Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 103

Văn bản gốc(Tây Tạng)

Trang 20 / 24 (50.000 ký tự/trang)
འཇིག་པ་དག་སྟོང་པ་ཉིད་ཀྱི་ཕྱིར། དེ་དག་སྟོང་པ་ཉིད་ཡིན་ཀྱང་གང་འཇིག་རྟེན་པས་མཐོང་བ་ཕྱིན་ཅི་ལོག་པས་འཇུག་པའོ། །དེ་དག་འདི་ལྟར་ཇི་ལྟར་རྟོགས་ཤེ་ན། ཕན་ཚུན་བཟློག་པ་ལས་ཏེ། ཕྱིན་ཅི་ལོག་པས་ན་ཕན་ཚུན་བཟློག་པ་སྟེ།
གཞན་དུ་འགྱུར་བ་ཐོབ་པའོ། །གལ་ཏེ་སྐྱེ་བ་དང་འཇིག་པ་དག་རང་གི་ངོ་བོས་ཡོད་ན་འདི་དག་ཕན་ཚུན་བྱས་པས་གཞན་དུ་འགྱུར་བར་མི་འགྱུར་ཏེ། སྐྱེ་བ་ལས་གཞན་པ་མ་སྐྱེས་པ་ལ་འཇིག་པ་མེད་ལ། སྐྱེ་བའི་དུས་ན་ཡང་སྐྱེ་བའི་དུས་དང་འགལ་བའི་འཇིག་པ་མི་རིགས་
པའི་ཕྱིར་དང་། འཇིག་པ་དང་བྲལ་བ་ཡང་སྐྱེ་བ་མེད་པའི་ཕྱིར་དང་། འཇིག་པའི་དུས་སུ་ཡང་དེ་དང་འགལ་བའི་སྐྱེ་བ་མི་རུང་བའི་ཕྱིར་དང་། ཕན་ཚུན་ལས་དུས་གཅིག་ཏུ་སྐྱེ་བ་ཐོབ་པ་འགལ་བ་དང་། ཕན་ཚུན་མེད་པས་འདི་དག་གསལ་བའི་ཕྱིར་ཕན་ཚུན་བཟློག་པར་
འགྱུར་རོ། །སྐྱེ་བ་ནི་སྐྱེ་བའི་རང་གི་ངོ་བོ་དང་བྲལ་བའི་ཕྱིར་ཕྱིན་ཅི་ལོག་གོ། །ཡང་ན་འགག་པ་ལ་མ་ལྟོས་པར་སྐྱེ་བར་མི་འགྱུར་རོ་ཞེས་བྱའོ། །སྐྱེ་བའི་ཕྱིན་ཅི་ལོག་ནི་རང་གི་ངོ་བོས་མ་གྲུབ་པ་དང་འགག་པ་ལ་ལྟོས་པའི་ཕྱིར་དང་། འདི་ལྟར་འགག་པ་ཡང་བརྗོད་དེ། གང་ཡང་
འདི་དག་ཕན་ཚུན་བཟློག་པ་ཕན་ཚུན་བྱས་པས་འགྲུབ་ལ། དེ་འདི་ལྟར་རང་གི་ངོ་བོས་མ་གྲུབ་པ་དག་གང་མཐོང་བ་དེ་འཇིག་རྟེན་པའི་ཕྱིན་ཅི་ལོག་ཅེས་ཤེས་པར་བྱའོ། །གང་ཡང་དེ་དག་དེ་ལྟ་བས་ན་དེས་ན་སྐྱེ་བ་དང་འཇིག་པ་དག་སྟོང་པའོ། །གང་གི་ཚེ་དེ་དག་སྟོང་པ་ཉིད་
ན་དེའི་སྐྱེ་བ་དང་འཇིག་པ་བསྟན་པ་ལས་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་ཉེ་བར་བསྟན་པའི་མྱ་ངན་ལས་འདས་པའི་ལམ་བསྟན་པར་མི་འཐད་དོ། །བྱིས་པའི་སྐྱེ་བོས་རྟོགས་པའི་དོན་དུ་དེས་མཐོང་བའི་རྗེས་སུ་འཇུག་པས་བཅོམ་ལྡན་འདས་ཀྱིས་སྐྱེ་བ་དང་འཇིག་པ་

གསུངས་པར་ཤེས་པར་བྱའོ། །ཇི་ལྟར་དུ། སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །དེས་ནི་ཆོས་ཀྱང་རྟོགས་པར་འགྱུར། །ཞེས་སོ། །འདིར་སྨྲས་པ། སྐྱེ་མེད་འགག་པ་མེད་
ཅེ་ན། །ཅི་ཞིག་འགགས་པས་མྱ་ངན་འདའ། །གང་ཞིག་སྐྱེ་བ་དང་འཇིག་པ་མེད་ན་དེའི་ཚེ་སྡུག་བསྔལ་མེད་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་དག་སྐྱེས་པ་མི་རྟག་པས་སྡུག་བསྔལ་ལ། དེ་འགགས་པ་ལས་མྱ་ངན་ལས་འདས་པའོ། །གང་གི་ཚེ་སྐྱེ་བ་དང་འགགས་པ་གང་ཡང་
མེད་པས་སྡུག་བསྔལ་མེད་པ་དེའི་ཚེ་ཅི་ཞིག་འགགས་པས་མྱ་ངན་ལས་འདས་པར་འགྱུར། འདི་ལྟར་སྡུག་བསྔལ་འགག་པ་ལས་མྱ་ངན་ལས་འདས་པ་ཡང་ཡོད་ལ། དེའི་ཕྱིར་སྐྱེ་བ་དང་འཇིག་པ་དག་ཡོད་དོ་ཞེ་ན། སྨྲས་པ། འདི་ལ་སྐྱོན་མེད་དེ། གང་གི་ཕྱིར་འགགས་པ་
ལས་མྱ་ངན་ལས་འདས་པར་རྣམ་པར་གཞག་པ་མ་ཡིན་ལ། དེ་ནི་སྡུག་བསྔལ་མེད་པ་ཉིད་དེ། སྐྱེ་བ་མེད་ཅིང་འགག་མེད་པའི། །ངོ་བོ་གང་ཞིག་ཐར་མིན་ནམ། །ངེས་པར་ཡང་འདི་ལྟར་ཁས་བླང་བར་བྱའོ། །གཞན་དུ་ན། གལ་ཏེ་འགགས་ལས་མྱང་འདས་ཆད། །
གལ་ཏེ་ཅིག་ཤོས་ལྟར་ན་རྟག །དེ་ཕྱིར་དངོས་པོ་དངོས་མེད་དག །མྱ་ངན་འདས་པར་རུང་མ་ཡིན། །གལ་ཏེ་སྡུག་བསྔལ་རང་བཞིན་གྱིས་མ་སྐྱེས་པ་དང་མ་འགགས་པར་མི་འདོད་ལ། སྡུག་བསྔལ་གྱི་ངོ་བོའི་རྒྱུན་ལས་ལོག་པ་ལ་མྱ་ངན་ལས་འདས་པར་ཡོངས་སུ་རྟོགས་
ན། དེ་ནི་སྡུག་བསྔལ་རྒྱུན་ཆད་པའི་རང་བཞིན་གྱི་ཕྱིར་མྱ་ངན་ལས་འདས་པ་ཆད་པར་འགྱུར་རོ་ཞེས་བྱ་ལ། མྱ་ངན་ལས་འདས་པ་ཆད་པར་འགྱུར་བ་མི་འཐད་དེ། མཐར་འཛིན་པར་ལྟ་བར་ཐལ་བ་དང་། ངོ་བོ་ཉིད་ཀྱིས་མ་གྲུབ་པ་ལས་རྒྱུན་ཆད་པའི་མྱ་ངན་ལས་འདས་པ་དེ་
ཕྱིན་ཅི་ལོག་ཏུ་འགྱུར་ལ། མྱ་ངན་ལས་འདས་པ་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར། སྡུག་བསྔལ་རྒྱུན་ཆད་པའི་རང་བཞིན་མྱ་ངན་ལས་འདས་པར་མི་འཐད་དོ། །ཡང་ན་སྐྱོན་འདི་དག་ཡོངས་སུ་སྤང་བར་འདོད་ནས། དེ་ལ་ཅིག་ཤོས་ཁས་ལེན་ན། དེའི་ཚེ་

