Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 106
Văn bản gốc(Tây Tạng)
Trang 14 / 19 (50.000 ký tự/trang)
་ནས་ཡིད་ཀྱིས་སྤྱན་དྲངས་པ་རྣམས་ལ་ངལ་བ་གསོ་བའི་ཕྱིར་ལྟ་བུར་རིན་པོ་ཆེ་འབར་བའི་ཀ་བ་ཡིད་དུ་འོང་བ་དང་། སྟེང་དུ་མུ་ཏིག་གི་དྲ་བ་དང་དྲ་བ་ཕྱེད་པའི་བླ་རེ་བྲེས་པ་དང་། དྲི་མ་མེད་པའི་འོད་དང་ལྡན་པའི་གསེར་གྱི་ས་གཞི་དང་། དྲི་ཞིམ་པའི་ཁྲུས་ཀྱི་ཕྱིར་བྱས་པའི་ཁང་ བཟངས་ལ་ཡིད་དུ་འོང་བའི་དྲིའི་ཆུ་དང་། མེ་ཏོག་གིས་གང་བའི་བུམ་པ་རིན་པོ་ཆེ་ལས་བྱས་པ་སྟོང་ཕྲག་དུ་མས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཁྲུས་བྱ་སྟེ་གླུ་དང་རོལ་མོ་སྔོན་དུ་འགྲོ་བས་སོ། །དེ་རྗེས་ཁྲུས་ཆུ་ཕྱི་བ་བཤད་དེ། དྲི་མ་ཐམས་ཅད་བཀྲུས་ཏེ། ཨ་ ཀ་རུ་ལ་སོགས་པས་བདུགས་ཏེ་རེག་བྱ་འཇམ་པར་བྱ་བའི་ཕྱིར་རས་བལ་དང་བཅས་པའི་ན་བཟས་རྒྱལ་བ་ལ་སོགས་པའི་སྐུ་ཕྱི་བར་བྱའོ། །དེ་རྗེས་ཤིན་ཏུ་མངར་བའི་བདུག་སྤོས་ཀྱིས་བདུག་པའི་ན་བཟའ་དེ་དག་ལ་འབུལ་ལོ། །ལྷའི་ཡུལ་ནས་བྱུང་བ་སྲབ་ཅིང་འཇམ་པ་ཁ་དོག་སྣ་ཚོགས་པས་མཛེས་པའི་ ན་བཟའ་དང་། དེ་དང་དེའི་རྒྱན་གྱི་མཆོག་མགུལ་རྒྱན་དང་། དབུ་རྒྱན་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་ལ་སོགས་པས་ཀུན་དུ་བཟང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། འཇིག་རྟེན་དབང་ཕྱུག་ལ་སོགས་པ་རྒྱལ་སྲས་རྣམས་ལ་བརྒྱན་པར་བྱའོ། །དེ་རྗེས་སྐུ་ལ་ བྱུག་པ་བཤད་དེ། སྟོང་གསུམ་ཞེས་བྱ་བ་ལ་སོགས་པའོ། །གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་ཡིན། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །གླིང་བཞི་པ་ས་ཡ་བརྒྱ་ཕྲག་གཅིག་ ཏུ་འགྱུར་རོ། །དེ་དག་བྲོ་བས་ཁྱབ་པའི་དྲི་མཆོག་གནོད་སྦྱིན་གྱི་འདམ་དང་། ཧ་རི་ཙནྡན་ལ་སོགས་པས་དེ་དག་བྱུག་པར་བྱའོ། །དེ་དག་ཇི་ལྟ་བུ་ཞེ་ན། སྦྱངས་པ་ནི་ནང་གི་དྲི་མ་མེས་དག་པར་བྱས་པ་དང་། རོ་ས་ནིའི་ནོར་བུས་བདར་བ་དང་། ཚ་དང་སྐྱུར་མོ་ལ་སོགས་པས་ཕྱི་རོལ་གྱི་དྲི་མ་ལེགས་ པར་བཀྲུས་པའི་གསེར་གྱི་འོད་ཟེར་བས་གསལ་བ་ཐུབ་དབང་གི་སྐུ་རྣམས་ལའོ། །དེ་རྗེས་མན་ད་ར་བ་དང་། མ་ཧཱ་མན་ད་ར་བ་དཔག་བསམ་ཤིང་གི་མེ་ཏོག་དང་། ཨུཏྤལ་སྔོན་པོ་དང་། དབྱར་གྱི་མ་ལི་ལ་སོགས་པ་དྲི་བཟངས་ཀྱི་མེ་ཏོག་སྙིང་ལ་སྡུག་པས་མཆོད་གནས་མཆོག་ཐུབ་དབང་རྣམས་ལ་ མཆོད་པར་བགྱི། བཀོད་པའི་ཁྱད་པར་གྱིས་ཡིད་དུ་འོང་བའི་ཕྲེང་བས་ཀྱང་ངོ་། །མེ་ཏོག་གི་རྗེས་སུ་སྤོས་བཤད་དེ། དྲིའི་ངད་ཀྱིས་ཕྱོགས་ཁྱབ་ཅིང་ཡིད་དུ་འོང་བའི་དྲི་གང་གི་ཡིན་པ་དེ་ལྟ་བུའི་བདུག་སྤོས་སྤྲིན་ལྟ་བུ་སྟེ་ནམ་མཁའ་ཁྱབ་པའི་ཕྱིར་རོ། །དེས་དེ་དག་ལ་བདུག་པར་བྱའོ། །བདུག་སྤོས་ ཀྱི་རྗེས་ལ་ཞལ་ཟས་བཤད་དེ། ཞལ་ཟས་ཟན་ལ་སོགས་པ་དང་། བཟའ་བ་ནི་སོས་གཅད་པར་བྱ་བ་དང་། བཏུང་བ་ནི་བུ་རམ་གྱི་ཆུ་ལ་སོགས་པ་སྟེ། ལྷ་བཤོས་སྣ་ཚོགས་པ་དེ་དག་ལ་འབུལ་ལོ། །ལྷ་བཤོས་ཀྱི་རྗེས་སུ་མར་མེ་བཤད་དེ། གསེར་ལས་བྱས་པའི་པདྨའི་ཕྲེང་བའི་སྟེང་དུ་རིན་པོ་ ཆེའི་རང་བཞིན་སྣང་གསལ་རྣམས་དེ་དག་ལ་འབུལ་ལོ། །དེ་རྗེས་མེ་ཏོག་སིལ་མ་དགྲམ་པར་བཤད་དེ། ཙནྡན་དང་གུར་གུམ་ལ་སོགས་པའི་དྲིས་བྱུགས་པའི་ས་གཞི་བསྟར་བ་ལ། ཡིད་དུ་འོང་བའི་མེ་ཏོག་སིལ་མ་དགྲམ་པར་བྱའི། ཡང་དག་པར་མཆོད་པ་རྣམས་ལ་རང་རང་གི་གནས་སུ་ གཤེགས་པའི་ཕྱིར་བཞིན་དུ་གཞལ་ཡས་ཁང་ཡང་བསྟོད་པར་བཤད་དེ། ནོར་བུ་དང་མུ་ཏིག་གི་ཕྲེང་བ་འཕྱང་བས་མཛེས་པ་གང་ཡིན་པ་དེ་ལྟ་བུའི་གཞལ་ཡས་ཁང་ཁོ་ན་སྤྲིན་ཏེ་མང་བའི་ཕྱིར་རོ། །དེ་ཇི་ལྟ་བུ་ཞེ་ན། གཟི་བརྗིད་ཅན་ཕྱོགས་རྣམས་ཀྱི་རྒྱན་དུ་གྱུར་པ་བསྟོད་པའི་རང་བཞིན་གྱི་གླུ་གང་ ཡིན་པ་ཡིད་དུ་འོང་བ་སེམས་ཅན་ཐམས་ཅད་ལ་བྱམས་པའི་བདག་ཉིད་ཅན་ལ་དབུལ་བར་བགྱིའོ། །དེ་རྗེས་སྟེང་བསིལ་བར་བྱ་བའི་ཕྱིར་གདུགས་བཤད་དེ། རིན་པོ་ཆེ་ལས་བྱས་པ་ཉི་མའི་དྲོད་ལས་སྐྱོབ་པས་གདུགས་ཤིན་ཏུ་མཛེས་པ་མུ་ཏིག་གི་ཕྲེང་བ་དྲ་བ་དང་དྲ་བ་ཕྱེད་པ་མཐའ་མར་འཕྱང་ བ། གསེར་གྱི་ཡུ་བ་ཡིད་དུ་འོང་བ་འགྲེང་བ་དེ་བཞིན་གཤེགས་པ་རྣམས་ལ་གཟུང་བར་བྱའི། མཆོད་པ་རྣམ་པ་མང་པོ་མཛད་པས་གནས་ལ་དད་པ་འཕེལ་བར་བྱ་བའི་ཕྱིར་ཏེ། གནས་མ་ཡིན་པ་ཁྱབ་འཇུག་ལ། བྷ་ལ་ཞེས་བྱ་བ་ལྷ་མ་ཡིན་གྱི་རྒྱལ་པོས་ས་གཞི་ཐམས་ཅད་ཕུལ་ནས་ས་འོག་རི་ རབ་ཀྱི་ཁོང་གསེང་དུ་བཙོན་ཐོབ་པོ། །བྷ་ལ་སྦྱིན་བདག་མཆོད་གནས་ཁྱབ་འཇུག་སྟེ། །སྦྱིན་རྒྱུ་ས་གཞི་རྟ་ཡི་སྦྱིན་སྲེག་དུས། །རི་རབ་ཁོང་དུ་བཙོན་ནི་འབྲས་བུ་སྟེ། །རྒྱལ་བ་མུ་སྟེགས་ཁྱད་པར་སྟོས་ཤིག་ཨང་། །ལམ་དུ་གཤེགས་པ་ན་དེ་རྗེས་ལྷ་ལ་སོགས་པས་བྱས་པའི་མཆོད་པའི་སྤྲིན་རྣམས་ རྗེས་སུ་འགྲོ་བར་འགྱུར། དེ་ཇི་ལྟ་བུ་གླུ་དང་རོལ་མོ་དང་གར་གྱི་སྤྲིན་ཡིད་དུ་འོང་བ་སེམས་ཅན་ཐམས་ཅད་སྤྲོ་བ་སྐྱེད་ཅིང་དེ་ལྟར་རྒྱལ་བ་མཐོང་ནས་དང་བ་བསྐྱེད་པའོ། །གཤེགས་པར་བཞེད་པ་རྣམས་གཤེགས་པར་བྱས་ནས་གནས་པ་རྣམས་ཀྱིས་མཆོད་པ་བཤད་དེ། གསུང་རབ་ བཅུ་གཉིས་ཆོས་རིན་པོ་ཆེ་དང་། རྒྱལ་བའི་མཆོད་རྟེན་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རྣམས་ལ་མེ་ཏོག་སྣ་ཚོགས་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཕྱེ་མའི་ཆར་དང་། སོགས་པའི་སྒྲས་ཙནྡན་ཕྱེ་མ་དང་། ན་བཟའ་ལ་སོགས་པའི་ཆར་རྒྱུན་མི་ཆད་པར་ གྱུར་ཅིག །མཆོད་པར་བྱ་བ་ལ་སོགས་པ་དམིགས་ནས་མཆོད་པ་ནི་མ་དག་པས་ཇི་ལྟར་བླ་ན་མེད་པར་འགྱུར་བའི་ཐབས་བཤད་དེ། འཇམ་དཔལ་ལ་སོགས་པས་ཆོས་ཉིད་རྟོགས་ཏེ་ཤེས་བཞིན་པའི་དང་བས་རྒྱལ་བ་རྣམས་ལ་མཆོད་པ་ལྟར། བདག་གིས་དེ་བཞིན་གཤེགས་པ་དང་དེ་སྲས་ རྣམས་ལ་མཆོད་པར་བྱའོ། །བསྟོད་པ་བཤད་དེ་དབྱངས་ནི། ནི་ཥཱ་ད་ལ་སོགས་པ་བདུན་ཏེ། དེ་དག་གི་དབྱེ་བ་ནི་ཀ་མོ་ད་ལ་སོགས་པ། དེ་མང་བས་རྒྱ་མཚོ་སྟེ་དེ་དག་གི་ཡོན་ཏན་མི་ཟད་པ་ལ་བསྟོད་པར་བྱའོ། །བསྟོད་པའི་དབྱངས་ཀྱི་སྤྲིན་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བར་གྱུར་ཅིག ། བསྟོད་པའི་ཆོ་ག་འདི་ཡང་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལས་ཤེས་པར་བྱའོ། །བསྟོད་པ་རྫོགས་ནས་ཕྱག་བཤད་དེ། ཕྱོགས་བཅུར་གནས་པའི་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཕྱག་གིས་ཕྱོགས་བཅུར་འདས་པ་དང་། ད་ལྟར་བ་དང་། མ་འོངས་པའི་སངས་རྒྱས་དང་ ཆོས་དང་དགེ་འདུན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་པུར་སྦྱངས་པའི་ཐབ་ལས་བྱུང་བས་མཆོད་རྟེན་དང་པོར་བཞེངས། ཕྱིས་གཞན་དུ་ཡང་འབྱུང་ངོ་། །དེ་དག་ཀུན་ནི་སྟེང་དང་འོག་དང་ཕྱོགས་མཚམས་སུ་གནས་པ་རྣམས་དང་། བྱང་ཆུབ་སེམས་དཔའི་གཞི་ནི་སྐྱེས་ རབས་ལ་སོགས་པར་བཤད་པའི་སྐྱེ་བའི་གནས་རྣམས་དང་། མཁན་པོ་དང་བརྟུལ་ཞུགས་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱས་ནས་སེམས་བསྐྱེད་པའི་ཐུན་མོང་མ་ཡིན་པའི་རྒྱུ་སྐྱབས་སུ་འགྲོ་བ་བཤད་དེ། སངས་རྒྱས་དང་ཆོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆི་ཞེས་ ཏེ། སྐྱབས་སུ་འགྲོ་བ་ནི་སྡོམ་པའི་སྒོར་གྱུར་པ་སྟེ། འཇིགས་པ་མེད་པའི་ལམ་བསྟན་པས། སངས་རྒྱས་ལ་སྟོན་པར་ཁས་ལེན་སྟོན་པར་ཁས་མ་བླངས་ན་དེའི་བཀའ་ལ་དད་པར་མི་འགྱུར་རོ། །སྡུག་བསྔལ་ཐམས་ཅད་ཤིན་ཏུ་ཞི་བར་མཛད་པའི་དོན་དམ་པའི་ཆོས་མངོན་སུམ་དུ་བྱ་བར་ཁས་ ལེན། དེ་རྗེས་གྲུབ་པ་ལ་འཇུག་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་འཇིགས་པ་མེད་པའི་གནས་སུ་འདྲེན་པ་པོ་བརྟེན་པར་བྱ་བར་ཁས་ལེན། དེ་ལྟ་མིན་ན་དེ་དག་གི་རྗེས་སུ་ཇི་ལྟར་སློབ། བྱམས་པས་གསུངས་པ། སངས་རྒྱས་ཉིད་ནི་སྐྱོབ་པ་སྟེ། །ཉོན་མོངས་ པ་ཡི་ཚོགས་ཀུན་དང་། །ཉེས་སྤྱོད་ཀུན་དང་རྒ་ཤི་ལས། །ཐབས་མིན་ངན་སོང་གནོད་ཀུན་དང་། །ཐེག་པ་དམན་དང་འཁོར་བ་ལས། །དེ་ཕྱིར་སྐྱབས་ནི་བླ་ན་མེད། །ཅེས་སོ། །སྙིང་པོ་ནི་གཙོ་ཆེར་གྱུར་པའི་དོན་ཏེ། དེང་ནས་བརྩམས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འཁོར་གསུམ་རང་བཞིན་མེད་པར་ བསྐྱབ་པར་བྱའོ། །སྐྱབས་སུ་སོང་བའི་རྗེས་སུ་སྡིག་པ་བཤགས་པ་བཤད་དེ། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་བསྲུང་བར་མཛད། །ཐམས་ཅད་དེ་ཡི་མངོན་གྱུར་ཏེ། །བདག་ནི་དེ་དག་མདུན་ན་གནས། །ཞེས་བསམས་ནས་ཐལ་མོ་སྦྱར་བ་ནི་ལུས་ཀྱི་རྣམ་པར་རིག་བྱེད། གསལ་བ་ནི་ངག་གི་རིག་བྱེད། དེ་གཉིས་ཀྱིས་སངས་རྒྱས་ལ་སོགས་པ་ལ་ཤིན་ཏུ་གུས་པར་བསྟན་ཏོ། །ཅི་གསོལ་ཞེ་ན། སྨྲས་པ། གང་ལ་ཐོག་མ་མེད་པ་དེ་ནི་ཐོག་མ་མེད་དེ་འཁོར་བ་དང་སྐྱེ་བ་འདི་ཉིད་དུ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་ཤིང་ཕྱུགས་ལྟ་བུ་བདག་གིས་ཞེས་པས་རང་སུན་ འབྱིན་པའོ། །བྱས་པ་ནི་རང་གིས་ཏེ་བྱེད་དུ་བཅུག་པ་ནི་གཞན་ནོ། །གཞན་གྱིས་བྱས་པ་ལ་ལེགས་པར་བྱས་སོ་ཞེས་རྗེས་སུ་ཡི་རང་བ་ནི་རང་ཉིད་རང་གསོད་པའི་ཕྱིར་ཏེ། དེའི་འབྲས་བུ་རང་ལ་སྨིན་པའི་ཕྱིར་རོ། །གཏི་མུག་གི་འཁྲུལ་པས་ནི་ཉོན་མོངས་པ་ཀུན་ཏུ་འགྲོ་བས་སོ། །འདོད་ཆགས་ལ་ སོགས་པའི་དབང་གིས་ལུས་ངག་ཡིད་ཀྱི་སྒོ་ནས་རིགས་པ་ལས་འདའ་བར་བྱས་པས་སྡིག་པ་སྟེ། དེ་མཐོལ་བར་བྱ་བའི་མགོ་ལ་གཞག་པའི་རས་ལ་མེ་འབར་བ་ན། དེ་མྱུར་དུ་སྐྱུར་བ་ལྟར་འགྱོད་པས་གདུང་ཞིང་མཐོལ་བར་བྱའོ། །བྱེ་བྲག་བཤད་དེ། དཀོན་མཆོག་གསུམ་བླ་ན་མེད་པའི་ཡོན་ ཏན་གྱི་ཞིང་དང་། ཕ་མ་ཕན་འདོགས་པའི་ཞིང་དང་། བླ་མ་ཡོན་ཏན་ཅན་དང་། བཤད་པ་ལས་གཞན་རྣམས་ལ་ལུས་ལ་སོགས་པས། གནོད་པ་བྱས་པ་དེ་བཤགས་པར་བྱའོ་དང་སྦྱར་རོ། །སེམས་སྒྱུར་བར་བྱེད་པས་ན་ཉེས་པ་སྟེ་འདོད་ཆགས་ལ་སོགས་པའོ། །དེ་དག་གིས་སྐྱོན་ཆགས་པ་སྡིག་ ཅན་བདག་གིས་ཤིན་ཏུ་མི་བཟད་མནར་མེད་དམྱལ་བའི་རྒྱུ་འདྲེན་པས་སོ། །ཞེས་བོས་ནས་བཤགས་པར་བྱའོ། །འགྱོད་ཅིང་སྨྲས་ཏེ། ཇི་ལྟར་ཐབས་གང་གིས་དེ་ལས་ཐར་བར་མྱུར་དུ་བསྐྱབ་ཏུ་གསོལ། ཅིས་མྱུར་བར་འདོད་ཅེ་ན། སྡིག་པ་མ་ཟད་པར་འཆི་རུ་དོགས་པའོ། །གཞན་དུ་ན་ངན་ འགྲོར་ལྟུང་བའི་ཕྱིར་རོ། །གང་གི་ཕྱིར་འཆི་བདག་ནི་འདིས་བྱས་འདིས་མ་བྱས་ཞེས་རྟོག་པར་མི་བྱེད་ཅིང་ཡིད་བརྟན་འཇོམས་པ་པོ་མི་ན་བ་ནི་བདག་དར་ལ་བབ་པའམ་ནད་མེད་དམ་སྟོབས་དང་ལྡན་པས་དང་། ནད་པས་ནི་དེ་ལས་ལོག་པས་ཡིད་གཅུགས་པར་མི་རུང་ངོ་། །གང་གི་ཕྱིར་འདི་ལས་བྱུང་ ཞེས་མ་རིག་ཅིང་ཐོག་འབབ་པ་བཞིན་ནོ། །འོ་ན་ཅི་སྟེ་བྱས་ཤེ་ན། སྨྲས་པ། མཛའ་བ་ནི་བདག་དང་བདག་གི་བའོ། །མི་མཛའ་བ་ནི་དེ་ལ་གནོད་པའོ། །མཛའ་བ་ལ་ཕན་པ་དང་བདེ་བ། མི་མཛའ་བ་ལ་དེ་ལས་བཟློག་པའོ། །དེའི་ཕྱིར་གསོད་པ་ལ་སོགས་པ་ལན་དུ་མར་བྱས་སོ། །མི་རྟག་པ་བདག་གི་ མཛའ་བོ་ལ་སོགས་པ་ཐམས་ཅད་སྤངས་ཏེ། འཆི་བར་འཚལ་ཞེས་རྨོངས་པས་མ་རིག་གོ། །མི་མཛའ་བ་རྣམས་དང་མཛའ་བ་རྣམས་དང་བདག་དང་དེ་ཕྱིར་བསགས་པ་ཐམས་ཅད་རང་གི་ངང་གིས་འཇིགས་པར་འགྱུར་བས། དེའི་སླད་དུ་སྡིག་པ་མི་རིགས་ཞེས་མི་ཤེས་པས་སོ། །ཇི་ལྟར་ རྨི་ལམ་དུ་མཐོང་བ་ཉམས་ཏེ་ཕྱིས་བལྟ་རུ་མེད། དེ་ལ་དྲན་པ་ཙམ་འབྱུང་སྟེ། དེ་ལྟར་གཞན་ཡང་དངོས་པོ་དེ་དང་དེ་གང་མྱོང་བ་དེ་སྐྱེ་བ་འདི་ཉིད་དུ་མི་བརྟན་པས་དྲན་པར་བྱ་བ་ཙམ་སྟེ། དེའི་ཆེད་དུ་བདག་གི་བར་བརྟགས་ནས་སྡིག་པས་ཅི་ཞིག་བྱ། ཚེ་འདི་ཉིད་དུ་བདག་ཡོད་བཞིན་དུ་མཛའ་ བ་དང་མི་མཛའ་བ་དུ་མས་སོ། །དེ་དག་གི་ཆེད་དུ་བདག་གིས་བྱས་པའི་སྡིག་པ་དམྱལ་བའི་རྒྱུ་མི་བཟད་པ་བདག་གི་མདུན་དུ་གནས་ཏེ་དེ་དག་དང་འགྲོགས་ཏེ་མི་འགྲོའོ། །འོ་ན་ཁྱོད་ཇི་ལྟར་རྨོངས་ཤེ་ན། སྨྲས་པ། བདག་སུའི་ཡང་ཉེ་དུ་མ་ཡིན་ཞིང་བདག་གི་ཉེ་དུ་ཡང་གང་ཡང་མ་ཡིན་ པས་གློ་བུར་བ་ཡིན་ཞེས་མ་དཔྱད་པས། བདག་གི་བ་ལ་རྗེས་སུ་ཆགས་པ་དང་། དེ་ལས་བཟློག་པ་ལ་སྡང་བས་སྡིག་པ་དུ་མ་བྱས་སོ། །མ་འཇིགས་ཤིག་ཁྱོད་ཚེ་རིང་བ་ཡིན་ཞེ་ན། སྨྲས་པ། ཉིན་མཚན་དུ་ཚེ་རྟག་ལ་ནང་དུ་ཞུགས་པ་མེད་པས་བདག་ཅི་སྟེ་འཆི་བར་མི་འགྱུར། སྐྱེ་ བ་ཕྱི་མ་ནི་ལྟ་ཞོག །སྐྱེ་བ་འདི་ཉིད་དུ་ནད་ཀྱིས་གཟིར་བས་ཉལ་བ་གཉེན་བཤེས་ཀྱིས་མཐའ་མ་བསྐོར་བ་དག་གཅིག་པུ་ཁོ་ནས་སྲོག་གཅོད་པའི་སྡུག་བསྔལ་དང་། སོགས་པའི་སྒྲས་གདུང་བ་དང་སྐོམ་པ་ལ་སོགས་པ་བཟོད་པར་བྱའི། ཉེ་དུ་ལ་སོགས་པས་ཅུང་ཟད་ཀྱང་མི་མྱོང་ངོ་། ། འོ་ན་ཅི་སྟེ་གཞན་གྱི་དོན་དུ་འཇུག་ཅེ་ན། མ་ཡིན་ཏེ་འདིར་གཏི་མུག་སྡིག་པའི་རྒྱུ་ཡིན་པས་དེ་བསལ་བར་བྱ་བའི་རིགས་པ་འདི་དག་ཡིན་གྱི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་པས་ནི་གཞན་དོན་དུ་འཇུག་པའོ། །སྐྱེ་བ་ཕྱི་མ་ལ་ཉེ་དུ་ལ་སོགས་པའི་ཕན་པ་ནམ་ཡང་མེད་པར་བཤད་དེ། འཆི་བདག་གི་ཕོ་ཉས་ཟིན་པ། ཞགས་པས་མགུལ་པ་བཅིངས་པ་ཐོ་བས་ཕྱིས་བརྡུང་བ་ཚེར་མ་དང་རྡོ་གཤག་མས་ཟུག་པ་ལས་ཀྱི་ས་གཞི་རུ་ཁྲིད་པ་གཅིག་པུ་ལ་གཉེན་དང་བཤེས་ཀྱིས་ཅི་ཕན། དེ་ཚེ་བསོད་ནམས་གཅིག་པུས་སྐྱོབ་པ་ཡིན་ཏེ། དེ་ནི་བདག་གིས་མ་བསགས་སོ། །གཞན་གྱི་ རྐྱེན་བཤད་ནས་རང་གི་རྐྱེན་འཆད་དེ། མི་རྟག་པ་ཉམས་པའི་རང་བཞིན་སྲོག་ལ་ཆགས་པས་མ་འོངས་པའི་དམྱལ་བ་ལ་སོགས་པའི་འཇིགས་པ་མི་ཤེས་བཞིན་དུ་ལང་ཚོ་དང་ནོར་དང་དབང་ལ་སོགས་པའི་ང་རྒྱལ་གྱིས་བག་མེད་པ་བདག་གིས། ཀྱེ་མགོན་པོ་རྣམས་སྡིག་ པ་མང་དུ་བསགས་སོ། །དེ་ལྟར་འགྱོད་པ་ཅིས་ཤེ་ན་སྨྲས་པ། དམྱལ་བའི་སྡུག་བསྔལ་བས་ཀྱང་རྐང་པ་དང་ལག་པ་གཅོད་པའི་སྡུག་བསྔལ་ཤིན་ཏུ་ཆུང་སྟེ། དེའི་སླད་དུ་ཁྲིད་ཀྱང་ལུས་བསྐམ་པ་དང་། ཁ་སྐོམ་པ་དང་མིག་རྩ་ངན་པས་འགྲོ་བ་བཟློག་པ་མཐོང་། འཇིགས་སུ་རུང་བའི་ གཟུགས་ཅན་དེ་དག་གཤིན་རྗེའི་ཕོ་ཉ་དག་གིས་ཟིན་པ་འཇིགས་པ་ཆེན་པོ་ལས་བྱུང་བའི་ནད་ཀྱིས་གཟིར་བ་བྲེད་ཅིང་བཤང་བ་འདོར་བས་ལུས་པོ་འཁྱིག་པའོ། །འོ་ན་སྡིག་པ་བཤགས་པ་དེའི་རྒྱུ་མཚན་ལ་སོགས་པ་སྨོས་པས་ཅི་བྱེད་ཅེ་ན། མ་ཡིན་ཏེ་མ་སྤྱད་པས་སྡིག་པ་འབྱུང་གི་སྤྱོད་པ་པོ་ལ་མི་ འབྱུང་། ཆོས་རྣམ་པར་འབྱེད་པ་མེད་པར་གང་གི་ཕྱིར། ཉོན་མོངས་པ་རྣམས་ཞི་བར་མི་འགྱུར་བས་སོ། །བྲེད་པས་མིག་བགྲད་ནས་ཕྱོགས་བཞིར་སྐྱབས་ཚོལ་ཏེ་སུ་ཞིག་སྙིང་རྗེ་ཅན་འཇིགས་པ་ཆེན་པོ་འདི་ལས་བདག་གི་སྐྱབས་སུ་འགྱུར་ཞེས་བྱས་ནས་སོ། །ཤིན་ཏུ་ཚ་བ་ལ་སོགས་ པ་དམྱལ་བའི་གནས་དེར་ཕྱོགས་རྣམས་སྐྱབས་མེད་པར་མཐོང་ནས་ཡི་མུག་པའི་ཚེ། བདག་གིས་ཇི་ལྟར་བྱ་སྟེ་བཟློག་པའི་ཐབས་མེད་པས་སོ། །དེ་བས་ན་ད་ལྟ་ཁོ་ན་དེ་ལ་ཕན་པ་བྱ་དགོས་ཞེས་སྨྲས་པ། ཀུན་ཏུ་དབུགས་འབྱིན་པ་བློ་བདེ་བའི་གནས་ཀུན་ནས་ཐོགས་པ་མེད་པའི་ནུས་པ་ཅན། སེམས་ཅན་སྐྱོབ་པའི་དོན་དུ་བྱོན་པ། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ། རྒྱལ་བ་རྣམས་ལ་དེ་རིང་ཉིད་དུ་སྐྱབས་སུ་འགྲོ་བར་བྱ་ཞེས་རྟེན་གྱི་སྟོབས་བཤད་དོ། །ཆོས་དང་དགེ་འདུན་བསྟན་པར་བཤད་དེ་སངས་རྒྱས་ཀྱིས་རྟོགས་པའི་ཆོས་སྲིད་པའི་འཇིགས་པ་ལས་སྐྱོབ་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་དེ་རིང་ཉིད་དུ་སྐྱབས་སུ་མཆིའོ་ཞེས་སྐྱབས་ཀྱི་སྟོབས་དང་། ཕྱིན་ཆད་མི་བྱེད་པའི་སྟོབས་དང་། གཉེན་པོའི་སྟོབས་དང་། རང་ལ་སྨོད་པ་བཞིས་སྡིག་པ་ཟད་པར་འགྱུར་བས། སྐྱབས་སུ་འགྲོ་བ་ཟློས་པའི་སྐྱོན་མེད་དོ། །གཙོ་ཆེ་བའི་ རིམ་པས་བརྟན་པ་བཤད་དེ། ལུས་ལ་སོགས་པ་དག་པར་བྱ་བའི་ཕྱིར་བདག་ནི་འཇིགས་པས་སྐྲག་ནས་ཀུན་དུ་བཟང་པོ་དང་། འཇམ་དཔལ་ལ་བདག་འབུལ་ལོ། །བལྟས་པ་ཙམ་གྱིས་རྒུད་པ་སེལ་བས་ན་སྤྱན་རས་གཟིགས་ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པ་ལ་ཉམ་ཐག་ང་རོས་ འོ་དོད་འབོད། ཁྱེད་ཀྱིས་སྡིག་ལྡན་བདག་ལ་སྐྱབ་ཏུ་གསོལ། སྡིག་པ་ལས་རིང་དུ་སོང་བ་ནི་འཕགས་པ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པས་ནམ་མཁའི་སྙིང་པོ། །སའི་ཁམས་ཀྱི་དག་པ་ཡིན་པས་སའི་སྙིང་པོ། །གཞན་ཡང་ས་བཅུ་པ་རྣམས་ལ་སྐྱབས་ཚོལ་བས་སྙིང་ ནས་འོ་དོད་འབོད། གཤིན་རྗེའི་ཕོ་ཉ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་གཞན་སྡུག་པས་དགའ་བ་གང་མཐོང་བ་ཙམ་གྱིས་སྐྲག་ཅིང་འབྲོས་པ་ཕྱག་ན་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །སྔར་མི་ཤེས་པས་ཁྱེད་ཀྱི་བཀའ་ལས་འདས་ཏེ་སྡིག་པ་བྱས། ད་ནི་ཆོས་ཤེས་པས་དེའི་འབྲས་བུ་དམྱལ་ བའི་འཇིགས་པ་མཐོང་ནས། ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཆོས་བཞི་བསྟན་པ་ལས་གསུངས་པ། །སྟོབས་དང་ལྡན་པ་ལ་བརྟེན་པས། །སྡིག་པས་ཟིལ་གྱིས་གནོན་པ་མི་ནུས་སོ་ཞེས་སོ། །སངས་རྒྱས་ཀྱི་གསུང་ལ་འདའ་བར་རིགས་ པ་མ་ཡིན་པར་བཤད་དེ། ཐུན་མོང་རག་ལ་ཁད་པའི་ནད་ལ་འཇིགས་པས་ཀྱང་སྨན་པའི་ཚིག་ལ་འདའ་བར་མི་བྱེད་དེ། ནད་འཕེལ་བའི་དོགས་པས་སོ། །བཞི་དང་བཞི་བརྒྱའི་ནད་ཀྱིས་ཟིན། །འདའ་བར་མི་བྱེད་ལྟ་ཅི་སྨོས། །དུས་མ་ཡིན་པའི་འཆི་བ་བརྒྱ་ཕྲག་གཅིག་སྟེ། དུས་ ཀྱི་འཆི་བ་གཅིག་དང་བཅས་པ་བརྒྱ་རྩ་གཅིག་སྟེ། དེ་ཡང་སོ་སོར་རླུང་དང་། མཁྲིས་པ་དང་། བད་ཀན་དང་། དེ་དག་འདུས་པ་ལས་བྱུང་བས་བཞི་དང་བཅས་པ་བརྒྱ་ཕྲག་བཞིའོ། །དེ་ལྟ་ཡིན་ཀྱང་ཅི་ཞེ་ན། སྨྲས་པ། གང་ལས་ནད་གཅིག་འཁྲུགས་པས་ཀྱང་འཛམ་བུའི་གླིང་ ན་གནས་པའི་མི་རྣམས་འཆི་སྟེ། ནད་གང་གི་གསོ་བའི་སྨན་མཆོག་གང་ནས་ཀྱང་མི་རྙེད་དོ། །འདིར་བྷ་ན་ཤྲཱིའི་རྒྱལ་པོ་པདྨའི་སྐྱེ་རབས་དཔེ་སྟེ། བཅོམ་ལྡན་འདས་འདི་ཉིད་འདས་པའི་དུས་སུ་པདྨ་ཞེས་ཀ་ཤིའི་རྒྱལ་པོར་སྐྱེས་ཏེ། དེའི་དུས་སུ་འཛམ་བུའི་གླིང་གི་མི་ཐམས་ཅད་ནད་དང་ བཅས་པས་འཆི་སྟེ། དེ་དག་ཀུན་གྱིས་བྱང་ཆུབ་སེམས་དཔའ་ལ་གསོལ་ཏེ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་ཀྱང་། བདག་གི་གནས་སྐབས་འདི་ལྟ་བུར་གྱུར། རྒྱལ་པོ་དུས་དེ་ཉིད་དུ་སྨན་པ་རྣམས་ལ་བཀའ་སྩལ་པ། དེ་དག་གི་གསོ་བའི་བསྟན་བཅོས་ཀུན་བལྟས་ལ། དེའི་ཉིན་མོ་སྐྱེས་པའི་རོ་ཧི་ཏའི་ཉའི་ཤ་ལས་གཞན་མ་མཐོང་བར་རྒྱལ་པོ་ལ་གསོལ་ཏོ། །དེ་ནི་དེའི་ཉིན་པར་གྱེས་པ་ཆུ་ཆེན་པོ་གཅོད་པ་ལམ་མ་རྙེད་པ་རྙེད་པར་དཀའོ། །དེ་བཞིན་དུ་མཐའ་ཡས་པ་འདོད་ཆགས་ལ་སོགས་པ་ ནད་གཅིག་གིས་ཀྱང་སེམས་ཅན་ཐམས་ཅད་ཆུད་གསན་ཏེ། གང་ལ་སྨན་པ་ཐམས་ཅད་མཁྱེན་པ་ལས་གཞན་གྱིས་མི་རྙེད་དོ། །དེ་ལ་ལ་ལུས་དང་ཡིད་ཀྱི་ཟུག་རྔུ་རྣམས་སེལ་ནུས་པ། ཐམས་ཅད་མཁྱེན་པ་སྨན་པའི་གསུང་ལས་འདའ་བར་བྱེད་པས་བདག་ཤིན་ཏུ་གཏི་མུག་སྨད་ པའི་གནས་ཤེས་བཞིན་དུ་བཀའ་ལས་འདའ་བར་བྱེད་ན་བདག་ལས་གཞན་རྨོངས་པ་སུ་ཞིག་ཡོད་ཅེས་བདག་ལ་སྨོད་པའོ། །དེ་བས་ན་བག་ཡོད་པར་འཚལ་ཞེས་སྨྲས་ཏེ། རི་ལ་སོགས་པའི་གཡང་ས་ཆུང་བ། གང་ལ་རུས་པ་འཆག་པའམ་འཆི་བ་ཙམ་འབྱུང་བ་དེར་ཡང་བག་ཡོད་པར་སྤྱོད་ན། དཔག་ཚད་སྟོང་ཕྲག་གི་ཚད་མནར་མེད་པ་ལ་སོགས་པའི་གཡང་ས་རིང་བར་བར་གྱི་བསྐལ་པའི་ཚེ་དང་ལྡན་པ་ལ་བག་ཡོད་པར་བྱེད་པ་ལྟ་ཅི་སྨོས། དེར་སྡུག་བསྔལ་ཡོད་ཀྱང་འདིར་ཡུན་རིངས་བདེ་བ་མྱོང་བས་ཆོག་ཅེ་ན། སྨྲས་པ། དེ་རིང་ཁོ་ན་མི་འཆི་བྱས་ནས་བདེ་བ་ལ་རེ་བ་མི་ རིགས་ཏེ། གང་གི་ཕྱིར་བདག་འཆི་བའི་ཚེ་གང་ཡིན་པ་དེ་ནི་མི་རྟག་པས་ངེས་པར་འབྱུང་བར་འགྱུར། དབུགས་འབྱིན་པ་ཡང་མེད་པར་བཤད་དེ། འཇིགས་པར་མ་བྱེད་ཅེས་མི་འཇིགས་པ་སུས་བདག་ལ་བྱིན། དམྱལ་བའི་འཇིགས་པ་ལས་ཐར་བའི་ཐབས་ཀྱང་མེད་དེ། གསོན་པ་ ནི་འཆི་བའི་མཐའ་མ་ཅན་ཞེས་གསུངས་པས། ངེས་པར་འཆི་བར་འགྱུར་ན་བདེ་བར་འདུག་པ་མི་རིགས་སོ། །བདེ་བ་ལ་རེ་བ་འདི་བས་ཀྱང་མི་རིགས་པར་བཤད་དེ། ཕྲེང་བ་དང་ཙནྡན་ལ་སོགས་པ་སྔར་ཉོ་བ་གང་ཡིན་པ་དེ་ད་ལྟ་མེད་པས་དེའི་སྙིང་པོ་ད་ལྟ་ཅི་ཞིག་ཡོད་ཅེ་ན། དེའི་བདེ་བ་ཡང་དུས་དེ་ཉིད་ དུ་ཉམས་སོ། །བདེ་བའི་རྒྱུ་གང་ལས་མངོན་པར་ཞེན་ནས་བདག་གིས་བླ་མའི་བཀའ་ལས་འདས་པར་བྱས། དེ་བས་ན་བདག་གིས་འདི་ཁོ་ན་བསམ་པར་བྱའི། མི་ལ་སོགས་པའི་འཇིག་རྟེན་འདི་སྤངས་ནས། ཉེ་དུ་རྣམས་ཀྱང་གཅིག་པུ་ཁོ་ན་ལས་ཀྱི་འཕེན་པས་མི་ཤེས་ པའི་གཤེད་དུ་འགྲོ་བར་འགྱུར་བས། ད་ཉེ་དུ་ལ་སོགས་པས་བདག་ལ་ཅི་དེ་ཚེ་ཕན་པ་མེད་པས་སོ། །མི་དགེ་བ་ལས་སྡུག་བསྔལ་ངེས་པར་འབྱུང་ཞེས་བསམས་ནས་ཕྱིན་ཆད་སྡོམ་པར་འགྱུར། དེ་ནས་སྔར་བྱས་པ་ལས་ངེས་པར་ཇི་ལྟར་ཐར་ཞེས་བསམས་པས་བཤགས་པ་ལ་ སོགས་པ་འབྱུང་། དེ་བས་ཉིན་མཚན་མེད་པར་བདག་གིས་འདི་ཉིད་བསམ་པར་རིགས་སོ། །བསམ་པའི་འབྲས་བུ་བཤད་དེ། བྱིས་པ་མི་ཤེས་པ་གཏི་མུག་གིས་ལྡོངས་པ་བདག་གིས་ལུས་ལ་སོགས་པས་གང་བྱས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་མི་དགེ་བ་བཅུ་དང་། བརྟུལ་ ཞུགས་ཅན་ལ་བཅས་པའི་ཁ་ན་མ་ཐོ་བ་དུས་མ་ཡིན་པའི་ཁ་ཟས་ལ་སོགས་པ། དེ་དག་ཐམས་ཅད་བཤགས་པར་བྱ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་ཐལ་མོ་སྦྱར་ལ། འབྱུང་བར་འགྱུར་བའི་སྡུག་བསྔལ་ལ་འཇིགས་ཤིང་ཡང་དང་ཡང་དུ་ཕྱག་བྱས་ནས་ སོ། །སྡིག་པ་འདི་ནི་བདག་གིས་བྱས། །ཞེས་ཁས་བླངས་ནས་བཤགས་པར་བྱའོ། །གཟུང་དུ་གསོལ་ཞེས་པ་ནི་བདག་གིས་འཆབ་སེམས་མེད་པར་བཤགས་པར་བྱས་པ་དགོངས་སུ་གསོལ། ཕྱིན་ཆད་སྡོམ་པ་བཤད་དེ། རྣམ་པར་སྨིན་པ་མི་བཟད་པས་བཟང་པོ་མ་ཡིན། དུས་ འདི་ནས་བརྩམས་ཏེ་སླར་མི་བྱའོ། །བླ་མ་ལ་སོགས་པ་ལ་བཤགས་པ་བྱེད་ན་བཤགས་པ་བྱས་པའི་རྗེས་སུ་དེས་དྲིས་ཏེ་དེ་ལྟུང་བར་མཐོང་ངམ། དེས་མཐོང་ལགས་ཞེས་བརྗོད་པར་བྱའོ། །ཡང་བླ་མས་ཕྱིན་ཆད་སྡོམ་མམ་དྲིས་པས་དེས་སྡོམ་ལགས་ཞེས་བརྗོད་པར་བྱའོ། །བཤགས་པ་མང་དུ་ གསུངས་པས་དེའི་ལེའུ་གཉིས་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་ལེའུ་གཉིས་པའོ།། །།རྗེས་སུ་ཡི་རང་བ་བཤད་དེ། རིགས་དྲུག་ལ་འཁོར་བའི་སོ་སོ་སྐྱེ་བོས་བྱས་པའི་དགེ་བས་རྗེས་སུ་ཡི་རང་ངན་སོང་སྡུག་བསྔལ་ངལ་སོ་བ་ནི་འབྲས་བུ་ཕྱུང་ ནས་དགེ་བ་ཟད་པ་ཡིན་པས་དུས་འགའ་ཞིག་ངན་སོང་དུ་མི་ལྟུང་བས་སོ། །འཇིག་རྟེན་གྱི་དགེ་བ་ནི་སྲིད་པའི་འབྲས་བུ་ཅན་ཁོ་ནའོ། །འཇིག་རྟེན་ལས་འདས་པ་ནི་འཛད་པ་མེད་པའོ། །འཇིག་རྟེན་ཆོས་རྣམས་སངས་རྒྱས་ཀྱི། །ཆོས་རྣམས་དང་ནི་རྒྱང་རིང་ངོ་། །ཞེས་ གསུངས་པས་སོ། །རྗེས་སུ་ཡི་རང་བ་ནི་གསུམ་སྟེ། སེམས་དང་བས་ཡིད་ཀྱི་དང་། བ་སྤུ་ལྡང་བ་དང་མཆི་མ་འབྱུང་བ་ལ་སོགས་པས་ལུས་ཀྱི་དང་། ལེགས་པར་བྱས་སོ་ཞེས་པ་ལ་སོགས་པས་ངག་གིའོ། །དགེ་བ་བྱས་པ་དེ་དག་མི་ཤེས་པས་སྡུག་བསྔལ་བ་རྣམས་བདེ་བར་གྱུར་ཅིག་ཅེས་ སྨོན་ལམ་མོ། །འཇིག་རྟེན་ལས་འདས་པའི་དགེ་བ་ལ་རྗེས་སུ་ཡི་རང་སྟེ། སྡུག་བསྔལ་ལས་ཐར་པ་ནི་བདག་ཉིད་ཀྱིས་གཟིགས་པའི་ལམ་སྟོན་པས་སྐྱོབ་པ་སྟེ་སངས་རྒྱས་སོ། །དེའི་རྒྱུའི་གནས་སྐབས་བྱང་ཆུབ་སེམས་དཔའ་ཉིད་དང་། འབྲས་བུའི་གནས་སྐབས་སངས་རྒྱས་ཏེ་དེ་ལ་རྗེས་སུ་ཡི་ རང་ངོ་། །བྱང་ཆུབ་སེམས་དཔའི་དགེ་བ་ལ་རྗེས་སུ་ཡི་རང་བ་བཤད་དེ། ཉོན་མོངས་པ་འཆོས་པ་རྣམས་ཀྱིས་སེམས་བསྐྱེད་མང་བས་རྒྱ་མཚོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མཛད་པ་ལ་རྗེས་སུ་ཡི་རང་ངོ་། །ཆོས་བསྟན་པའི་ཕྱིར་གསོལ་བ་བཤད་དེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་ གཤེགས་པ་རྣམས་ལ་གསོལ་བ་གདབ་སྟེ་ཐལ་མོ་སྦྱར་ཞིང་མི་ཤེས་པའི་མུན་པས་བསྒྲིབས་པས་སྡུག་བསྔལ་གྱིས་གདུངས་པ་རྣམས་ལ་ཆོས་ཀྱི་སྒྲོན་གསལ་མཛད་དུ་གསོལ་ཞེས་སོ། །མྱ་ངན་ལས་མི་འདའ་བར་གསོལ་བ་བཤད་དེ། བྱ་བ་བྱས་པའི་ཕྱིར་མྱ་ངན་ལས་འདའ་བར་བཞེད་པའི་རྒྱལ་ བ་རྣམས་ལ་བསྐལ་པ་མཐའ་ཡས་པར་བཞུགས་པར་གསོལ་ཏེ། འགྲོ་བ་འདི་དག་བླང་བྱ་དང་སྤང་བྱ་མི་ཤེས་པར་མ་གྱུར་ཅིག །སྟོན་པ་པོ་མེད་པའི་ཕྱིར་རོ། །བསྔོ་བ་བཤད་དེ། དེ་ལྟར་མཆོད་པ་དང་ཕྱག་དང་གསུམ་ལ་སྐྱབས་སུ་འགྲོ་བ་དང་སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་དང་ གསོལ་བ་གདབ་པ་སྟེ། ཡན་ལག་བདུན་པ་བླ་ན་མེད་པའི་མཆོད་པ་བྱས་ལ། དགེ་བ་བདག་གིས་གང་ཐོབ་པ་དེས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་ནུས་པར་བདག་གྱུར་ཅིག །ཐུན་མོང་དུ་བཤད་ཅིང་བྱེ་བྲག་བཤད་དེ། དེས་ཀྱི་སྒྲ་ནི་ཀུན་དང་སྦྱར་རོ། །ནད་པ་རྣམས་ཀྱི་སྨན་དུ་ བདག་གྱུར་ཅིག །ཇི་ལྟར་དགེ་བསྙེན་མ་བྱང་ཆུབ་སེམས་མས། རང་གི་ཤ་དྲོན་གཅོད་ཅིང་དགེ་སློང་ཅིག་ནད་གསོར་མི་རུང་བ་ལ་དྲངས་པས་དེ་ལས་གྲོལ་བར་བྱས་པའོ། །ནད་གཡོག་ཀྱང་བདག་གྱུར་ཅིག །དུས་ཇི་སྲིད་ཀྱི་ནད་དེ་སླར་མི་ལྡོག་པ་དེ་སྲིད་དུའོ། །བཀྲེས་པ་དང་སྐོམ་པའི་ནད་ལ་ བཟའ་བ་དང་བཏུང་བ་བྱིན་ནས་བདག་གིས་སེལ་ནུས་པར་གྱུར་ཅིག །བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་མཐར་འཇིག་གོ། །གང་ལ་འཇིག་རྟེན་ཚེ་ལོ་བཅུ་པའི་དུས་དེར་བཟའ་བཏུང་མེད་པས། ཤ་དང་རུས་པ་ཕན་ཚུན་དུ་ཟ་བའི་དུས་དེར་བདག་བཟའ་བ་དང་བཏུང་བར་གྱུར་ཅིག ། ནོར་མེད་པས་བཀྲེན་པ་རྣམས་ལ་འཛད་པ་མེད་པའི་གཏེར་དུ་བདག་གྱུར་ཅིག །དེ་དག་གི་མདུན་དུ་གནས་ཤིང་རྣམ་པ་སྣ་ཚོགས་པ་མལ་དང་། བཟའ་བ་དང་གོས་དང་གདན་ལ་སོགས་པ་འབུལ་ཞིང་ཉེ་བར་གནས་པའོ། །རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་གསུངས་པ། དགེ་བའི་རྩ་བ་འདིས་བདག་ སེམས་ཅན་ཐམས་ཅད་ཀྱི་སྐྱོབ་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་མང་བའོ། །སེམས་བསྐྱེད་པའི་ཆོ་ག་ལ་ནུས་པ་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱེད་པ་བཤད་པས། བསོད་ནམས་ཀྱི་ཚོགས་ཐུན་མོང་མ་ཡིན་པའི་ཡན་ལག་ཡིན་པས་བཤད་དེ། དུས་འདི་ནས་བརྩམས་ཏེ་བྱང་ཆུབ་ཀྱི་བར་དུ་འགྲོ་ བའི་རིས་ཀུན་དུ་བདག་གི་ལུས་རྣམས་དང་། དེ་བཞིན་དུ་རིས་ཀུན་དུ་ལོངས་སྤྱོད་པའི་རྫས་རྣམས་རྟ་དང་གླང་པོ་ཤིང་རྟ་ལ་སོགས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་འདས་པ་དང་མ་འོངས་པ་དང་ད་ལྟར་བ་དེའི་འབྲས་བུ་ལ་ལྟོས་པ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་ བསྒྲུབ་པའི་ཕྱིར་གཏང་བར་བྱའོ། །བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པ། དགེ་བ་རྗེས་སུ་དྲན་པ་དེ་ནས་བྱང་ཆུབ་ཏུ་བསྔོ་བ་འདི་ནི་འདས་པ་ལ་མཁས་པའོ་ཞེས་བྱ་བ་ལ་སོགས་པ་མང་བའོ། །ཡོངས་སུ་བཟུང་བའི་རྩ་བ་ཅན་སྲིད་པའི་སྡུག་བསྔལ་ལས་གྲོལ་བས་གྲོལ་ཞེས་བརྗོད་དེ་སེར་ སྣ་སེལ་བའི་ཕྱིར་བཤད་པ་ཟག་པ་དང་བཅས་པ་བདག་ཉིད་ལ་སོགས་པ་ཐམས་ཅད་བཏང་བས་མྱ་ངན་ལས་འདས་པ་སྟེ། བདག་གི་སེམས་ཀྱང་མྱ་ངན་ལས་འདའ་བར་འདོད་དེ། མྱ་ངན་ལས་འདའ་བའི་དུས་སུ་གལ་ཏེ་ལུས་ལ་སོགས་པ་ཅིས་ཀྱང་གཏོང་ན་དེའི་ཚེ་སེམས་ཅན་རྣམས་ལ་བཏང་བ་ མཆོག་ཡིན་ནོ། །དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཇི་ལྟར་འདོད་པ་ལྟར་བསྒྲུབ་པའི་ཕྱིར་བདག་ཉིད་བཏང་བས་ཇི་ལྟར་འདོད་པ་བཞིན་དུ་དབྱུག་པ་ལ་སོགས་པས་རྡེག་པ་དང་། ཚིག་ངན་གྱིས་སྨོད་པ་དང་། ས་རྡུལ་གྱིས་གཡོགས་པ་དང་། འདོད་པ་བཞིན་དུ་བྱེད་ དུ་འཇུག །བྱིས་པ་ཡིན་པས་བདག་གི་ལུས་ཀྱིས་རྩེ་བ་དང་། རོལ་པ་དང་། ཅོ་འདྲི་བ་དང་། ག་ཞ་དང་བདག་གིས་ཀུན་ནས་ལུས་འབུལ་བས། དེ་དག་གི་མཉམ་པ་དང་མི་མཉམ་པའི་བསམ་པས་བདག་ལ་དགོས་པ་ཅི། ལས་ཐམས་ཅད་ཀྱང་འདི་བྱེད་དུ་ཆུག་མི་འོས་པ་ཡིན་ཏེ། འོན་ཀྱང་ གང་དེ་དག་ལ་བདེ་བའི་རྒྱུ་ཉེས་སྤྱོད་མ་ཡིན་པའོ། །གང་གི་ཕྱིར་བདག་ལ་བརྟེན་ནས་སུ་ལ་ཡང་མི་འདོད་པ་ནམ་ཡང་འབྱུང་བར་མ་གྱུར་ཅིག །གང་དག་ལ་བདག་དམིགས་ནས་བློ་ཁྲོས་པའམ་མ་དད་པར་འགྱུར་བ་དེ་དག་གི་འདོད་པའི་དོན་ཐམས་ཅད་གྲུབ་པའི་བློ་དེ་ཉིད་རྒྱུར་གྱུར་ཅིག །བྱང་ཆུབ་ སེམས་དཔའི་བཟོད་པ་མཐོང་ནས་དད་པ་སྐྱེ་བས་སོ། །མེད་པའི་སྐྱོན་བརྟགས་ནས་གང་དག་བདག་ལ་ཁ་ཟེར་བ་དང་། གནོད་པ་བྱེད་པ་དང་། ཕྱར་ཁ་གཏོང་བ་དེ་དག་བཤད་པའི་རིགས་པ་ཐམས་ཅད་བྱང་ཆུབ་པར་གྱུར་ཅིག །གཞན་ཡང་མགོན་མེད་པ་རྣམས་ཀྱི་མགོན་དང་། ལམ་དུ་ཞུགས་ པ་རྣམས་ཀྱི་དེད་དཔོན་དང་། ཆུ་བོ་ལ་སོགས་པ་བརྒལ་བར་འདོད་པའི་གྲུ་དང་། རགས་སམ་ཟམ་པར་བདག་གྱུར་ཅིག །མུན་པར་མར་མེ་འདོད་པ་རྣམས་ཀྱི་མར་མེ་དང་། གནས་མལ་འདོད་པ་ལ་གནས་མལ་དང་། བྲན་འདོད་པའི་བྲན་དུ་གྱུར་ཅིག །འདོད་པའི་དོན་བསྒྲུབ་པའི་ཡིད་བཞིན་ ནོར་བུ་དང་། ལག་པ་ནང་དུ་བཅུག་པས་ཅི་འདོད་འོང་བའི་བུམ་པ་བཟང་པོ་དང་། ལྷ་མོའི་གསང་སྔགས་བསྒྲུབ་པ་ལས་ཐམས་ཅད་བྱེད་པས་གྲུབ་པའི་རིག་སྔགས་དང་། གཅིག་པུ་ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཆེན་དང་། བརྟགས་པའི་དོན་ཀུན་སྒྲུབ་པས་དཔག་བསམ་གྱི་ཤིང་དང་། འདོད་པའི་དོན་འཇོ་བས་འདོད་འཇོའི་བར་གྱུར་ཅིག །ས་དང་ཆུ་དང་མེ་དང་རླུང་འབྱུང་བ་ཆེན་པོ་བཞི་ཇི་ལྟར་དམྱལ་བ་དང་འདོད་པ་དང་ལོག་རྟོག་དང་སྨན་དང་ཤིང་ལ་སོགས་པའི་རྟེན་དུ་གྱུར་པ་དང་། བཏུང་བ་དང་ཁྲུས་ལ་སོགས་པ་དང་། འཚེད་པ་དང་སྲེག་པ་ལ་སོགས་པ་དང་། བརྐྱང་བ་དང་ བསྐུམ་པ་ལ་སོགས་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་སྣ་ཚོགས་པར་གྱུར་ཅིག །དེ་ལྟར་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་བདག་ལོངས་སྤྱོད་དུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཇི་སྲིད་མྱ་ངན་ལས་འདས་ཀྱི་བར་ཞེས་བློ་ གྲོས་མི་ཟད་པའི་མདོ་ལས་གསུངས་སོ། །དེ་སེམས་རིན་ཆེན་ཞེས་པ་ནས་བརྩམས་ཏེ། དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྦྱོར་བ་སྟེ། སངས་རྒྱས་ལ་སོགས་པ་ལ་ནུས་པ་བཞིན་དུ་མཆོད་པ་བྱས་ཏེ། ལུས་ཕུལ་ལ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ཤེས་ནས་སྐྱབས་ སུ་འགྲོ་བ་བྱས་ཏེ། དལ་འབྱོར་རྙེད་པར་དཀའ་བ་གོ་ནས་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ། གང་ཚེ་བདག་དང་གཞན་གཉིས་ཀ །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་བདག་ གཞན་ལ་ཁྱད་པར་མེད་པར་རྟོགས་ཏེ་རང་གཞན་གྱི། སྡུག་བསྔལ་ཐར་བར་བྱེད་འདོད་ཅིང་། །བདེ་བའི་མཐར་ནི་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱ་ཞིང་། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །ཞེས་གསུངས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཚིགས་བཅད་གཉིས་འདོན་ཅིང་ལེན་ པའོ། །དེ་ཇི་ལྟར་ལ་སོགས་པ་སྟེ། བྱང་ཆུབ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་རྣམས་སྤངས་ནས་ཆོས་ཐམས་ཅད་མི་དམིགས་པར་རྟོགས་པ་སྟེ། ཤེས་རབ་ཀྱི་ལེའུས་བརྗོད་པར་བྱའོ། །དེ་ལ་སེམས་ནི་དེ་རྟོགས་པའི་ཕྱིར་འཇུག་པའོ། །དེ་མེད་ན་རང་དང་གཞན་གྱི་སྡུག་བསྔལ་ཞི་ བར་མི་འགྱུར་རོ། །དེ་སྔོན་གྱི་སངས་རྒྱས་ཀྱིས་ཇི་ལྟར་བསྐྱེད་པ་ལྟར། སེམས་བསྐྱེད་ནས་བསླབ་པ་བསྲུང་བ་ལྟར་རིམ་པ་བཞིན་ནི་ལས་དང་པོ་པས་ནུས་པའི་རིམ་པས་སོ། །དེ་ལྟར་བདག་གིས་བསྐྱེད་པར་བྱ། །དེ་དག་ཉིད་ཀྱིས་བསྐྱེད་པ་བཞིན་ནོ། །ཇི་ལྟར་འཕགས་པ་འཇམ་དཔལ་ གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་སྐྱེ་རབས་སྔ་མ་ལ་སྤྱོད་པ་དང་ལྡན་པའི་སེམས་བསྐྱེད་པ་དང་། མཐའ་དང་བྲལ་བ་འཁོར་བ་ཡི། །མུ་ནི་དང་པོ་ཇི་སྲིད་དུ། །དེ་སྲིད་འགྲོ་ལ་ཕན་དོན་དུ། །སྤྱོད་པ་གཞལ་མེད་སྤྱོད་པར་བྱ། །མགོན་པོའི་མདུན་དུ་ཡང་དག་པའི། ། བྱང་ཆུབ་ཏུ་ནི་སེམས་བསྐྱེད་བྱ། །བཀྲེན་པ་ལས་ནི་གྲོལ་བྱའི་ཕྱིར། །འགྲོ་བ་དག་ལ་སྙན་གསན་འབེབས། །དེང་ནས་བརྩམས་ཏེ་བྱང་ཆུབ་བར། །སེར་སྣ་དང་ནི་ང་རྒྱལ་དང་། །ཞེ་སྡང་དང་ནི་ཕྲག་དོག་དག །བདག་གིས་བྱེད་པར་མི་འགྱུར་རོ། །འདོད་པ་སྡིག་ཅན་སྤངས་ ནས་སུ། །ཚངས་པར་སྤྱོད་པ་སྤྱད་པར་བྱ། །སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་དང་། །བརྟུལ་ཞུགས་ལ་ཡང་བསླབ་པར་བྱ། །སྡོམ་པ་འདི་བུད་མེད་ལ་ཡང་ཉོན་མོངས་པ་ཆུང་ཞིང་འགྲོ་བ་ལ་ཕན་པའི་ཕྱིར་བྱང་ཆུབ་འདོད་པས་སྐྱེའོ། །གཞན་གོ་སླའོ། །སྦྱོར་བ་དང་དངོས་གཞི་དང་རྗེས་ ཐོབ་ཀྱིས་ལས་ཚང་བར་འགྱུར་ཏེ། གཉིས་བཤད་ཟིན་རྗེས་གསོ་བའི་ཕྱིར་སེམས་གཟེངས་བསྟོད་པ་བཤད་པའི་རིམ་པས་བསྐྱེད་ལ། བྱང་ཆུབ་སེམས་དང་བས་འདི་ལྟར་ནི་འོག་ཏུ་འཆད་པའི་རིགས་པས་སོ། །འཁོར་བ་ཐོག་མ་མེད་པ་ནས་འདི་ལྟ་བུའི་རྙེད་པ་མེད་ཀྱི་ཇི་ལྟར་དེ་རིང་གཟུང་བ་ ལེགས་པར་ཐོབ་པ་ནི་སོ་སོར་ཐར་པའི་སྡོམ་པ་འདི་ནི་མི་ཁོ་ན་ལ་སྐྱེའོ། །བསམ་གཏན་གྱི་སྡོམ་པ་ནི་ལྷ་རྣམས་ལ་ཡང་ངོ་། །ཟག་པ་མེད་པའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལའོ། །སྐྱེ་ཞེས་བྱ་བ་ནི་སེམས་སྐྱེས་པས་སོ། །རྒྱལ་སྲས་ནི་ང་རྒྱལ་ཁྱད་པར་ཅན་ཡིན་ནོ། །སངས་རྒྱས་ཀྱི་རྒྱུན་ དང་རྗེས་སུ་མཐུན་པར་བྱེད་པ་བདག་གིས་དེ་ལྟར་བྱའི། ཇི་ལྟར་སྐྱོན་མེད་པ་ནི་ཐོག་མ་དང་བར་དང་ཐ་མར་དག་པར་གྱུར་པ་ལ་བདག་གི་ཉེས་སྤྱོད་ཀྱིས་རྙོག་པར་མི་འགྱུར་བའོ། །ཇི་ལྟར་མིག་མེད་པར་ལམ་གྱི་ཕྱག་དར་ཕུང་པོ་ལས་རིན་པོ་ཆེ་རྙེད་པ་དེ་བཞིན་དུ་སྔར་གྱི་ལེགས་སྤྱད་ལས། སངས་ རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་ཕྱག་དར་ཕུང་པོ་ལྟ་བུ་འཁོར་བ་ལས་ལོང་བ་ལྟ་བུ་བདག་ལ་རིན་པོ་ཆེ་ཐོབ་པ་ལྟར། བྱང་ཆུབ་ཀྱི་སེམས་ནི་དེ་ཁོ་ན་ཉིད་རྟོགས་པའོ། །འགྲོ་བའི་འཆི་བདག་གཞོམ་པར་བྱ་བའི་ཕྱིར། བདུད་རྩི་ནི་རྒས་པ་དང་འཆི་བ་བཟློག་པ་ལྟ་བུ་དང་། འགྲོ་བའི་དབུལ་བ་ སེལ་བར་བྱེད་པ་གཏེར་འཛད་པ་མེད་པ་ལྟ་བུའོ། །ནད་ཞི་བར་བྱེད་པ་གྲུབ་པའི་སྨན་ལྟ་བུ་དང་། རིས་ལྔར་འཁོར་བས་དུབ་པའི་འགྲོ་བ་ངལ་གསོ་བའི་གནས་ལྗོན་ཤིང་ལྟ་བུའོ། །ངན་སོང་གསུམ་གྱི་འདམ་ལས་སྒྲོལ་བར་བྱེད་པའི་རིགས་ཐམས་ཅད་ཀྱི་ཐུན་མོང་བ་ལྟ་བུ་དང་། རིགས་དང་གཟུགས་ལ་ སོགས་པ་མ་བརྟགས་པའི་ཕྱིར་རོ། །ཉོན་མོངས་པའི་གདུང་བ་སེལ་བའི་ཕྱིར་ཤར་བ་བྱང་ཆུབ་སེམས་ཀྱི་ཟླ་བ་གདུང་བ་མཐའ་དག་སེལ་བ་ལྟ་བུའོ། །མི་ཤེས་པ་ཁོ་ན་རབ་རིབ་སྟེ། དེ་ཁོ་ན་ཉིད་རྟོགས་པ་ལ་སྒྲིབ་པས་སོ། །དེ་དཔྱིས་འབྱིན་ཉི་མ་ཆེན་པོ་སྟེ་ནང་གི་རབ་རིབ་སེལ་བས་སོ། །གསུང་ རབ་ཡན་ལག་བཅུ་གཉིས་ཁོ་ན་འོ་མ་སྟེ། ཐོས་པ་ལ་སོགས་པ་ལས་བྱུང་བའི་ཤེས་རབ་སྲུབ་སྦྱོར་གྱིས་བསྲུབས་པ་ལས་བྱུང་བ་མར་གྱི་སྙིང་པོ་ལྟ་བུའོ། །བདེ་བ་ལ་ལོངས་སྤྱོད་པར་འདོད་པས་རིས་གཅིག་ནས་གཅིག་ཏུ་རྒྱུ་བའི་བདེ་བའི་ཉེ་གནས་ལྟ་བུ་མི་གནས་པ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ པའོ། །སངས་རྒྱས་ཀྱི་བྱ་བ་བྱང་ཆུབ་ཀྱི་སེམས་ལ་བཏགས་ཏེ། རྒྱུའི་ཚོགས་པ་ཐམས་ཅད་ཚང་བས་འབྲས་བུ་བསྒྲུབས་པར་བཏགས་ནས་སོ། །བྱང་ཆུབ་ཐོབ་པར་ངེས་པས་འགྲོ་བ་ལ་སྙན་གསན་འབེབས་པར་བཤད་དེ། ཁྱེད་ཀུན་བདག་གིས་འཚང་རྒྱ་བར་བྱེད་པ་དང་། འཚང་མ་ རྒྱས་ཀྱི་གོང་དུ་ལྷ་དང་མིའི་བདེ་བ་ལ་ལོངས་སྤྱོད་དུ་བཅུག་པ་ཡིན་ཞེས་འགྲོ་བ་ལ་བདག་གིས་དེ་རིང་སྙན་གསན་འབེབས། སངས་རྒྱས་ཐམས་ཅད་ཀྱི་མདུན་དུ་ལྷག་པའི་བསམ་པ་འདི་ལ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྗེས་སུ་ཡི་རང་བར་མཛོད་ཅིག །བྱང་ཆུབ་སེམས་ཀྱི་ཆོ་ག་གང་གིས་ཡོངས་ སུ་གཟུང་བ་སྟེ། འཆད་པར་བྱེད་པའི་གཞུང་ལ་ཡང་དེར་བརྗོད་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ལེའུ་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་ལས་ལེའུ་གསུམ་པའི་བཤད་པའོ།། །།སྒྲུབ་པ་གཙོ་ཆེར་བྱེད་པ་ལ་བྱང་ཆུབ་འབྱུང་བས་དེ་ བསྒྲུབ་པ་བཤད་དེ། དེ་ལྟར་དེ་མ་ཐག་པར་བཤད་པའི་བྱང་ཆུབ་ཀྱི་སེམས་བརྟན་པར་བཟུང་ནས་དེའི་བསླབ་པ་ལས་མི་འདའ་བའི་ཕྱིར། འབད་པར་བྱས་ཏེ་ལེ་ལོ་མེད་པའི་བྱང་ཆུབ་སེམས་དཔས་སོ། །འཕགས་པ་ག་ཡ་མགོ་རི་བསྟན་པ་ལས་སྒྲུབ་པ་གཙོ་ཆེ་བར་བཤད་དོ། །བསླབ་པ་ ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཏེ། དེ་ལ་ཤེས་རབ་བཞག་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔ་དང་། བསྡུ་བའི་དངོས་པོ་བཞི་དང་། ལྷག་པར་ཞིང་སྦྱང་བ་དང་། ལོངས་སྤྱོད་ཆེ་བ་དང་། གཡོག་འཁོར་ཕུན་སུམ་ཚོགས་པ་དང་། སེམས་ཅན་སྨིན་པར་བྱེད་པ་དང་། སྤྲུལ་ པ་ལ་སོགས་པ་མངོན་པར་མཐོ་བའི་རྒྱུ་ནི་ཐབས་ཡིན་ནོ། །ཤེས་རབ་ནི་དེ་དག་གི་རང་བཞིན་རྟོགས་པའི་རྒྱུ་ཡིན་ནོ། །དེ་ལ་དང་པོ་ཚོགས་ལམ་ལ་སྤྱོད་དེ། དེའི་མཚན་ཉིད་ནི། སོ་སོར་ཐར་པའི་སྡོམ་པ་དང་། །དབང་པོ་ཡུལ་ལ་བསྲུང་བ་དང་། །ཟས་ཀྱི་ཚོད་ཤེས་མཚན་ མོ་ཡི། །སྔ་ཕྱིར་དགེ་སྦྱོར་ཤེས་བཞིན་དུ། །སྤྱོད་ལམ་ཐོས་བསམ་ལ་སོགས་ལ། །ཚོགས་ཞེས་འཇིག་རྟེན་ལམ་ཡིན་ནོ། །སེམས་བསྐྱེད་ནས་སྤྱད་པར་བྱ་བ་བཤད་དེ། བབ་ཅོལ་ནི་ཉམས་དགའ་བ་སྟེ། དེས་གང་བརྩམས་པ་ལེགས་པར་མ་དཔྱད་པ་དེ་བརྩམས་ཀྱང་བྱའམ་མི་བྱ་ཞེས་ ཐེ་ཚོམ་རིགས་སོ། །འདི་ནི་དེ་ལྟ་མ་ཡིན་ཏེ་མདོ་སྡེ་སྣ་ཚོགས་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས། བྱམས་པ་ལ་སོགས་པ་ཤེས་རབ་ཆེན་པོ་ཅན་གྱིས། སྡོང་པོ་བཀོད་པ་ལས། རྒྱལ་པོ་འམ་བློན་པོ་ནུས་པ་ཇི་ལྟ་བ་བཞིན་དུ་བདག་གིས་ཀྱང་གང་ལེགས་པར་དཔྱད་ པ་དེ་ལ་བཤོལ་དུ་མེད་དོ། །གལ་ཏེ་དེ་ལྟར་མ་གྲོལ་བ་རྣམས་དགྲོལ་བའི་སླད་དུ་དབུགས་ཕྱུང་ནས་དམ་བཅའ་ལས་ཀྱིས་མ་བསྒྲུབས་ན། དེའི་ཚེ་དེ་དག་ཐམས་ཅད་བསླུ་བར་བྱས་ལ། དམྱལ་བ་ལ་སོགས་པ་ལས་གཞན་བདག་གི་འགྲོ་བ་གང་ཞིག་སྟེ་མེད་དོ། །བློ་གྲོས་རྒྱ་མཚོས་ཞུས་པའི་ མདོ་ལས། ཇི་ལྟར་རྒྱལ་པོ་འམ་བློན་པོ་ཆེན་པོས་གྲོང་རྡལ་གྱི་མི་རྣམས་ལ་ནང་པར་སྟོན་མོའི་སྙན་གསན་འབེབས་ཏེ། དེའི་གྲབས་མ་བྱས་པར་དེ་དག་སླུ་བར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་དབུགས་ཕྱུང་ནས་མང་དུ་ཐོས་པ་དང་བྱང་ཆུབ་ཀྱི་ ཕྱོགས་ལ་མངོན་པར་མི་བརྩོན་ན་ལྷ་དང་བཅས་པའི་འཇིག་རྟེན་སླུ་བར་བྱེད་ཅེས་བྱ་བ་ལ་སོགས་པའོ། །དངོས་པོ་ཅུང་ཟད་ཀྱང་སྦྱིན་པར་བྱ་ཞེས་བསམས་ནས། གང་གིས་མི་སྟེར་བ་དེ་སྐྱེ་བ་ཕྱི་མ་ལ་ཡི་དགས་སུ་འགྱུར་ཞེས་ལུང་ལས་གསུངས་སོ། །བླ་ན་མེད་པ་སངས་རྒྱས་ཀྱི་ བདེ་བ་སྦྱིན་པར་འགྱུར་ཞེས་སངས་རྒྱས་ལ་སོགས་པའི་མདུན་དུ་དད་པ་ཆེན་པོས་སྒྲ་བོ་ཆེས་བསྒྲགས་ནས། དེ་མ་གྲུབ་ན་འགྲོ་བ་མཐའ་དག་ཐོ་འཚམས་ནས་བདེ་འགྲོར་ཅི་ག་འགྲོ་འགྱུར་རམ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང་འདི་བཤད་པའོ། །ཆོས་བཀའ་ འདུ་བའི་མདོ་ལས་ཀྱང་བྱང་ཆུབ་སེམས་དཔའ་བདེན་པ་ལ་གཙོར་བྱེད་ཅེས་བྱ་བ་ལ་སོགས་པའོ། །སེམས་བསྐྱེད་པའི་ཐུན་མོང་མ་ཡིན་པའི་ནུས་པ་བཤད་དེ། དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་བཅོམ་ལྡན་འདས་ཁོ་ནས་ལས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་མཁྱེན་གྱི་གང་ སངས་རྒྱས་རྣམས་ཀྱི་མདུན་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཡོངས་སུ་སྤངས་ནས་ཀྱང་སྔར་དམ་བཅས་པའི་ཡུལ་དུ་བྱས་པའི་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་བྱེད་པ་ཁོ་ནའོ། །འོ་ན་འདི་འགལ་ཞེ་ན། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཀྱི་རྒྱུར་བཤད། ས་བོན་མེད་ན་བྱང་ཆུབ་ཀྱི་ལྗོན་ཤིང་ཡང་མི་སྐྱེ་བས་དེའི་འབྲས་བུ་སེམས་ཅན་གྲོལ་བ་ག་ལ་སྲིད། དེ་ལ་བརྗོད་པ་གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ། ཀུན་རྫོབ་པ་དང་དོན་དམ་པའོ། དེ་ལ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། ཅེས་འཕགས་པ་བྱམས་པས་ཀུན་རྫོབ་པ་གང་གསུངས་པ་དེ་ཁོ་ན་སྤོང་བ་སྲིད་དེ། སེམས་ཅན་གྱི་ངན་སྤྱོད་མཐོང་ནས་ལྡོག་པའི་ཕྱིར་རོ། །དཔེར་ན་ཤཱ་རིའི་བུ་ལ་བདུད་ཀྱིས་ཕྱག་གཡས་པ་བསླང་བར་བྱས་པ་ལ་དེ་བཅད་དེ་གཡོན་པས་བྱིན་པ་ན། གཡོན་པ་མི་གཙང་བས་བྱིན་ པ་ང་མི་ལེན་ཞེས་མ་བླངས་པས་མི་རིགས་པ་མཐོང་ན། སེམས་ཅན་མགུ་བར་བྱེད་པ་ནི་མི་ནུས་པ་ཉིད་དོ་ཞེས་བསམས་ན་བྱང་ཆུབ་སྤོང་བ་ཉིད་དོ། །བྱང་ཆུབ་ཀྱི་སེམས་གང་ནི་དོན་དམ་པ་མཐོང་ནས་བདག་མེད་གཉིས་རྟོགས་པའི་རང་བཞིན། རིམ་པ་ལྔའི་ལེའུ་བཞི་པ་མངོན་པར་ བྱང་ཆུབ་པ་ལས་བཤད་པ། སྐལ་ལྡན་སློབ་མས་ལེགས་གདམས་ཐོབ། །བྱང་ཆུབ་ཏུ་ནི་དོན་དམ་སེམས། །སླར་ཡང་བླ་མ་ལས་བསྐྱེད་ནས། །ཐལ་སྦྱར་མེ་ཏོག་གཟུང་བྱས་ཏེ། །དངོས་པོ་མཐའ་དག་དང་བྲལ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པས་སྟོང་པ། ཆོས་ཀྱི་བདག་མེད་དང་མཚུངས་པས་རང་གི་སེམས་ཐོག་མར་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་བྱའོ། །དེ་རྗེས་ཡང་གསུངས་པ། སློབ་དཔོན་བཀའ་དྲིན་ཐོབ་པ་དྲི་མེད་བློ་བརྟན་དངོས་པོ་རྣམས་ཀྱི་ངོ་། །དང་ཞིང་དག་བྲལ་ཞི་བའི་རང་བཞིན་སངས་རྒྱས་ སྤྲུལ་པའི་ཁམས། །གཉིས་མེད་རྟོག་བྲལ་རྟག་ཏུ་བདེ་ལྡན་དེ་ཉིད་རྣལ་འབྱོར་གྱིས་བསྒོམ་བྱ། །བསོད་ནམས་དེ་མིན་ལས་གྲོལ་བཅོམ་ལྡན་རྡོ་རྗེ་སེམས་དཔའ་དངོས་སྐྱེར་འགྱུར། །ཞེས་བཤད་པའི་མཚན་ཉིད་ཅན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་སྤོང་མི་ནུས་ སོ། །དངོས་པོ་མ་ཡིན་པ་ནམ་མཁའ་ལྟ་བུ་རྟོགས་པ་ཙམ་ཡིན་པས་སོ། །ཕན་ཡོན་ལས། དེས་ན་དགེ་བ་ཉམ་ཆུང་ཉིད་ལ་རྟག །ཅེས་ནི་ཀུན་རྫོབ་པའོ། །སྡིག་པའི་སྟོབས་མི་བཟད་པ་གང་གིས་ཕམ་པར་བྱེད་པ་དེ་ནི་དོན་དམ་པའོ། །འཁོར་བའི་བཙོན་ར་ལ་སོགས་པའི་ཕན་ཡོན་ནི་ འདི་ཉིད་ཀྱིའོ། །དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི་འཇིག་རྟེན་གྱི་དགེ་བའོ། །འདི་ཉིད་དགོངས་ནས། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་སོའི་དགེ་བ་དང་། །ཞེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ ཟད་འཕེལ་བར་འགྱུར། །ཞེས་དོན་དམ་པའི་འོ། །བསོད་ནམས་བསགས་པ་བླ་མའི་གདམས་པ་ཐོབ་པ་རྣམས་ཀྱིས། ལམ་འདི་ཉིད་གཟུང་བར་བྱའོ། །དོན་དམ་པའི་སེམས་བསྐྱེད་ལ་དགོངས་ནས་ཡང་གསུངས་པ། རི་དབང་རྩེ་ནས་གང་རུང་ལྷུང་གྱུར་ན། །བར་དུ་ལྟུང་མི་འདོད་ཀྱང་ ལྟུང་བ་ཉིད། །བླ་མའི་དྲིན་གྱིས་ཕན་པའི་གདམས་ཐོབ་ནས། །གྲོལ་མི་འདོད་ཀྱང་གྲོལ་བ་ཉིད་དུ་འགྱུར། །ཞེས་སོ། །སེམས་ཅན་གྱི་སྐྱོན་མཐོང་བར་རེ་ཞིག་སེམས་ལོག་ཀྱང་རྟོགས་པ་མི་ལྡོག་པས་ཕྱིས་གྲོལ་བར་བྱེད་པ་ཉིད་དོ། །གནས་སྐབས་བཤད་དེ་གང་གི་ཕྱིར་འདིས་ སེམས་ཅན་ཐམས་ཅད་སྒྲོལ་བར་དམ་བཅས་ཏེ། དེས་འདི་ལ་ལྟུང་བ་ཆུང་ཡང་ཤིན་ཏུ་ལྕི་བར་འགྱུར་ཏེ། གང་གི་ཕྱིར་འདི་གཅིག་པུ་ལ་ལྟུང་བ་བྱུང་ན་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྲུབ་པའོ། །གང་གི་ཕྱིར་འཕགས་པ་བྱམས་པས་གསུངས་པ། སེམས་ཅན་ཁུར་ལྕི་མགོར་ གཞག་ནས། །བྱང་སེམས་འགྲོ་བ་བུལ་མི་མཛེས། །རང་གཞན་ཚོགས་རྣམས་འཆིང་བས་བཅིངས། །བརྩོན་འགྲུས་བརྒྱ་འགྱུར་བྱེད་པར་འོས། །ཞེས་སོ། །དེ་ལྟར་བརྩོན་འགྲུས་དང་ལྡན་པ་ལ། གང་ཞིག་གཞན་སྐད་ཅིག་ཙམ་ཡང་གེགས་བྱེད་ན་དེའི་ངན་འགྲོའི་གྲངས་མི་ནུས་ཏེ། སེམས་ ཅན་གྱི་དོན་འབྱོངས་པའི་ཕྱིར་རོ། །ངན་འགྲོ་མང་བའི་རིགས་པ་བཤད་དེ། མི་ཅིག་བསད་ན་གསོད་མཁན་དེ་སྐྱེ་བ་ལྔ་བརྒྱར་གཞན་གྱིས་བསད་ནས་འཆིའོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་ཕན་པ་འབྱོངས་ན་ལྟ་ཅི་སྨོས། རབ་ཏུ་ཞི་བ་རྣམ་པར་ངེས་ པའི་མདོ་ལས་གསུངས་པ། གང་གཅིག་པུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བསད་ལ་ནོར་ཅི་ཡོད་འཕྲོག །གཞན་ནི་བྱང་ཆུབ་སེམས་དཔའི་དགེ་བའི་སེམས་གཅིག་ལ་བར་ཆད་བྱེད་ན། དེ་ལ་དེ་བས་ཀྱང་སྡིག་པ་མང་པོར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །དེ་ ལྟར་བཤད་པའི་རིགས་པས་གལ་ཏེ་དེ་རང་ཉིད་ལྟུང་བ་དང་ལྡན་པར་གྱུར་ན་དེའི་ཚེ། དེའི་སྟོབས་དང་བརྟན་པར་འབྱུང་བ་བྱང་ཆུབ་སེམས་ཀྱི་སྟོབས་ཀྱི་རིམ་པས་ངན་སོང་དང་རབ་ཏུ་དགའ་བའི་ས་ལ་འདྲེན་པས་མི་གཉིས་ཀྱིས་འཛིན་པའི་འདོ་ལི་ལྟར། བར་དུ་འཁོར་བར་ གནས་ཤིང་ས་ཐོབ་པ་ལ་ཡུན་རིངས་སྟུག་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེ་བས་ན། ཇི་ལྟར་དམ་བཅས་པ་བཞིན་དུ་གུས་པས་བདག་གིས་བསྒྲུབ་པར་བྱའོ། །དལ་འབྱོར་ཐོབ་པ་ད་ལྟར་གལ་ཏེ་འབད་པ་མ་བྱས་ན། ངན་སོང་གཅིག་ནས་གཅིག་ཏུ་ འགྲོ་བའི་ཚེ་ལམ་ག་ལ་ཡོད། སངས་རྒྱས་བྱོན་ཀྱང་ལམ་མི་འཐོབ་སྟེ། ངན་སོང་དུ་གནས་པ་མི་འོས་པའི་ཕྱིར་བཤད་དེ། འཁོར་བ་ཐོག་མ་མེད་པ་ཡིན་པས་སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པའི་སངས་རྒྱས་གྲངས་མེད་བྱོན་ཅིང་གཤེགས་ཀྱང་དེ་དག་གི་གསོ་ བའི་སྤྱོད་ཡུལ་དུ་མ་གྱུར་ཏེ་རང་གི་ཉེས་པས་སོ། །བདག་སྔོན་དུ་ཇི་ལྟར་ཡིན་པ་གལ་ཏེ་ད་ལྟ་ཡང་བསླབ་པ་ལ་ལྷོད་པ་དེ་ལྟར་རང་བྱེད་ན་དེའི་ཚེ། ཡང་ནས་ཡང་དུ་ངན་སོང་དུ་ནད་དང་འཆི་བ་དང་། རྐང་ལག་གཅོད་པ་དང་། མདུང་དང་མདས་ཕུག་པ་དང་། སོགས་པའི་སྒྲས་ འཆིང་བ་དང་། རྡེག་པ་ལ་སོགས་པ་མྱོང་བར་འགྱུར་རོ། །ཚོགས་པ་རྙེད་དཀར་བཤད་དེ། ཨུ་དུམ་བཱ་རའི་མེ་ཏོག་ལྟ་བུར་སངས་རྒྱས་བྱོན་པ་དང་། དཀོན་མཆོག་གསུམ་གནས་ལ་དད་པ་དང་། ཡུལ་དབུས་སུ་དབང་པོ་ཚང་བའི་མི་ལུས་ཐོབ་པ་དང་། ལུས་དང་སེམས་ལས་སུ་ རུང་བ་ནམ་ཞིག་ཐོབ་པར་འགྱུར་ཏེ་རྙེད་པར་དཀའ་བས་སོ། །ནད་དང་བྲལ་བའི་དུས་དང་ཟས་དང་གོས་རྙེད་པ་སླ་བ་དང་། རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་མེད་པ་ནི་ནམ་ཐོབ་པར་འགྱུར་ཞེས་བྱ་བ་དང་སྦྱར་རོ། །ཐོབ་ནས་ཀྱང་ལྷོད་པར་མི་ བྱ་ཞེས་བཤད་དེ། ཚེ་ནི་སྐད་ཅིག་གིས་སླུ་བ་སྟེ། ཇི་ལྟར་གཞན་གྱི་ནོར་བརྙས་པ་ཡུན་རིངས་མི་གནས་པ་ལྟར་ལུས་པོ་སྟེ་མི་རྟག་པས་གཟུང་བའི་ཕྱིར་རོ། །དེ་བས་ད་ལྟ་འབད་པ་མ་བྱས་ན་སླར་མི་ལུས་དགེ་བ་ལ་སྤྱོད་པ་འདི་ལྟ་བུ་མི་ཐོབ་པ་ཉིད་དོ། །གཞན་ ཡང་དེ་མ་ཐོབ་ན་སྡིག་པ་ཁོ་ན་འབྱུང་སྟེ། ལྷ་རྣམས་ལ་ཡང་ལྷ་མིན་དང་རྩོད་པས་སོ། །གཞན་ཡང་གང་གི་ཚེ་ནུས་པ་ཡོད་ཀྱང་དགེ་བ་མི་བྱེད་པ་ཕྱིས་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་གཟིར་བ་ཅི་བྱེད་པར་འགྱུར། དགེ་བ་མ་བྱས་པར་སྡིག་པ་བསགས་ན་རང་བཞིན་ གྱི་ཁ་ན་མ་ཐོ་བ་མི་དགེ་བ་བཅུ་ནི་རིས་དྲུག་ལ་ཡོད་པའི་ཕྱིར་བདེ་འགྲོའི་སྐད་ཀྱང་མེད་དེ། བསྐལ་པ་ས་ཡ་བརྒྱ་ཕྲག་ལ་ཡང་འབྱུང་བར་མི་འགྱུར་རོ། །དེ་བས་རྒྱལ་བས་གསུངས་ཏེ། མི་ཁོམ་པ་དང་བྲལ་བའི་མི་ལུས་རྙེད་པར་དཀའོ། །དཔེ་བཤད་དེ། རྒྱ་མཚོ་ ཆེན་པོ་ལ་ཁྲུ་བཞི་པ་གཉའ་ཤིང་གི་བུ་ག་གཅིག་པུ་ལ། རུས་སྦལ་མིག་གཅིག་པའི་མགུལ་པ་ཆུད་པ་བཞིན་ནོ། །མདོ་ལས་གསུངས་པ། འཛམ་བུའི་གླིང་ཐམས་ཅད་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ལ། དེར་གཉའ་ཤིང་བུ་ག་གཅིག་ཡོད་པ་ན། ཤར་གྱི་རླུང་གིས་ནུབ་ ཀྱི་མཐར་དང་། ནུབ་ཀྱི་རླུང་གིས་ཤར་གྱི་འགྲམ་དུ་བདས་ཏེ། །དེ་བཞིན་དུ་ལྷོའི་རླུང་གིས་བྱང་དང་། བྱང་གི་རླུང་གིས་ལྷོར་བདས། འདི་ལྟ་བུའི་རྒྱ་མཚོ་ལ་རུས་སྦལ་མིག་གཅིག་པ་གཏིང་ནས་ལོ་བརྒྱ་འདས་ཏེ་མགུལ་པ་སྟེང་དུ་བྱུང་ནས་ལྟའོ། །དེ་ལ་འགའ་ཞིག་ཏུ་གཉའ་ཤིང་དེ་མིག་ མེད་པའི་ཕྱོགས་སུ་སོང་བ་ན་དེ་མི་མཐོང་བར་དེའི་མགུལ་པ་བུ་ག་དེར་ཆུད་དེ། དེ་ཉིད་འདིར་དཔེའོ། ཅིས་དེ་ལྟ་ཞེ་ན། སྨྲས་པ། དངོས་གཞིའི་སྐད་ཅིག་གཅིག་ལ་བྱས་པའི་སྡིག་པ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་བྱས་ལ་ལྷ་སྦྱིན་ལྟར་མནར་མེད་དུ་བར་ བསྐལ་གཅིག་གནས་པར་གྱུར་ན། དུས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ལས་བདེ་འགྲོར་སྐྱེ་བའི་བདམ་ཁ་ག་ལ་ཡོད། ལས་ཀྱི་རྣམ་པར་སྨིན་པ་ཕྱུང་ནས་ཟད་ཀྱང་མྱོང་བའི་ལས་དང་འབྲས་བུ་ཙམ་མྱོང་ནས་བྱེད་པ་པོ་དེ་ལས་བྱུང་བའི་སྡུག་བསྔལ་དེ་ལས་མི་གྲོལ་ཏེ། དེ་ཅིའི་ཕྱིར་ ཞེ་ན། གང་གི་ཕྱིར་དེ་མྱོང་ཞིང་སྡིག་པ་གཞན་སོག་པར་འགྱུར་རོ། །འགྱོད་ཅིང་སྨྲས་ཏེ་འདི་ལས་གཞན་རང་སླུ་བར་བྱེད་པ་མེད་དེ། མ་རིག་པ་ཡང་འདི་ལས་གཞན་ཅི་ཡོད་འདི་ལྟ་བུའི་དལ་འབྱོར་ཐོབ་ནས་ཀྱང་། གང་དགེ་བ་ལ་གོམས་པ་སྟེ། དགེ་བ་ཞེས་བྱ་བའི་ནོར་ལག་ཏུ་བྱུང་ བ་ལྟ་བུ་གཞན་གྱིས་འཕྲོག་པའོ། །དལ་འབྱོར་རྙེད་པར་དཀའ་བ་འདི་ལྟ་བུ་དང་། སྡིག་པའི་སྟོབས་རྟོགས་ནས་ཀྱང་རྨོངས་པའི་མཐུས་སྒྱིད་ལུག་ནས་ནི་ལེ་ལོ་ཅན་དུ་གྱུར་ན་དེའི་ཚེ་དམྱལ་བ་ལ་སོགས་པར་ཡུན་རིང་དུ་མྱ་ངན་ཐོབ་པར་འགྱུར་རོ། །ཇི་ལྟར་སྔོན་དུ་གཤིན་རྗེའི་ཕོ་ཉ་ རྣམས་ཀྱིས་ཅི་སྟེ་ཁྱོད་ཀྱིས་འདི་ལྟར་བྱས་པ་ཞེས་བརྗོད་ཅིང་བསྡིགས་པ་དང་རྡེག་པ་ལ་སོགས་པས་སོ། །གཞན་ཡང་དམྱལ་བའི་མེས་བདག་ཡུན་རིང་དུ་སྲེག་ཅིང་ཐལ་བར་འགྱུར། དེ་ཤིན་ཏུ་བཟོད་པར་དཀའ་བ་ཅི་སྟེ། ཇི་ལྟར་ཞེས་འགྱོད་པ་མེ་ལྟ་བུས་མ་བསླབས་པའི་སེམས་ གདུང་བར་འགྱུར་རོ། །ལས་ངན་ཟད་པས་ཕན་པ་དེའི་ས་རྙེད་པ་དཀའ་བ་ཅི་ཞིག་ལྟར་དགེ་བའི་བཤེས་གཉེན་དང་མཇལ་བས་རྙེད་པར་གྱུར་ན་ཡང་། ཤེས་ཀྱང་དམྱལ་བ་དེ་དང་དེར་ཁྲིད་དེ། སྔོན་དུ་གོམས་པས་སླར་ཡང་དེ་ལྟའི་ལས་བསགས་པས་སོ། །སྲིད་པ་ལ་འགྱོད་པར་བྱེད་ པའི་སྡུག་བསྔལ་བདེན་པ་བཤད་ནས་ཀུན་འབྱུང་བཤད་དེ། དོན་འདི་ལ་བདག་ལ་སེམས་མེད་དུ་ཟང་སྔགས་ཀྱིས་རྨོངས་པ་ལྟར་སུས་བདག་རྨུགས་པ་མི་ཤེས། བདག་གི་ནང་ན་སུ་ཞིག་ཡོད། ཉོན་མོངས་པ་ཡོད་ཅེ་ན་སྨྲས་པ། ལག་པ་དང་རྐང་པ་དང་མགོ་དང་མགུལ་པ་མེད་པ་སྲིད་པ་ ནས་ཡང་སྲིད་པ་ལ་མངོན་པར་དགའ་བ་ཆགས་པ་དང་བཅས་ཞེ་སྡང་ལ་སོགས་པའི་སྒྲས་ང་རྒྱལ་ལ་སོགས་པ་བག་ལ་ཉལ་བཅུ་ཕྱེ་བས། བརྒྱ་ཕྲག་གཅིག་དང་ཉི་ཤུ་དཔའ་བོ་ཡང་མིན་ལ་ཤེས་རབ་ཅན་ཡང་མ་ཡིན་དེ་དག་གིས་ཅི་སྟེ་བདག་བྲན་བཞིན་བྱས། འདི་དག་གི་གཉེན་པོ་ལམ་ བསྒོམ་པའི་དོན་དུ་སྔོན་དུ་འགྲོ་བ་འདི་ཡིན་ནོ། །ཡང་འདི་ནི་ངོ་མཚར་ཆེ་སྟེ་བདག་རང་གི་སེམས་རྟེན་ལ་བདག་ལ་འཇིགས་པའི་དོགས་པ་ཡང་མེད་བཞིན་དུ། གནོད་པར་བྱེད་པ་དེ་དག་དེ་ལྟ་བུ་མི་རིགས་པ་བྱེད་པ་རྣམས་ལ་ཡང་བདག་མི་ཁྲོ་བ་འདི་ནི་གནས་མ་ཡིན་ པ་ལ་དད་པ་སྨད། ལྷ་དང་ལྷ་མིན་རྣམས་དགྲར་གྱུར་ཀྱང་གསོད་ནུས་ཀྱི་མནར་མེད་དམྱལ་བའི་མེ་ནང་དུ་ཁྲིད་པར་མི་ནུས་སོ། །མེ་ཇི་ལྟ་བུ་ཞེ་ན་སྨྲས་པ། གཞན་ལྟ་ཞོག་ལྷའི་བཞུགས་གནས་རི་རབ་ཀྱི་འང་མེ་གང་དང་ཕྲད་པས་ཐལ་བ་ཡང་མི་དམིགས་པར་འགྱུར་ཏེ་ཤིན་ཏུ་མི་བཟད་པས་ སོ། །མེ་དེ་ལ་ཉོན་མོངས་སྟོབས་ཅན་དགྲ་མཚམས་མེད་ལས་ཀྱི་རྒྱུས་སྐད་ཅིག་ཏུ་འདོར་རོ། །འདི་དག་ཁོ་ན་ལྟ་ཅི་སྟེ་ཁྲོས་པ་ཞེ་ན། སྨྲས་པ། ལྷ་ལ་སོགས་པ་དགྲ་བོ་གཞན་ལ་ཚེ་འདི་ལྟ་བུའི་རིང་བ་འཁོར་བ་ལྟར་ཐོག་མཐའ་མེད་དེ། ཇི་ལྟར་བདག་གི་ཉོན་མོངས་པའི་དགྲ་བོ་རྣམས་ ལས་སོ། །ལྷ་ལ་སོགས་པ་ཐམས་ཅད་དེའི་འདོད་པ་བཞིན་དུ་མཉེས་པར་བྱས་ན་ཕན་པར་བྱེད་པར་འགྱུར་གྱི། ཉོན་མོངས་པ་ནི་བསྟེན་པར་བྱས་ན་ཤིན་ཏུ་སྡུག་བསྔལ་བར་བྱེད་དོ། །དུག་སྦྲུལ་ཁོ་བོ་མ་བྱིན་པས་དུག་འཕེལ་བ་བཞིན་ནོ། །འདི་ལྟར་བར་མེད་པ་རྒྱུན་དུ་སྡུག་ བསྔལ་གྱི་ཚོགས་བསྐྱེད་པའི་རྒྱུ་ཡུན་རིངས་ཀྱི་དགྲ་བོ་རྣམས་བདག་གི་སེམས་ལ་འཇིགས་པ་མེད་ཅིང་ལྡོག་པ་མེད་པར་གནས་པ་ན་བདག་ལ་སེམས་ལ་སེམས་ཡོད་ན་འཁོར་བ་ལ་དགའ་བར་མི་རིགས་སོ། །སླར་ཡང་སྨད་པར་འོས་པ་ཉིད་བཤད་དེ། སྲིད་པ་ཁོ་ན་བཙོན་ཁང་སྟེ་དེའི་ སྲུང་མ་ནི་ཐར་དུ་མི་སྟེར་བ་སྟེ། དམྱལ་བ་ལ་སོགས་པར་ཡང་གསོད་བྱ་གསོད་མཁན་གཤིན་རྗེའི་ཕོ་ཉ་འདི་དག་ཉིད་བདག་གི་ཡིད་ཀྱི་ཁང་པ་ན་གང་ཆགས་པའི་རང་བཞིན་དྲ་བ་དེར་གལ་ཏེ་གནས་ན་དགྲ་བོ་སྟོབས་ལྡན་བཙན་པོ་སྟེན་པ་དེ་ཚེ་བདག་ལ་བདེ་བ་ག་ལ་ཡོད། གང་གི་ཕྱིར་དེ་ལྟ་ ཡིན་པ་དེ་བས་ཇི་སྲིད་དུ་དགྲ་བོ་དེ་དག་མངོན་སུམ་ཉིད་དུ་བསད་པར་མ་གྱུར་པ་དེ་སྲིད་དུ་བདག་བརྩོན་པ་མི་འདོར་རོ། །གང་གི་ཕྱིར་ཉེས་པ་ཆུང་ངུའི་དགྲ་ལ་ཡང་ཁྲོ་བ་བརྟན་པ་ང་རྒྱལ་བདོ་བ་རྣམས་དགྲ་དེ་མ་བཅོམ་པར་གཉིད་དུ་མི་འགྲོའོ། །གཞན་ཡང་རང་གི་ངང་གིས་འཆི་བ་འཆི་བའི་ ཆོས་ཅན་སྡུག་བསྔལ་བའི་སྐྱེ་བོ་གཡུལ་དུ་བཙན་ཐབས་སུ་བསད་པའི་ཕྱིར་སྔར་འཚེ་བ་དེ་ཇི་ལྟ་བུ་ཞེ་ན། གཡུལ་གྱི་མཚོན་ཆ་རྣམས་ཀྱིས་ཕོག་པའི་སྡུག་བསྔལ་ཁྱད་དུ་བསད་ནས། བསྒྲུབ་བྱའི་དོན་མ་གྲུབ་པར་ཕྱིར་ཕྱོགས་པར་མི་བྱེད་དོ། །བཤད་པ་རྣམས་ལས་ཁྱད་པར་བཤད་དེ། རྟག་ཏུ་སྡུག་ བསྔལ་མ་ལུས་བྱེད་པ་ཉེས་པ་མེད་པར་དགྲ་བོ་གསོད་པར་བརྩོན་པ་བདག་ལ་སྒྱིད་ལུག་ནི་མི་ནུས་པས་ལེ་ལོ་དང་། ཡི་ཆད་སེམས་རྨུགས་པ་ནི་སྡུག་བསྔལ་བརྒྱ་ཕྲག་བྱུང་བར་གྱུར་ཀྱང་། རྒྱུ་གང་གིས་ཏེ་ལེ་ལོ་མི་རིགས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ལམ་གྱི་བདེན་པ་བསྒོམ་པའི་དོན་དུ་བཤད་ དེ། གང་གི་ཕྱིར་སྐྱེ་བ་ཕྱི་མ་དག་ལ་སོགས་པའི་དགོས་པ་མེད་ཀྱང་དགྲ་བོའི་སྙིང་ལ་སོགས་པར་ཕོག་པའི་མཚོན་རྒྱན་བཞིན་དུ་དགའ་བའི་སེམས་ཀྱིས་འཆང་བར་བྱེད་པ་ན་འགྲོ་བ་མཐའ་དག་སངས་རྒྱས་པར་བྱེད་པ་ལ་གོ་བགོས་པ་བདག་ལ་སྡུག་བསྔལ་རྣམས་ཅི་སྟེ་གནོད་བྱེད་ཡིན། འདི་ལྟ་ བུའི་སྡུག་བསྔལ་ལ་དང་བ་ཁོ་ནར་རིགས་ཏེ། འོག་ཏུ་འཆད་པ་ཡང་། འགྲོ་བའི་སྡུག་བསྔལ་འཇོམས་བྱེད་པའི། །སྡུག་བསྔལ་ཉིད་ལ་དགའ་བར་རིགས། །ཞེས་སོ། །དེ་ཉིད་བཤད་དེ། ཉ་བ་རྣམས་ཀྱིས་འཚོ་བ་ཙམ་གྱི་དོན་དུ། ཉ་བསད་པའི་ཕྱིར་གྲང་དུས་སུ་ཆུ་གྲང་བ་ལ་འཇུག་ པ་དང་། གདོལ་པ་རྣམས་གཞན་གྱི་ནོར་རྐུ་བའི་ཕྱིར་མཚན་མོ་ཚེར་མ་ཅན་གྱི་ལམ་ལ་ཆར་དང་རླུང་དང་དུག་སྦྲུལ་ལ་སོགས་པའི་འཇིགས་པ་ལ་མ་ལྟོས་པར་གསོད་པར་དོགས་པ་ཡང་རབ་ཏུ་འཇུག་པ་དང་། ཞིང་པ་ཡང་ཚ་གྲང་གི་སྡུག་བསྔལ་དང་ལྡན་པ་དང་། སོགས་པའི་སྒྲས་རྔོན་པ་དང་། འདོད་པ་ལོག་པར་གཡེམ་པར་ཚོལ་བ་དང་། ཚོང་པ་དང་བྲན་ལ་སོགས་པ་ལས་དམན་པ་བྱེད་པ་རྣམས་སྡུག་བསྔལ་བཟོད་པ་ན་སྐྱེས་བུའི་དོན་གྲུབ་པར་འདོད་པ་བདག་གིས་ཅི་སྟེ་མི་བཟོད། གཞན་ཡང་ཕྱོགས་བཅུར་ནམ་མཁའ་ཁྱབ་པའི་འགྲོ་བ་རྣམས་ཉོན་མོངས་པ་ལས་སྒྲོལ་བའི་ དོན་དུ་དམ་བཅས་ནས། གང་གི་ཚེ་གཞན་ལྟ་ཞོག་བདག་ཀྱང་སྲེད་པ་ལ་སོགས་པ་ལས་གྲོལ་བར་མ་བྱས། དེའི་ཚེ་རབས་ཀྱི་ནུས་པ་མ་བལྟས་པར་འགྲོ་བ་རྣམས་འཚང་རྒྱ་བར་བྱའོ་ཞེས་བརྗོད་མཁན་སྨྱོན་པར་འགྱུར་ཏེ། དེ་བས་ཉོན་མོངས་པ་འཇོམས་པ་ལ་ཕྱིར་མི་ལྡོག་པར་དམ་བཅའ་ བརྟན་པར་བྱ་སྟེ། སྔོན་དུ་རང་ཉིད་མ་གྲོལ་བར། །གཞན་དག་དགྲོལ་བར་ག་ལ་ནུས། །ཞེས་བྱ་བའི་རིགས་པས་རང་གི་ཉོན་མོངས་པ་འཇོམས་པ་ནི་དང་པོར་བརྩམ་མོ། །དེ་བས་ན་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་དེ། ཉོན་མོངས་པ་འཇོམས་པ་ལ་ བརྩོན་པ་བརྟན་པས་མི་མཐུན་ཁོན་དུ་བཟུང་ནས་རྟག་ཏུ་གཡུལ་སྤྲད་པར་བྱའི། འོ་ན་ཉོན་མོངས་པ་རྣམ་པ་ཀུན་ནས་འཇོམས་པར་འདོད་ན་དེའི་ཚེ། འཇོམས་པ་ལ་མངོན་པར་ཞེན་པ་ཡང་གཞོམ་དགོས་པས་ཉོན་མོངས་པ་མེད་པར་མི་འགྱུར་ཞེ་ན། སྨྲས་པ་རྣམ་པ་ལ་སོགས་པ་སྟེ། ཉོན་མོངས་པ་གང་ཉོན་མོངས་པ་འཇོམས་པའི་རྒྱུར་གྱུར་པ་སེམས་ཅན་རྣམས་ལ་རྗེས་སུ་ཆགས་པ་ལ་སོགས་པ་དེ་ནི་ཚོགས་སོག་པའི་རྒྱུ་ཡིན་པས་རང་གི་དབང་དུ་བྱས་ནས་གཞག་པར་བྱའོ། །འདི་ནི་བྱེད་པ་དཀའ་ཞེ་ན། སྨྲས་པ་རྒྱུ་མ་རྣམས་དུམ་བུ་དུམ་བུར་གཏུབས་ ཀྱང་མགོ་བཅད་ཅིང་ཤ་དང་ཁྲག་ཟད་ཀྱང་། ཉོན་མོངས་པའི་དགྲ་བོ་རྣམས་ཀྱི་དབང་དུ་མི་འགྲོའོ། །གལ་ཏེ་རང་གི་ཡུལ་ནས་ཕྱུང་བ་རྣམས་སྟོབས་ལྡན་གཞན་ལ་བརྟེན་ཏེ་སླར་འོང་བར་གྱུར་ན་ཅི་བྱ་ཞེ་ན། སྨྲས་པ། དགྲ་བོ་གཞན་ཕྱུང་བ་ན་ཡུལ་གཞན་དུ་གནས་ཏེ། གང་ལ་ནུས་པ་ཐོབ་ནས་སླར་དགྲ་བོ་གཞོམ་པའི་ཕྱིར་འོང་བར་འགྱུར། ཉོན་མོངས་དགྲའི་ལུགས་ནི། དེ་ལྟ་མ་ཡིན་པས་སླར་འོང་བ་མི་སྲིད་དོ། །ཉོན་མོངས་པ་བག་ལ་ཉལ་གཞོམ་པའི་ཕྱིར་བཤད་དེ། བདག་གི་སེམས་ལས་ཕྱུང་བ་ན་གར་སོང་སྟེ་གཞོམ་པར་འགྱུར་གང་ དུ་གནས་ཏེ་བདག་འཇོམས་པའི་ཕྱིར་བརྩོན་འགྲུས་རྩོམ། གནས་མེད་པའི་ཕྱིར་རྩ་བ་ནས་བཏོན་པ་སླར་ལྡང་མི་ནུས་སོ། །འོན་ཀྱང་བློ་མི་གསལ་བ་བདག་ལ་བརྩོན་འགྲུས་མེད། ཉོན་མོངས་པ་འདི་རྣམས་དེ་ཁོ་ན་ཉིད་མཐོང་བའི་ཤེས་རབ་ཙམ་གྱིས་གཞོམ་པར་བྱ་བ་ཡིན་ནོ། །ཀུན་ སློང་བཤད་དེ། ཡིད་དུ་འོང་བའི་ཡུལ་ལས་ཀྱང་དབང་པོ་དུལ་བ་རྣམས་ལ་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རྡུལ་ཕྲ་རབ་ཏུ་བཅད་ཀྱང་མི་མཐོང་བས་ཉོན་མོངས་པ་ཡུལ་ལ་མེད། དབང་པོའི་ཚོགས་རྣམས་ལ་ཡང་མེད། ཆོས་རྣམ་པར་འབྱེད་པའི་དུས་སུ་སྔར་བཞིན་དུའོ། །མི་དམིགས་ པའི་ཕྱིར་དེ་གཉིས་ཀྱི་བར་ན་ཡང་མེད་དོ། །འདི་དག་ལས་གཞན་དུ་ཡང་མེད་དེ། འགྲོ་བ་ཀུན་གནོད་བྱེད་ཅེས་པས་སྣང་རུང་དུ་བརྟགས་པ་མི་དམིགས་པའི་ཕྱིར་རོ། །དེ་བས་ན་རྩ་བ་མེད་པའི་ཕྱིར་གློ་བུར་བ་ཁོ་ན་ཡིན་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་ཕྱིར་རོ། །དེ་ ལྟ་ཡིན་ཀྱང་འགྲོ་བ་མ་ལུས་པ་ལ་གནོད་པ་བྱེད་དོ། །འོ་ན་བདག་གི་སེམས་ལ་གནས་ཞེས་པ་དང་འགལ་ཞེ་ན། མ་ཡིན་ཏེ་དེ་ནི་བག་ལ་ཉལ་ལ་ལྟོས་ཏེ་བཤད། འདིར་ནི་ཀུན་སློང་གི་རང་བཞིན་བཤད་དེ། མེད་པས་སྒྱུ་མ་ཁོ་ན་ཡིན་ནོ། །ཇི་ལྟར་གླང་པོ་ཆེ་མེད་ཀྱང་སྔགས་དང་སྨན་གྱི་ མཐུས་གླང་པོའི་རྣམ་པ་ཅན་སྒྱུ་མ་སྣང་། དེ་ལྟར་ཉོན་མོངས་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བས་སོ། །ཡིད་འོང་ལ་སོགས་བརྟགས་ནས་སུ། །དངོས་པོ་ལ་ནི་འཁྲུལ་གྱུར་པ། །འདོད་ཆགས་ལ་སོགས་རྟོག་པ་འབྱུང་། །དེ་ཡང་ཡིད་མི་འོང་རྟོགས་ནས། །ཞེས་བཤད་པས་ཉོན་ མོངས་པ་དག་ལས་སྙིང་ལ་འཇིགས་པ་སྤོང་། ཤེས་རབ་ཀྱི་དོན་དུ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་བརྩོན་འགྲུས་བརྩམ་པར་གྱིས། དགོས་པ་མེད་པར་དམྱལ་བར་བདག་ཉིད་སྡུག་ཏུ་བཅུག་ན་ཅི་བྱ། དེ་ལྟར་ལེའུ་འདིས་བསྟན་པའི་དོན་ངེས་པར་བྱས་ལ་འབད་དེ་ཇི་ལྟར་གསུངས་པའི་བསླབ་པ་ བསྒྲུབ་པའི་དོན་དུའོ། །འདིར་གང་བསྡུས་ཏེ་བསྟན་པ་མདོ་སྡེ་ནས་མང་དུ་བསྟན་པའི་བསླབ་པ་དེ་དག་ལ་བསླབ་པའི་ཕྱིར་བསླབ་པ་ཀུན་ལས་བཏུས་པ་ལས་གསུངས་པ་བཞིན་ཏེ། བདག་ཉིད་དང་ནི་ལོངས་སྤྱོད་རྣམས། །དུས་གསུམ་གྱི་ནི་དགེ་བ་དག །སེམས་ཅན་ཀུན་ལ་གཏོང་ བ་དང་། །བསྲུང་བ་དག་པ་སྤེལ་བའོ། །ཇི་ལྟར་སྨན་པས་གདམས་པ་ལྟར་མི་བྱེད་ན་སྨན་གྱི་རེག་པའི་ནད་པ་ལ་སོགས་པ་ག་ལ་ཡོད། དེ་བཞིན་དུ་ཐམས་ཅད་མཁྱེན་པ་སྨན་པ་ཆེན་པོས་གདམས་པའི་བསླབ་པ་ལ་མི་སློབ་ན། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ནད་ལས་གྲོལ་བར་ ག་ལ་འགྱུར། བག་ཡོད་པ་ནི་བསྐྱེད་པའི་སེམས་བསྲུང་བ་ལ་ནན་ཏན་ཏེ། དེའི་དོན་སྟོན་པའི་གཞུང་ལ་ཡང་དེ་སྐད་བཤད། བག་ཡོད་པར་བསྟན་པའི་ལེའུའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་བཞི་པའོ།། །།བྱང་ཆུབ་སེམས་དཔས་བཏང་བའི་ ལུས་ལ་ཡང་བསྲུང་བ་དང་། དག་པ་དང་སྤེལ་བར་འཚལ་ལོ། །གང་གི་ཕྱིར། སེམས་ཅན་རྣམས་ལ་ལོངས་སྤྱོད་ཕྱིར། །བདག་ཉིད་ལ་སོགས་སྦྱིན་པས་ན། །མ་བསྲུངས་ན་ནི་ལོངས་སྤྱོད་མེད། །ལོངས་མ་སྤྱད་ན་སྦྱིན་པ་ཅི། །དེ་བས་ན། སེམས་ཅན་ཀུན་གྱི་ལོངས་ སྤྱོད་ཕྱིར། །བདག་ཉིད་ལ་སོགས་བསྲུང་བར་བྱ། །དགེ་བའི་བཤེས་གཉེན་བསྟེན་པ་དང་། །མདོ་རྣམས་རྟག་ཏུ་བལྟ་བའོ། །དེ་ལ་བསླབ་པར་འདོད་པས་བཤད་པའི་ཉོན་མོངས་པའི་སྒྱུ་མ་ལས་སེམས་བསྲུང་བར་བྱའོ། །བསླབ་པ་ཡང་སྣང་བར་བྱེད་པ་དང་། བཀག་པ་མི་བྱེད་ པའོ། །འོ་ན་བསླབ་པ་ཁོ་ན་བསྲུང་བར་བྱའི་ཞེ་ན། སྨྲས་པ། གཡོ་བ་ཉོན་མོངས་པས་མྱོས་སུ་བཅུག་པའི་སེམས་དབང་དུ་མ་གྱུར་པ་མ་བསྲུངས་ན་བསླབ་པ་བསྲུང་བར་མི་ནུས་སོ། །གང་གི་ཕྱིར་གླང་པོ་ཆེ་མྱོས་པ་མ་ཐུལ་བས་ཀྱང་དེ་ལྟ་བུའི་གནོད་པ་མི་བྱེད་ཀྱི། གང་མ་བསྲུངས་ པའི་སེམས་ཀྱིས་དམྱལ་བར་བྱེད་པའོ། །འདི་ལྟར་མྱོས་པ་ལས་འཆི་བ་ཁོ་ན་འབྱུང་གི །སེམས་ལས་ནི་སྐྱེ་བ་ཕྱི་མ་ལ་ཡང་སྡུག་བསྔལ་ཆེན་པོ་འབྱུང་ཞེས་ཁྱད་པར་རོ། །ཡོན་ཏན་བཤད་དེ་དེ་བཞིན་གཤེགས་པའི་གསུང་གི་ལྕགས་ཀྱུས་དབང་དུ་བྱས་ནས་འཆད་པར་འགྱུར་ བའི་དྲན་པའི་ཐག་པས་མི་མཐུན་པའི་ཕྱོགས་ཀུན་ལ་སྤྱོད་པ་བཀག་པས། གལ་ཏེ་སེམས་ཀྱི་གླང་པོ་ཆེ་བཅིངས་ན་དེའི་ཚེ་ཉོན་མོངས་པ་ལས་འཇིགས་པ་ཐམས་ཅད་ནུབ་ལ། མངོན་པར་མཐོ་བ་ལ་སོགས་པ་དགེ་བ་རྣམས་རིམ་གྱིས་ཐོབ་པར་འགྱུར་རོ། །འོ་ན་སེམས་ཟིན་ཀྱང་ སྟག་ལ་སོགས་པ་མ་བཅིངས་པས་འཇིགས་པ་ཐམས་ཅད་ཇི་ལྟར་ནུབ་ཅེ་ན། བཤད་དེ་སྟག་ལ་སོགས་པ་ཚིགས་བཅད་གཉིས་གོ་སླའོ། །འདི་རིགས་པ་གང་ཞེ་ན། སྨྲས་པ། གང་གི་ཕྱིར་སྔར་བྱས་པའི་ལས་ངན་གྱིས་འཕགས་པ་འཇིགས་པ་ལ་སོགས་པ་ཡིན་གྱི། གཞན་ དུ་ན་ཇི་ལྟར་མི་ཅིག་ལ་ཐོག་བབས་པ་ལ་སོགས་པ་འབྱུང་བ་ལྟར། སེམས་ཅན་ཐམས་ཅད་ལ་འབྱུང་ཞིང་ཡང་ན་ཀུན་ལ་མི་འབྱུང་སྟེ་རྒྱུ་མེད་པའི་ཕྱིར་རོ། །ལས་ཀྱང་སེམས་ཁོ་ན་སྟེ་ལུས་ཀྱི་ལས་ལ་སོགས་པ་བསྐྱེད་པའི་ཕྱིར་རོ། །མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ ལས་སྐྱེས། །ལས་དེ་སེམས་པ་དང་ངེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པའི་ཕྱིར་རོ། །གང་གི་ཕྱིར་གསུངས་པ། སྡིག་པའི་སེམས་ནི་ལོག་པ་དང་། །འགྲོ་ལ་དགྲ་ཡི་འཇིགས་པ་མེད། །སེམས་ནི་གང་གི་དབང་དུ་ གནས། །དེ་ལ་བདེ་བ་མེད་མི་འགྱུར། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་ནི་ཞི་བ་བདེ་བའི་རྒྱུ། །ཞེས་སོ། །ཡང་དག་གསུང་བ་ནི་ཐམས་ཅད་མཁྱེན་པ་ཐུགས་རྗེ་ཅན་ཏེ། རང་ལ་ཕན་པར་འདོད་པ་དེ་ལ་ཡིད་ཆེས་བྱའོ། །གཞན་དུ་ན་རལ་གྲི་ལོ་མའི་ནགས་ཚལ་ལ་ སོགས་པར་མཚོན་ཆ་རྣམས་དང་། ལྕགས་བསྲེགས་པའི་ས་གཞི་དང་། ཤལ་མ་ལིའི་ནགས་ཀྱི་སྡོང་པོ་ལ་འདོད་ལོག་གི་ཡུལ་བུད་མེད་སུས་བྱས་སོ། །འདི་དག་སེམས་ཀྱིས་བྱས་པར་བཤད་དེ། དེ་དག་ཐམས་ཅད་སྡིག་པའི་སེམས་ལས་བྱུང་བར་ཐུབ་པས་གསུངས། དེ་ བས་ན་སེམས་བསྲུང་བར་བྱའོ། །རིན་པོ་ཆེའི་སྤྲིན་ལས་གང་གི་ཕྱིར་གསུངས་པ། ཆོས་ཐམས་ཅད་སེམས་སྔོན་དུ་འགྲོ་བ་སྟེ་སེམས་ཤེས་ན་དེ་དག་ཀྱང་ཤེས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་མང་པོའོ། །དགེ་བའི་ཚོགས་ཀྱང་སེམས་ཁོ་ནར་བཤད་དེ། དབུལ་བ་ནི་ནོར་མེད་པ་ སྟེ་འགྲོ་བ་དག་གི་དེ་བསལ་ནས། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ན་དེའི་ཚེ་སྔོན་གྱི་རྒྱལ་བ་རྣམས་ལ་དེ་ཇི་ལྟར་འབྱུང་། གང་གི་ཕྱིར་འགྲོ་བ་ད་ལྟར་ཡང་དབུལ་བས་སོ། །འོ་ན་ཇི་ལྟར་དེ་འབྱུང་ཞེ་ན། སྨྲས་པ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དང་། དེའི་སྦྱིན་པའི་ འབྲས་བུ་དང་། སེམས་ཅན་ཐམས་ཅད་ལ་གཏོང་བས་གོམས་པའི་ཁྱད་པར་གྱིས་སེར་སྣ་ལ་སོགས་པ་དང་བྲལ་ཞིང་སེམས་ཆགས་པ་མེད་པར་གྱུར་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་དེ་ཡང་སེམས་ཡིན་ནོ། །འོ་ན་ཇི་ལྟར་དེ་འབྱུང་ཞེ་ན། སྨྲས་པ། ཕྱི་དང་ནང་གི་ དངོས་པོ་ཐམས་ཅད་དང་ཉ་ལ་སོགས་པའོ། །གསོད་པ་ལ་སོགས་པའི་ཡུལ་དངོས་པོ་མེད་པས་སྲོག་གཅོད་པ་ལ་སོགས་པ་མེད་དེ། གལ་ཏེ་ཚུལ་ཁྲིམས་འདོད་ན་དེའི་ཚེ་ཉ་ལ་སོགས་པ་དང་། གཞན་གྱི་ནོར་དང་། བུད་མེད་དང་ཆང་ལ་སོགས་པ་གར་བསྐྲད། གང་དུ་དེ་དག་ མི་མཐོང་བར་འགྱུར། མི་མཐོང་བས་བདག་གིས་དེ་དག་གསོད་པར་མི་འགྱུར་རོ། །དེ་ལྟ་མིན་ཏེ་དེ་བས་ན་དེ་དག་ཡོད་ཀྱང་དེ་ལས་བཟློག་པའི་སེམས་ཐོབ་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་དེ། དེ་བས་དེ་སེམས་ཁོ་ནའོ། །བཟོད་པ་ཡིན་ནམ་བརྗོད་ པ་ཡང་སེམས་སུ་བཤད་དེ་སེམས་ཅན་ལ་སོགས་པའོ། །གལ་ཏེ་དགྲ་བོ་ཐམས་ཅད་འཇོམས་པས་ཁྲོ་སེམས་མེད་པའི་ཕྱིར་གནོད་བྱེད་གང་ཡང་མེད་པས་བཟོད་པ་ཡིན་ན་དེའི་ཚེ་མི་ནུས་པ་ཁོ་ནར་འགྱུར་ཏེ། སྐྱེ་བོ་མ་རུངས་པ་ལ་ནམ་མཁའ་བཞིན་དུ་འཛད་པ་མེད་པས་སོ། །དེ་ བས་ན་ཁྲོ་བ་ལ་སོགས་པ་ལས་བཟློག་པའི་སེམས་ཁོ་ན་གཞན་གྱི་གནོད་པ་བཟོད་པའོ། །དགྲ་བོས་བྱེད་པར་བྱ་བ་ཞེ་སྡང་འཕེལ་བ་སྟེ། དེ་མེད་ན་དེའི་ཚེ་དེ་དག་བཅོམ་པ་ལྟར་མེད་པ་ལྟ་བུའོ། །འདི་མི་ནུས་པའི་དོན་ཡིན་ཀྱང་དཔེས་ཐབས་ལ་མཁས་ན་ནུས་པར་བཤད་དེ། ས་ཞེས་བྱ་བ་ལ་སོགས་པའོ། །ཚེར་མ་ལ་སོགས་པའི་གནོད་པ་བསྐྱབ་པའི་དོན་དུ། ས་གཞི་དག་པར་འོས་ཏེ་དེ་ནི་མི་ནུས་ཏེ་ཀོ་བ་དེ་ཙམ་མེད་པའི་ཕྱིར་རོ། །ཐབས་ཀྱིས་ནུས་ཏེ་ལྷམ་མཐིལ་ཙམ་གྱི་ཀོ་བས་ས་གཞི་ཐམས་ཅད་བཀབ་པར་འགྱུར་རོ། །དེ་བཞིན་དུ་ཕྱི་རོལ་གྱི་དགྲ་ ལ་སོགས་པ་བཟློག་པར་མི་ནུས་ཀྱི། དེ་བས་རང་གི་སེམས་ཁོ་ན་བཟློག་པར་བྱའི། གཞན་བཟློག་པར་མི་ནུས་པ་དང་། དགོས་པ་མེད་པས་སོ། །དགེ་བ་ལ་སྤྲོ་བའི་རང་བཞིན་བརྩོན་འགྲུས་ཀྱང་སེམས་སུ་བཤད་དེ། སེམས་གསལ་ཞེས་བྱ་བ་ལ་སོགས་པའོ། ། དགེ་བའི་ཕྱོགས་ལ་སྤྱོད་པ་དམན་པའི་སེམས་ལ་ལུས་ངག་དང་བཅས་པ་ཡིན་ཀྱང་འབྲས་བུ་དེ་ལྟ་བུ་མི་འབྱུང་། ཇི་ལྟར་སེམས་གཅིག་པུ་ཡིན་པ་ལ་ཡང་བསམ་གཏན་ལ་སོགས་པ་ལ་གསལ་བར་འགྱུར་བས་འབྲས་བུ་འབྱུང་བ་ཚངས་པ་ཉིད་ལ་སོགས་པའོ། །དེ་བས་ དེ་ཡང་སེམས་ཉིད་དོ། །བསམ་གཏན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན། སེམས་ཉིད་དུ་བཤད་དེ། བཟླས་བརྗོད་ཅེས་པ་ལ་སོགས་པའོ། །བཟླས་པ་ནི་སྔགས་དང་རིག་པ་ལ་སོགས་པ་བསྐྱར་བའོ། །དཀའ་ཐུབ་ནི་དབང་པོ་རྣམས་བསྡམས་པའོ། །དེ་དག་ ཡུན་རིངས་སུ་གོམས་ཀྱང་སེམས་གཡེངས་པ་འམ། གཉིད་ལ་སོགས་པས་རྨུགས་པས་དོན་མེད་དུ་འགྱུར་ཏེ་བསྒྲུབ་བྱ་མི་འགྲུབ་པས་སོ། །ཞེས་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཤེས་རབ་ནི་བརྗོད་མེད་སེམས་ཡིན་ཞེས་བཤད་དེ། སྡུག་ བསྔལ་ཞེས་བྱ་བ་ལ་སོགས་པའོ། །རིས་དྲུག་གི་སྡུག་བསྔལ་འཇོམས་པ་དང་། མྱ་ངན་ལས་འདས་པའི་བདེ་བ་མྱོང་བའི་ཕྱིར་དོན་མེད་འཁོར་ཏེ། ཀ་ཤིའི་མེ་ཏོག་ནམ་མཁར་འཁོར་བ་བཞིན། །མེ་ལྔ་བསྟེན་པ་དང་སྐྲ་འབྱིད་པ་ལ་སོགས་པ་དོན་མེད་དེ། གང་དག་གི་ཆོས་ཀྱི་ དོན་གྱི་མཆོག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་མཆོག་གི་གཏེར་སེམས་ཉིད་གསང་བ་སྟེ། ཐ་མལ་གྱི་སྤྱོད་ཡུལ་མ་ཡིན་པ་དེ་ཁོ་ན་ཉིད་སེམས་པས་ཆོས་ཀྱི་སྐུའི་རང་བཞིན་མ་གོམས་པའོ། །སྡོང་པོ་བཀོད་པ་ལས་གསུངས་པ། རང་སེམས་ཁོ་ན་ཆོས་ཀྱི་སྤྲིན་གྱིས་ རླན་པར་བྱེད་པའོ། །སྒྲིབ་པ་རྣམས་ལས་སྦྱང་བར་བྱའོ། །བརྩོན་འགྲུས་ཀྱིས་བརྟེན་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་སེམས་ཅན་སེམས་ཀྱི་རང་བཞིན་ཡིན་པ་དེ་བས་བརྟན་པར་གཟུང་བ་ནི་དྲན་པས་སོ། །ལེགས་པར་བསྲུང་བ་ནི་ཤེས་བཞིན་གྱིས་སོ། །བརྟུལ་ ཞུགས་གཙོ་བོར་གྱུར་པ་འདི་མ་ཡིན་པ་བརྟུལ་ཞུགས་གཞན་མང་པོས་ཅི་ཞིག་བྱ། བཀའ་བསྡུ་བའི་མདོ་ལས་གསུངས་པ། རང་གི་སེམས་བྱིན་གྱིས་བརླབ་ཅིང་ཤིན་ཏུ་བརྟན་པར་གཟུང་བར་བྱའོ། །གང་གི་ཕྱིར་གང་ན་སེམས་པ་དེར་ཡོན་ཏན་དང་སྐྱོན་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སྐྱོན་ རྣམས་ལས་སེམས་ལོག་སྟེ། ཡོན་ཏན་རྣམས་ལ་རབ་ཏུ་བཅུག་གོ་ཞེས་བྱ་བ་ལ་སོགས་པའོ། །དཔེ་བཤད་དེ། ཇི་ལྟར་བྱིས་པ་རྩ་བཀྲོལ་རྣམས་ཀྱི་ནང་དུ་གང་རུང་གི་རྨ་བསྲུང་བར་འདོད་པས་གནོད་པའི་དོགས་པས་སེམས་རྩེ་གཅིག་པར་རྨ་བསྲུངས་པ་དེ་བཞིན་དུ། བསླབ་པ་ བསྲུང་བར་འདོད་པས་སེམས་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པས་རྨ་ལྟ་བུའོ། །ཞེ་སྡང་ལ་སོགས་པ་སྐྱེ་བོ་མ་རུངས་པའི་ནང་དུ་དུས་ཐམས་ཅད་དུ་བསྲུང་བར་བྱའོ། །རྨས་བསྐྱེད་པའི་སྡུག་བསྔལ་ཆུང་སྟེ། དེ་ལ་འཇིགས་ཤིང་རྨ་ནན་ཏན་གྱིས་བསྲུང་ན། བསྡུས་འཇོམས་ཀྱི་རིས་འཇོམས་པ་ལས་ ཡུན་རིང་པོ་སྡུག་བསྔལ་ཆེན་པོ་ལས་ཡུན་རིང་འཇིགས་ཤིང་སེམས་ཅན་གྱི་རྨ་ཅི་སྟེ་མི་བསྲུང་། བསྡུས་འཇོམས་ཀྱི་རིས་ལུས་འཇོམས་པ་ཡིན་ཀྱང་དེའི་སྡུག་བསྔལ་སེམས་ཁོ་ན་ལའོ། །དེ་ལྟར་བྱས་ན་ཡོན་ཏན་ཅི་ཞེ་ན། སྨྲས་པ། སྤྱོད་པ་ཞེས་བྱ་བ་ལ་ སོགས་པའོ། །མི་རིགས་པ་བྱེད་པའི་སྐྱེ་བོ་རྣམས་ལ་སྡང་བར་མི་བྱའོ། །ལང་ཚོ་རྣམས་ཀྱི་ནང་དུ་ཡང་མི་ཆགས་ཤིང་བག་ཡོད་པར་བྱའོ། །དེ་བསྟན་པར་བྱ་ཞིང་བཤད་དེ། སྣམ་སྦྱར་ལ་སོགས་པ་རྙིང་པ་དང་། གདན་གདིང་བ་དང་ཕྱག་ལ་སོགས་པའི་བཀུར་སྟི་དང་། ལུས་དང་ཚེ་དང་ དགེ་བ་གཞན་དག་གང་བདག་གི་དོན་དུ་གྱུར་པ་དེ་དག་ཐམས་ཅད་ཉམས་ཀྱང་བླའི་སེམས་ནི་ནམ་ཡང་ཉམས་པར་མི་བྱའོ། །འདིར་དད་པ་སྐྱེད་པའི་ཕྱིར་བཤད་དེ། སེམས་བསྲུང་བ་ལ་སོགས་པའོ། །གཙུག་ན་རིན་པོ་ཆེས་ཞུས་པ་ལས་དྲན་པ་བཤད་དེ། དྲན་པ་གང་གིས་ཉོན་མོངས་པ་རྣམས་ དང་། བདུད་ཀྱི་ལས་རྣམས་ལ་སྐབས་མི་འབྱེད་པ་དང་། ལམ་མ་ཡིན་པར་མི་ལྟུང་བ་དང་། མི་དགེ་བ་རྣམས་ལ་སྐབས་མི་འབྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དམིགས་པའི་ཡུལ་ལ་མ་རྨུགས་པས་སོ། །ཤེས་བཞིན་ནི་རྒྱལ་བའི་ཡུམ་ལས་གསུངས་ཏེ། སྤྱོད་ པ་ན་བདག་སྤྱོད་དོ་ཞེས་གནས་པ་ན་བདག་གནས་སོ་ཞེས་རབ་ཏུ་ཤེས་ཞེས་བྱ་བ་ལ་སོགས་པའོ། །ཤེས་བཞིན་ནི་ལུས་དང་སེམས་སོ་སོར་བརྟགས་པའོ། །འདི་གཉིས་མ་བསྲུངས་ན་སྐྱོན་དུ་བཤད་དེ། ནད་ཀྱིས་གཟིར་བའི་མི་ལས་ཐམས་ཅད་མི་ནུས་པ་ལྟར། དྲན་པ་དང་ཤེས་བཞིན་ མེད་པའི་སེམས་ཀྱིས་ཐོས་པ་དང་། བསམ་པ་ལ་སོགས་པ་མི་ནུས་སོ། །གཉིས་ཀྱི་སྐྱོན་སོ་སོ་བཤད་དེ། ཇི་ལྟར་བུམ་པ་བུ་ག་ཅན་ལ་ཁ་ནས་བླུགས་པའི་ཆུ་འཛག་པ་ལྟར། ཤེས་བཞིན་མེད་པའི་སེམས་དང་ལྡན་པ་ལ་ཐོས་པ་ལ་སོགས་པ་དྲན་པ་མི་གནས་སོ། །སྐྱོན་གཞན་ བཤད་དེ། མང་དུ་ཐོས་པ་དད་པ་དང་ལྡན་པ་བསླབ་པ་བསྲུང་བ་ལ་བརྩོན་པ་མང་པོ་རྣམས་ཀྱང་ལུས་དང་སེམས་ཤེས་བཞིན་མེད་པས་གདུང་བར་འགྱུར་རོ། །དགེ་བ་འཕྲོག་པས་ན་ཆོམ་རྐུན་པས་དྲན་པ་ཉམས་པ་ལ་བརྟེན་ནས་འཕྲོག་པས་བསོད་ནམས་བསགས་ཀྱང་ངན་འགྲོར་འགྲོ ། ཉོན་མོངས་པ་རྣམས་དང་ཆོམ་རྐུན་རྣམས་གླགས་སྐབས་ཚོལ་བར་བྱེད། འཇུག་པའི་ལམ་ཐོབ་ན་དགེ་བ་འཕྲོག་གོ། །དེ་བས་བདེ་འགྲོ་ཁོ་ན་སྲོག་སྟེ་དེ་འཇོམས་དགེ་བ་འཕྲོག་པས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཡིད་ཀྱི་ཁང་པར་འཇུག་པའི་སྒོ་ཁར་ཆོམ་རྐུན་བསྲུང་བའི་ ཕྱིར་དྲན་པ་བཞག་པར་བྱའོ། །གལ་ཏེ་སོང་ན་ཡང་ཉེ་བར་གཞག་པར་བྱ་སྟེ། དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲན་ནས་སོ། །དྲན་པ་ཡང་མཁན་པོའི་གདམས་པ་དང་། དེ་ལས་འཇིགས་པ་དང་། དད་པ་ཆེ་བ་དང་། ལེགས་སྤྱད་ཀྱི་དབང་དང་བླ་མ་དང་ལྷན་ཅིག་ འགྲོགས་པས་དཀའ་སླ་མེད་པ་སྐྱེའོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པས་ཁམས་གསུམ་གྱི་དངོས་པོ་དེ་དག་གི་མདུན་ན་ཡོད་དེ། བདག་ཀྱང་དེ་དག་གི་མདུན་དུ་གནས་སོ། །དེ་ལྟར་བསམས་ཤིང་རྟག་ཏུ་མི་རིགས་ པ་ལ་ངོ་ཚ་བ་དང་། བསླབ་པ་ལ་གུས་པ་དང་། དེ་ལས་མི་འདའ་བའི་འཇིགས་པ་དེ་དག་དང་ལྡན་ཞིང་། དེ་ལྟར་བསམས་ཤིང་རྟག་ཏུ་གནས་པར་བྱའོ། །ཡང་ན་སངས་རྒྱས་ལ་སོགས་པ་ལ་ངོ་ཚ་བ་ལ་སོགས་པའོ། །དེ་ལྟར་གཞན་ཡང་ཡོན་ཏན་འབྱུང་སྟེ། སྐད་ཅིག་རེ་ རེར་དེ་ལྟར་སྤྱད་ན་འབད་པ་མེད་པར་སངས་རྒྱས་རྗེས་སུ་དྲན་པ་ཡང་དེ་ལས་སྐྱེའོ། །ཤེས་བཞིན་སྐྱེ་བ་དང་དེ་བརྟན་པའི་རྒྱུ་ནི་དྲན་པ་ཉིད་བཤད་དེ། གང་ཚེ་རྣལ་འབྱོར་གྱི་ཡིད་ཀྱི་སྒོར་ལུས་དང་སེམས་བསྲུང་བའི་ཕྱིར་དྲན་པ་གནས་པ་དེའི་ཚེ་ཤེས་བཞིན་འབྱུང་སྟེ། འབྱུང་བ་ཡང་ ཕྱིར་མི་ལྡོག་གོ། །དགོས་པ་མེད་ལ་སྤྲོས་པ་སྤང་བར་བཤད་དེ། དང་པོར་རེ་ཞིག་སེམས་རྟག་ཏུ་བཤད་པའི་རིམ་པ་དང་ལྡན་པ་ཉེ་བར་གཞག་པར་བྱའོ་ཞེས་ནང་དུ་སེམས་པའོ། །མི་དགོས་པ་ལ་སྤྲོས་པ་སྤང་བའི་ཕྱིར་དབང་པོ་རྣམས་མེད་པ་ལྟར་དགོས་པ་མེད་པར་ གཟུགས་ལ་སོགས་པ་སྦྱིན་པ་ལས་ལོག་པར་ཤིང་བཞིན་དུ་གནས་པར་བྱའོ། །དེ་ཉིད་གསལ་བར་བྱེད་ཅིང་བཤད་དེ། མིག་ཅུང་ཟད་ཕྱེ་བ་འོག་ཏུ་ལྟ་བ་གཡེང་བ་སྤང་བའི་ཕྱིར་ཏེ། དེས་བསམ་གཏན་གྱི་ལྟ་བ་བསྟན་ཏེ། གཡོ་བ་མེད་པ་དེ་ཁོ་ན་ཉིད་བསྒོམ་པའོ། །ལས་ དང་པོ་པ་མི་ནུས་ན་ངལ་བསོ་བའི་ཕྱིར་བཤད་དེ། ལྟ་བ་ཞེས་བྱ་བ་ལ་སོགས་པའོ། །མིག་དང་སེམས་ངལ་བ་སྤང་བའི་ཕྱིར། རེས་འགའ་ཕྱོགས་སུ་བལྟ་བར་བྱ་སྟེ། གལ་ཏེ་གང་རུང་དེ་ཉེ་བར་འོང་ན་དེའི་ཚེ་དེའི་གྲིབ་མ་ཙམ་ཤེས་ནས། ལེགས་པར་ བྱོན་ནམ་སྨྲ་ཞིང་བལྟ་སྟེ་དེ་དད་པ་མི་ལྡོག་པའི་ཕྱིར་རོ། །ལམ་དུ་ཡང་དེ་ལྟར་བལྟ་ཞིང་འགྲོ་ན་