Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 106
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
པའོ། །གསལ་བ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །གསལ་བ་གང་ཡིན་པ་ནི་སྔར་གྱི་གནས་སྐབས་ན་གཞན་དུ་འགྱུར་བ་ཁོ་ན་ཡིན་ཏེ། དེ་ལྟ་མ་ཡིན་ན་དབུས་ཀྱི་གནས་ སྐབས་སུ་ཡང་དམིགས་པར་འགྱུར་རོ། །དེས་ན་གསལ་བ་མེད་པ་ཉིད་སྐྱེ་བར་ནི་གྲངས་ཅན་ཁྱོད་མི་འདོད་ཀྱང་ཁས་བླང་བར་བྱ་བ་ཡིན་ནོ། །གཞན་ཡང་གལ་ཏེ་འབྲས་བུ་ཡོད་པ་ཡིན་ན། དེའི་ཚེ་རྒྱུའི་གནས་སྐབས་ན་ཡང་དེ་ཡོད་པ་དེས་ན་རྒྱུ་དང་འབྲས་བུ་གཉིས་ཐ་མི་དད་པས་ན། ཁྱོད་ལ་འཇིག་གིས་ གནོད་དོ་ཞེས་བརྗོད་པ་ནི། གལ་ཏེ་རྒྱུ་ལ་ཞེས་བྱ་བ་ལ་སོགས་པའོ། །རས་ཀྱི་རིན་གྱིས་ཞེས་བྱ་བ་ནི་རས་ཀྱི་རིན་ཚད་ཀྱིས་སོ། །བགོ་བར་བགྱིས་ཞེས་བྱ་བ་ནི་ལུས་ཀྱིས་གྱོན་ཅིག་པའོ། །འཇིག་རྟེན་རྨོངས་པས་ཞེས་བྱ་བ་ནི་གཞན་གྱི་སྟེ། རྨོངས་པའི་དབང་གིས་འཇིག་རྟེན་པས་རྒྱུ་ལ་འབྲས་ བུ་ཡོད་པ་མ་མཐོང་དུ་ཟད་དོ་ཞེ་ན། ལན་དུ་དེ་ཉིད་ཤེས་ལའང་དེ་གནས་ཉིད། །ཅེས་སྨོས་ཏེ། གྲངས་ཅན་ཁྱེད་ཀྱི་ལྟར་ན་རྨོངས་པ་དེ་ནི་དེ་ཁོ་ན་ཤེས་པ་ལ་ཡང་གནས་པ་སྟེ། ཡོད་པའི་ཕྱིར་འབྲས་བུ་ཡོད་པ་སྐྱེ་བ་ནི་ངོ་མཚར་བ་ཁོ་ནའོ། །ཡང་ན་རྒྱུ་ལ་འབྲས་བུ་ཡོད་པར་རྟོག་པའི་ཤེས་པ་དེ་འཇིག་ རྟེན་ལ་ཡང་ཡོད་པ་དེས་ན་ཅི་སྟེ་མཐོང་། འོན་ཏེ་འཇིག་རྟེན་གྱི་མཐོང་བ་ཚད་མ་མ་ཡིན་ནོ་ཞེ་ན། འཇིག་རྟེན་ཞེས་གསུངས་སོ། །གསལ་བ་མཐོང་བའང་ཞེས་བྱ་བ་ནི་ཁྱོད་ཀྱི་ཆེན་པོ་ཉིད་ལ་སོགས་པ་འབྲས་བུའི་ཚོགས་མཐོང་བའང་ཚད་མ་ཡིན་པའི་ཕྱིར་རོ། །གཙོ་བོ་ལ་སོགས་པ་མཐའ་དག་ཚད་མ་ ཅན་མ་ཡིན་པར་འགྱུར་རོ། །དེས་ན་མེད་པ་ཁོ་ནའོ། །འདི་སྙམ་དུ་གལ་ཏེ་གཙོ་བོ་ལ་སོགས་པའི་ཚད་མ་དག་ཚད་མ་མ་ཡིན་པ་ཁོ་ན་ཡིན་ན། དེའི་ཚེ་ཚད་མ་དེས་གཞལ་བའི་དངོས་པོ་ཡང་བརྫུན་པས་ན་ཁྱོད་ཀྱིས་སྟོང་པ་ཉིད་ལ་ཡང་ཡིད་བརྟན་ཅི་ཡོད་ཅེས་གཞན་གྱིས་བརྗོད་པ་ན། གལ་ཏེ་ཚད་མ་ ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ལན་ནི་བཏགས་པའི་དངོས་ལ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་དང་དངོས་པོ་མེད་པ་དག་གིས་བཀག་པ་ནི། སྟོང་པ་ཉིད་ཡིན་ནོ་ཞེས་མི་བརྗོད་དེ། དོན་དམ་པར་ན་དེ་དག་གིས་དགག་པ་ནི་དུས་གསུམ་དུ་ཡང་བསྒྲུབ་པ་དག་ དགག་པའི་ངོ་བོར་བྱ་བར་མི་ནུས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན་ངོ་བོ་ཉིད་དུ་སྒྲོ་བཏགས་པ་སྟེ། དགོས་པར་བྱ་བ་ལ་དགོས་པར་བྱེད་པ་ཡིན་ནོ། །དེ་ལྟར་བཏགས་པའི་དངོས་པོ་ལ་ཞེས་བྱ་བ་ལ་རྟོག་པས་སྒྲོ་བཏགས་པའི་དངོས་པོ་ལ་མ་རེག་པར་དེ་གཟུང་བར་དེའི་དངོས་པོ་མེད་པ་སྟེ། དགག་པ་གཟུང་ བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་སྟེ། འདིར་མཇུག་བསྡུས་པའི་སྒོ་ནས་དཔེ་སྟོན་པ་ནི་དེས་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ཡོད་རྣམ་པར་རྟོག་པའི་ཞེས་བྱ་བ་ནི། རྨི་ལམ་དུ་དམིགས་པའི་མཚན་ཉིད་ཀྱི་བུ་དེ་ཡོད་པའི་ཞེས་བྱ་བ་ཡོད་དོ་ ཞེས་བྱ་བར་རྟོགས་པ་དེའི་སྐྱེ་བའི་གེགས་བྱེད་པ་སྟེ། འདི་མེད་སྙམ་པའི་རྣམ་པར་རྟོག་པ་བྱེད་པ་པོར་གྱུར་པས་འགོག་པར་བྱེད་པ་ཡིན་ནོ། །འོ་ན་རྣམ་པར་རྟོག་པ་ཉིད་དེ་ཁོ་ནར་ཡོད་པར་འགྱུར་རོ་སྙམ་ན། དེ་ཡང་བརྫུན་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་ སྡུད་པའོ། །རྒྱུ་མེད་ཅེས་བྱ་བ་ནི་དངོས་པོ་འདི་དག་རྒྱུ་མེད་བཞིན་དུ་རང་གི་ངོ་བོ་ཁོ་ནས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མི་སྲིད་དོ་ཞེས་རྒྱུ་མེད་པར་སྨྲ་བ་འགོག་པའོ། །སོ་སོར་ཞེས་བྱ་བ་ནི་དབང་ཕྱུག་ཏུ་སྨྲ་བ་འདོད་པ་འགོག་པའོ། །འདུས་པའི་ཞེས་བྱ་བ་ནི་རྒོལ་བ་གཞན་གྱི་འདོད་པ་འགོག་ པའོ། །རྐྱེན་རྣམས་ལ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་རྐྱེན་དུ་གྱུར་པ་རྣམས་ལ་ཡང་འབྲས་བུ་རྣམ་པ་འགའ་མེད་དེ། དེས་ན་དབང་ཕྱུག་ལ་སོགས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་གནས་སོ། །ད་ནི་གཞན་ནས་ཞེས་བྱ་བ་ལ་སོགས་པ་དུས་སུ་འཕོ་བ་ཟླ་བའི་ལུགས་འགོག་པར་ བྱེད་དོ། །འདི་ཉིད་ལ་རྒྱུ་གཞན་ཡང་བསགས་པའི་ཕྱིར་རྨོངས་པས་བདེ་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་ཀྱང་གོ་སླའོ། །གལ་ཏེ་དེ་ལྟར་ན་འགྲིབ་པ་འདི་ལ་ཡོད་པའི་རྒྱུའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་པ་གང་ཡིན་པ་དེ་ནི་སྒྱུ་མ་ལས་ཁྱད་པར་དུ་འགྱུར་བ་ཡིན་ནོ་ སྙམ་ན། སྒྱུ་མ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་གཟུགས་བརྙན་ལ་ཡང་མཚུངས་སོ་ཞེས་གསུངས་པ་ནི། གཟུགས་བརྙན་ལ་ཡང་མཚུངས་སོ། །གཞན་ཡང་འབྲས་བུ་ཡོད་པ་འམ་མེད་པ་གང་ཞིག་རྗེས་སུ་དཔག་ཅེས་སྟོན་པ་ནི། དངོས་པོ་ཡོད་པར་གྱུར་པ་ལ་ཞེས་ བྱ་བ་ལ་སོགས་པ་སྟེ། རྟོགས་པར་སླའོ། །འོན་ཏེ་སྔར་མེད་པ་གང་ཡིན་པ་དེ་ཉིད་སྐྱེ་བའོ་སྙམ་ན། བྱེ་བ་ཕྲག་བརྒྱ་ཞེས་བྱ་བ་ལ་སོགས་པའོ། །བསྒྱུར་དུ་མེད་པ་ནི་བསྐྱོད་དུ་མེད་པའོ། །འོན་ཏེ་དངོས་པོ་མེད་པའི་གནས་སྐབས་ཉིད་ཕྱིས་དངོས་པོར་འགྱུར་རོ་ཞེ་ན། མ་ཡིན་ཏེ། གནས་སྐབས་དེ་ ཉིད་དངོས་པོར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །འོན་ཏེ་གཞན་ཞིག་དངོས་པོར་འགྱུར་མོད་སྙམ་ན། དངོས་འགྱུར་གཞན་ཡང་ཞེས་གསུངས་སོ། །འདི་ལྟར་དངོས་པོ་མེད་པ་གང་ཡིན་པ་དེ་ནི་རེ་ཞིག་དངོས་པོར་འགྱུར་བར་མི་འོས་སོ། །དངོས་པོ་ཡང་དངོས་པོ་ཉིད་དུ་གྲུབ་ཟིན་པས་དེ་ལ་ཡང་དངོས་པོར་ ཅི་བྱ་དེ་གཉིས་ལས་གཞན་རྣམ་པ་གསུམ་པ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་འགའ་ཞིག་དངོས་པོར་འགྱུར་བ་ནི་མི་ཤེས་སོ། །འོན་ཏེ་དངོས་པོ་མེད་པའི་དུས་ཉིད་ན་དངོས་པོ་ཡོད་དོ་ཞེས་ནི་མི་བརྗོད་དོ། །འོན་ཀྱང་དངོས་པོ་མེད་པ་ཉིད་སྲིད་པ་དེའི་ཚེ་དངོས་པོ་ཡོད་དོ་ཞེས་བརྗོད་དོ། །འོན་ཏེ་དངོས་ པོ་མེད་པའི་དུས་ཉིད་ན་དངོས་པོ་ཡོད་དོ། །འོན་ཀྱང་དངོས་པོ་མེད་པ་ཉིད་སྲིད་པ་དེའི་ཚེ་དངོས་པོ་མེད་དོ་ཞེས་གཞན་གྱིས་སྨྲས་པ་ནི། མེད་ཚེ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཡོད་པར་ཞེས་བྱ་བ་ལ་སོགས་པ་ནི་ལན་འདེབས་པ་སྟེ། སྔར་གྱི་དངོས་པོ་མེད་པ་ནི་རྟག་ཏུ་ཉེ་བར་གནས་པའི་ ཕྱིར་རོ་སྙམ་དུ་དགོངས་པའོ། །འོན་ཏེ་དངོས་པོ་སྐྱེས་པའི་དུས་ན་དངོས་པོ་མེད་པ་འཇིག་གོ་སྙམ་ན། དངོས་པོ་སྐྱེས་པར་ཞེས་གསུངས་སོ། །འདི་སྙམ་དུ་དངོས་པོ་སྐྱེས་པ་ཁོ་ནས་དངོས་པོ་མེད་པར་བྱེད་དོ་ཞེ་ན། དངོས་མེད་དང་ནི་མ་བྲལ་ན། །ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་དངོས་ པོ་མེད་པ་གང་ཡིན་པ་དེ་ཉིད་ཀྱང་དངོས་པོར་འགྱུར་རོ་སྙམ་ན། དངོས་པོ་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །རིགས་པའི་ཚོགས་དེ་མཐའ་དག་གིས་སྐྱེ་བ་བཀག་ནས། དེ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པས་འཇིག་པ་ཡང་འགོག་པར་བྱེད་དོ། །དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པ་དང་། མེད་ པ་ཉིད་ཀྱིས་དགག་པ་མི་སྲིད་པའི་ཕྱིར་ན། དོན་དམ་པར་འགག་པ་ཡང་མེད་དོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མའི་མཇུག་སྡུད་དོ། །དེ་སྐད་དུ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་ཆོས་འདི་དག་ཐམས་ཅད་ སྐྱེ་བ་དང་འགག་པ་མེད་པ་ཡིན་ན། དེའི་ཚེ་འགྲོ་བ་དྲུག་པོ་ཇི་ལྟར་ཡིན་སྙམ་ན། འགྲོ་བ་རྨི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེ་ལྟ་ཡིན་ན་གྲོལ་བ་དང་མ་གྲོལ་བའི་ཐ་སྙད་ཇི་ལྟར་སྙམ་ན། མྱ་ངན་འདས་དང་མ་འདས་པ། །ཞེས་གསུངས་སོ། །དེ་ལྟར་སྟོང་པའི་ཞེས་བྱ་བ་ལ་སོགས་པས་ ནི་ཡོན་ཏན་སྐྱོན་ཁྱད་པར་མེད་པས་བསྟན་པའོ། །ད་ནི་བྱིས་པ་མ་རིག་པས་ལྡོངས་པ་རྣམས་ཀྱི་རིམ་པའི་སྤྱོད་པ་སྟོན་པས། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཚེགས་ཆེན་ཞེས་བྱ་བ་ནི་འབད་པ་ཆེན་པོས་སོ། །འཚོ་ཞེས་བྱ་བ་ནི་གནས་པའོ། །བདེ་འགྲོར་ཡང་དང་ཡང་འོངས་ཏེ། ། ཡང་ངན་སོང་རྣམས་སུ་ལྟུང་ཞེས་འབྲེལ་ཏོ། །གང་གི་ཕྱིར་དེ་ལྟར་སྲིད་པ་ན་འདི་དག་ནི་བཟོད་དཀའ་བའི་སྡུག་བསྔལ་གྱི་ཁུར་མང་པོའི་ཚོགས་གང་ཡིན་པ་དང་། དེར་ནི་དེ་ཉིད་མིན་ཞེས་བྱ་བ་མི་ཤེས་པ་འབའ་ཞིག་དང་། འདི་འདྲ་ཞེས་བྱ་བ་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་སྡུག་བསྔལ་གྱི་འབྱུང་གནས་ སུ་གྱུར་པ་དང་ལྡན་པ་ཡིན་ནོ། །འོན་ཏེ་འཁོར་བའི་སྡུག་བསྔལ་བསྐྱེད་པ་ལ་ཡང་དག་པའི་ཤེས་པ་ཉིད་རྒྱུ་ཅི་སྟེ་མི་འདོད་ཅེ་ན། དེར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་ཤིན་ཏུ་མི་བཟོད་པའི་ཚོར་བས་གནོད་པ་འཁོར་བའི་ཕན་ཚུན་འགལ་བའི་ངལ་བ་ཆེན་པོ་འདི་འདྲ་བ་ཡོད་པ་ དེར་ཡང་དག་པའི་ཤེས་པ་འདི་ལྟ་བུ་སྲིད་པའི་རྒྱུར་འཐད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཅིག་ཏུ་ངེས་པའོ། །དེར་ཡང་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་མེད་པ་ཉིད་གསལ་བར་བྱེད་དོ། །དེར་ཡང་ཞེས་བྱ་བ་ནི་སྲིད་པར་རོ། །སྟོབས་ཆུང་ཞིང་ཞེས་བྱ་བ་ནི་གཟི་བརྗིད་ཆུང་བའོ། །གསོན་དང་ནད་མེད་ ཀྱི་བྱེད་དང་། །ཞེས་བྱ་བ་ནི། གསོན་དུ་རེ་བ་དང་། ནད་མེད་པར་རེ་བ་དང་། གཞན་ལ་སྟོན་པ་ལ་སོགས་པ་བྱེད་པས་སོ། །ཚེ་འདི་མྱུར་འདའ་ཞེས་བྱ་བ་ནི་ཚེ་མྱུར་དུ་འགྲོ་བའོ། །སྐྱོན་གཞན་ཡང་སྟོན་པ་ནི་དེར་ཡང་ཞེས་བྱའོ། །རྣམ་གཡེངས་གོམས་པ་ཞེས་བྱ་བ་ནི་ལུས་ཀྱི་གནས་ངན་ལེན་ལ་སོགས་ པའི་མཚན་ཉིད་དེ་དག་བཟློག་པའི་ཐབས་ག་ལ་ཡོད་དེ་མཐུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ལོག་པའི་ལམ་ཞེས་བྱ་བ་ནི་ལོག་པའི་ལྟ་བར་ལྟུང་བའོ། །ཐེ་ཚོམ་ལས་ཀྱང་ཞེས་བྱ་བ་ནི་ལམ་ལ་ཡིད་གཉིས་ཟ་བ་ལས་སོ། །རྒལ་བ་ཞེས་བྱ་བ་ནི་བཟློག་པར་དཀའོ། །དལ་བ་རྙེད་དཀའ་ཞེས་བྱ་ བས་ནི་མི་ཁོམ་པ་བརྒྱད་སྤང་བར་བརྗོད་དོ། །སྟོང་པ་ཉིད་ཀྱི་ཆ་བསྟན་ནས། ད་ནི་སྙིང་རྗེའི་ཆ་སྟོན་པ་ལ་འཇུག་པ་ནི། དེ་ལྟར་ཤིན་ཏུ་ཞེས་བྱ་བ་ལ་སོགས་པའོ། །དཔེར་ན་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་ནི། སྲིད་པའི་སྡུག་བསྔལ་གྱི་རང་བཞིན་ཡིན་ཡང་བདེ་བར་མངོན་པར་རློམ་པར་ཟད་དོ་ཞེས་སྟོན་པའོ། ། དེ་ལྟར་དགའ་དང་ཞེས་བྱ་བ་ལ་སོགས་པས་ནི། མང་དུ་སྨྲ་བས་ཅི་བྱ་སྟེ། འདི་ཐམས་ཅད་ནི་མ་རིག་པའི་རྣམ་པར་འགྱུར་བ་ཡིན་ནོ་ཞེས་སྟོན་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། སྨོན་ལམ་འབྲས་བུ་དང་བཅས་པར་བྱེད་པའོ། །ནམ་ཞིག་ཅེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་ཀྱི་ སེམས་འབྲས་བུ་དང་བཅས་པར་བྱེད་པའོ། །གལ་ཏེ་དོན་དམ་པར་བསྟན་པ་ཡང་མེད་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་དེ་དག་ལ་བདག་ནམ་ཞིག་སྟོང་པ་ཉིད་སྟོན་པར་འགྱུར་ཞིག་གུ་ཞེས་བྱ་དེ་ལྟར་འཁོར་གསུམ་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པའི་སྒོ་ནས་ བསོད་ནམས་ཀྱི་ཚོགས་སུ་ཇི་ལྟར་འགྱུར་བ་དེ་ལྟར་ཡང་གུས་པར་རྗེས་སུ་བསྒྲུབས་ནས་ནམ་ཞིག་གཞན་ལ་སྟོན་པར་འགྱུར་ཞིག་གུ་ཞེས་དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྣམ་པར་བསྟན་ཏོ། །ནམ་ཞིག་དམིགས་པ་མེད་ཚུལ་དུ། །ཀུན་རྫོབ་ཏུ་ནི་བསོད་ནམས་ཀྱི་ཚོགས་ལ་གུས་པས་དམིགས་ པ་དང་བཅས་པར་ལྟ་བ་ལ། སྟོང་ཉིད་སྟོན་པར་འགྱུར་ཞེས་ཁ་ཅིག་ལས་འདོད་དོ། །དེའི་ཚེ་ནི་འཁོར་གསུམ་མི་དམིགས་པའི་ཚུལ་དུ་ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གུས་པར་ཏེ། འབད་པས་དམིགས་པའི་ལྟ་བ་ཅན་དག་སྡུག་བསྔལ་དང་ལྡན་པར་གྱུར་པ་ འདི་རྣམས་ལ་བདག་སྟོང་པ་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འཇོམས་པར་བྱེད་པ་སྟོན་པར་ནམ་ཞིག་འགྱུར་ཞེས་བྱ་བ་ཡིན་ནོ། །སྡུག་བསྔལ་མ་ལུས་སྤོང་བྱེད་ཤེས་རབ་ཀྱི། །ལེའུ་ནུས་པ་ཇི་བཞིན་རྣམ་བཀྲོལ་ལས། །བསོད་ནམས་སྦྲང་མའི་རྡུལ་ཙམ་གང་ཐོབ་དེས། །འགྲོ་བ་མྱུར་དུ་ཞི་བའི་ ལྷར་གྱུར་ཅིག །ཤེས་རབ་ལེའུའི་དཀའ་འགྲེལ་རྫོགས་སོ།། །།པཎྜི་ཏ་མི་མཉམ་ཁོལ་པོ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ། ལི་སྟོན་རྡོ་རྗེ་རྒྱལ་མཚན་མོས་པའི་དབང་གིས་འགྲེལ་པ་འདི་ལེགས་པར་བསྒྱུར། ། ༄། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུ་དང་བསྔོ་བའི་དཀའ་འགྲེལ་བཞུགས།། ༄༅༅། །ད་ནི་སེམས་མཉམ་པར་གཞག་པའི་གང་ཟག་དེས་གོ་འཕང་ཁྱད་པར་ཅན་ཐོབ་པར་བྱ་བའི་དོན་དུ་ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར་ལེའུ་བརྒྱད་པ་གསུངས་ཏེ། དེ་ལ་གང་ལ་བརྟེན་ཏེ་ བསྐྱེད་པར་བྱ་ཞེ་ན། བསམ་གཏན་གྱི་ལེའུར་ཞི་གནས་ཀྱི་ཚོགས་ལ་གནས་ཏེ། ཞི་གནས་བསྒོམ་པར་བྱ་བ་ཉིད་དུ་བསྡོགས་པ་འདི་དག་ཐམས་ཅད་ཀྱང་གང་གི་དོན་དུ་བསྡོགས་ཤེ་ན། བདག་དང་གཞན་གྱི་རྒྱུད་ལ་བསྐྱེད་པའི་དོན་དུ་བསྡོགས་ཏེ། གོང་དུ་བསམ་གཏན་བསྟན་པའི་ལེའུར། ཞི་གནས་རབ་ ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མ་ཞི་གནས་བཙལ་བྱ་ཞེས་དེ་སྐད་དུ་བསྡོགས་པ་དེ་བས་ན་བདག་དང་གཞན་གྱི་རྒྱུད་ལ་མྱ་ངན་ལས་འདས་པ་དང་། བདེ་བ་འདོད་པས་དེ་ཐོབ་པར་བྱ་བའི་དོན་དུ་ཤེས་རབ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་བདག་གི་དོན་ཏེ། བདེ་བ་ནི་གཞན་གྱི་དོན་ཏོ། །ཡང་མྱ་ངན་ལས་འདས་པ་ནི་སྤངས་པའོ། །བདེ་བ་ནི་ཡེ་ཤེས་སོ། །ཡང་ན་མྱ་ངན་ལས་འདས་པ་ནི་ངེས་པར་ལེགས་པའོ། །བདེ་བ་ནི་མངོན་པར་མཐོ་བའོ། །དེ་ལྟར་བསམ་གཏན་དང་ལྡན་པ་དེས་མྱ་ངན་ལས་ འདས་པ་དང་བདེ་བ་ཐོབ་པར་བྱ་བའི་དོན་དུ་ཤེས་རབ་གང་བསྐྱེད་པར་བྱ་སྙམ་པ་ལ། དོན་དམ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་ཡུལ་བདེན་པ་གཉིས་ལ་དམིགས་པའི་ཤེས་རབ་དེ་བསྐྱེད་པར་བྱའོ་ཞེས་བསྟན་ཏེ། བཤད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པས་སོ་ཞེས་བྱ་བ་ནི་ཚིག་གི་ ལྷག་མའོ། །དེ་དག་གི་སོ་སོའི་མཚན་ཉིད་ཇི་ལྟ་བུ་ཡིན་སྙམ་པ་ལ། དོན་དམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་བྱ་བ་ལ། བློ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི་སྒྲའི་ཡུལ་མ་ཡིན་པར་ཡང་ཤེས་པར་བྱ་སྟེ། ཇི་སྐད་དུ་མདོ་ལས་དོན་དམ་པའི་བདེན་པ་ནི་གང་ལ་སེམས་ རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་འབྱུང་བ་དང་། ཡང་ལྷའི་བུ་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་ཡང་དག་པར་འདས་ཏེ། མ་སྐྱེས་པ་མ་འགགས་པ་བརྗོད་པ་དང་། བརྗོད་པར་བྱ་བ་དང་། བྲལ་བ་ཤེས་པ་དང་། ཤེས་པར་བྱ་བ་དང་། བྲལ་བའོ་ཞེས་གསུངས་པའི་ ཕྱིར་རོ། །འོན་ཏེ་དེ་དོན་དམ་པ་དེ་ཇི་ལྟར་བློའི་སྤྱོད་ཡུལ་མ་ཡིན་སྙམ་པ་ལ། དོན་དམ་པ་ནི་རིགས་པ་ཇི་ལྟ་བ་བཞིན་དུ་ཡིན་ལ། རིགས་པས་དཔྱད་ན་དངོས་པོ་གང་ཡང་མ་གྲུབ་སྟེ། ཇི་སྐད་དུ་མདོ་ལས། བློ་ཡིས་རྣམ་པར་གཞིགས་ན་ནི། །གཞན་དབང་མེད་ཅིང་བརྟགས་པའང་མེད། །ཅེས་བྱ་བ་ལ་སོགས་ པ་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། གང་ཅི་བརྗོད་པ་ཐམས་ཅད་ནི། །ངོ་བོ་ཉིད་ཀྱིས་སྟོང་རིག་བྱ། །སྟོང་ཞེས་བྱ་བ་དེ་ཡང་སྟོང་། །འདི་ལྟར་མི་སྟོང་ཡོད་མ་ཡིན། །ཞེས་གསུངས་པ་དང་། བདེན་པ་གཉིས་ལས་ཀྱང་། དེ་ཉིད་ཕྱིར་ན་དེ་སྟོང་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་ པས་གང་ལྟར་ཡང་མ་གྲུབ་པའི་ཕྱིར་རིགས་པས་དཔྱད་ན་བློ་དང་སྒྲས་ཇི་ལྟར་ཡང་ཡུལ་དུ་བྱར་མེད་དོ། །ཡང་ན་དོན་དམ་པ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་ལ་སྒྲོ་བཏགས་པའི་སྤྲོས་པ་རྣམ་པར་ཆད་པ་ཙམ་དུ་ཟད་པས། དེ་ལ་ནི་བློ་དང་སྒྲས་ཇི་ལྟར་ཡང་ཡུལ་དུ་བྱར་མེད་དེ། དགག་པ་ཙམ་ནི་ཅི་ཡང་མ་ཡིན་ པའི་ཕྱིར་རོ། །དེ་ལས་བཟློག་པ་བློ་དང་སྒྲ་ནི་ཀུན་རྫོབ་ཡིན་ཞེས་བྱ་བ་ནི་འཕགས་པ་བདེན་པ་གཉིས་བསྟན་པ་ལས། ཇི་སྐད་དུ། ལྷའི་བུ་གལ་ཏེ་དོན་དམ་པར་ནི་དོན་དམ་པའི་བདེན་པ་ལུས་དང་། ངག་དང་ཡིད་ཀྱི་ཡུལ་གྱི་ངོ་བོར་གྱུར་ན་ནི་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོའོ། །དེ་ཀུན་རྫོབ་ཀྱི་བདེན་ པ་ཉིད་ཁོ་ནར་འགྱུར། ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡུལ་ལས་ཀྱང་ཡང་དག་པར་འདས་པ་ཡིན་ནོ་ཞེས་གསུངས་པ་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང་། དེ་ཀུན་རྫོབ་ཀྱི་ བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང་། ཡི་གེ་དང་། སྐད་དང་། བརྡས་བསྟན་པ་དག་གོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། ཀུན་རྫོབ་ནི་ཇི་ལྟར་སྣང་བཞིན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ཞིབ་ཏུ་ནི་དབུ་མའི་བསྟན་བཅོས་གཞན་དག་ལས་ཤེས་པར་བྱ་བ་ཡིན་པའི་ཕྱིར་ འདིར་རྒྱ་མ་བསྐྱེད་དོ། །ད་ནི་དངོས་པོའི་བདག་ཉིད་ལ་ལོག་པར་རྟོག་པ་བསལ་བའི་སྒོ་ནས་དངོས་པོའི་བདག་ཉིད་དཔྱད་པར་བྱ་བ་མདོར་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་སྨོས་ཏེ། དངོས་པོའི་བདག་ཉིད་བསྟན་མ་ཐག་པ་དེ་ལ་རྣལ་འབྱོར་པ་དང་། ཕལ་པ་དང་མཐུན་པས་ཕལ་པ་ སྟེ་མདོ་སྡེ་པ་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱིས་གོ་རིམས་བཞིན་དུ་གཉིས་མེད་པའི་ཚུལ་དང་། གཉིས་ཀྱི་ཚུལ་དུ་མཐོང་སྟེ། དེ་ལ་རྣལ་འབྱོར་སྤྱོད་པ་བས་འཇིག་རྟེན་ཕལ་པའི་འདོད་པ་སུན་འབྱིན་པར་བྱེད་ཅིང་འཇིག་རྟེན་ཕལ་པ་ལས་གོང་མར་གྱུར་པ་རྣལ་འབྱོར་པའི་འདོད་པ་དེ་ནི་དེ་ལས་ཀྱང་གོང་ མར་གྱུར་པ་དབུ་མ་པའི་ལྟ་བའི་ཁྱད་པར་གྱིས་སུན་འབྱིན་པར་བྱེད་པས་དེའི་ཕྱིར་མཚན་ཉིད་ལ་དཔྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་རེ་ཞིག་དེ་ཉིད་རྒྱས་པར་བཤད་པའི་དབང་དུ་བྱས་ནས། འོན་ཏེ་འཇིག་རྟེན་ཕལ་པའི་འདོད་པ་ནི་གང་། དེ་ལ་རྣལ་འབྱོར་སྤྱོད་པ་པས་ནི་ཇི་ལྟར་སུན་འབྱིན་པར་བྱེད་ ཅེ་ན། འཇིག་རྟེན་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ཕལ་པ་མདོ་སྡེ་པ་ལ་སོགས་པས་སོ། །དངོས་མཐོང་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལའོ། །ཡང་དག་ཉིད་དུ་འང་ཞེས་བྱ་བ་ནི་ཇི་ལྟར་སྣང་བ་བཞིན་དུ་ཕྱི་རོལ་གྱི་དོན་ཉིད་ཡང་དག་པར་རོ། །སྒྱུ་མ་བཞིན་དུ་ཞེས་བྱ་ བ་ནི་དེ་ལྟར་སྣང་བའོ། །ཇི་ལྟར་རྩོད་ཅེ་ན། གཟུགས་སོགས་ཞེས་བྱ་བ་སྨོས་ཏེ། འདི་སྐད་བསྟན་ཏེ། གཟུགས་ལ་སོགས་པ་ནི་སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་མངོན་སུམ་ཉིད་དུ་འཁྲུལ་ནས་དེ་སྣང་གི་ཚད་མས་གྲུབ་པ་མ་ཡིན་ཏེ། དེ་སྒྲུབ་པར་བྱེད་པའི་རིགས་པ་མེད་པའི་ཕྱིར་དང་། གཅིག་དང་དུ་མ་ལ་སོགས་པའི་ཚད་མས་གནོད་པའི་ཕྱིར། དཔེར་ན་མི་གཙང་བ་ལ་གཙང་བར་འཛིན་པ་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །འོན་ཏེ་དེ་ལྟར་ན་འཕགས་པ་དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་ལས་གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་ པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་གསུངས་པའི་ལུང་དང་འགལ་ལོ་ཞེ་ན། འཇིག་རྟེན་གཟུད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་འདུལ་བར་འགྱུར་བའི་སྐྱེ་བོ་དག་གཟུད་པར་བྱ་བའི་ཆེད་དུ་བསྟན་པ་ཡིན་གྱི་དངོས་སུ་ཡོད་པའི་ཕྱིར་བསྟན་པ་ནི་མ་ཡིན་ཏེ། དེས་ན་འགལ་ བ་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཅི་དེ་ལྟ་བུའི་དཔེ་མཐོང་ངམ་ཞེ་ན། སྒྱུ་མ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་ཤིན་ཏུ་ཞི་བ་ཞེས་བྱ་བས་ལུང་བསྟན་པར་བྱ་བའི་སེམས་ཅན་འགའ་ཡང་མ་ གཟིགས་ནས་སྤྲུལ་པ་ཞིག་སྤྲུལ་ཏེ། མྱ་ངན་ལས་འདས་སོ། །དེ་ནས་སྤྲུལ་པ་དེས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་གསུངས་པའི་ཚུལ་གྱིས་གདུལ་བྱའི་རྒྱུད་ལ་བསོད་ནམས་བསྐྱེད་པའི་ཕྱིར་སྤྲུལ་པའི་ སྒྱུ་མ་ལྟ་བུ་བསྟན་པ་བཞིན་ནོ། །དེ་ལྟར་འཇིག་རྟེན་ཕལ་པའི་འདོད་པ་རྣལ་འབྱོར་སྤྱོད་པས་ཇི་ལྟར་སུན་འབྱིན་པའི་ཚུལ་བསྟན་ནས། ད་ནི་རྣལ་འབྱོར་སྤྱོད་པའི་འདོད་པ་དབུ་མས་ཇི་ལྟར་སུན་འབྱིན་པ་བསྟན་པའི་ཕྱིར། གལ་ཏེ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སེམས་ཅན་ཞེས་བྱ་བ་འདི་ དག་ཀྱང་དོན་དམ་པར་རང་བཞིན་མེད་པ་ཡིན་ན་སྒྱུ་མ་བཞིན་དུ་ཤི་བའི་རྗེས་ལ་ཡང་མི་སྐྱེ་བར་ཐལ་བར་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་ཏེ། སྐྱེ་བའི་ཕྱིར་དོན་དམ་པར་ཡོད་དོ་ཞེ་ན། ཐམས་ཅད་ཀུན་རྫོབ་ཡིན་པས་ཀུན་རྫོབ་ཐམས་ཅད་འཁོར་བའི་ངེས་པ་མེད་པའི་ཕྱིར། རྐྱེན་རྣམས་རྒྱུས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཉེན་པོ་ཡེ་ཤེས་མ་སྐྱེས་པས་རྒྱུ་ལས་དང་ཉོན་མོངས་པ་མ་ལོག་པའི་ཚེ་ནི་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་མི་ལྡོག་སྟེ་འཁོར་བར་ཡང་ཡིན་ལ། གང་གི་ཚེ་གཉེན་པོ་སྐྱེས་པས་མི་མཐུན་པའི་ཕྱོགས་ལས་དང་ཉོན་མོངས་པ་འགགས་ཏེ་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་མི་འབྱུང་སྟེ། མི་འཁོར་བར་འགྱུར་ བ་དེའི་ཚེ་ནི་སྐྱེ་འགག་གི་མཚན་ཉིད་ཀུན་རྫོབ་ཡིན་ཡང་འཁོར་བ་མ་ཡིན་པས་ངེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་རྣལ་འབྱོར་སྤྱོད་པ་དག་ན་རེ། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ཁྱོད་ཀྱིས་གོང་དུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཡིན། །ཞེས་སྨྲས་པས་དོན་དམ་པར་ སེམས་ཉིད་ཀྱང་ངོ་བོ་ཉིད་མེད་པ་ཡིན་ལ། ཡུལ་ནི་ཇི་ལྟར་སྣང་བ་བཞིན་དུ་ཡོད་དོ་ཞེས་ཁས་བླངས་པ་ཡིན་པས་དེའི་དམ་བཅས་པ་ལ་ཕན་ཚུན་འགལ་བའི་སྐྱོན་ཆགས་ཏེ། ཇི་ལྟར་ཞེ་ན། གང་གི་ཚེ་ཤེས་པ་ཉིད་ཀྱང་དོན་དམ་པར་མེད་པ་ཡིན་ན་ནི་ཡུལ་སྒྱུ་མ་ལྟ་བུ་དེ་ཤེས་པ་གང་ལ་སྣང་ནས་ཇི་ལྟར་སྣང་བ་ ཉིད་དུ་ཡོད། འོན་ཏེ་ཡུལ་ཇི་ལྟར་སྣང་བ་བཞིན་དུ་ཡོད་ན་དེའི་ཚེ་གང་ལ་སྣང་བའི་ཤེས་པ་ཉིད་ཀྱང་ཡོད་པས་ཤེས་པ་དོན་དམ་པར་མེད་པ་ཉིད་དུ་མི་འཐད་དོ་ཞེ་ན། ཉེས་པ་འདི་ནི་ཁྱོད་ལ་ཡང་མཚུངས་སོ་སྙམ་ནས། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་རྣལ་ འབྱོར་སྤྱོད་པ་དག་ཆོས་ཐམས་ཅད་སེམས་ཙམ་ཉིད་དུ་ཁས་ལེན་པ་དེའི་ཚེ་ཡུལ་སྒྱུ་མ་ཙམ་ཡང་མེད་པའི་ཕྱིར་ཤེས་པ་དོན་དམ་པར་ཡོད་པར་མི་འཐད་ལ་གང་གི་ཚེ་ཤེས་པ་དོན་དམ་པར་ཡོད་པ་ཡིན་ན་ནི། དེའི་ཚེ་ཡུལ་སྒྱུ་མ་ཙམ་ཡང་མེད་པ་མི་འཐད་དེ། ཤེས་པ་ནི་ཞེས་བྱ་བ་ལ་ལྟོས་པ་ཡིན་པའི་ཕྱིར་ ཁྱེད་ལ་དེ་ཡང་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྒྱུ་མའི་སྐྱེས་བུ་ཡང་རྐྱེན་ཚོགས་པའི་དབང་གིས་དོན་དམ་པར་མེད་ཀྱང་སྔ་མ་འགགས་པའི་རྗེས་ལ་ཡང་སྐྱེ་བ་དེ་བཞིན་དུ་འདིར་ཡང་དེ་དང་འདྲ་བས་སྐྱེ་བའི་ཕྱིར་ཡང་དག་པར་ཡོད་ཅེས་བྱ་བ་དེ་ནི་མ་ ངེས་པ་ཉིད་དོ་སྙམ་དུ་བསམས་པ་ཉིད་དོ། །འོ་ན་དེ་ལྟར་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ན། དེའི་ཚེ་ལོ་བརྒྱ་འམ་སྟོང་ལ་སོགས་པར་ཡུན་རིང་དུ་གནས་པར་མི་རུང་བ་ཞིག་ན། ད་ལྟར་ནི་སེམས་ཅན་ཞེས་བྱ་བའི་དངོས་པོ་འདི་ཡུན་རིང་དུ་གནས་པ་ཉིད་ཀྱི་ཕྱིར་དོན་དམ་པར་ཡོད་དོ་ཞེ་ན། དེ་ཡང་མ་ངེས་པ་ཉིད་དུ་ བསྟན་པའི་ཕྱིར། རྒྱུན་རིང་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེས་འགའ་སྒྱུ་མའི་སྐྱེས་བུ་ལ་ཡང་སྨན་དང་སྔགས་ལ་སོགས་པའི་སྟོབས་ཀྱིས་ཡུན་རིང་དུ་གནས་པ་སྲིད་པའི་ཕྱིར་དེས་ན་ཡུན་རིང་དུ་གནས་པ་ཉིད་ཀྱི་ཕྱིར། དོན་དམ་པར་ཡོད་ཅེས་བྱ་བ་དེ་ཡང་མ་ངེས་པའི་སྐྱོན་ཆགས་པ་ཉིད་ དོ་སྙམ་དུ་བསམས་པའོ། །འོན་ཏེ་དེ་ལྟར་རང་བཞིན་མེད་པ་ཉིད་ཡིན་ན། སྒྱུ་མའི་སྐྱེས་བུ་བཞིན་དུ་སྲོག་བཅད་པས་སྡིག་པ་མི་འབྱུང་བར་ཐལ་བར་འགྱུར་བ་ཞིག་ན་སེམས་ཅན་ཞེས་བྱ་བའི་དངོས་པོ་འདི་ནི་སྲོག་བཅད་པ་ལས་སྡིག་པ་འབྱུང་བའི་ཕྱིར་དོན་དམ་པར་ཡོད་དོ་ཞེ་ན། དེ་ཡང་མ་ངེས་པ་ཉིད་དུ་བསྟན་ པའི་ཕྱིར་སྒྱུ་མའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སྡིག་པ་འབྱུང་བའི་ཕྱིར་དོན་དམ་པར་ཡོད་པར་ནི་མ་ངེས་ཀྱི་འོ་ན་ཅི་ཞེ་ན་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་སྲོག་ཡོད་པའི་ཕྱིར། དེ་བསད་པ་དང་། མ་བསད་པའི་རྒྱུས་ཅི་རིགས་པར་ཕན་གནོད་འབྱུང་བ་ཡིན་པས་དེ་བས་ན་དེ་བསད་པའི་རྒྱུས་ སྡིག་པ་འབྱུང་བ་ཡིན་ཞེས་བསམས་པའོ། །འོ་ན་དེ་ལྟར་སེམས་ཅན་རྣམས་སེམས་ཡོད་པ་ཉིད་ཀྱི་ཕྱིར་དོན་དམ་པར་ཡོད་པ་ཡིན་གྱི། གལ་ཏེ་དོན་དམ་པར་མེད་པ་ཉིད་ཡིན་ན་ནི་སེམས་ཉིད་ཀྱང་འབྱུང་དུ་མི་རུང་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུ་བཞིན་ནོ་ཞེ་ན། དོན་དམ་པར་མེད་ཀྱང་རྐྱེན་ཚོགས་པའི་དབང་གིས་ ཀུན་རྫོབ་ཏུ་འབྱུང་བ་མི་འགལ་ཏེ། དཔེར་ན་སྒྱུ་མ་དེ་ཉིད་དོན་དམ་པར་མེད་ཀྱང་རྐྱེན་ཚོགས་པའི་དབང་གིས་རྟ་དང་གླང་པོ་ལ་སོགས་པ་འབྲས་བུ་མི་འདྲ་བ་སྣ་ཚོགས་འབྱུང་བ་ལྟ་བུ་ཡིན་པས། དེ་བས་ན་ཁྱོད་ཀྱི་སེམས་དང་ལྡན་པར་འབྱུང་བའི་ཕྱིར། དོན་དམ་པར་ཡོད་ཅེས་བྱ་བ་དེ་ཡང་མ་ངེས་པ་ཉིད་དོ་ སྙམ་དུ་བསམས་ནས། སྔགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་བསྟན་ཏོ། །སྒྱུ་མའི་རྒྱུ་རྐྱེན་སྔགས་ལ་སོགས་པ་ལ་ནུས་པ་མེད་པའི་ཕྱིར་སེམས་དང་མི་ལྡན་པར་འབྱུང་བ་ཡིན་གྱི། དོན་དམ་པར་མེད་པའི་ཕྱིར་ནི་མ་ཡིན་ལ་སེམས་ཅན་རྣམས་ལ་ནི་རྒྱུ་རྐྱེན་ལ་ནུས་པ་ཡོད་པས་ སེམས་དང་ལྡན་པར་འབྱུང་བ་ཡིན་གྱི་དོན་དམ་པར་ཡོད་པའི་ཕྱིར་ནི་འབྱུང་བ་མ་ཡིན་ཏེ། དེ་བས་ན་མ་ངེས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སེམས་ཅན་རྣམས་ལ་དོན་དམ་པར་མེད་ཀྱང་སེམས་འབྱུང་ན་ནི་དེའི་ཚེ་ཁྱད་པར་མེད་པ་དེ་བཞིན་དུ་སྒྱུ་མ་ལ་ཡང་ཅིའི་ཕྱིར་མི་འབྱུང་ཞེ་ན། རྒྱུ་རྐྱེན་གྱི་ནུས་ པ་མི་འདྲ་བའི་ཕྱིར་ཏེ། དེ་བས་ན་སྣ་ཚོགས་རྐྱེན་ལས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རྒྱུ་རྐྱེན་གཅིག་གིས་འབྲས་བུ་མཐའ་དག་སྐྱེད་ནུས་པ་ཡིན་ན་ནི། དེ་ཚེ་སྒྱུ་མ་ལ་ཡང་སེམས་བྱུང་བར་འགྱུར་བ་ཞིག་ན། དེ་མི་སྲིད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །གཞན་གྱིས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། སྤོང་ལུགས་ཀྱི་དོན་དམ་པར་ནི་མྱ་ངན་ལས་འདས་པ་ཡིན་ཞིང་བཟློག་ནས་ཀུན་རྫོབ་ནི་འཁོར་བ་ཉིད་མ་ཡིན་ནམ། གང་གི་ཚེ་ཁྱེད་དབུ་མ་པས་ཇི་སྐད་བཤད་པ་ལྟར་དོན་དམ་པར་ནི་སྐྱེ་འགག་ཐམས་ཅད་དང་བྲལ་བ་ཡིན་ཞིང་བཟློག་ནས་སྐྱེ་འགག་གི་མཚན་ཉིད་ཐམས་ཅད་ནི་ཀུན་རྫོབ་ཡིན་པར་གྲུབ་པ་དེ་ལྟ་ན་ ནི། དེའི་ཚེ་སངས་རྒྱས་ཀྱང་གཉེན་པོ་སྐྱེ་བ་དང་མི་མཐུན་པའི་ཕྱོགས་འགག་པའི་མཚན་ཉིད་ཀྱི་ཀུན་རྫོབ་ཡིན་པས་འཁོར་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེ་ན། ངེས་པ་མེད་དེ་སྐྱེ་འགག་ཕན་ཚུན་འགག་ཅིང་སྐྱོན་འདི་འབྱུང་བ་ཡིན་གྱི། གང་གི་ཚེ་ཁོ་བོ་ལ་ནི་ཤེས་ པ་དོན་དམ་པར་མེད་ཀྱང་སྒྱུ་མ་ཙམ་དུ་གནས་པ་དེ་ལ་ཡུལ་སྒྱུ་མ་དེ་ལྟ་བུ་སྣང་བའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་ཕན་ཚུན་འགལ་བའི་ཉེས་པ་དེ་ཉིད་ལས་མ་གྲོལ་བ་ཉིད་དུ་བསྒྲུབ་པའི་ཕྱིར། གང་ཚེ་སེམས་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཡུལ་དང་སེམས་གཉིས་ཀ་སྒྱུ་མ་ཉིད་དུ་ཁས་ལེན་པ་ནི་གཉི་ག་ཡང་དོན་དམ་པར་རང་བཞིན་མེད་པའི་ཕྱིར་གང་ཞིག་གང་ལ་སྣང་སྟེ། དེ་ལྟ་བས་ན་ཡུལ་ཇི་ལྟར་སྣང་བ་བཞིན་དུ་ཡོད་པ་ཤིན་ཏུ་ཡང་མི་འཐད་པས་ཕན་ཚུན་འགལ་བའི་ཉེས་པ་སོ་ན་གནས་ལ། ཁོ་བོ་ཅག་ནི་ཡུལ་སྒྱུ་མ་ཙམ་འདི་ མེད་ཀྱང་རང་རིག་པའི་སྒོ་ནས་ཤེས་པ་ཉིད་དུ་ཁས་ལེན་པས་དམ་བཅས་པ་ལ་ཕན་ཚུན་འགལ་བའི་ཉེས་པ་མི་མཚུངས་སོ་ཞེ་ན། སློབ་དཔོན་གྱིས་ཉེས་པ་དེ་ཉིད་སོ་ན་གནས་པར་བསྒྲུབ་པའི་ཕྱིར། རལ་གྲི་སོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རལ་གྲི་སོ་དེ་ཉིད་ལ་བཅད་པར་བྱ་བ་དང་། གཅོད་པར་བྱེད་པ་གཉིས་མེད་པའི་ཕྱིར་རང་གིས་རང་མི་གཅོད་པ་བཞིན་དུ་ཤེས་པའི་ངོ་བོ་དེ་ཡང་རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར། རང་གིས་རང་རིག་པ་མི་འཐད་དེ། དེ་བས་ན་ཡུལ་ཁས་མི་ལེན་པའི་ཕྱིར། ཤེས་པ་དོན་དམ་པར་ཡོད་པ་ཉིད་དུ་མི་འཐད་པའི་ཉེས་པ་སོ་ན་གནས་ལ། གང་ གི་སྒྱུ་མ་ལྟ་བུ་ཞེས་བྱ་བ་འདིས་ནི་རི་བོང་གི་རྭ་བཞིན་དུ་ཐམས་ཅད་དུ་མེད་པའི་དོན་ནི་མ་ཡིན་གྱི། སྣང་དུ་ཟིན་ཀྱང་དོན་དམ་པར་མེད་པའི་དོན་ཡིན་པས། དེ་བས་ན་ཡུལ་དང་ཤེས་པ་གཉིས་ག་དོན་དམ་པར་མེད་ཀྱང་སྣང་ཚོད་ཙམ་དུ་ཡོད་པ་ཡིན་པའི་ཕྱིར་ཡུལ་སྒྱུ་མ་ལྟ་བུ་དེ་ཇི་ལྟ་བ་བཞིན་དུ་ཡོད་པས་ ཉེས་པ་སོ་ན་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་གྱི་ཤེས་པ་གཅིག་པོ་དེ་ལ་རིག་བྱ་དང་། རིག་བྱེད་གཉིས་ཀྱི་བདག་ཉིད་མ་གྲུབ་ཀྱང་། རང་རིག་པ་ཉིད་དུ་གཞུང་གཟུགས་པའི་ཕྱིར། གལ་ཏེ་མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མར་མེ་རང་གི་ངོ་བོ་ལ་རང་གསལ་བར་ བྱ་བ་དང་། གསལ་བར་བྱེད་པ་གཉིས་མ་གྲུབ་ཀྱང་། གསལ་བར་བྱེད་པའི་རྐྱེན་ཉི་མ་ལ་སོགས་པ་གཞན་ལ་མ་ལྟོས་པར་གསལ་བའི་རང་བཞིན་ཡིན་པའི་ཕྱིར། རང་གིས་རང་གསལ་བར་བྱེད་པ་དེ་བཞིན་དུ་ཤེས་པ་གསལ་བ་ཡང་རིག་པར་བྱ་བ་དང་། རིག་པར་བྱེད་པ་གཉིས་མེད་ཀྱང་། །རིག་ བྱེད་གཞན་ལ་མི་ལྟོས་པར་རིག་པའི་རང་བཞིན་ཡིན་པའི་ཕྱིར་ཚུལ་གྱིས་རང་རིག་པ་ཡིན་པའི་ཕྱིར། ཡུལ་སྒྱུ་མ་ཙམ་མེད་དུ་ཟིན་ཀྱང་། ཤེས་པ་དོན་དམ་པར་ཡོད་པ་འགལ་བ་མེད་དོ་ཞེ་ན། སློབ་དཔོན་གྱིས་དཔེ་ཉིད་མ་གྲུབ་པའི་སྒོ་ནས། དེ་མི་འཐད་པར་བསྒྲུབ་པའི་ཕྱིར། མར་མེ་གསལ་བར་བྱེད་ མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་ལྟར་མར་མེ་དེ་གསལ་བའི་རང་བཞིན་དུ་ཁས་ལེན་ན་ནི། དེའི་ཚེ་རང་གིས་གསལ་བར་བྱེད་པ་ཤིན་ཏུ་ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན། རང་གིས་རང་གསལ་བར་བྱ་མི་དགོས་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། གསལ་བའི་རང་བཞིན་ཡིན་པའི་ཕྱིར་མུན་ པས་བསྒྲིབས་པའི་མཚན་ཉིད་ཀྱི་མི་གསལ་བ་མེད་པ་ལ། དེ་ཉིད་ཀྱི་ཕྱིར་རང་གིས་རང་གསལ་བར་བྱ་མི་དགོས་པས་རང་གིས་རང་གསལ་བར་བྱེད་པ་མ་ཡིན་པ་བཞིན་དུ། འདིར་ཤེས་པ་ཡང་རིག་པའི་རང་བཞིན་ཡིན་པའི་ཕྱིར། མ་རིག་པའི་ཆ་ཤས་མེད་ལ། དེ་ཉིད་ཀྱི་ཕྱིར་རང་གིས་རང་རིག་པར་བྱ་མི་དགོས་ པས་རང་གིས་རང་རིག་པར་བྱེད་པ་མ་ཡིན་ཏེ། དེ་བས་ན་རིག་པའི་རང་བཞིན་ཡིན་པའི་ཕྱིར། ཤེས་པ་རང་གིས་རང་རིག་པར་བྱེད་དོ་ཞེས་བྱ་བའི་ཁྱོད་ཀྱི་གཏན་ཚིགས་འདི་ལ་འགལ་བའི་སྐྱོན་ཆགས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གསལ་བར་བྱེད་པ་ ཞེས་བྱ་བ་ནི་རང་གིས་རང་གསལ་བར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏེ། གསལ་བར་བྱ་མི་དགོས་པའི་ཕྱིར་རོ། །དེ་ཉིད་ཅིའི་ཕྱིར་ཞེ་ན། འདི་ལྟར་མུན་གྱིས་བསྒྲིབས་པའི་མཚན་ཉིད་ཀྱི་མི་གསལ་བ་མེད་པའི་ཕྱིར་ཏེ། དེ་གསལ་བའི་རང་བཞིན་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་པོ་དག་ ནི་མཐུན་པའི་དཔེ་སྟེ། དེ་བཞིན་དུ་བཻ་ཌཱུརྱ་བཞིན་ནོ། །ཤེལ་ལྟ་བུ་ཞེས་བྱ་བ་ནི་སྔོན་པོ་དེ་ཉིད་ཀྱི་མི་མཐུན་པའི་དཔེ་སྟེ། ཇི་ལྟར་ཤེལ་ནི་རང་བཞིན་གྱིས་སྔོན་པོ་མ་ཡིན་པའི་ཕྱིར་རོ། །སྔོན་པོར་བྱེད་པའི་རྐྱེན་བཻ་ཌཱུརྱ་ལ་སོགས་པ་ལ་ལྟོས་པ་ཡིན་ལ་བཻ་ཌཱུརྱ་སྔོན་པོ་ཉིད་ནི་སྔོན་པོའི་རྒྱུ་ལ་མི་ལྟོས་ཏེ། ཅིའི་ ཕྱིར་ཞེ་ན། དང་པོ་ནས་སྔོན་པོ་ཉིད་དུ་འདུག་པ་ཡིན་པའི་ཕྱིར། དེ་ལྟ་བུའི་བཻ་ཌཱུརྱ་སྔོན་པོ་སྟེ། རང་ལ་རང་གི་སྔོན་པོར་བྱེད་དེ། སྔོན་པོར་བྱ་མི་དགོས་པའི་ཕྱིར་རང་ལ་སྔོན་པོར་མི་བྱེད་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གཞན་གྱིས་ཤེས་པ་རང་རིག་པའི་བདག་ཉིད་དུ་བསྒྲུབ་པའི་ཕྱིར། རྐྱེན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་རང་རིག་པའི་རང་བཞིན་ཡིན་པའི་ཕྱིར། རང་རིག་པར་བྱེད་ཅེས་བྱ་བ་མི་འཐད་དུ་ཟིན་ཀྱང་ཡུལ་གཟུགས་དང་མིག་གི་དབང་པོ་ལ་སོགས་པ་རྐྱེན་གཞན་གྱི་སྟོབས་ཀྱིས་ཤེས་པ་དེ་རང་རིག་པར་བྱེད་དོ་ཞེ་ན། ཁྱེད་ཀྱི་ལུགས་ ཀྱིས་ཆོས་ཐམས་ཅད་སེམས་ཙམ་དུ་འདུས་པ་ཡིན་པས། སེམས་ལས་མ་གཏོགས་པའི་རྐྱེན་གཞན་ཉིད་མ་གྲུབ་པའི་ཕྱིར་རྐྱེན་གཞན་གྱི་སྟོབས་ཀྱིས་ཀྱང་ཤེས་པ་དེ་རང་རིག་པར་བྱེད་པ་ཉིད་དུ་མི་འཐད་དོ་ཞེས་བསྟན་པའི་ཕྱིར། གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ གནོད་པར་བྱེད་པའི་ཚད་མའི་སྒོ་ནས་ཤེས་པ་དོན་དམ་པར་ཡོད་པ་ཉིད་མི་འཐད་པར་བསྒྲུབས་ནས། ད་ནི་ཤེས་པ་དོན་དམ་པར་ཡོད་པ་ལ་སྒྲུབ་པར་བྱེད་པའི་ཚད་མ་མེད་པར་བསྟན་པའི་ཕྱིར། མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མར་མེ་གསལ་བར་བྱེད་པ་ཡིན་པར་ནི་དབང་པོའི་མངོན་སུམ་གྱི་བློས་ ཉམས་སུ་མྱོང་བའི་ཕྱིར། ཁས་ལེན་པར་རིགས་ན་ཤེས་པ་རང་གིས་རང་གསལ་བར་བྱེད་པ་མངོན་སུམ་གྱི་ཚད་མ་གང་གིས་ཀྱང་མ་གྲུབ་པའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་ཀྱིས་ཁས་བླང་བར་མི་རིགས་སོ་སྙམ་དུ་བསམས་པ་སྟེ། ཅིའི་ཕྱིར་ཞེ་ན། རྟོག་པ་དང་ལྡན་པ་རྣམས་ཀྱིས་ཁས་ལེན་པ་ལ་ནི་སྒྲུབ་ པར་བྱེད་པའི་ཚད་མར་ཁྱབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མངོན་སུམ་ཇི་ལྟར་མ་གྲུབ་སྙམ་པ་ལ། རེ་ཞིག་ཡིད་དང་དབང་པོའི་མངོན་སུམ་གྱིས་ནི་མི་འགྲུབ་སྟེ། དེ་གཉིས་ཀྱིས་ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པ་གཟུགས་ཅན་གྱི་སྐྱེ་མཆེད་ལྔ་ཡིན་པའི་ཕྱིར་དང་། རང་རིག་པའི་མངོན་སུམ་ གྱིས་ཀྱང་མི་འགྲུབ་སྟེ། དེ་ཉིད་ནི་བཟོད་དཔྱོད་པའི་སྐབས་ཡིན་པའི་ཕྱིར་དང་། རྣལ་འབྱོར་གྱི་མངོན་སུམ་གྱིས་ཀྱང་མི་འགྲུབ་སྟེ། ཚུ་རོལ་མཐོང་བ་རྣམས་ལ་རྣལ་འབྱོར་གྱི་མངོན་སུམ་གྱི་ཐ་སྙད་མི་འདོགས་པའི་ཕྱིར་རོ། །དེ་བས་ན་རང་གིས་རང་གསལ་བར་བྱེད་ཀྱང་རུང་མི་བྱེད་ཀྱང་རུང་སྟེ། མངོན་སུམ་གྱི་ ཚད་མས་མ་གྲུབ་པའི་ཕྱིར་དམ་བཅས་ཀྱང་མི་འགྲུབ་པོ་སྙམ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མངོན་སུམ་གྱིས་མ་གྲུབ་ཀྱང་འབྲས་བུའི་རྟགས་ལ་བརྟེན་ནས་སྐྱེས་པ་རྗེས་སུ་དཔག་པས་འགྲུབ་པོ་སྙམ་ན། གལ་ཏེ་རང་རིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བདེ་བ་ལ་སོགས་པར་ཉམས་སུ་མྱོང་བའི་ རང་རིག་པ་མེད་ན་ཕྱིས་ཀྱང་དྲན་པ་སྐྱེ་བའི་རྒྱུ་རང་རིག་པ་ཞིག་ཡོད་པར་རྗེས་སུ་དཔག་པས་འགྲུབ་པོ་སྙམ་པ་ལ། དོན་དྲན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པའི་ཤེས་པ་སྐྱེ་བའི་སྒོ་ནས་རང་རིག་པའི་ཤེས་པ་དོན་དམ་པ་ཞིག་སྒྲུབ་མི་དགོས་ཏེ། གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་རང་རིག་པ་ དོན་དམ་པ་དེ་ནི་མི་འགྲུབ་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །འོན་ཏེ་རང་རིག་པ་དོན་དམ་པ་དེ་ཡོད་པ་ཉིད་དུ་མ་གྲུབ་ན་ཕྱིས་དྲན་པའི་ཤེས་པ་སྐྱེ་བ་མི་འཐད་དོ་ཞེ་ན། དོན་དམ་པ་མེད་ཀྱང་རང་རིག་པ་ཀུན་རྫོབ་ཏུ་ཡོད་པའི་དབང་གིས་དྲན་པའི་ཤེས་པ་སྐྱེ་བའི་ཕྱིར་དེ་དྲན་ནོ་ཞེས་གསུངས་སོ། །འོན་ཏེ་ ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་ཡང་མི་འཐད་དེ། རང་བཞིན་མེད་པར་ཁས་ལེན་པའི་ཕྱིར་རོ་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོང་བ་དང་ཐོས་པ་ལ་སོགས་པ་ཀུན་རྫོབ་ནི་འདིར་མི་འགོག་པའི་ཕྱིར་དང་། འོ་ན་འདིར་ཅི་ཞིག་འགོག་སྙམ་པ་ལ། འདིར་ནི་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། འདི་ནི་སྡུག་བསྔལ་ཐམས་ཅད་འབྱུང་བའི་རྒྱུ་དངོས་པོར་ཞེན་པ་དགག་པའི་ཕྱིར། ཡང་དག་པའི་རང་བཞིན་འགོག་གོ་སྙམ་དུ་བསམས་པའོ། །ད་ནི་ཡུལ་བདེན་པ་གཉིས་ལ་དམིགས་པའི་སྟོང་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་བསྒོམ་པར་བྱ་བར་བསྟན་པའི་ཕྱིར། སྒྱུ་མ་ལྟ་བུ་ ཞེས་བྱ་བ་ལ་སོགས་པ་དྲི་བའི་ཚིག་བཀོད་དེ། གཞན་དག་འདི་སྙམ་དུ་སྟོང་པ་ཉིད་དུ་ཤེས་པ་ནི་སྒྲིབ་པ་སྤོང་བའི་རྒྱུ་མ་ཡིན་པའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་ཀྱིས་བསྒོམ་པར་མི་བྱ་སྟེ། དཔེར་ན་སྒྱུ་མ་མཁན་ལ་སོགས་པ་བཞིན་ནོ་སྙམ་དུ་སེམས་ན། དེ་བྱེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོངས་སུ་ཞེན་པ་འབྱུང་བའི་རྒྱུ་ནི་གཉིས་ཏེ། ནང་གི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མ་སྤངས་པ་དང་། ཕྱི་རོལ་ན་རྟག་པར་བྱ་བའི་ཡུལ་ཉེ་བར་གྱུར་པ་ཡིན་པ་ལས། སྒྱུ་མ་མཁན་ལ་ནི་དེ་གཉི་ག་དང་ལྡན་པའི་ཕྱིར་རེ་ཞིག་མ་བརྟགས་པའི་ཚེ་ཞེན་པ་སྐྱེ་བ་ནི་རིགས་པ་ཡིན་ན་གང་གི་ཚེ་རྣལ་འབྱོར་པ་ ཆེན་པོ་བསྐལ་པ་གྲངས་མེད་པ་གསུམ་གྱིས་བར་དུ་སྟོང་པ་ཉིད་ལ་གོམས་པར་བྱས་པ་ནི་དངོས་པོར་ཞེན་པའི་བག་ཆགས་སྤོང་བས་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་རའི་འབྲུ་བཞག་པ་བཞིན་དུ་གཟིགས་ཀྱང་ཞེན་པ་མི་མངའ་བའི་ཕྱིར་ཉོན་མོངས་པ་མི་འབྱུང་བས་དེ་བས་ན་སྒྲིབ་པ་སྤོང་བའི་རྒྱུ་ཡིན་པའི་ཕྱིར་ སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འོ་ན་སྟོང་པ་ཉིད་ཀྱི་རྣལ་འབྱོར་ཇི་ལྟར་བསྒོམ་པར་བྱ་སྙམ་པ་ལ། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པས་སྤྱོད་པའི་དུས་གང་གི་ཚེ་གཟུགས་ལ་སོགས་ པའི་དངོས་པོ་གང་ཞིག་མེད་དོ་ཞེས་བརྟགས་ཤིང་དགག་པར་བྱ་བའི་དངོས་པོ་ཡོད་པ་ཅུང་ཟད་ཀྱང་མ་རྙེད་པའི་དུས་དེའི་ཚེ་ཡོད་པ་ཉིད་དུ་མངོན་པར་ཞེན་པ་མི་འབྱུང་ལ་འདི་ལྟར་དགག་བྱ་མ་གྲུབ་པ་ཉིད་ཀྱིས་བཀག་པ་ཡང་མ་གྲུབ་པར་ཤེས་པའི་ཚེ་མེད་དོ་ཞེས་བྱ་བར་ཡང་མངོན་པར་མི་ཞེན་པའི་ཕྱིར་མེད་པར་ ཞེན་པའི་རྟོག་པ་ཉིད་ཀྱང་སྤོང་བར་འགྱུར་རོ། །དེ་ལྟར་གང་ཚེ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་རྣལ་འབྱོར་པའི་བློའི་མདུན་དུ་མི་གནས་ཏེ་གཟུང་བའི་ཆ་ལ་མི་སྣང་བའི་དུས་དེའི་ཚེ། རྣམ་པ་གཞན་གསུམ་པ་ནི་མེད་པའི་ཕྱིར་ཅིར་ཡང་དམིགས་པ་མེད་པའི་སྒོ་ནས་རྟོག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ལྟར་རྟོག་པ་མི་མངའ་ན་གདུལ་བྱ་རྣམས་ལ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུར་སྣང་བ་མི་འཐད་དོ་ཞེ་ན། རྟོག་པ་མི་མངའ་ཡང་གདུལ་བྱའི་བསོད་ནམས་ཀྱིས་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་དུ་སྣང་བ་ལ་འགལ་བ་མེད་དོ་སྙམ་དུ་བསམས་ནས། ཡིད་བཞིན་ནོར་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོན་ཏེ་དེ་ལྟར་རྟོག་པ་མི་མངའ་བ་ཉིད་ཡིན་ན་སེམས་ཅན་གྱི་དོན་མཛད་པ་འགལ་ལོ་ཞེ་ན། སྔར་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་རྟོག་པའི་འཕེན་ཤུགས་ཀྱིས་སངས་རྒྱས་ཉིད་ལ་རྟོག་པ་མི་མངའ་ཡང་སེམས་ཅན་གྱི་དོན་མཛད་པ་མི་ འགལ་ཏེ། དཔེར་ན་མཁའ་ལྡིང་གི་མཆོད་སྡོང་དང་འདྲའོ་སྙམ་ནས། མཆོད་སྡོང་གྲུབ་པས་ཞེས་བྱ་བ་སྨོས་ཏེ། འདི་དག་སངས་རྒྱས་ཀྱི་ས་ལ་རྟོག་པ་མེད་པ་སྟོན་པ་ཡིན་གྱི་སྐུ་དང་ཡེ་ཤེས་ཉིད་ཀྱང་མི་མངའ་བར་སྟོན་པ་མ་ཡིན་ཏེ། ཕྱིའི་དོན་ཡོད་པར་སྨྲ་བའི་དབུ་མའི་ལུགས་ལ་དེ་དག་ཇི་ལྟར་སྣང་ བ་བཞིན་དུ་མི་འགལ་བའི་ཕྱིར་དང་། རྨི་ལམ་གྱི་དོན་ལ་སོགས་པ་ཡང་ཇི་ལྟར་སྣང་བ་བཞིན་ཁས་ལེན་པའི་ཕྱིར། དེ་བས་ན་དཔེ་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་དང་། མཆོད་སྡོང་ལ་སོགས་པ་ཡང་རྟོག་པ་མེད་བཞིན་དུ་དེ་དང་དེ་ལྟར་སྣང་བ་དང་། དེ་དང་དེ་ལྟར་དོན་བྱེད་པ་ཡིན་ གྱི། དེ་དག་རང་ཉིད་ཀྱང་མེད་པ་ནི་མ་ཡིན་པ་བཞིན་ནོ། །དེ་བས་ན་ལ་ལ་དག་ན་རེ་འདི་འགོག་པར་སྨྲ་བའི་དབུ་མ་ཡིན་ཞེས་ཟེར་རོ་ཞེས་གྲག་སྟེ། བདག་གིས་ནི་དེ་ལྟར་མ་མཐོང་ངོ་། །དེས་ནི་སྒྲིབ་པ་སྤོང་བའི་རྒྱུ་ཉིད་དུ་བསྟན་ནས། ད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ ཕྱིར་སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམ་པར་བྱ་བ་ཉིད་དུ་བསྟན་པ། ཉོན་མོངས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་རང་གི་སྡེ་པ་བྱེ་བྲག་ཏུ་སྨྲ་བ་དག་ན་རེ། ཐེག་པ་ཆེན་པོ་ནི་སངས་རྒྱས་ཐོབ་པར་བྱེད་པའི་ལམ་ཉིད་དུ་དགེ་སློང་ཀླུ་སྒྲུབ་ལ་སོགས་པས་བཤད་པར་ཟད་ ཀྱི། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པས་དེའི་ཕྱིར་བསྒོམ་པར་མི་བྱའོ་ཞེས་ཟེར་བ་དག་གི་ལོག་པར་རྟོག་པ་དགག་པའི་ཕྱིར། ལམ་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མན་ངག་བརྒྱུད་པས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་འོད་སྲུངས་ཆེན་པོ་ལ་གཏད། དེས་ཀུན་དགའ་བོ་ལ་གཏད། དེས་ཤ་ནའི་གོས་ཅན་ལ་གཏད། དེས་ཨུ་པ་གུབ་ཏ་ལ་གཏད། དེས་མི་ཚ་ག་ལ་གཏད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་མཚུངས་པ་ཉིད་དུ་བསྒྲུབ་པའི་ཕྱིར། ཁྱེད་ཀྱི་གཞུང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་མ་ཡིན་ན་ཉན་ཐོས་ པ་ཁྱེད་ཀྱི་གཞུང་གིས་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་པར་སངས་རྒྱས་ཀྱི་བཀའ་ཉིད་དུ་ཡང་ཇི་ལྟར་འགྲུབ་སྟེ། མཚུངས་སོ་སྙམ་དུ་བསམས་པའོ། །དེ་ལ་ཡིད་ཆེས་དེ་འགྲུབ་ན། །ཞེས་བྱ་བ་ནི་ཕ་རོལ་པོ་དག་འདི་སྐད་དུ་ཁོ་བོ་ཅག་གཞུང་དེ་ལ་སངས་རྒྱས་ཀྱི་བཀའ་ཉིད་དུ་ཡིད་ཆེས་པའི་ མན་ངག་བརྒྱུད་པས་འགྲུབ་པོ་སྙམ་ན། ཐེག་པ་ཆེན་པོ་ལ་ཡང་ཡིད་ཆེས་ཀྱིས་ཞེས་བྱ་བ་ཐེག་པ་ཆེན་པོ་ལ་ཡང་སངས་རྒྱས་ཀྱི་བཀའ་ཉིད་དུ་ཡིད་ཆེས་པ་ན་མན་ངག་བརྒྱུད་པ་ལས་འགྲུབ་པ་ཉིད་དུ་ཤེས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གཉི་ག་འདོད་པ་བདེན་ན་ནི་ཞེས་བྱ་བ་ནི། གལ་ ཏེ་ཕ་རོལ་པོ་འདི་སྙམ་དུ་སངས་རྒྱས་ཀྱི་བཀའ་ཉིད་རྣམ་པར་གཞག་པ་ནི་ཁྱེད་དང་འུ་བུ་ཅག་གཉི་གས་འདོད་པ་ཡིན་ན་སངས་རྒྱས་ཀྱི་བཀའ་ཉིད་དུ་བདེན་པ་ཡིན་གྱི། ཐེག་པ་ཆེན་པོ་ནི་ཁོ་བོ་ཅག་གིས་མི་འདོད་པའི་ཕྱིར་སངས་རྒྱས་ཀྱི་བཀའ་ཉིད་དུ་བདེན་པ་མ་ཡིན་ནོ་ཞེ་ན། འོ་ན་ནི་དེའི་ཚེ་རིག་ བྱེད་རྣམས་ཀྱང་བདེན་པར་འགྱུར་ཞེས་པ་ནི་རིག་བྱེད་ཀྱི་ཚིག་རྣམས་ཀྱང་དུག་ལ་སོགས་པ་ཞི་བར་བྱེད་པའི་ནུས་པ་དང་ལྡན་པར་གཉི་གས་འདོད་པའི་ཕྱིར་སངས་རྒྱས་ཀྱི་བཀའ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། སངས་རྒྱས་ཀྱི་བཀའ་ཉིད་དུ་རྣམ་པར་བཞག་པ་གཉི་ག་ འདོད་པ་པ་ཞེས་བྱ་བ་ཉིད་ནི་རིགས་པར་འཐད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སངས་རྒྱས་ཀྱི་བཀའ་ཉིད་དུ་རྣམ་པར་བཞག་པ་ནི་མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། མཚན་ཉིད་དང་མི་མཐུན་མེད་པ་ཞེས་བྱ་བ་ཡིན་ན་ཐེག་པ་ཆེན་པོ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟ་ཞེ་ན། ཉན་ཐོས་ཀྱི་ཐེག་ པའི་ལུང་ལས་ནི་བསགས་པ་ལ་སོགས་པ་ཡོད་པ་ཉིད་དུ་གསུང་ལ། ཐེག་པ་ཆེན་པོ་ལས་ནི་བཀག་པའི་ཕྱིར་ཏེ། དེ་ལྟ་བས་ན་མདོ་སྡེ་དང་འགལ་བས་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བསམས་ནས། གལ་ཏེ་ཕན་ཚུན་འགལ་ཞེས་བྱ་བ་སྨྲས་སོ། །འོན་ཏེ་དེ་ལྟར་ཕན་ཚུན་མི་མཐུན་ པ་ཙམ་གྱིས་སངས་རྒྱས་ཀྱི་བཀའ་ཉིད་དུ་མི་འགྱུར་ན་ནི་དེའི་ཚེ་འདུལ་བ་ལ་སོགས་པ་དོར་དགོས་སོ་ཞེས་བྱ་བ་ཁྱེད་ཉན་ཐོས་ཀྱི་ལུང་ལས་ཀྱང་ཕན་ཚུན་མི་མཐུན་པའི་ཕྱིར་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་དོར་དགོས་པ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་དེ་ནི་སེམས་ཅན་མོས་པ་མི་མཐུན་པ་རྣམས་ དགའ་བར་བྱ་བའི་དོན་དུ་གསུངས་པའི་ཕྱིར་ན་མི་མཐུན་པ་ཡིན་ཡང་སངས་རྒྱས་ཀྱི་བཀའ་ཉིད་དུ་མི་འགལ་ལོ་ཞེ་ན་འོན་ཏེ་ཁོ་བོ་ཅག་ལ་ཡང་མཚུངས་སོ་སྙམ་ནས། སེམས་ཅན་མི་མཐུན་དགའ་བྱའི་ཕྱིར། །གསུངས་པ་ཞེས་བྱ་བ་དེ་ཐེག་པ་ཆེན་པོའི་ལུང་ལ་ཡང་མི་འདོད་དམ་སྟེ། དེ་ཡང་སེམས་ཅན་ མོས་པ་མི་མཐུན་པ་རྣམས་དྲན་པར་བྱ་བའི་དོན་དུ་གསུངས་པ་ཡིན་པས། ཉན་ཐོས་ཀྱི་ལུང་དང་མི་མཐུན་པ་ཡིན་ཡང་སངས་རྒྱས་ཀྱི་བཀའ་ཉིད་དུ་མི་འགལ་ལོ་ཞེས་བྱ་བའི་དོན་ཏོ། །ད་ནི་མཇུག་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སུན་འབྱིན་པ་ཞེས་བྱ་བ་ནི་སངས་རྒྱས་ ཀྱི་བཀའ་མ་ཡིན་པ་ཉིད་དུའོ། །ཐེ་ཚོམ་མེད་པར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་ཡིན་ནམ་མ་ཡིན་ཞེས་བྱ་བའི་ཐེ་ཚོམ་མོ། །ད་ནི་ལས་དང་པོ་པ་དག་སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམ་པ་ལ་མི་སྐྲག་པར་བྱའོ་ཞེས་བསྟན་པའི་ཕྱིར། སྡུག་བསྔལ་བསྐྱེད་དངོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། སྟོང་ཉིད་འཇིགས་པ་ཞི་བྱེད་ན། །ཞེས་བྱ་བ་ནི་སྡུག་བསྔལ་ཞི་བར་བྱེད་པའི་རྒྱུ་ཡིན་ན་ཞེས་བྱ་བའི་དོན་ཏོ། །ད་ནི་གང་འཇིགས་པར་འགྱུར་བའི་བདག་ཅེས་བྱ་བ་མ་གྲུབ་པས། སྟོང་པ་ཉིད་བསྒོམ་པ་ལ་འཇིགས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། བདག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ ཇི་ལྟར་མ་གྲུབ་ཅེ་ན། རེ་ཞིག་གཟུགས་བདག་མ་ཡིན་པར་བསྟན་པའི་ཕྱིར། སོ་དང་སྐྲ་སེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་བདག་མ་ཡིན་ཏེ། བདག་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། སོ་ལ་སོགས་པ་དེ་དག་ནི་མི་རྟག་པ་དུ་མ་ཡིན་པའི་ཕྱིར་དང་། བདག་ ནི་རྟག་པ་གཅིག་པུ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་དག་བདག་བཞིན་དུ་རྟག་པ་དང་གཅིག་པུ་ཉིད་དུ་འགྱུར་བ་འམ། ཡང་ན་ནི་བདག་ཀྱང་མི་རྟག་པ་དུ་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ད་ནི་རྣམ་པར་ཤེས་པའི་ཕུང་པོ་བདག་མ་ཡིན་པར་བསྟན་པའི་ཕྱིར། རྣམ་ཀུན་དུ། །རྣམ་ཤེས་དྲུག་ནི་ བདག་མ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་དག་ནི་ཡུལ་གཟུགས་ལ་སོགས་པ་རྣམས་ལ་སོ་སོར་འཛིན་པ་ཡིན་ལ་བདག་ནི་ཐམས་ཅད་ལ་འཛིན་པའི་ཕྱིར། དེ་དག་ཀྱང་བདག་མ་ཡིན་ནོ། །གལ་ཏེ་ཡིན་ན་ནི་དེ་དག་ཀྱང་བདག་ཉིད་དུ་རེ་རེས་ཀྱང་ཡུལ་ཐམས་ཅད་འཛིན་པར་ཐལ་བར་འགྱུར་བ་འམ། ཡང་ན་ནི་བདག་ཀྱང་དེ་བཞིན་དུ་ཡུལ་རེ་རེ་ལ་འཛིན་གྱི། ཐམས་ཅད་མི་འཛིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ད་ནི་ཡིད་བདག་མ་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ནི་འགགས་མ་ཐག་པ་ཡིན་པས། ད་ལྟར་མེད་པ་ཡིན་ལ། བདག་ནི་རྟག་པ་ཡིན་པས་ད་ལྟར་སྤྱོད་པའི་ཕྱིར་རོ། །གལ་ཏེ་ཡིན་ན་ནི་བདག་བཞིན་ཡིད་ཀྱང་ད་ལྟར་ཡོད་པར་ཐལ་བར་འགྱུར་བའི་ཕྱིར། ཡིད་ཀྱི་མཚན་ཉིད་ཉམས་པར་འགྱུར་བའམ། ཡང་ན་ནི་ཡིད་བཞིན་དུ་བདག་ཀྱང་ད་ལྟར་མེད་པས་བདག་གི་མཚན་ཉིད་ཉམས་པར་གྱུར་པའི་ཕྱིར་རོ། ། ད་ནི་མ་འོངས་པའི་སེམས་བདག་མ་ཡིན་པར་བསྟན་པའི་ཕྱིར། འོན་ཏེ་མ་འོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་འོངས་པའི་སེམས་མ་བྱུང་བས་ད་ལྟར་མེད་པ་ཡིན་ཞིང་། བདག་ནི་རྟག་པས་ད་ལྟར་ཡོད་པའི་ཕྱིར་རོ། །གལ་ཏེ་ཡིན་ན་ནི་མ་འོངས་པའི་སེམས་བཞིན་བདག་ཀྱང་ད་ལྟར་མེད་ པར་ཐལ་བར་འགྱུར་བའམ། ཡང་ན་བདག་བཞིན་དུ་མ་འོངས་པའི་སེམས་ད་ལྟར་ཡོད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ད་ནི་ད་ལྟར་བའི་སེམས་བདག་མ་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་བུམ་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ད་ལྟར་གྱི་ དུས་སུ་བདག་ཏུ་འཛིན་པའི་སེམས་དེ་བདག་ཡིན་ནོ་ཞེ་ན། མི་རུང་སྟེ། དེ་ནི་ཡུལ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ཡིན་ན་དེ་བདག་ཏུ་འཛིན་པའི་སེམས་ཡིན་པར་མི་རུང་སྟེ། ཡུལ་གྱི་ངོ་བོ་ཡིན་པའི་ཕྱིར་ཏེ། དཔེར་ན་བུམ་པ་ཡིན་ན་བུམ་པ་ལ་འཛིན་པའི་སེམས་ཡིན་པར་མི་རུང་བ་བཞིན་ནམ་ བུམ་པ་ལ་འཛིན་པའི་སེམས་ཡིན་ན་བུམ་པ་ཡིན་པར་མི་རུང་བ་བཞིན་ནོ། །ད་ནི་འདས་པའི་སེམས་བདག་མ་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་བྱུང་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདས་པའི་སེམས་ནི་འགགས་ནས་མེད་པའི་ཕྱིར་དང་། བདག་ནི་རྟག་པ་ཡིན་པས་ད་ ལྟར་ཡོད་པའི་ཕྱིར་རོ། །གལ་ཏེ་ཡིན་ན་ནི་འདས་པའི་སེམས་བཞིན་དུ་བདག་ཀྱང་འགགས་ནས་མེད་པར་འགྱུར་བའམ། ཡང་ན་ནི་བདག་བཞིན་དུ་འདས་པའི་སེམས་ཀྱང་ད་ལྟར་ཡོད་པ་ཉིད་དུ་འགྱུར་བས། དེ་གཉིས་ཀྱི་སོ་སོའི་མཚན་ཉིད་ཉམས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་རྣམ་པར་ ཤེས་པའི་ཕུང་པོ་བདག་མ་ཡིན་པར་བསྟན་ནས། ད་ནི་ཁམས་བཅོ་བརྒྱད་བདག་མ་ཡིན་པར་བསྟན་པའི་ཕྱིར། གལ་ཏེ་བདག་མིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་གི་ཁམས་ནི་གཟུགས་ལ་ཡོངས་སུ་འཛིན་གྱི་སྒྲ་ལ་སོགས་པ་གཞན་ཡོངས་སུ་མི་གཅོད་པའི་ཕྱིར་དང་། བདག་ནི་ ཐམས་ཅད་འཛིན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་མིག་གི་ཁམས་བཞིན་དུ་བདག་གིས་ཀྱང་སྒྲ་མི་ཐོས་པར་འགྱུར་བའམ། ཡང་ན་ནི་བདག་བཞིན་དུ་མིག་གི་ཁམས་ཀྱིས་ཀྱང་ཐམས་ཅད་འཛིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མིག་གི་ཁམས་ཇི་ལྟ་བ་བཞིན་དུ་མཚན་ཉིད་མི་མཐུན་པའི་ ཕྱིར་ཞེས་བྱ་བ་སྒྲུབ་པར་བྱེད་པའི་རིགས་པ་དང་། སོ་སོའི་མཚན་ཉིད་ཉམས་པར་ཐལ་བར་འགྱུར། །འགྱུར་ཞེས་བྱ་བ་བཟློག་པ་གནོད་པ་ཅན་གྱི་ཚད་མས་ཅི་རིགས་སུ་སྦྱར་བར་བྱའོ། །ད་ནི་ཚོར་བ་དང་འདུ་ཤེས་དང་མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་སྟེ། དངོས་སུ་སེམས་ལས་བྱུང་བ་ རྣམས་བདག་མ་ཡིན་པར་བསྟན་པའི་ཕྱིར། དེ་བཞིན་བདེ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ནི་བདེ་བར་ཉམས་སུ་མྱོང་གི་སྡུག་བསྔལ་ལ་སོགས་པར་ཉམས་སུ་མི་མྱོང་བའི་ཕྱིར་རོ། །ཚོར་བ་བདེ་བ་ནི་བདག་མ་ཡིན་ཏེ། གལ་ཏེ་ཡིན་ན་བདག་བཞིན་དུ་ཚོར་བ་བདེ་བས་ཀྱང་ཐམས་ཅད་ཉམས་ སུ་མྱོང་བར་ཐལ་བར་འགྱུར་བའམ། ཡང་ན་ཚོར་བ་བདེ་བ་བཞིན་དུ་བདག་གིས་ཀྱང་བདེ་བ་འབའ་ཞིག་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་གཞན་དག་ལ་ཅི་རིགས་སུ་སྦྱར་རོ། །ད་ནི་སྐབས་ཀྱི་དོན་གྱི་མཇུག་བསྡུ་བའི་ཕྱིར། དེ་ལྟར་བདག་ཏུ་རུང་བ་ཞེས་ བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་མུ་སྟེགས་གྲངས་ཅན་པས་བདག་སེམས་པ་ཡོད་པའི་བདག་ཉིད་དུ་འདོད་པ་དང་། བྱེ་བྲག་གི་སེམས་པ་མེད་པ་བདག་ཉིད་དུ་འདོད་པ་དེ་དག་གཉི་ག་ཡང་སེམས་ལས་མ་གཏོགས་པ་ཉིད་དུ་ཁས་བླངས་པའི་ཕྱིར་བདག་ཉིད་ཡིན་པར་མི་འཐད་དོ་ཞེས་ བསྟན་པའི་དོན་དུ། སེམས་འདི་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་བདག་གྲུབ་ཏུ་ཟིན་ཀྱང་རྟག་པ་ཉིད་ཀྱིས་ན་ལས་དང་འབྲས་བུ་ཇི་ལྟར་ཡང་མི་འཐད་པར་བསྟན་པའི་ཕྱིར། ལུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་མེད་ཀྱང་དངོས་པོ་མི་རྟག་པ་ ལས་དང་འབྲས་བུ་མི་འགལ་བར་ཕྱི་རོལ་དང་ནང་གི་དཔེ་གཉིས་ཀྱིས་གོ་རིམས་བཞིན་དུ་བསྟན་པའི་ཕྱིར། ས་བོན་ལ་ནི་ཞེས་བྱ་བ་ལ་སོགས་པ་དང་། བྱིས་པའི་ལུས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ལུས་ལ་སོགས་པ་མི་རྟག་པ་ཡིན་པ་བསྟན་པའི་ཕྱིར། མངལ་ན་ཞེས་ བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་མི་རྟག་པར་འགྱུར་བའི་ཚུལ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ནི་མ་གྲུབ་ཀྱི་སོ་སོའི་རྒྱུད་ལས་སྐྱེ་ཞིང་འཇིག་པར་བསྟན་པའི་ཕྱིར། དེ་ལྟར་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་ཅན་ མེད་ཀྱང་སྙིང་རྗེ་བྱ་བ་མི་འགལ་བར་བསྟན་པའི་ཕྱིར། གལ་ཏེ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས་པའི་དོན་དུ་ཞེས་བྱ་བ་ནི། ཐ་སྙད་གདགས་པ་སླ་བའི་ཕྱིར་ཏེ། སྐྱེས་བུ་ལྷ་སྦྱིན་ཞེས་བྱ་བར་ཐ་སྙད་མ་བཏགས་པར། གཟུགས་དང་ཚོར་བ་དང་ཞེས་བྱ་བ་ལ་སོགས་པས་ ཐ་སྙད་གདགས་དཀའ་བར་འགྱུར་བའི་ཕྱིར་དང་། འཇིག་རྟེན་པ་དང་མཐུན་པར་བྱ་བའི་ཕྱིར་ཏེ། འཇིག་རྟེན་ལ་ཡང་གང་ཟག་ཅེས་བྱ་བ་ལ་སོགས་པར་གྲགས་ཀྱི་གཟུགས་ལ་སོགས་པའི་ཆོས་ཙམ་དུ་མ་གྲགས་པའི་ཕྱིར་དང་ལུང་དང་མཐུན་པར་བྱ་བའི་ ཕྱིར་ཏེ། ལུང་ལས་ཀྱང་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པ་ཞེས་བྱ་བ་ལ་སོགས་པར་གསུངས་ཀྱི། གཟུགས་ལ་སོགས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་མ་གསུངས་པའི་ཕྱིར་རོ། །སྐྱོན་དང་ཡོན་ཏན་ཚད་གཟུང་བའི་ཕྱིར་ཏེ། སྐྱེས་བུ་གང་ཟག་ཅེས་བྱ་བར་བཏགས་ན་དེའི་སྐྱོན་ལ་སོགས་ ཚད་ཟིན་པར་འགྱུར་གྱི། གཟུགས་ལ་སོགས་པ་འདི་ནི་སྐྱོན་འདི་ཙམ་དང་ལྡན་ནོ་ཞེས་བརྗོད་ན་དེའི་ཚད་ཟིན་པར་མི་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཁྱེད་ལ་ཞེས་བྱ་བ་ནི་ཁྱེད་ཀྱིས་སེམས་ཅན་དང་ཞེས་བྱ་བ་ལ་སོགས་པར་བཏགས་ནས། དེ་སྙིང་རྗེ་སྐྱེ་བ་བཞིན་དུ་ཁོ་བོ་ཅག་གི་གཞུང་གིས་གོང་ དུ་བསྟན་པ་བཞིན་དུ་དགོས་པ་རྣམ་པ་བཞིའི་དབང་གིས་སེམས་ཅན་ཞེས་བྱ་བར་བཏགས་ནས་སྙིང་རྗེ་བྱ་བར་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བདག་ཅེས་བྱ་བ་མ་གྲུབ་པའི་ཕྱིར། སྟོང་པ་ཉིད་དུ་བསྒོམས་པས་འཇིགས་པ་ཡང་མེད་ལ། དེ་བཅིངས་ པ་ཡང་མེད་ཅིང་གྲོལ་བར་བྱ་བའི་ཕྱིར་དགེ་བ་ལ་བརྩོན་པར་བྱ་བ་ནི་མ་ཡིན་གྱི། བདག་མ་གྲུབ་ཀྱང་བདག་ཏུ་གཟུང་བའི་གཞི་སེམས་དེ་བཅིངས་པ་ལས་གྲོལ་བར་བྱ་བའི་ཕྱིར། དགེ་བ་ལ་བརྩོན་པར་བྱའོ་ཞེས་བསྟན་པའི་དོན་དུ། ཇི་ལྟར་ཆུ་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་སྟོང་ པ་ཉིད་ཀྱི་རྣལ་འབྱོར་དེ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དེ་བསྒོམ་པའི་རིམ་པ་བསྟན་པའི་ཕྱིར། ལུས་ནི་རྐང་པ་བྱིན་པ་མིན། །ཞེས་པ་ལ་སོགས་པ་གསུངས་ཏེ། ཐོག་མར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལྟ་བ་བཞིན་དུ་གཏན་ལ་ཕབ་ནས་དེའི་རྗེས་ལ་གཏན་ལ་ཕབ་པའི་དོན་བསྒོམ་པ་ནི་བསྒོམ་པའི་རིམ་ པ་ཡིན་ནོ། །དེ་ལྟར་མ་བྱས་ན་ཉེས་པ་ཅི་ཡོད་སྙམ་པ་ལ། དངོས་པོའི་མཚན་ཉིད་གཏན་ལ་མ་ཕེབས་པའི་ཕྱིར། དེ་བསྒོམ་པ་ལ་འཇུག་པར་ཡང་མི་འགྱུར་ལ། ཞུགས་ཀྱང་ཐེ་ཚོམ་ཟ་བར་འགྱུར་ཞིང་། དེ་ནི་སྒྲིབ་པ་སྤོང་བའི་གཉེན་པོར་ཡང་མི་འགྱུར་བའི་ཕྱིར་ཏེ། འཕགས་པ་ཏིང་ ངེ་འཛིན་གྱི་རྒྱལ་པོ་ལས། ཏིང་འཛིན་དེ་ནི་བསྒོམ་པ་བྱེད་མོད་ཀྱི། །དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། །ལྷག་སྤྱོད་འདི་ནི་ཏིང་འཛིན་སྒོམ་པ་བཞིན། །ཞེས་གསུངས་པ་ལྟ་བུའོ། །འོན་ཏེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ གཏན་ལ་ཕབ་ནས་བསྒོམ་ན་དེའི་ཚེ་ཅིར་འགྱུར་ཞེ་ན། ཐོག་མ་སྒོམ་པ་ལ་འཇུག་པར་འགྱུར་ཞིང་། ཞུགས་ནས་ཐེ་ཚོམ་མི་ཟ་བར་ཡང་འགྱུར་ལ། སྒྲིབ་པ་སྤོང་བའི་གཉེན་པོར་འགྱུར་བའི་སྒོ་ནས་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བའི་ཡང་ཕྱིར་ཏེ། ཇི་སྐད་དུ་མདོ་སྡེ་དེ་ཉིད་ལས། གལ་ ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་སྒོམ་པ་ནི། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ཡིན་ན་དེའི་ཚེ་གང་ལ་ཇི་ལྟར་བརྟག་པར་བྱ་སྙམ་པ་ལ། རྒྱལ་བ་བྱམས་ པས་དབུས་མཐའ་ལས། ཕྱིན་ཅི་ལོག་བཞི་སྤང་བ་དང་། །བདེན་པ་བཞི་ལ་འཇུག་བྱའི་ཕྱིར། །དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཞེས་གསུངས་པས། ལུས་དང་། ཚོར་བ་དང་། སེམས་དང་ཆོས་ལ་བརྟག་པར་བྱ་སྟེ། དེ་ལ་དང་པོ་ལུས་ལ་བརྟག་པའི་དབང་དུ་བྱས་ནས་ལུས་ནི་ རྐང་པ་ཞེས་བྱ་བ་ནི་ལུས་ཞེས་བྱ་བ་དེ་རྐང་པ་ལ་སོགས་པ་དེ་ཉིད་ཀྱི་མ་ཡིན་ལ་གཞན་ན་ཡང་མེད་པར་བསྟན་ཏེ། ཅིའི་ཕྱིར་ཞེ་ན། རྐང་པ་ལ་སོགས་པ་དེ་དག་ནི་ཐ་དད་པས། དུ་མ་ཡིན་པའི་ཕྱིར་དང་། དེ་ལས་ལོགས་ཤིག་ན་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་ པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ད་ནི་ཡུལ་ཞེས་བྱ་བ་དེ་ཡན་ལག་རྣམས་ལ་ཆ་ཤས་ཀྱིས་གནས་སམ་བདག་ཉིད་ཐམས་ཅད་ཀྱིས་གནས་བརྟག་སྟེ། དེ་ལ་ཕྱོགས་དང་པོའི་དབང་དུ་བྱས་ནས་ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ལུས་འདི་ཞེས་བྱ་བ་ལ་ སོགས་པ་སྨོས་སོ། །ཕྱོགས་གཉིས་པ་ལྟར་ཡིན་ན་ནི། ལུས་དེ་ཉིད་མང་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །ལུས་ནི་ལག་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ལག་པ་ལ་སོགས་པའི་ནང་དང་ཕྱི་རོལ་ན་ཡང་མེད་པར་བསྟན་པའི་ཕྱིར། ལུས་ནི་ལག་སོགས་ནང་ན་གནས། ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆ་ཤས་མེད་པས་ཞེས་བྱ་བ་ནི་ལུས་གཅིག་གི་མཚན་ཉིད་དེའོ། །ཆ་ཅན་གྱི་ནང་དུ་འཇུག་པར་ཞེས་བྱ་བ་ནི་ཡན་ལག་དུ་མའི་ནང་དུ་འཇུག་པ་སྟེ། ལུས་ནི་གཅིག་ཡིན་པའི་ཕྱིར། ཡན་ལག་དུ་མའི་ནང་དུ་འཇུག་པར་མི་རུང་ངོ་ཞེས་བྱ་བའི་ དོན་ཏོ། །འོན་ཏེ་དེ་ལྟར་ལུས་མེད་ན་ལུས་ཀྱི་བློ་ཇི་ལྟར་འབྱུང་སྙམ་པ་ལ། དེ་བས་ལུས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ཡན་ལག་རྣམས་ཀྱང་མ་གྲུབ་པར་བསྟན་པའི་ཕྱིར། དེ་བཞིན་སོར་མོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་རྡུལ་ཕྲ་རབ་མ་གྲུབ་ཀྱང་བསྟན་པའི་ཕྱིར། ཕྱོགས་ ཆ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆ་མེད་པར་ཞེས་བྱ་བ་ནི་ཆ་ཤས་ཀྱིས་གཞིགས་ན་མེད་ཅེས་བྱ་བའི་དོན་ཏོ། །ད་ནི་རྡུལ་ཕྲ་རབ་བསགས་པ་མ་གྲུབ་པར་བསྟན་པའི་ཕྱིར། རྡུལ་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཐབས་བསྟན་ནས། ད་ནི་བསྒོམ་པའི་ཕན་ཡོན་བསྟན་པའི་ཕྱིར། དེ་ལྟར་བརྟགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པའི་ཉོན་མོངས་པ་སྤོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཐབས་ཀྱི་དབང་དུ་བྱས་ནས། སེམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཡུལ་མྱོང་བར་བྱེད་པ་མི་འཐད་པར་བསྟན་ཏོ། །བདག་གིས་ཞེས་བྱ་བ་ནི་རང་ཉམས་སུ་མྱོང་བར་བྱེད་པ་ཉིད་མི་འཐད་པར་བསྟན་ཏོ། །གཞན་གྱིས་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་ནི་མྱོང་བར་བྱ་བ་ཉིད་དུ་མི་འཐད་པར་བསྟན་ཏོ། །དེ་ལྟར་ཚོར་བ་ཞེས་ བྱ་བ་མྱོང་བའི་ངོ་བོ་ཡིན་ལ། ད་ནི་མྱོང་བར་བྱེད་པ་དང་། མྱོང་བར་བྱ་བ་གཉིས་ལས་གཉི་ག་མི་འཐད་པར་བསྟན་ཏོ། །ད་ནི་དེ་ལྟར་བསྒོམས་པའི་ཕན་ཡོན་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚོར་བ་ནི་སྲེད་པ་སྐྱེ་བའི་རྟེན་བྱེད་པའི་ལས་ཅན་ཡིན་ལ། དེ་ལྟར་བདེ་བ་ ལ་སོགས་པའི་ཚོར་བ་རང་བཞིན་མེད་པར་ཤེས་པས་ཕྲད་པའམ་བྲལ་བའམ། རྨོངས་པའི་སྲེད་པ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ད་ནི་སེམས་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཐབས་བསྟན་པའི་ཕྱིར། ཡིད་ནི་དབང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་དབང་པོ་ལ་སོགས་པ་དེ་དག་ ལ་ཡིད་ཆེས་བྱ་བ་དེ་གསུང་དུ་མེད་པའི་ཕྱིར། མི་གནས་པར་རང་བཞིན་མེད་པར་སྟོན་ཏེ། སེམས་ཅན་ཞེས་བྱ་བ་ནི་སེམས་ཀྱི་ཞེས་བྱ་བའི་དོན་ཏོ། །ད་ནི་མ་སྐྱེས་པས་རང་བཞིན་མེད་པར་བསྟན་པའི་ཕྱིར། ཤེས་བྱ་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་ཤེས་བྱ་དུས་མཉམ་པ་ལ་ དམིགས་ཏེ་སྐྱེར་མི་རུང་སྙམ་པ་ལ་ཤེས་བྱའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་བྱ་དུས་མཉམ་པ་ཡོད་པའི་དུས་ན་ཤེས་པ་དེ་ཡོད་ན་ཤེས་བྱ་དུས་མཉམ་པ་དེས་ཤེས་པ་དེ་ལ་ཕན་ཅི་ཞིག་བྱ་སྟེ། ཤེས་པ་མ་སྐྱེས་པའི་དུས་ན་ནི་ཤེས་བྱ་ཉིད་ཀྱང་མེད་པའི་ཕྱིར་གང་གིས་ཕན་བྱེད། གང་གི་ཚེ་ཤེས་ བྱ་སྐྱེས་པའི་དུས་དེའི་ཚེ་ན་ནི་ཤེས་པ་ཉིད་ཀྱང་སྐྱེས་པས་ཕན་བྱ་མི་དགོས་པའི་ཕྱིར་རོ། །འོན་ཏེ་གང་ལས་ཀྱང་མ་སྐྱེས་ཀྱང་རང་བཞིན་གྱིས་གནས་སོ་སྙམ་ན། རང་གིས་གནས་པ་འགལ་མེད་དེ། །ཅིའི་ཕྱིར་ཞེ་ན། རྒྱུ་མེད་པའི་ཕྱིར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན། །ཞེས་བྱ་བའི་དོན་ཏོ། །ད་ ནི་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཐབས་ཀྱི་དབང་དུ་བྱས་ནས། རྐྱེན་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐྱེན་སོ་སོ་བ་ལས་མི་སྐྱེ་སྟེ། ས་བོན་ལ་སོགས་པ་རེ་རེ་ལས་མི་འབྱུང་བའི་ཕྱིར་རོ། །འདུས་པ་ལས་ཀྱང་མི་སྐྱེ་སྟེ། གང་ལས་མི་སྐྱེ་བ་དེ་དག་ཉིད་འདུས་པའི་ཕྱིར་རོ། །འོ་ན་ གཉིས་པོ་དེ་ལས་གཞན་པ་ལས་སྐྱེས་སམ་ཞེ་ན། གཞན་ནས་འོང་བ་མ་ཡིན་ལ། དེ་ལྟར་མ་སྐྱེས་པའི་ཕྱིར། གནས་པ་མེད་ལ་འགྲོ་བ་མེད། །ཅེས་སྨོས་སོ། །འོ་ན་འཇིག་རྟེན་པ་རྣམས་ཀྱིས་ཇི་སྟེ་བདེན་པར་རྟོགས་སྙམ་པ་ལ། དེ་ནི་འཁྲུལ་ནས་བརྟགས་པའི་ཕྱིར། །སྒྱུ་མ་དང་ནི་ཞེས་ བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་དངོས་པོ་རྣམས་ལ་དོན་དམ་པར་འགྲོ་བ་དང་། འོང་བ་དང་བྲལ་བར་བསྟན་པའི་ཕྱིར་སྒྱུ་མས་སྤྲུལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་དངོས་པོ་རྣམས་ཡོད་པ་དང་། མེད་པ་གང་ཡང་མ་སྐྱེས་པའི་ཕྱིར། དངོས་པོ་མེད་པའི་མཚན་ཉིད་ཡིན་པས་ དངོས་པོ་ཡོད་པ་ཉིད་དུ་མི་འགྱུར་བར་བསྟན་པའི་ཕྱིར། དངོས་པོ་ཡོད་པར་འགྱུར་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་གཉི་ག་ཡིན་ནོ་སྙམ་པ་ལ། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་མཚན་གཞི་མ་གྲུབ་པ་དེའི་མཚན་ཉིད་མ་གྲུབ་པར་བསྟན་པའི་ཕྱིར། དེ་བཞིན་ ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་མཇུག་བསྡུ་བའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་མེད་ཀྱང་སྣང་བའི་ཕྱིར་རོ། །སྙིང་པོ་མེད་ཅེས་བྱ་བ་ནི་བརྟགས་ནས་མ་གྲུབ་པའི་ཕྱིར་རོ། །ད་ནི་དེ་ལྟར་བརྟགས་པའི་ ཕན་ཡོན་འཇིག་རྟེན་གྱི་ཆོས་བརྒྱད་ལ་ཞེན་པ་དང་བྲལ་བར་འགྱུར་བར་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་གི་དོན་ནི་གོ་སླའོ། །ད་ནི་དངོས་པོར་ཞེན་པའི་དབང་གིས་སྡུག་བསྔལ་ལ་བདེ་བར་གནས་པར་ཕྱིན་ཅི་ལོག་པ་དག་ལ་གཉེན་པོར་སྟོང་པ་ཉིད་བསྟན་ པའི་ཕྱིར། རང་ཉིད་གྲོལ་བར་བྱ་བའི་ཐབས་ལ་འབད་པར་བྱའི་ཞེས་བསྟན་པ་ནི། །བདག་ཉིད་བདེ་བར་འདོད་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡན་ལག་གི་དོན་ནི་གོ་སླའོ། །བསྟན་བཅོས་ཀྱི་མིང་གི་དོན་ནི་སྔ་མ་བཞིན་ནོ། །ཤེས་རབ་བསྟན་པ་ཞེས་བྱ་བ་ལེའུ་བརྒྱད་པའི་བཤད་པ་ རྫོགས་སོ།། །།ད་ནི་ལས་འབྲས་བུ་དང་བཅས་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྔོ་བ་དང་། རང་གི་དགེ་བའི་བཤེས་གཉེན་ལ་དྲིན་དུ་གཟོ་བའི་སྒོ་ནས་ཕྱག་འཚལ་བའི་ཕྱིར། ལེའུ་དགུ་པ་གསུངས་ཏེ། བདག་གིས་བྱང་ཆུབ་སྤྱོད་པ་ལ། །ཞེས་བྱ་བ་ནས། སྟོན་པ་བཞིན་དུ་མཆོད་བྱེད་ ཤོག །ཅེས་བྱ་བའི་བར་གྱིས་ལས་འབྲས་བུ་དང་བཅས་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྔོ་བ་བསྟན་ཏོ། །བསྟན་པ་རྙེད་དང་ཞེས་བྱ་བའི་ཚིག་གཉིས་ཀྱིས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བསྔོ་བ་བསྟན་ཏོ། །གང་གི་དྲིན་གྱིས་དགེ་བློ་འབྱུང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་དྲིན་ གཟོ་བའི་སྒོ་ནས་རང་གི་དགེ་བའི་བཤེས་གཉེན་ལ་ཕྱག་འཚལ་བ་བསྟན་ཏོ། །བསྟན་བཅོས་ཀྱི་མིང་གི་དོན་ནི་ལེའུ་དང་པོར་བཤད་པ་བཞིན་ནོ། །ཡོངས་སུ་བསྔོ་བ་ཞེས་བྱ་བ་སྟེ་ལེའུ་དགུ་པའི་བཤད་པ་རྫོགས་སོ།། །།དེ་དག་གི་ཡན་ལག་གི་དོན་ཤིན་ཏུ་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙཱརྱ་ཨ་བ་ཏཱ་ར་ཥཏྟྼིཾཤ་ཏ་པིཎྜ་ཨརྠ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་སུམ་ཅུ་རྩ་དྲུག་བསྡུས་པ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་ སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །དེ་ལྟར་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་ནོན་པར་འགྱུར། ། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱི། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །འཇིགས་དང་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་ དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གི །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་ བྱར་འགྱུར། །གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་སྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བར་རབ་བརྟན་བཟུང་། །བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་ སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་ སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། ། རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཕན་པར་བསམས་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །སྡུག་བསྔལ་འདོར་འདོད་སེམས་ ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །གང་ཞིག་བདེ་བས་ཕོངས་པ་དང་། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་པ་དང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་། །གཏི་མུག་ ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་སེམས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲ་འང་ག་ལ་ཡོད། །གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་ པར་འགྱུར་ཞེས་ཐུབ་པས་གསུངས། །འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་པ། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། །སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ། །རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་ དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཡོན་ཏན་རྒྱ་མཚོ་ཅན་དག་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ཕྱག་འཚལ་དབྱངས་ཀྱི་ཡན་ལག་ནི། །ཕྱག་འཚལ་དབྱངས་ཀྱི་བསྟོད་པས་བསྟོད། །བྱང་ཆུབ་སྙིང་པོར་མཆིས་ ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལ་འང་དེ་བཞིན་སྐྱབས་སུ་མཆི། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་ མེད་ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ལ། །བདག་གིས་མ་འཚལ་སྡིག་བགྱིས་པ་འམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། ། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་སོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མ་སྦར་དུ་ གསོལ། །རྒྱལ་བ་མྱ་ངན་འདས་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་དགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ ཅད་བསལ་བར་ཤོག །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་ པ་བཞིན་དུ་བསླབ་པར་བགྱི། །དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བཟུང་ནས། །མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །དེ་ཚེ་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་ རྒྱས་སྲས་སུ་ད་གྱུར་ཏོ། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བ་མེད་པར་རྟག་ཏུ་ཡང་། །བསླབ་ལས་མི་འདའ་འབད་པར་བྱ། །བབ་ཅོལ་བརྩམས་པ་གང་ཡིན་པའམ། །གང་ཞིག་ལེགས་པར་རབ་བརྟགས་པ། །དེ་ནི་དམ་བཅས་བྱས་གྱུར་ཀྱང་། །བྱ་བ་འམ་གཏང་ཞེས་བརྟགས་ པར་རིགས། །སངས་རྒྱས་རྣམས་དང་དེ་ཡི་སྲས། །ཤེས་རབ་ཆེན་པོས་གང་བརྟགས་ཤིང་། །བདག་ཉིད་ཀྱིས་ཀྱང་བརྟགས་བརྟགས་པ། །དེ་ལ་བཤོལ་དུ་ཅི་ཞིག་ཡོད། །གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་ན། །བདག་གི་འགྲོ་བ་ཅི་ འདྲར་འགྱུར། །ཅིས་རྨོངས་དག་ཀྱང་མ་ཤེས་ན། །བདག་གི་ཁོང་ན་ཅི་ཞིག་ཡོད། །ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ཡང་། །དཔའ་མཛངས་མིན་ཡང་ཅི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས། །བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་ སེམས་བསྲུང་སྟེ། །སེམས་ནི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །བླ་མ་དང་ནི་ འགྲོགས་པ་དང་། །མཁན་པོས་རྗེས་སུ་བསྟན་པ་ལས། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར། །རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ བའོ། །འདི་དང་སངས་རྒྱས་བཀའ་སྩལ་གཞན། །མདོ་སྡེ་བཀླགས་ནས་ཤེས་པར་བྱ། །མདོ་སྡེ་རྣམས་ལས་བསླབ་པ་སྣང་། །དེ་བས་མདོ་སྡེ་བཀླག་པར་བྱ། །བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང་། །ཁོང་ ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །བདག་གམ་བདག་གིས་བཤེས་རྣམས་ལ། །སྡུག་བསྔལ་བརྙས་དང་ཚིག་རྩུབ་དང་། །མི་སྙན་པ་ཡི་མི་ འདོད་འབྱུང་། །དགྲ་ལ་དེ་ལས་བཟློག་པ་འབྱུང་། །བདེ་བའི་རྒྱུ་ནི་རེས་འགའ་འབྱུང་། །སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང་། །སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་གནོས། །མཁྲིས་པ་ལ་སོགས་སྡུག་བསྔལ་གྱི། །འབྱུང་གནས་ཆེ་ལ་མི་ཁྲོ་ན། །སེམས་ ཡོད་རྣམས་ལ་ཅི་སྟེ་ཁྲོ། །དེ་དག་ཀུན་ཀྱང་རྐྱེན་གྱིས་བསྐུལ། །ཉེས་པ་ཇི་སྙེད་ཐམས་ཅད་དང་། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་། །རང་དབང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཐམས་ཅད་གཞན་གྱི་དབང་། །དེ་ཡི་དབང་གིས་དེ་དབང་མེད། །དེ་ལྟར་ཤེས་ན་ སྦྲུལ་ལྟ་བུའི། །དངོས་པོ་ཀུན་ལ་ཁྲོ་མི་བྱ། །བག་མེད་པས་ན་བདག་ལ་འང་བདག །ཚེར་མ་ལ་སོགས་གནོད་པར་བྱེད། །བུད་མེད་ལ་སོགས་ཐོབ་བྱའི་ཕྱིར། །རྔམ་ཞིང་ཟས་གཅོད་ལ་སོགས་བྱེད། །གང་ཚེ་ཉོན་མོངས་དབང་གྱུར་པས། །བདག་ཉིད་ཀྱང་ནི་གསོད་བྱེད་པ། །དེ་ཚེ་དེ་དག་གཞན་ ལུས་ལ། །གནོད་མི་བྱེད་པར་ཇི་ལྟ་བུར། །ཉོན་མོངས་སྐྱེས་པས་དེ་ལྟ་བུར། །བདག་གསོད་ལ་སོགས་ཞུགས་པ་ལ། །སྙིང་རྗེ་བརྒྱ་ལ་མ་སྐྱེས་ནའང་། །ཁྲོ་བར་འགྱུར་བ་ཅི་ཐ་ཚིག །དེ་