སྡུག་བསྔལ་མ་འགགས་པའི་རང་བཞིན་ཉིད་ཀྱི་ཕྱིར། ཐེར་ཟུག་པས་མྱ་ངན་ལས་འདས་པ་དེ་རང་བཞིན་དུ་འགྱུར་ལ། སྡུག་བསྔལ་རྟག་པའི་རང་བཞིན་མྱ་ངན་ལས་འདས་པར་འགྱུར་བར་མི་རུང་སྟེ། དེ་ནི་སྡུག་བསྔལ་ཟད་པའི་མཚན་ཉིད་དུ་ཉེ་བར་བསྟན་པའི་
ཕྱིར་རོ། །གང་གི་ཚེ་འདི་ལྟར་དངོས་པོ་དང་དངོས་པོ་མེད་པ་དག་མི་རུང་བས། དེའི་ཕྱིར་སྡུག་བསྔལ་རང་བཞིན་གྱིས་གང་མ་སྐྱེས་ཤིང་མ་འགགས་པ་དེ་ཉིད་ཐར་པ་ཞེས་རིགས་སོ། །འདིར་སྨྲས་པ། སྡུག་བསྔལ་ལས་ལོག་པའི་རང་བཞིན་མྱ་ངན་ལས་འདས་པ་མ་
ཡིན་ཏེ། གལ་ཏེ་འདི་ལྟར་འགྱུར་ན་དེའི་ཚེ་སྡུག་བསྔལ་ལས་ལོག་པའི་རང་བཞིན་ནི་ཅི་ཡང་མ་ཡིན་པའི་ཕྱིར། མྱ་ངན་ལས་འདས་པ་ཞེས་བྱ་བ་ཅི་ཡང་མ་ཡིན་པར་འགྱུར་ལ། ཅི་ཡང་མ་ཡིན་པ་མྱ་ངན་ལས་འདས་པར་འགྱུར་བར་མི་རིགས་ཏེ། ལམ་གྱི་བདེན་པས་ཐོབ་
བྱ། སྐྱེ་བ་འགགས་པར་གྱུར་པའི་ཆུ་སྐྱེགས་པའི་སྐྱེགས་ཀྱི་གནས་ལྟ་བུ་སྡུག་བསྔལ་ལས་དོན་གཞན་དུ་གྱུར་པ་ལ་འགོག་པ་ཞེས་བརྗོད་དོ། །གལ་ཏེ་དེ་དོན་གཞན་དུ་གྱུར་པ་མ་ཡིན་ན། བདེན་པ་བཞི་རྣམ་པར་གཞག་པ་མི་འབྱུང་ལ། དེས་ན་འགོག་པ་སྡུག་བསྔལ་
རྟག་པའི་རང་བཞིན་མ་ཡིན་ལ། སྡུག་བསྔལ་ལོག་པའི་རང་བཞིན་ཡང་མ་ཡིན་ཏེ། སྡུག་བསྔལ་ལས་དོན་གཞན་དུ་གྱུར་པའི་ཕྱིར་ཞེས་པའི་ཕྱིར་ཞེས་པའོ། །འདིར་གསུངས་པ། གལ་ཏེ་འགོག་པར་འགའ་གནས་ན། །དངོས་པོ་ལས་གཞན་དེ་ཡོད་འགྱུར། །
དངོས་པོ་མེད་ཕྱིར་འདི་མེད་ལ། །དངོས་པོ་མེད་ཕྱིར་དེ་ཡང་མེད། །གལ་ཏེ་སྡུག་བསྔལ་གྱི་དངོས་པོ་ལས་གཞན་དུ་སྟེ། དེ་ལས་ཐ་དད་པའི་འགོག་པར་གྱུར་ན། རྟག་པར་གནས་པར་གྱུར་ཏེ། དེ་དངོས་པོ་ལས་ཀྱང་གཞན་དུ་འགྱུར་ལ། དེ་ནི་དངོས་པོ་ལས་
གཞན་དུ་ཡོད་པ་ཉིད་འཐད་པ་མ་ཡིན་ཏེ། སྡུག་བསྔལ་ལས་གཞན་དུ་དེ་འགགས་པ་རྣམ་པར་གཞག་པར་མི་ནུས་སོ། །གལ་ཏེ་ཡང་སྡུག་བསྔལ་ལས་ཐ་དད་ན་འགོག་པ་རྟག་པར་འགྱུར་ལ། དེར་གྱུར་ན་འཇིག་རྟེན་པ་ཐམས་ཅད་ལ་སྡུག་བསྔལ་ལོག་པར་འགྱུར་རོ། །

སྡུག་བསྔལ་ལས་ལོག་པ་དེས་འཐོབ་པོ་ཞེ་ན། ཐོབ་པར་གྱུར་ན་གང་གིས་སྡུག་བསྔལ་སྐྱེས་པ་འགག་པར་བྱས་ནས་འདིའི་ཁྱད་པར་ཅི་ཞིག་སྐྱེད་པར་བྱེད། དེ་ཐོབ་པའི་རྒྱུད་ལ་སྐྱེའོ་ཞེ་ན། ཕྱིས་ཅི་ཞིག་འདིའི་ཁྱད་པར་སྐྱེ་བ་གང་གིས་དེ་ཐོབ་པའི་
རྒྱུད་ལ་སྐྱེ་ན། དུས་ཐམས་ཅད་དུ་དེ་ཐོབ་པའི་རྒྱུད་ལ་སྐྱེ་བར་འགྱུར་བའམ། ནམ་ཡང་མ་ཡིན་པར་འགྱུར་རོ། །དེ་ལས་ལམ་བསྒོམས་པ་འཇིག་རྟེན་པ་ཐམས་ཅད་ཀྱིས་མ་བཙལ་བར་ཡང་མྱ་ངན་ལས་འདའ་བར་འགྱུར་རོ། །དེའི་ཕྱིར་ངེས་པར་སྡུག་བསྔལ་ལ་ལྟོས་པ་
དང་བཅས་པའི་རང་བཞིན་གྱིས་དེ་འབྱུང་བར་འགྱུར་ལ། དེ་ལ་ཡང་སྡུག་བསྔལ་མི་སྲིད་པའོ། །དེས་ན། དངོས་པོ་མེད་ཕྱིར་འདི་མེད་དེ། །སྡུག་བསྔལ་མེད་པས་དེ་མེད་དོ། །ཞེས་པའི་དོན་ཏོ། །ཡང་གཞན་ཞིག་གིས་སྨྲས་པ། གལ་ཏེ་སྡུག་བསྔལ་འགགས་པ་སྟེ།
སྡུག་བསྔལ་མེད་པའི་རང་བཞིན་དངོས་པོར་གྱུར་པ་མྱ་ངན་ལས་འདས་པར་འགྱུར་ན་སྐྱོན་འདིར་འགྱུར་ན། རྣམ་པ་དེ་ལྟ་བུ་ནི་མེད་དོ། །འོན་ཀྱང་འདི་དེ་ནི་སྡུག་བསྔལ་ལས་ལོག་པ་ཙམ་མོ་ཞེ་ན། སྨྲས་པ། འདི་ལྟར་བརྟགས་པས་ཀྱང་མྱ་ངན་ལས་འདས་པ་ཐོབ་
པར་མི་འགྱུར་ཏེ། སྡུག་བསྔལ་གྱི་དངོས་པོར་ཡོད་ན་སྡུག་བསྔལ་དང་ལྡན་པར་འགྱུར་ལ། སྡུག་བསྔལ་ཡང་མི་སྲིད་ན་དེ་མེད་པ་ག་ལ་ཞིག་ཅེས་བྱའོ། །དངོས་པོ་མེད་པའི་རང་བཞིན་ཡང་མྱ་ངན་ལས་འདས་པའོ་ཞེ་ན། དེས་ན་དངོས་པོ་མེད་པས་ནི་དངོས་པོ་མེད་
པའི་ཕྱིར་ལ། དེ་ཡང་མེད་དེ། དངོས་པོ་མེད་པར་གྱུར་པས་མེད་པའི་ཕྱིར་མྱ་ངན་ལས་འདས་པ་མེད་དོ་ཞེས་པའི་དོན་ཏོ། །ཡང་ན་འདིའི་དོན་གཞན་ཏེ། གལ་ཏེ་འགོག་པ་ཞེས་བྱ་བ་དངོས་པོའི་རང་གི་ངོ་བོ་གྲུབ་པར་གྱུར་ན། དེ་སྡུག་བསྔལ་ལ་མི་ལྟོས་པས་ཀྱང་
འབྱུང་སྟེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར་ལ། འབྱུང་བ་ཡང་མ་ཡིན་ཏེ། དེས་ན་འགོག་པའི་རང་གི་ངོ་བོ་གྲུབ་པ་མེད་དོ། །ཡང་ན་གལ་ཏེ་འདོད་ན་ཡང་ངེས་པར་དེ་ནི་དངོས་པོའི་རང་བཞིན་གྱིས་སམ། དངོས་པོ་མེད་པའི་རང་བཞིན་གྱིས་འབྱུང་བར་

