱེད་དོ་ཞེས་སྦྱར་བར་མི་བྱའོ། །གལ་ཏེ་རང་རིག་པ་མི་བདེན་པ་ཡིན་པ་དེ་ལྟར་ན་བུམ་པ་མཐོང་ཞེས་བྱ་བ་ལ་ སོགས་པའི་ཐ་སྙད་རྣམས་ཀྱང་ཇི་ལྟར་ཡོད་པར་འགྱུར་ཏེ། གསལ་བྱེད་ཉིད་མི་གསལ་བར་གྱུར་ཏོ་སྙམ་པ་ལ། ཇི་ལྟར་ཞེས་སྨོས་ཏེ། མཐོང་བ་ནི་མངོན་སུམ་གྱིས་སོ། །ཐོས་པ་ནི་སྒྲ་ལས་བྱུང་བས་སོ། །ཤེས་པ་ནི་རྗེས་སུ་དཔག་སྟེ། ཀུན་རྫོབ་ཀྱི་མཐོང་བ་ལ་སོགས་པ་ནི་དགག་པར་བྱ་བ་ མ་ཡིན་པས་ཇི་ལྟར་གང་ཡང་ཡོད་ལ་རག་གོ། །དོན་དམ་པར་སྒྲོ་བཏགས་པ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་དེ། དེ་བཟློག་པར་བྱའོ་ཞེས་བྱ་བ་ནི་རྗེས་བཅད་པའི་དོན་ཏོ། །ཞར་ལ་བྱུང་བ་རྣམས་རྫོགས་པར་བྱས་ནས་སྐབས་སུ་བབ་པའི་དོན་སྦྱར་བའི་ཕྱིར། སེམས་ལས་ཞེས་སྨོས་ཏེ། དཔེར་ན་སྒྱུ་མ་ སེམས་ལས་གཞན་ཡིན་ནམ། མ་ཡིན་ཏེ། རྣམ་པར་ཤེས་པ་ལས་ལྷག་པའི་དོན་ཁས་བླངས་པར་གྱུར་པའི་ཕྱིར་རོ། །དེ་སྟེ་གཞན་མ་ཡིན་པ་ཡིན་ནམ། ཡིན་ནོ་ཞེ་ན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་སྒྱུ་མར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ཉིད་དུ་རྟོག་པར་བྱེད་ན། དེ་ལས་བརྗོད་པ། གལ་ ཏེ་དངོས་པོ་ཡིན་ན་དེ་ལ་གཞན་ཅིས་མིན། གལ་ཏེ་གཞན་མེད་པ་དེ་ལྟ་ནི་རྣམ་པར་ཤེས་པ་འབའ་ཞིག་ལས་གཞན་སྒྱུ་མ་ཞེས་བྱ་བ་ཡོད་པ་མ་ཡིན་པས། གང་ཚེ་ཁྱོད་ལ་སྒྱུ་མའང་མེད་ན་དེའི་ཚེ་ཅི་ཞིག་དམིགས་ཞེས་བྱ་བ་དེ་ཉིད་འོངས་པ་ཡིན་ནོ། །སྐབས་སུ་བབ་པའི་དོན་བསྒྲུབས་ ནས་མཇུག་བསྡུ་བར་བྱ་བའི་ཕྱིར། ཇི་ལྟར་སྒྱུ་མ་ཞེས་སྨོས་ཏེ། ཇི་ལྟར་སྒྱུ་མ་དངོས་པོ་ཡོད་པ་མ་ཡིན་ཡང་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་བཞིན་དུ་ཡིད་ཀྱང་དོན་དམ་པར་ན་དངོས་པོ་མེད་པ་ཡིན་དུ་ཟིན་ཀྱང་མཐོང་བར་ནུས་པ་ཡིན་ནོ། །དེ་ལྟར་ན་གང་གི་ཚེ་འཁྲུལ་པའང་མེད་ན་སྒྱུ་མ་གང་ གིས་དམིགས་པར་འགྱུར་ཞེས་རྒོལ་བའི་ལན་རྫོགས་པར་ཐེབས་སོ། །གལ་ཏེ་རྒྱུ་མེད་པའི་ཀུན་རྫོབ་ནི་སྡིག་པར་འགྱུར་བའི་ཕྱིར་ཡོད་པའི་དངོས་པོ་ལ་བརྟེན་ནས་འཁོར་བར་འཇུག་པར་བྱེད་དོ་ཞེ་ན། ལན་བསྟན་པའི་ཕྱིར། གཞན་དུ་ཞེས་སྨོས་ཏེ། གཞན་དུ་ཞེས་པ་ནི་གཞན་དུ་འགྱུར་ ཞེས་བྱ་བའི་དོན་ཏོ། །དོན་བྱེད་ནུས་པས་སྟོང་པ་ཉིད་དངོས་པོ་ལས་གཞན་དངོས་པོ་མེད་པ་ཉིད་དུ་འགྱུར་ཏེ། ནམ་མཁའ་བཞིན་དུ་ཅུང་ཟད་ཀྱང་ཡོད་པར་མི་འགྱུར་རོ། །གཞན་ཡང་དངོས་པོ་ལ་སྟེ། སེམས་ལ་བརྟེན་ནས་དངོས་པོ་མེད་པ་དེ་འཁོར་བར་བྱ་བ་དང་ལྡན་པ་སྟེ། དོན་ བྱེད་ནུས་པར་ཇི་ལྟར་འགྱུར། །ཅི་དོན་བྱེད་ནུས་པའི་མཚན་ཉིད་དང་བྲལ་བ་ལ་བརྟག་པར་བྱས་ནས་བསྲན་བཟོད་དམ་ཞེས་བསྟན་པའི་ཕྱིར། གྲོགས་པོ་མེད་ཅེས་སྨོས་ཏེ། རྣལ་འབྱོར་སྤྱོད་པའི་ལྟ་ན་འཁོར་བར་གྲོགས་པོ་འདིའོ་ཞེས་བྱ་བ་འདི་ཉིད་དུ་སེམས་འབའ་ཞིག་གྲོགས་པོ་ མེད་པར་གཅིག་པུར་འབྱུང་བར་འགྱུར་རོ། །ཁོ་བོ་གཟུང་བ་ལ་སོགས་པ་དང་བྲལ་བ་གཉིས་མེད་པའི་སེམས་འདོད་པ་མ་ཡིན་ནམ་དེ་ཇི་ལྟར་ཉེས་པར་འགྱུར་སྙམ་པ་ལ། གང་ཚེ་ཞེས་སྨོས་ཏེ། དེ་ལྟ་ན་ནི་གང་གི་ཚེ་སེམས་གཟུང་བ་ལ་སོགས་པ་དང་བྲལ་བ་ཙམ་ཐམས་ཅད་ལ་ཡོད་པ་དེའི་ཚེ་ ཐམས་ཅད་དེ་བཞིན་གཤེགས་པ་ཉིད་དུ་འགྱུར། གཟུང་བ་ལ་སོགས་པ་དང་བྲལ་བའི་སེམས་ཙམ་ཞིག་ཡོད་པས་དེ་ཁོ་ན་ཉིད་ཐོབ་ན་ནི་དེ་ལྟ་ན་འབད་པ་གཞན་དོན་མེད་པ་ཉིད་དོ། །དེ་ལྟ་ཞེས་པ་ནི་གཉིས་སུ་མེད་པའི་ཤེས་པ་བརྟགས་སུ་ཟིན་ཀྱང་སེམས་ཅན་གྱི་ རྒྱུད་ལ་འདོད་ཆགས་ལ་སོགས་པ་མཐོང་བའི་ཕྱིར་ཡོན་ཏན་ཅི་ཡང་མ་ཐོབ་པའོ། །གཞན་གྱིས་བརྒལ་བ་སྒྱུ་མ་ཞེས་སྨོས་ཏེ། སྒྱུ་མ་ལྟ་བུར་སེམས་ཅན་དེ་འགྲོ་བ་རྣམས་ཀྱིས་ཤེས་པས་ཀྱང་ཉོན་མོངས་པ་ཇི་ལྟར་ལྡོག་པར་འགྱུར་ཏེ། རེ་ཞིག་གཞན་རྣམས་དེ་ལྟར་འགྱུར་བ་ལ་ལྟ། ཐེ་ཚོམ་ ཡང་མེད་ན་དེ་བྱེད་པ་ཉིད་ཀྱང་སྒྱུ་མ་བྱེད་མཁན་ཉིད་ཀྱང་ངོ་། །ལན་བརྗོད་པར་བྱ་བའི་ཕྱིར། དེ་བྱེད་པས་ནི་ཞེས་སྨོས་ཏེ། ཉོན་མོངས་པ་ནི་ཀུན་ཏུ་ཆགས་པའོ། །ཤེས་བྱ་ནི་བུད་མེད་ལ་སོགས་པ་ལ་ཆགས་པ་དེའི་བག་ཆགས་ཀྱི་ས་བོན་ནོ། །མ་སྤངས་པ་ནི་མ་བཅོམ་པས་སོ། །དེ་མཐོང་ བ་ནི་སྒྱུ་མའི་བུད་མེད་མཐོང་བའོ། །སྟོང་ཉིད་དེ་དེ་ཁོ་ན་ཉིད་ཀྱི་ཤེས་པའི་བག་ཆགས་སྟོབས་ཆུང་བའོ། །འོ་ན་ཇི་ལྟར་དངོས་པོའི་བག་ཆགས་སྤོང་བར་འགྱུར་སྙམ་པ་ལ་བརྗོད་པ་སྟོང་པ་ཉིད་དུ་བག་ཆགས་གོམས་པ་སྟེ། བསྒོམ་པའི་རྣལ་འབྱོར་ཕུལ་དུ་ཕྱིན་པས་སྤོང་བར་བྱེད་པ་ནི་ལས་སུ་ བྱེད་པའོ། །ཅི་སྟེ་འདི་ལྟར་དངོས་པོའི་བག་ཆགས་དང་སྟོང་པ་ཉིད་ཀྱི་བག་ཆགས་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་། །ལྟ་བ་ཐམས་ཅད་སྟོང་ཉིད་ཀྱིས། །ངེས་པར་འབྱུང་བར་རྒྱལ་བས་གསུངས། །གང་ཞིག་སྟོང་ཉིད་དུ་ལྟ་ན། །དེ་ནི་བསྒྲུབ་བྱ་མིན་པར་ གསུངས། །ཞེས་འབྱུང་བས་སོ་ཞེ་ན། དེ་ལ་ལན་བརྗོད་པ། ཅི་ཡང་ཞེས་སྨོས་ཏེ། དངོས་པོ་མེད་པའི་རང་བཞིན་ཡང་མེད་པ་ཉིད་དོ་ཞེས་གོམས་པར་བྱས་ནས་དེ་ཡང་སྟེ། སྟོང་པ་ཉིད་ཀྱི་བག་ཆགས་ཀྱང་མེད་པར་འགྱུར་བ་ཉིད་དོ། །དེ་ལྟ་ན་ཡང་སྐྱོན་གྱི་གནས་སྐབས་ དེ་ཉིད་དོ་སྙམ་པ་ལ། གང་ཚེ་ཞེས་སྨོས་ཏེ། གང་མེད་པ་ཉིད་དོ་ཞེས་རྟོག་པར་བྱེད་པའི་དངོས་པོ་དེ་གང་གི་ཚེ་རྣམ་པར་གཞིག་པ་དེའི་ཚེ་རྣམ་པ་ཐམས་ཅད་དུ་རྙེད་པ་མ་ཡིན་ཏེ། འདི་དངོས་པོའི་ཕྲེང་བ་ཅན་གང་ཡང་མེད་པར་དེ་ཅི་ལ་བརྟེན་ཏེ་གནས། ཕར་འགྲམ་མེད་པའི་ཚུར་ འགྲམ་བཞིན་དུ་རྟེན་མེད་པ་ཉིད་ཀྱིས་བརྟེན་པ་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བློའི་མདུན་ན་དམིགས་པ་ཉིད་དུ་ཇི་ལྟར་སྣང་བར་འགྱུར། དེ་ལྟ་བུར་རྣམ་པར་རྟོག་པ་ནུབ་པ་ལ་སྒྲིབ་པ་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཚེ་ཞེས་སྨོས་ཏེ། དངོས་ པོ་དང་དངོས་པོ་མེད་པ་དག་ལས་མ་གཏོགས་པའི་འགྲོ་ས་གཞན་མེད་པའི་ཕྱིར་དམིགས་པ་མེད་པ་ནི་རྟེན་མེད་པའི་ཕྱིར་ཏེ། ཤིང་ཟད་པའི་མེ་བཞིན་དུ་རྣམ་པར་རྟོག་པ་ཐམས་ཅད་རབ་ཏུ་ཞི་བ་ནི་མྱ་ངན་ལས་འདས་པར་འགྱུར་བའོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ གཞན་གྱི་དོན་རྫོགས་པ་ཇི་ལྟར་མཛད་སྙམ་པ་ལ། ཡིད་བཞིན་ཞེས་སྨོས་ཏེ། ཡིད་བཞིན་ནོར་བུ་ནི་ཡིད་ལ་བསམས་པ་བཞིན་དུ་འབྲས་བུ་སྟེར་བའི་རིན་པོ་ཆེའི་བྱེ་བྲག་གོ། །དཔག་བསམ་ཤིང་ནི་ཇི་ལྟར་དཔག་བསམ་གྱི་ཤིང་བསམས་པ་ལྟར་འབྲས་བུ་སྟེར་བའི་ཤིང་གི་བྱེ་བྲག་གོ། ། དེ་བཞིན་དུ་བདུད་བཞི་ལས་རྣམ་པར་རྒྱལ་བས་ན་རྒྱལ་བའོ། །དེའི་སྐུ་སྣང་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཐོང་བའོ། །ཇི་ལྟར་མཐོང་ཞེ་ན། གཞན་གདུལ་བར་བྱ་བ་མེད་པ་ཉིད་དུ་མི་སྲིད་པས་གདུལ་བར་བྱ་བ་དགེ་བའི་རྩ་བ་ཐོབ་ཅིང་སྨོན་པར་བྱས་པའི་རྐྱེན་དེ་དང་། དེའི་ དོན་དུ་བྱང་ཆུབ་སེམས་དཔའི་དུས་ན། སྨོན་ལམ་བཏབ་པའི་རྒྱུ་སྟེ་དེ་ཉིད་ཀྱིས་སོ། །དེ་སྐད་དུ་ཡང་། བསམ་གཏན་དེ་ལ་སྙོམས་ཞུགས་ནས། །ཡིད་བཞིན་ནོར་བུ་བཞིན་དུ་གནས། །ཚོགས་ལ་སོགས་པ་རྫོགས་པས་ནི། །ཇི་ལྟར་འདོད་བཞིན་བསྟན་པ་འབྱུང་། །ཞེས་གསུངས་ སོ། །བསྟོད་པ་བཞི་པ་ལས་ཀྱང་། བཅོམ་ལྡན་མངའ་བདག་ཁྱོད་ཀྱིས་ནི། །ཡི་གེ་གཅིག་ཀྱང་མ་གསུངས་ཏེ། །གདུལ་བྱའི་འགྲོ་བ་མཐའ་དག་ལ། །ཆོས་ཀྱི་ཆར་པས་ཚིམ་པར་མཛད། །ཅེས་གསུངས་སོ། །ཡང་དེ་ཉིད་ཀྱི་དོན་གཞན་གྱི་སྒོ་ནས་བསྟན་པའི་ཕྱིར། མཁའ་ ལྡིང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། བསྒྲུབས་པ་ནི་སྔགས་ཀྱིས་མངོན་པར་འདུས་བྱས་པའོ། །འདས་ནི་ཤི་བའོ། །དེ་འདས་ཞེས་པ་ནི་མཁའ་ལྡིང་གྲུབ་པའོ། །དེ་ཞེས་པ་ནི་མཆོད་སྡོང་ངོ་། །དཔེས་མཚོན་པའི་དོན་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་ཅེས་སྨྲས་ཏེ། བྱང་ཆུབ་ནི་སངས་རྒྱས་ཉིད་དོ། །སྤྱོད་པ་ནི་དེའི་དོན་དུ་ཚོགས་ཡོངས་སུ་རྫོགས་པའོ། །རྗེས་སུ་མཐུན་པ་ནི་དེ་དང་རྗེས་སུ་མཐུན་པའི་འབྲས་བུའོ། །རྒྱལ་བ་ཉིད་མཆོད་སྡོང་ངོ་། །གདུལ་བྱའི་སྨོན་ལམ་ལ་སོ་སོར་སྣང་ བ་ཉིད་དུ་བསྒྲུབས་པ་ལ་བསྒྲུབས་པ་ཞེས་བརྗོད་དོ། །བྱང་ཆུབ་སེམས་དཔའ་འདས་པ་ནི་སངས་རྒྱས་ཀྱི་སྐབས་ཉིད་དོ། །གལ་ཏེ་སེམས་ཀྱི་རྒྱུན་ཉེ་བར་ཞི་བར་གྱུར་པའི་སངས་རྒྱས་དེ་ལ་མཆོད་པ་བྱས་པས་ཇི་ལྟར་འབྲས་བུ་དང་ལྡན་པར་འགྱུར་ཞེས་རྩོད་པ་བསླང་བར་བྱ་བའི་ ཆེད་དུ་སེམས་མེད་པ་ཞེས་སྨོས་ཏེ། སེམས་དང་བྲལ་བའི་བཅོམ་ལྡན་འདས་ལ་མཆོད་པ་བྱས་པས་འབྲས་བུ་དང་ལྡན་པར་ཇི་ལྟར་འགྱུར་ཏེ། ལོངས་མི་སྤྱོད་པའི་ཕྱིར་རོ་སྙམ་པ་ལ། ལན་བརྗོད་པ་གང་ཞིག་ཅེས་སྨོས་ཏེ། མཚུངས་པ་ནི་འདྲ་བའོ། །བཤད་པ་ནི་ལུང་ ལས་གསུངས་པའོ། །དོན་དམ་པར་ལོངས་སྤྱོད་པ་ཡོད་པ་མ་ཡིན་པས་སྦྱིན་པ་དང་རྗེས་སུ་མཐུན་པའི་བསོད་ནམས་དང་ལྡན་པ་ཉིད་དུ་ནི་ཁྱད་པར་ནི་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་ལུང་ལས་ཡིན་ཞེས་བྱ་བ་ལ་སོགས་པ་ལ། དེ་སྟེ་བཞུགས་པ་འང་མྱ་ངན་ལས་འདས་ པའི་བཅོམ་ལྡན་འདས་ལ་མཆོད་པ་བྱས་པས་འབྲས་བུ་འབྱུང་བ་ནི་ལུང་ལས་གསུངས་པ་ཡིན་ནོ། །ཁྱད་པར་ཁ་ཅིག་ནི་ཀུན་རྫོབ། ཁ་ཅིག་ནི་དོན་དམ་དུ་འདོད་པར་ཟད་དོ། །དེ་སྐད་དུ་ཡང་། འགའ་ཞིག་བཞུགས་ལ་མཆོད་པ་དང་། །གང་ཞིག་མྱ་ངན་འདས་མཆོད་པ། །དང་ བའི་སེམས་ཀྱིས་མཚུངས་པ་སྟེ། །བསོད་ནམས་ཁྱད་པར་ཡོད་མ་ཡིན། །ཞེས་གསུངས་སོ། །གཞན་ཡང་བདེན་པ་སྟེ་དོན་དམ་པར་བཞུགས་པའི་བཅོམ་ལྡན་འདས་ལ་མཆོད་པ་བྱས་པས་འབྲས་བུ་དང་བཅས་པར་གྱུར་པ་ལྟ་བུ་སྟེ། དཔེར་ན་ཇི་ལྟ་བུར་ཞེས་བྱ་བའི་དོན་ ཡིན་ཏེ། ལུས་ལས་མ་གཏོགས་པར་དཔེར་བརྗོད་པའི་འོས་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །བྱེ་བྲག་ཏུ་སྨྲ་བས་རྩོད་པ། བདེན་པའི་ཞེས་བྱ་བ