འགྱུར། གལ་ཏེ་དངོས་པོའི་རང་བཞིན་དུ་འདོད་ན། དེ་ནི་དངོས་པོ་བཀག་པའི་ཕྱིར། །དངོས་པོ་མེད་ཕྱིར་དེ་ཡང་མེད། །ཡང་ན་དངོས་པོ་མེད་པའི་རང་བཞིན་ཡིན་ན། འདི་ལྟར་དངོས་པོ་མེད་ཀྱང་བཀག་པའི་ཕྱིར་ཏེ། འགག་པ་ཉིད་དངོས་པོ་མེད་པའི་ཕྱིར། དངོས་པོ་མེད་
པས་ཡོད་པ་ཉིད་མ་ཡིན་ནོ་ཞེས་གསུངས་པ། དངོས་པོ་མེད་ཕྱིར་དེ་ཡང་མེད། །ཅེས་སོ། །འདིར་སྨྲས་པ། མྱ་ངན་ལས་འདས་པ་ཡོད་པ་ཉིད་དེ། དེའི་ཚེ་མཚན་ཉིད་ཡོད་པའི་ཕྱིར་རོ། །ཡོད་བཞིན་པ་མ་ཡིན་པའི་མོ་གཤམ་གྱི་བུ་ལ་མཚན་ཉིད་ཡོད་པ་མ་ཡིན་ལ།
མྱ་ངན་ལས་འདས་པ་ལ་མཚན་ཉིད་ཡོད་དེ་སོ་སོར་བརྟགས་པའི་འགོག་པ་གང་བྲལ་བའོ་ཞེས་པའི་ཚིག་ལས་སོ། །སྨྲས་པ། མྱ་ངན་ལས་འདས་པ་དེའི་མཚན་ཉིད་ཡོད་ན་ཡོད་པར་འགྱུར་ན། ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། མཚན་གཞི་ལས་
གཞན་མཚན་ཉིད་ལས། །མཚན་གཞི་གྲུབ་པས་རང་མ་གྲུབ། །ཕན་ཚུན་ལས་ཀྱང་མ་གྲུབ་ཅིང་། །མ་གྲུབ་མ་གྲུབ་སྒྲུབ་བྱེད་མིན། །འདིར་གལ་ཏེ་མཚན་ཉིད་ཅེས་བྱ་བའི་ངོ་བོ་ཅུང་ཟད་གྲུབ་པར་གྱུར་ན། དེ་མཚན་གཞི་ལ་མི་ལྟོས་པར་འགྱུར་ལ། མཚན་གཞི་ལ་མ་
ལྟོས་པའི་མཚན་ཉིད་རྒྱུ་མེད་པ་ཐོབ་པར་འགྱུར་ལ། རྒྱུ་མེད་པར་ཡང་མི་རིགས་སོ་ཞེས་བྱ་སྟེ། དེས་ན་ངེས་པར་མཚན་གཞི་ལས་མཚན་ཉིད་གྲུབ་པས། མཚན་གཞིའི་རྒྱུ་ཅན་གྱི་མཚན་ཉིད་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །ཡང་ན་འདི་སྙམ་དུ་སེམས་ཏེ། མཚན་
གཞི་ལ་ལྟོས་ནས་མཚན་ཉིད་གྲུབ་པར་ཡོད་དོ་ཞེ་ན། སྨྲས་པ། གལ་ཏེ་མཚན་གཞི་མཚན་ཉིད་ལ་མ་ལྟོས་པར་ཡོད་ན། དེ་ལ་ལྟོས་ནས་མཚན་ཉིད་ཡོད་ལ། ལྟོས་པ་མེད་པའི་མཚན་གཞི་མི་སྲིད་ལ། མཚན་ཉིད་དང་བྲལ་བའི་མཚན་གཞི་རྒྱུ་མེད་པར་ཐལ་བས།
དེས་ན་མཚན་གཞི་ཡང་དེའི་མཚན་ཉིད་ལས་གྲུབ་པས། རང་ལས་མ་གྲུབ་སྟེ། མཚན་ཉིད་དང་མཚན་གཞི་ངོ་བོ་ཉིད་ཀྱིས་མ་གྲུབ་བོ་ཞེས་པའི་དོན་ཏོ། །ཡང་ན་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཡང་མཚན་གཞི་དང་མཚན་ཉིད་དག་རང་ལས་མ་གྲུབ་ཀྱང་། དེ་ལྟ་ན་ཡང་

ཕན་ཚུན་ལྟོས་ནས་གྲུབ་པས་ཡོད་དོ་ཞེ་ན། སྨྲས་པ། ཕན་ཚུན་ལས་ཀྱང་མ་གྲུབ་ཅིང་། ཕན་ཚུན་ལྟོས་པས་གྲུབ་པ་མེད་དོ་ཞེས་པའི་དོན་ཏོ། །ཡང་ཅིའི་ཕྱིར་ཕན་ཚུན་ལྟོས་པས་གྲུབ་པ་མེད་ཅེ་ན། གསུངས་པ། མ་གྲུབ་མ་གྲུབ་སྒྲུབ་བྱེད་མིན། །ཞེས་
པའོ། །འདིར་མཚན་གཞི་ལ་བརྟེན་པའི་ཕྱིར་ཉིད་མཚན་གཞི་ལ་རྟེན་དུ་གྲུབ་པར་འདོད་ན། མཚན་གཞི་ལས་གཞན་དུ་མཚན་གཞིའི་མཚན་ཉིད་མི་འཐད་པས། མཚན་ཉིད་ཀྱིས་བརྟེན་པས་མཚན་གཞི་གྲུབ་བོ་ཞེས་བྱ་ལ། དེ་ལྟར་ཕན་ཚུན་ལྟོས་པས་མཚན་གཞི་
དང་མཚན་ཉིད་གྲུབ་པ་རྣམ་པར་གཞག་པར་གྱུར་པ་འདི་དག་དཔྱད་པར་བྱ་སྟེ། གལ་ཏེ་མཚན་གཞི་ལ་ལྟོས་ནས་མཚན་ཉིད་རྣམ་པར་འཇོག་པས་དེ་ཉིད་ཀྱིས་ན་རེ་ཞིག་མཚན་གཞི་མཚན་ཉིད་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་མེད་ལ། དེ་ནི་རང་ཉིད་མ་གྲུབ་པས་མེད་པས་ཇི་ལྟར་
གཞན་མཚན་ཉིད་འགྲུབ་པར་བྱེད། དེ་བཞིན་དུ་མཚན་གཞི་ལ་ཡང་སྦྱར་རོ། །དེ་ནི་འདི་ལྟར་མཚན་གཞིའམ་མཚན་ཉིད་དག་མ་གྲུབ་པ་མ་གྲུབ་པའི་མཚན་གཞིའམ་མཚན་ཉིད་གྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་སྟེ། དེས་ན་མཚན་གཞི་དང་མཚན་ཉིད་དག་མེད་དོ། །
གང་གི་ཚེ་མཚན་གཞི་དང་མཚན་ཉིད་དག་མེད་པ་དེའི་ཚེ་མཚན་ཉིད་ཡོད་པའི་མྱ་ངན་ལས་འདས་པ་ག་ལ་འགྲུབ་ཅེས་བྱ་སྟེ། འདི་ནི་མི་རིགས་སོ། །མཚན་གཞི་དང་མཚན་ཉིད་ལ་དཔྱད་པའི་རིམ་པས་ཕན་ཚུན་ལྟོས་པས་གྲུབ་པའི་དངོས་པོ་ལྷག་མ་རྣམས་ཀྱང་མ་གྲུབ་
པར་བདེ་བླག་ཏུ་ཁོང་དུ་ཆུད་པར་གཟིགས་ནས། དེ་ལེགས་པར་བསྟན་པའི་ཕྱིར་གསུངས་པ། འདིས་ནི་རྒྱུ་དང་འབྲས་བུ་དང་། །ཚོར་དང་ཚོར་བ་པོ་སོགས་དང་། །བལྟ་བྱ་ལྟ་བ་པོ་ལ་སོགས། །དེས་གང་ཅུང་ཟད་མ་ལུས་བཤད། །མཚན་གཞི་དང་མཚན་ཉིད་
དག་མ་གྲུབ་པའི་རིམ་པ་འདིས། རྒྱུ་དང་འབྲས་བུ་ལ་སོགས་པ་ཡང་མ་གྲུབ་པར་ཁོང་དུ་ཆུད་པར་བྱའོ། །བྱས་པ་ནི་འབྲས་བུ། བྱེད་པ་ནི་རྒྱུའོ། །མྱོང་བར་གྱུར་པས་ཚོར་བ་སྟེ། ལས་ལ་ལུགས་བྱས་ནས་ཚོར་བ་ལ་ཚོར་བར་གསུངས་སོ། །ཚོར་བ་པོ་ནི་ཉམས་སུ་

མྱོང་བ་ཡང་ཚོར་བ་དང་ཚོར་བ་པོ་སྟེ། ཚོར་བ་དང་ཚོར་བ་པོའོ། །དེ་ཚོར་བ་དང་ཚོར་བ་པོ་དག་ལྷན་ཅིག་འཇུག་པས་ཚོར་བ་དང་ཚོར་བ་པོ་ཞེས་བྱའོ། །སོགས་པའི་སྒྲས་འདུ་ཤེས་དང་འདུ་ཤེས་པར་བྱ་བ་ལ་སོགས་པ་གཟུང་ངོ་། །བལྟ་བྱ་དང་ལྟ་བ་པོ་ལ་སོགས་པ་གང་
ཅུང་ཟད་ཀྱང་ཞེས་པ་ལ་སོགས་པའི་སྒྲས་ཐོས་པ་དང་ཐོས་པ་པོ་ལ་སོགས་པ་ལྔ་པོ་རྣམས་ཀྱི་གཉིས་གཉིས་པ་གཟུང་ལ། གང་ཅུང་ཟད་ཅེས་པ་འདིས་ཕན་ཚུན་ལྟོས་ནས་གྲུབ་པའི་གཉིས་གཉིས་པའི་དངོས་པོ་རྣམས་གཟུང་ངོ་། །དངོས་པོ་འདི་དག་ཐམས་ཅད་ཀྱང་མཚན་གཞི་དང་
མཚན་ཉིད་དག་མ་གྲུབ་པའི་རིམ་པས་མ་གྲུབ་པར་སྦྱར་རོ། །རབ་ཏུ་བྱེད་པ་འདིར་ཡང་རེ་རེའི་དངོས་པོའི་གྲངས་འཇུག་པ་ལ་དཔྱད་པའི་རིམ་པའི་སྐབས་ཡིན་པའི་ཕྱིར། རེ་ཞིག་ཐོག་མར་དངོས་པོ་གཅིག་རྣམ་པར་དཔྱད་དེ། འདི་ལྟར་རང་བཞིན་ནོ། །དེའི་རྗེས་ལ་རྒྱུ་གཅིག་པུ་
ཉིད་དེ། འབྲས་བུ་ཡོད་ན་འབྲས་ལྡན་ལ། །ཞེས་པ་ལ་སོགས་པའོ། །དེ་ཡང་མ་རིག་པ་ལ་སོགས་པའི་རིམ་པས་རྣམ་པ་མང་པོ་རྣམ་པར་དཔྱད་ལ། དེའི་རྗེས་ལ། མ་རིག་འདུ་བྱེད་མེད་མི་འབྱུང་། །ཞེས་པ་དེ་ནས་བརྩམས་ནས་འདིའི་བར་དུ་གཉིས་གཉིས་པའི་དངོས་པོ་
ཕན་ཚུན་ལྟོས་པས་གནས་པ་རྣམས་དཔྱད་ལ། འདི་ལས་གཞན་པས། ལྟོས་པ་དང་བཅས་པའི་གསུམ་གྱི་གྲངས་ཀྱིས་ཡོངས་སུ་བཅད་པའི་དངོས་པོ་རྣམས་རྣམ་པར་དཔྱད་པ་བརྩམ་པར་བྱའོ། །གང་འདི་སྐད་དུ། དངོས་པོ་ཡོད་ན་རྟག་པ་ཉིད། །མེད་ན་ངེས་པར་
ཆད་པ་ཉིད། །དངོས་པོར་གྱུར་ན་དེ་གཉིས་ལ། །དེ་ཕྱིར་དངོས་པོ་ཁས་མི་བླང་། །ཞེས་པ་དེ་ནི་མི་འཐད་དེ། །གལ་ཏེ་དངོས་པོ་ཁས་མི་ལེན་ན་དེའི་ཚེ་དུས་གསུམ་མེད་ལ། དུས་གསུམ་ཡོད་པས་དེའི་ཕྱིར་དངོས་པོ་ཡོད་དེ། དུས་གསུམ་གྱི་རྒྱུ་མཚན་ཡིན་པའི་ཕྱིར་
རོ། །འདིར་སྐྱེས་ལ་མ་འགགས་པའི་དངོས་པོ་ངོ་བོ་ཉིད་ཀྱིས་གནས་བཞིན་པའི་ཕྱིར་དང་། ཡོད་བཞིན་པའི་ཕྱིར་ད་ལྟར་བའི་སྒྲས་བརྗོད་པར་བྱ་བར་འགྱུར་རོ། །ད་ལྟར་བའི་གནས་སྐབས་མ་ཐོབ་པ་ལ་མ་འོངས་པ་ཞེས་བརྗོད་ལ། ད་ལྟར་བའི་གནས་སྐབས་ལས་

འདས་པ་ཉིད་ལ་འདས་པ་ཞེས་བརྗོད་དོ། །གལ་ཏེ་དངོས་པོ་མེད་ན་དེ་ཅིའི་རྒྱུ་མཚན་གྱིས་དུས་གསུམ་འབྱུང་བར་འགྱུར། དེའི་ཕྱིར་དུས་གསུམ་ཡོད་པས་དངོས་པོ་ཡོད་དོ་ཞེ་ན། སྨྲས་པ། གལ་ཏེ་དུས་གསུམ་ཡོད་ན་དངོས་པོ་ཡོད་པར་འགྱུར་ལ་ཡོད་
པ་མ་ཡིན་ནོ། །ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ། གནས་མེད་ཕན་ཚུན་ལས་གྲུབ་པ། །འཆོལ་ཕྱིར་རང་ཉིད་མ་གྲུབ་ཕྱིར། །དངོས་པོ་མེད་ཕྱིར་ཡོད་མིན་ཏེ། །དུས་གསུམ་པོ་ནི་བཏགས་པ་ཙམ། །གལ་ཏེ་དུས་ཞེས་བྱ་བ་འགའ་ཞིག་ཡོད་ན་དེ་ལ་འཛིན་ལ་
རག་ན་མི་འཛིན་ལ། དེའི་ཕྱིར་འཛིན་པ་མེད་པས་དུས་མེད་དོ། །ཡང་ཅིའི་ཕྱིར་མི་འཛིན་ཞེ་ན། གནས་མེད་ཕྱིར་ཏེ། དུས་ཞེས་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ། །ཐེར་ཟུག་པའི་དངོས་པོ་ཡོད་ན་གང་ཞིག་འཛིན་ལ་རག་ན། དེ་ལས་མ་བཟུང་བའི་ཕྱིར་དུས་མེད་དོ། །ཡང་ན་གལ་
ཏེ་ཡང་ཐེར་ཟུག་པའི་དུས་གང་ཅུང་ཟད་མི་འཛིན་ལ། དེ་ལྟ་ན་ཡང་དུས་ཡོད་པ་ཉིད་དུ་འགྱུར་ཏེ། སྐད་ཅིག་ལ་སོགས་པས་མངོན་པར་གསལ་བར་བྱས་པའི་ཕྱིར་རོ། །འདི་སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་དང་། ཟླ་བ་ཕྱེད་དང་། ཟླ་བ་དང་། ལོ་ཕྱེད་དང་། ལོ་ལ་སོགས་
པའི་དུས་ཀྱི་ཚད་ཀྱི་ཁྱད་པར་རྣམས་ཏེ། ཁྱད་པར་དེ་རྣམས་ཀྱིས་འཛིན་བཞིན་པའི་ཕྱིར། དུས་ཡོད་པ་ཉིད་དོ་ཞེ་ན། སྨྲས་པ། གལ་ཏེ་ལོ་ལ་སོགས་པ་ཉིད་ཡོད་ན། ལོ་ལ་སོགས་པའི་ཚད་དང་ལྡན་པའི་དུས་འཛིན་ལ་རག་ན། དེ་སྐད་ཅིག་ལ་སོགས་པ་ལས་ཐ་
དད་པའི་ཐེར་ཟུག་པའི་ལོ་ལ་སོགས་པ་མི་འཛིན་ནོ། །ཡང་ན་འདི་སྙམ་དུ་སེམས་ན། རེ་ཞིག་སྐད་ཅིག་མ་ཡོད་ན། དེ་ལ་འཛིན་པས་དེས་ན་དེ་འདུས་པའི་རང་བཞིན་ཐང་ཅིག་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གང་དུ་གནས་པ་མེད་པའི་སྐད་ཅིག་མ་རྣམས་
ལ་འདུས་པ་ག་ལ་ཞིག་གང་དུ་ཐང་ཅིག་ལ་སོགས་པ་འཛིན་པར་གྱུར་ཅིང་སྐད་ཅིག་མ་ཡང་ཡོད་ན་ཐང་ཅིག་ལ་སོགས་པ་རྣམ་པར་འཇོག་གྲང་ན། སྐད་ཅིག་དེ་ལ་ཡང་ཐོག་མ་དང་བར་དང་ཐ་མ་ཡོད་ལ། ཐོག་མ་དང་བར་དང་ཐ་མ་དེ་རྣམས་ལ་ཡང་ཐོག་མ་དང་བར་དང་ཐ་མ་

ཡོད་པའི་ཕྱིར། གནས་པ་མེད་པས་སྐད་ཅིག་མ་ཡང་མེད་ན། སྐད་ཅིག་མ་འདུས་པའི་ཐང་ཅིག་ལ་སོགས་པ་ག་ལ་འགྲུབ། བློའི་རང་བཞིན་གྱི་འདུས་པར་བརྟགས་པས་སྐད་ཅིག་མ་གྲུབ་པ་མི་སྲིད་དེ། བློའི་སྐད་ཅིག་དེ་ཡང་ཡོངས་སུ་བརྟགས་པའི་ཕྱིར་དང་། དེ་ཉིད་གནས་
པ་མེད་པའི་ཕྱིར་དུས་མེད་དོ། །དུས་མེད་ན་དུས་གསུམ་ནི་ག་ལ་ཞིག །གནས་པ་མེད་པ་འབའ་ཞིག་གིས་དུས་གསུམ་མེད་པར་མ་ཟད་ཀྱི། ཕན་ཚུན་ལས་གྲུབ་པས་ཀྱང་དུས་གསུམ་མེད་དེ། འདི་ལྟར་ད་ལྟར་བ་འདས་པ་ལས་འདས་པའོ། །ད་ལྟར་བ་མ་འོངས་པ་ལས་མ་
འོངས་པ་ལ། གནས་བཞིན་པའི་ཕྱིར་ད་ལྟར་བའོ་ཞེས་དེ་ལྟར་ཕན་ཚུན་ལྟོས་ནས་གྲུབ་ལ། དུས་གསུམ་ཕན་ཚུན་ལྟོས་ནས་གྲུབ་པས་དེ་མ་གྲུབ་པ་ཉིད་དོ་ཞེས་བསྒྲུབས་པས་སོ་ཞེས་བྱའོ། །དེས་ན་ཡང་དུས་གསུམ་མེད་དོ། །འདི་ལྟར་ཡང་དུས་གསུམ་མེད་དེ། འཆོལ་
བའི་ཕྱིར་ཏེ། མ་འོངས་པའི་དུས་དེ་ཉིད་ད་ལྟར་བར་འོངས་པ་ལ་ད་ལྟར་བ་ཞེས་བརྗོད་ལ། ད་ལྟར་བ་ལ་འདས་པར་ཞུགས་པས་འདས་པ་ཞེས་བྱའོ། །གཅིག་ཉིད་ལ་དུས་གསུམ་དུ་རྣམ་པར་གཞག་པའི་ཕྱིར་འཆོལ་བའོ། །ཡང་ན་ཕན་ཚུན་ལྟོས་ནས་གྲུབ་པའི་
ཕྱིར་དུས་གསུམ་པོ་མེད་དེ། འདས་པ་ནི་ད་ལྟར་བ་དང་མ་འོངས་པ་ལ་མ་ལྟོས་པར་མེད་ལ། གལ་ཏེ་ཡང་འདས་པར་ད་ལྟར་བ་དང་མ་འོངས་པ་ཡོད་ན་དེའི་ཚེ་དེ་ལ་ལྟོས་པ་འཐད་ཀྱི། འདས་པ་ནི་མོ་གཤམ་གྱི་བུ་བཞིན་དུ་མེད་ལ། ཡོད་བཞིན་པ་མ་ཡིན་པའི་མོ་གཤམ་གྱི་
བུ་མི་ལྟོས་པ་བཞིན་ནོ། །གང་གི་ཚེ་ཡང་འདས་པར་ད་ལྟར་བ་དང་མ་འོངས་པ་དག་ཡོད་ན་དེའི་ཚེ། འདས་པར་ད་ལྟར་བ་ཡོད་པའི་ཕྱིར། འདས་པའི་རང་གི་བདག་ཉིད་བཞིན་འདས་པར་འགྱུར་ལ། དེ་ལྟར་འདས་པ་དང་མ་འོངས་པ་དག་འདས་པ་དང་ད་ལྟར་བ་ལ་ཡང་བསམ་པར་
བྱའོ། །འདི་ལྟར་དེ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བ་རྣམས་ལ་སོ་སོར་དུས་གསུམ་དུ་ཐལ་བར་འཆོལ་བས། འཆོལ་བའི་ཕྱིར་ཡང་དུས་གསུམ་མེད་དོ། །འདི་ལྟར་ཡང་། དུས་གསུམ་མེད་དེ་རང་ཉིད་མ་གྲུབ་ཕྱིར། །འདིར་སྐད་ཅིག་མ་ལ་སོགས་པས་དུས་

མངོན་པར་གསལ་བར་ཕ་རོལ་པོ་འདོད་དོ། །སྐད་ཅིག་མ་ལ་སོགས་པ་ལས་ཐ་དད་པའི་དུས་གང་ཅུང་ཟད་ཡོད་ཅིང་། གང་ཞིག་དེས་མངོན་པར་གསལ་བར་བྱེད་པ་ཡང་མ་ཡིན་ཏེ། རི་བོང་གི་རྭ་རང་གི་ངོ་བོར་མ་གྲུབ་པས་སུས་ཀྱང་མངོན་པར་གསལ་
བར་བྱེད་པ་མ་ཡིན་ནོ། །དེས་ན་ངོ་བོ་ཉིད་ཀྱིས་དུས་མ་གྲུབ་བོ། །དུས་ཀྱང་མེད་ན་དེའི་གསུམ་ཉིད་ག་ལ་ཞིག་ཅེས་བྱ་སྟེ། དུས་གསུམ་མེད་དོ། །གཞན་ཡང་ཁྱོད་ཀྱིས་དངོས་པོ་བསྒྲུབ་པའི་ཕྱིར་དུས་གསུམ་ཉེ་བར་གཞག་ལ། དུས་དེ་ཡང་དངོས་པོ་ལ་མ་ལྟོས་པར་མ་
གྲུབ་ལ། དངོས་པོ་ཉིད་ལ་བརྟེན་ནས་དེ་རྣམ་པར་གཞག་པའི་ཕྱིར་རོ། །དངོས་པོ་དེ་ཡང་སྔར་ཉིད་དུ་མེད་དོ་ཞེས་བསྒྲུབས་ལ། དུས་གསུམ་པོ། དངོས་པོ་མེད་ཕྱིར་ཡོད་མིན་ཏེ། །གལ་ཏེ་དེ་ལྟར་དུས་གསུམ་པོ་མེད་ན། དེའི་ཚེ་ཇི་ལྟར་དུས་གསུམ་དུ་ཐ་སྙད་བྱེད་
ཅེ་ན། སྨྲས་པ། དུས་གསུམ་པོ་བཏགས་པ་ཙམ་ཡང་དག་པ་མ་ཡིན་པས་སྒྲོ་བཏགས་པ་ཙམ་ཞེས་བྱ་བའི་དོན་ཏོ། །དུས་གསུམ་མེད་ལ། དེའི་རྒྱུ་མཚན་གྱི་དངོས་པོ་ཡང་མེད་དོ་ཞེས་གྲུབ་པོ། །འདིར་སྨྲས་པ། དངོས་པོ་ཡོད་པ་ཉིད་དེ། དེ་ཡང་འདུས་
བྱས་ཀྱི་རང་བཞིན་ཏེ་དེའི་མཚན་ཉིད་ཡོད་པའི་ཕྱིར་རོ། །ཡོད་བཞིན་པ་མ་ཡིན་པ་ལ་མཚན་ཉིད་མེད་དེ། འདི་ལྟ་སྟེ་མོ་གཤམ་གྱི་བུ་ལྟ་བུའོ། །དངོས་པོ་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འཇིག་པ་དང་གནས་པ་ཞེས་བྱ་བ་ཡོད་ལ། དེའི་ཕྱིར་མཚན་ཉིད་ཡོད་པས་འདུས་
བྱས་ཀྱི་རང་བཞིན་གྱི་དངོས་པོ་ཡོད་དོ་ཞེ་ན། སྨྲས་པ། གལ་ཏེ་དེའི་འདུས་བྱས་ཀྱི་མཚན་ཉིད་ཡོད་ན། འདུས་བྱས་ཀྱི་རང་བཞིན་ཡོད་ལ། ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། འདུས་བྱས་མཚན་ཉིད་སྐྱེ་བ་དང་། །གནས་འཇིག་གསུམ་པོ་འདི་ཡང་
མེད། །གང་ཕྱིར་འདུས་བྱས་མེད་འདི་ལས། །འདུས་མ་བྱས་པ་ཅུང་ཟད་མེད། །དེ་ལ་འདིས་མཚོན་པར་བྱེད་པས་ན་མཚན་ཉིད་དེ། རྒྱུ་དང་རྐྱེན་འདུས་པས་ཤེས་པས། འདུས་པ་ལས་འབྱུང་བར་བྱེད་པ་འདུས་བྱས་ལ། འདུས་བྱས་དང་མཚན་ཉིད་པས་འདུས་

བྱས་ཀྱི་མཚན་ཉིད་དེ། དེ་ཅི་ཞེ་ན། སྐྱེ་བ་གནས་དང་འཇིག་པའོ། །སྐྱེ་གནས་འཇིག་པ་ཞེས་བྱ་བ་གསུམ་པོ་དེ་ཉིད་ཀྱང་མེད་ན། གང་གི་ཕྱིར་གསུམ་པོས་འདུས་བྱས་འཇུག་པ་མེད་པར་དེ་ནི་སྔར་ཉིད་དུ་བསྒྲུབས་ཏེ། ཡོད་པ་ཡོད་ཕྱིར་སྐྱེ་བ་མིན། །མེད་པ་མེད་
ཕྱིར་མི་སྐྱེ་བ། །ཞེས་པས་འདིར་གང་གི་ཚེ་གང་ལས་འདུས་བྱས་འཇུག་པ་དེའི་གསུམ་པོ་མ་གྲུབ་ན། དེའི་ཚེ་འདུས་བྱས་མ་གྲུབ་པ་དོན་གྱིས་བསྒྲུབས་པར་འགྱུར་རོ། །གང་གི་ཕྱིར་འདུས་བྱས་མེད་ན་འདི་ལས་འདུས་མ་བྱས་ཡིན་པ་ཡང་ཅུང་
ཟད་ཀྱང་མེད་དོ། །དེ་ལ་གཟུགས་མེད་པས་ནམ་མཁར་ཐ་སྙད་བྱས་ལ། འདུས་བྱས་རྣམས་རྐྱེན་མ་ཚང་བས་མི་སྐྱེ་བ་ལ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །ཟག་པ་དང་བཅས་པའི་འདུས་བྱས་རྣམས་ཉིད་ཤེས་རབ་ཀྱི་སྟོབས་ཀྱིས་བྲལ་བའི་མཚན་ཉིད་
ཀྱི་ཐོབ་བྱའི་འགོག་པ་ནི་སོ་སོར་བརྟགས་པའི་འགོག་པའོ། །འདུས་བྱས་མེད་ན་དེ་ལ་མ་ལྟོས་པར་འདུས་མ་བྱས་ཀྱང་མེད་པའི་ཕྱིར་འདུས་མ་བྱས་མེད་དོ་ཞེས་བྱའོ། །སྨྲས་པ། སླར་ཡང་སྐྱེ་བ་ལ་སོགས་པ་གསུམ་པོ་འདི་དག་ཅི་ལྟར་མེད་ཅེས་བརྗོད། འདི་ནི་སྐྱེས་པ་བསྐྱེད་
བྱ་མིན། །ཞེས་པ་ལ་སོགས་པ་བསྟན་པས་བསྒྲུབས་པ་ཡང་མ་ཡིན་ནམ། དེ་ནི་རྒྱུ་བརྟག་པ་དང་འབྲེལ་པས་འདུས་བྱས་བརྟག་པ་དང་འབྲེལ་པར་བརྗོད་ལ། ཇི་ལྟར་དེ་ལྟར་སྨོས་པས་ཀྱང་འདི་དག་གསུངས་པར་འགྱུར་ལ། གལ་ཏེ་དེ་ལྟར་ཡང་འདུས་བྱས་
དང་འདུས་མ་བྱས་དག་མེད་པར་བསྟན་ན། སླར་ཡང་དེ་བསྒྲུབ་པ་བརྩམ་པའི་ཕྱིར། འདིར་གསུངས་པ། འཇིག་པ་མེད་པ་མི་འཇིག་ཅིང་། །གནས་པ་གནས་པར་མི་འགྱུར་ལ། །གནས་པ་མིན་པའང་མི་གནས་ཏེ། །སྐྱེས་པ་སྐྱེ་མིན་མ་སྐྱེས་པའང་། །འདིར་
གལ་ཏེ་འཇིག་པ་ཞེས་བྱ་བ་ཅུང་ཟད་ཡོད་ན། དེ་བཞིན་གཤེགས་པའི་དངོས་པོའམ། མི་འཇིག་པར་འགྱུར་ལ། དེ་ལ་རེ་ཞིག་འཇིག་པ་མེད་པ་ལ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། གང་ལས་འཇིག་པ་མེད་པ་མི་འཇིག་སྟེ། །འཇིག་པ་མེད་པ་ཞེས་བྱ་བ་འཇིག་པ་དང་

བྲལ་བ་དེ་འཇིག་པ་མེད་ལ་འཇིག་པར་འགྱུར་རོ་ཞེས་བརྗོད་པར་ཇི་ལྟར་ནུས། དེའི་ཕྱིར་འཇིག་པ་མེད་པ་མི་འཇིག་ཅིང་། །ད་ནི་ཞིག་པའང་འཇིག་པར་མི་འགྱུར་ཏེ། ཞིག་པ་ཞེས་བྱ་བ་ཡོད་བཞིན་པ་མ་ཡིན་པའོ། །དེ་ཡང་འཇིག་ཅེས་བརྗོད་
པར་ཇི་ལྟར་རུང་། ཞིག་པ་དང་མ་ཞིག་པ་དག་ལས་གཞན་དུ་རྣམ་པར་གཞག་པ་མེད་དོ། །གང་ཞིག་འཇིག་པར་འགྱུར་ཞེས་པ་ཡང་གང་གི་ཚེ་འཇིག་པ་མེད་པ་མི་འཇིག་ཅིང་ཞིག་པ་ཡང་མི་འཇིག་པ་དེའི་ཕྱིར། འཇིག་པ་མེད་དོ་ཞེས་གྲུབ་པོ། །ད་ནི་ཇི་ལྟར་གནས་པ་ཡང་མེད་
དོ་ཞེས་བསྒྲུབ་པར་བྱ་སྟེ། འདིར་འདི་དག་གནས་པར་ཡོངས་སུ་རྟོག་པ་ན། གནས་པའི་དངོས་པོའམ་མི་གནས་པའི་དངོས་པོར་ཡོངས་སུ་རྟོག །གཉི་ག་ཡང་མི་འཐད་དོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། གནས་པ་གནས་པར་མི་འགྱུར་ལ། །གནས་
པ་མེད་པའང་མི་གནས་ཏེ། །ཞེས་པ་ལ། རེ་ཞིག་གནས་པའི་དངོས་པོ་ལ་གནས་པ་མེད་དེ། གནས་པར་བྱ་བ་དང་བྲལ་བའི་དངོས་པོ་གནས་པ་ཞེས་བརྗོད་ལ། གནས་པ་ལ་གནས་པའི་བྱ་བ་དང་བྲལ་བ་མི་སྲིད་པས་དེའི་ཕྱིར་གནས་པ་གནས་པར་མི་འགྱུར་རོ། །
གནས་པ་མེད་པའང་གནས་པའི་བྱ་བ་དང་བྲལ་བའོ། །གང་ཡང་གནས་པའི་བྱ་བ་དང་བྲལ་བ་དེ་ཇི་ལྟར་གནས་པར་འགྱུར། དེའི་ཕྱིར་གནས་པ་ཡང་མེད་དོ། །ད་ནི་སྐྱེ་བ་མི་སྲིད་པར་བསྒྲུབ་པའི་ཕྱིར་གསུངས་པ། སྐྱེས་པ་སྐྱེ་མིན་མ་སྐྱེས་པའང་། །ཞེས་པ་ལ། སྐྱེས་
པ་རེ་ཞིག་མི་སྐྱེ་སྟེ། །སྐྱེ་བའི་བྱ་བ་དང་བྲལ་བའི་ཕྱིར་རོ། །མ་སྐྱེས་པའང་མི་སྐྱེ་སྟེ། །སྐྱེ་བའི་བྱ་བའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེས་ན་འདུས་བྱས་མེད་ལ། དེ་མ་གྲུབ་ན། འདུས་མ་བྱས་ཀྱང་མེད་དོ་ཞེས་གྲུབ་པོ། །གལ་ཏེ་ན་ཡང་འདུས་བྱས་སམ། འདུས་མ་བྱས་གང་ཅུང་ཟད་ཡོད་ན།
དེ་ངེས་པར་ཐ་དད་པའམ་ཐ་མི་དད་པ་ཞིག་གྲང་། གཉི་ག་ཡང་མི་འཐད་དོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། འདུས་བྱས་འདུས་མ་བྱས་པ་དག །དུ་མ་མ་ཡིན་གཅིག་མ་ཡིན། །མེད་མིན་ཡོད་མིན་ཡོད་མེད་མིན། །མཚམས་འདིར་སྣ་ཚོགས་ཐམས་

ཅད་འདུས། །རེ་ཞིག་འདུས་བྱས་དང་འདུས་མ་བྱས་དག་ཐ་དད་པར་གྲུབ་པ་མེད་ལ། གལ་ཏེ་ཡོད་ན་འདུས་བྱས་ལ་མ་ལྟོས་པར་འདུས་མ་བྱས་ཡོད་དེ། བུམ་པ་ལས་གཞན་པ་སྣམ་བུའི་རང་གི་ངོ་བོ་གྲུབ་པས་བུམ་པ་ལ་མི་ལྟོས་པ་བཞིན་ནོ། །འདུས་བྱས་ལ་
མ་ལྟོས་པར་འདུས་མ་བྱས་ཀྱི་རང་གི་ངོ་བོ་གྲུབ་པ་མི་སྲིད་ལ། ཇི་ལྟར་མི་སྲིད་པ་དེ་ལྟར་ཡང་སྔར་བསྒྲུབས་སོ། །གཞན་ཡང་འདུས་མ་བྱས་ཀྱི་སྒྲས། འདུས་བྱས་རྣམ་པར་བཅད་ནས་རང་གི་དོན་རྟོགས་པར་བྱེད་དེ། འདི་ནི་འདུས་བྱས་མ་ཡིན་ལ་འོན་ཀྱང་འདུས་
མ་བྱས་སོ་ཞེས་པའོ། །གང་གི་ཚེ་ཡང་དེ་དེ་ལྟར་ན་དེའི་ཚེ་འདུས་བྱས་ཁོ་ན་ལ་ལྟོས་ནས་འདུས་མ་བྱས་རྣམ་པར་གཞག་ལ། དུ་མ་གྲུབ་པར་མི་འཐད་དོ། །འདུས་བྱས་འདུས་མ་བྱས་དག་འགལ་བས་ཀྱང་འགལ་ཟླའི་དངོས་པོ་གཞན་ལ་མ་ལྟོས་པར་རང་ཉིད་དང་འགལ་བ་མི་
རིགས་སོ་ཞེས་བྱ་སྟེ། དེས་ན་ཡང་འདུས་བྱས་ལ་མ་ལྟོས་པར་འདུས་མ་བྱས་མི་སྲིད་དོ། །དེ་བཞིན་དུ་འདུས་བྱས་ལ་ཡང་བརྗོད་དོ་ཞེས་བྱ་སྟེ། དེ་ལྟར་ན་རེ་ཞིག་དུ་མ་འདུས་བྱས་དང་འདུས་མ་བྱས་མ་ཡིན་ནོ། །ད་ནི་གཅིག་ཉིད་ལ་ཡང་འདུས་བྱས་དང་འདུས་མ་བྱས་དག་
མེད་དེ། སྣང་བ་དང་མུན་པ་བཞིན་ཕན་ཚུན་འགལ་བར་ཁས་བླངས་པའི་ཕྱིར་དང་། མཚན་ཉིད་ཐ་དད་པར་ཁས་བླངས་པའི་ཕྱིར་དང་། གཉིས་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་འདུས་བྱས་ཞེས་བྱ་བ་ཅུང་ཟད་ཡོད་ན། དེ་ཡོད་པའམ་མེད་པའམ་ཡོད་
མེད་སྐྱེ། དེ་ལ་རེ་ཞིག་ཡོད་པ་མི་སྐྱེ་སྟེ་ཡོད་བཞིན་པའི་ཕྱིར་རོ། །མེད་པ་ཡང་མི་སྐྱེ་སྟེ་མེད་བཞིན་པའི་ཕྱིར་རོ། །ཡོད་མེད་ཀྱང་མི་སྐྱེ་སྟེ་ཕན་ཚུན་འགལ་བ་དག་གཅིག་པ་མི་སྲིད་དོ། །ཡང་ན་གལ་ཏེ་འདུས་བྱས་ཞེས་བྱ་བ་ཅུང་ཟད་ཡོད་ན། དེ་ཡོད་པའམ་མེད་པའམ་ཡོད་
མེད་དུ་ཡོད་པར་འགྱུར་ལ། དེ་ལ་རེ་ཞིག་ཡོད་པ་མ་ཡིན་ཏེ། ཡོད་པ་རྒྱུ་ལ་མི་ལྟོས་པའི་ཕྱིར་དང་། རྒྱུ་མེད་པ་ལ་ཡོད་བཞིན་པ་མེད་པའི་ཕྱིར་རོ། །ཇི་སྲིད་དུ། འཕགས་པ་ལྷས། མ་བརྟེན་ཡོད་པ་ནམ་ཡང་ནི། །འགའ་ཞིག་གང་ནའང་ཡོད་མ་ཡིན། །ནམ་ཡང་

འགའ་ཞིག་གང་ན་ཡང་། །མེད་པ་དེས་ན་རྟག་མ་ཡིན། །ཞེས་སོ། །མེད་པ་ཡང་མ་ཡིན་ཏེ། ངོ་བོ་ཉིད་མ་གྲུབ་པ་ཁོ་ནས་དངོས་པོ་མེད་པ་ཡང་མེད་པའི་ཕྱིར་རོ། །དངོས་པོ་རབ་ཏུ་མ་གྲུབ་ན། །དངོས་མེད་འགྲུབ་པར་ག་ལ་འགྱུར། །ཞེས་པའི་ཚིག་ལས་
སོ། །ཡོད་མེད་ཀྱང་མ་ཡིན་ཏེ། གཅིག་ལ་འགལ་བའི་ཆོས་གཉིས་ཀྱི་བདག་ཉིད་ཅན་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདུས་མ་བྱས་ལ་ཡང་བརྗོད་པར་བྱའོ། །འདུས་བྱས་འབའ་ཞིག་ཁོ་ན་ལ་གཅིག་དང་། གཞན་དང་། ཡོད་པ་དང་། མེད་པ་དང་། གཉི་ག་ཡང་མི་སྲིད་
པ་འཐད་པར་མ་ཟད་ཀྱི། གཞན་ཡང་ངེས་པར་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་། གཟུགས་ཅན་དང་གཟུགས་མེད་པ་དང་། བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་དང་། ཐོགས་བཅས་དང་ཐོགས་མེད་དང་། རྒྱུ་དང་འབྲས་བུ་དང་། མཚན་གཞི་དང་། མཚན་ཉིད་དང་
ཉེ་བར་ལེན་པ་དང་། ཉེ་བར་ལེན་པ་པོ་དང་། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལ་སོགས་པ་དང་དངོས་པོ་ཐམས་ཅད་ལ་ཡང་འདི་ལྟར་བརྟག་པའི་རྣམ་པར་གཞག་པ་ལས་ཤིན་ཏུ་མི་རྟོགས་ཏེ། ཇི་སྐད་དུ་སྨོས་པའི་དེ་ཉིད་དང་གཞན་ཉིད་ལ་སོགས་པའི་རྣམ་པ་ལས་
བསམས་པའི་སྒོ་ནས་དགག་པའི་ངག་གི་གོ་སྐབས་ཐོབ་པར་བྱས་པས་སོ། །དེར་འདུས་པའི་ཕྱིར་ཡང་ངེས་པར་འདུས་བྱས་དང་འདུས་མ་བྱས་ལྟར་དེ་དག་དགག་པར་རིག་པར་བྱའོ་ཞེས་གསུངས་པ། མཚམས་འདིར་སྣ་ཚོགས་ཐམས་ཅད་འདུས། །ཞེས་པ་ལ། མཚམས་
དང་ཁྲིམས་དང་དེའི་བར་དུ་ཞེས་པ་དོན་གཞན་མ་ཡིན་ནོ། །ཐམས་ཅད་ཀྱི་སྒྲ་ནི་ཟད་པར་གྱི་དོན་ཏོ། །སྣ་ཚོགས་ཀྱི་སྒྲ་ནི་རྣམ་པའི་དོན་ཏོ་ཞེས་རིག་པར་བྱའོ།། །།འདིར་སྨྲས་པ། ཇི་སྐད་དུ་སྨོས་པའི་འདུས་བྱས་ལ་སོགས་པ་རང་བཞིན་མེད་པར་བསྒྲུབ་པར་མི་ནུས་ཏེ། ལུང་
དང་འགལ་བའི་ཕྱིར། འདི་ལྟར། བླ་མ་བཅོམ་ལྡན་ལ་གནས་དང་། །ལས་ཀྱི་བདག་ཉིད་འབྲས་བུ་གསུངས། །སེམས་ཅན་རང་གི་ལས་དང་ནི། །ལས་ནི་རྣམ་པར་འཇིག་མེད་གསུངས། །མདོ་ལས་གསུངས་པ། ནོར་དང་འབྲུ་དང་ས་ལེ་སྦྲམ། །ནོར་བུའི་རྣ་

རྒྱན་བ་ལང་རྟ། །བྲན་དང་ལས་བྱེད་མངག་གཞུག་པ། །གང་ཡང་གཞག་པའི་ནོར་རྣམས་དང་། །ཅུང་ཟད་ཁྱེར་ནས་འགྲོ་མིན་ཞིང་། །ཐམས་ཅད་བོར་ནས་འགྲོ་བར་འགྱུར། །ཐ་མའི་གནས་སྐབས་མངོན་གྱུར་པ། །མི་ཡི་སྲིད་པ་སྤོང་བར་འགྱུར། །ཅི་དེ་རང་
གིས་ཅུང་ཟད་ཙམ། །བླངས་ནས་དེ་ནི་འགྲོ་བར་འགྱུར། །འདི་ཡིས་ཅི་ཞིག་མི་སྤོང་ན། །ཇི་ལྟར་གྲིབ་མ་རྗེས་འགྲོ་བཞིན། །གང་ཞིག་སྐྱེས་བུ་འདིར་བྱས་པའི། །སྡིག་པ་དང་ནི་བསོད་ནམས་གཉིས། །དེ་ནི་དེ་ཡི་རང་གིར་འགྱུར། །དེ་ཡང་བླངས་ནས་འགྲོ་བས་ན། །འདི་
དག་དེ་ཡིས་མི་སྤོང་སྟེ། །ཇི་ལྟར་གྲིབ་མ་རྗེས་འགྲོ་བཞིན། །ཇི་ལྟར་ལམ་ངན་ནས་འགྲོ་བ། །འགྲོ་བ་པོ་འདིར་སྡུག་བསྔལ་འགྱུར། །དེ་བཞིན་བསོད་ནམས་མ་བྱས་པའི། །སེམས་ཅན་ངན་འགྲོར་འགྲོ་བར་འགྱུར། །ཇི་ལྟར་ལམ་བཟངས་ནས་འགྲོ་བ། །འགྲོ་བ་
པོ་འདིར་བདེ་བས་འགྲོ། །དེ་བཞིན་འདིར་བྱས་བསོད་ནམས་ཀྱིས། །སེམས་ཅན་བདེ་འགྲོར་འགྲོ་བར་འགྱུར། །སྐྱེས་བུ་ཡུན་རིང་འདྲོན་བྱས་ནས། །རིང་ནས་དགེ་བར་འོངས་པ་ན། །གཉེན་འདུན་སྙིང་དགའ་འགྲོགས་བཤེས་རྣམས། །འདིར་འོངས་པ་ལ་མངོན་པར་བསྟོད། །
དེ་བཞིན་བསོད་ནམས་བྱས་པ་ཡི། །འཇིག་རྟེན་འདི་ནས་ཕ་རོལ་འགྲོ། །བསོད་ནམས་ཁོ་ན་མངོན་བསྟོད་དེ། །མཛའ་སྡུག་བཤེས་གཉེན་ལྟ་བུར་འོངས། །དེ་ཕྱིར་བསོད་ནམས་ཕུང་པོ་ནི། །ཕ་རོལ་འགྲོ་བ་རྣམས་ཀྱིས་བྱོས། །བསོད་ནམས་འཇིག་རྟེན་ཕ་རོལ་དུ། །སྲོག་
ཆགས་རྣམས་ཀྱིས་རབ་གནས་བརྗོད། །བསོད་ནམས་ལྷ་རྣམས་བསྔགས་པར་བྱེད། །ཞི་བའི་སྤྱོད་པའང་གང་སྤྱོད་པ། །འདིར་ཡང་སྨོད་པར་མི་འགྱུར་ཞིང་། །མཐོ་རིས་འགྲོ་ལ་རྗེས་ཡི་རང་། །ཞེས་པ་མདོ་འདིར། ནོར་དང་འབྲུ་ལ་སོགས་པ་ཆུད་ཟོས་ཀྱང་ལས་གནས་པར་
བཅོམ་ལྡན་འདས་ཀྱིས་གསུངས་སོ། །སླར་ཡང་གསུངས་པ། བསོད་ནམས་མེ་ཡིས་མི་ཚིག་ཅིང་། །རླུང་གིས་འཇིག་པའང་མ་ཡིན་ཏོ། །ཆུ་ཡིས་གཤེར་བ་མ་ཡིན་ལ། །ས་ལ་ནུབ་པར་མི་འགྱུར་རོ། །ཞེས་པ་འདིས་ཀྱང་གནས་པར་གསུངས་ལ། ཡོད་བཞིན་པ་

མ་ཡིན་པའི་ནམ་མཁའི་མེ་ཏོག་ལ་གནས་པ་ཉེ་བར་བསྟན་པ་མི་འཐད་དོ་ཞེས་བྱའོ། །དེས་ན་འདུས་བྱས་དང་འདུས་མ་བྱས་བཞིན་ཆོས་ཐམས་ཅད་མེད་པར་གནས་པར་མི་ནུས་སོ། །ལས་ཀྱི་བདག་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ།
དགེ་སློང་དག་མཐའ་གཅིག་ཏུ་གནག་པ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཡང་མཐའ་གཅིག་ཏུ་གནག་པའོ། །མཐའ་གཅིག་ཏུ་དཀར་བའི་ལས་ཀྱི་རྣམ་པར་སྨིན་པ་ཡང་མཐའ་གཅིག་ཏུ་དཀར་བའོ། །འདྲེན་མ་རྣམས་ཀྱི་འདྲེན་མའོ་ཞེས་པའི་ཚིག་ལས། གང་གི་
ལས་ཀྱི་བདག་ཉིད་རང་གི་ངོ་བོ་དེ། ལས་ཀྱི་བདག་ཉིད་ཀྱི་འབྲས་བུའོ། །ལས་ཀྱི་མེད་ན་ཡང་དེའི་རྒྱུ་དང་འབྲས་བུའི་ངེས་པར་མི་བརྗོད་པས། དེས་ན་ལས་ཡོད་པར་རིགས་ལ། དེ་ལས་དངོས་པོ་ཐམས་ཅད་གྲུབ་པོ་ཞེས་བྱའོ། །སེམས་ཅན་རང་
གི་ལས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སེམས་ཅན་མི་རྣམས་ཀྱི་རང་གི་ལས་ལ་ལས་ནི་སྦྱིན་པ་སྦྱིན་པར་བྱེད་པའོ་ཞེས་བྱ་བའི་ཚིག་ལས་ལུས་ཞིག་ན་ནོར་དང་འབྲུ་ལ་སོགས་པ་འཇོག་པར་བྱེད་ལ། ལས་ནི་འཇིག་རྟེན་ཕ་རོལ་དུ་རྗེས་སུ་འབྲང་བའི་ཕྱིར་ལས་
ཀྱང་གང་གི་རང་གི་བདེ་བ་ནི་རང་གི་ལས་སོ། །དེས་ན་ཡང་དེའི་ལས་ཡོད་ལ། སེམས་ཅན་དེའང་ཡོད་པས་དངོས་པོ་རྣམས་རང་བཞིན་མེད་པ་མ་ཡིན་ནོ་ཞེས་བྱའོ། །ལས་རྣམ་པར་འཇིག་པ་མེད་པར་ཡང་དེ་བཞིན་གཤེགས་པས་གསུངས་ཏེ། ལུས་ཅན་རྣམས་
ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་པ་རྙེད་ནས་དུས་སུ་ནི། །འབྲས་བུ་གདོན་མི་ཟ་བར་སྨིན། །ཞེས་བྱ་བ་ལ་སོགས་པས་ཀྱང་ལས་མེད་ན་ཆུད་མི་ཟ་བའི་ཚིག་རུང་བ་མ་ཡིན་ནོ། །དེའི་ཕྱིར་ལས་ཡོད་ལ་ལས་ཡོད་པའི་ཕྱིར་དངོས་པོ་
རྣམས་རང་བཞིན་དང་བཅས་པའོ་ཞེས་བྱའོ། །འདིར་སྨྲས་པ། དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ལ་ལུང་འདིས་གནོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྔར་ཉིད་དུ་དེ་ལྟ་བུ་ལ་སོགས་པའི་ལུང་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་སོ་ཞེས་བསྒྲུབས་

པ་རྗེས་སུ་གནས་སོ། །འདི་དག་ཀྱང་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས། ལས་རྣམས་རང་བཞིན་མེད་གསུངས་ཏེ། །མ་སྐྱེས་གང་དེ་ཆུད་མི་ཟ། །དེ་ལས་ཀྱང་ནི་བདག་འཛིན་མེད། །དེས་བསྐྱེད་འཛིན་པའང་རྣམ་
རྟོག་ལས། །དེ་ལ་མི་རྟག་དང་ལྡན་འདུས་བྱས་རྣམས། །ཞེས་གསུངས་པས་ན། ལས་ཀྱང་མི་རྟག་གོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་མི་རྟག་པ་དེ་ཡང་རང་བཞིན་མེད་པའོ་ཞེས་གསུངས་པར་འགྱུར་ཏེ། ངོ་བོ་ཉིད་ནི་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་
ཡང་གལ་ཏེ་རང་བཞིན་ཡོད་པ་ལ་དགོངས་ནས་ལས་ཡོད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པར་གྱུར་ན། སླར་ཡང་ལས་མི་རྟག་པར་གསུང་བར་མི་འགྱུར་ཏེ། དེ་ནི་མི་རྟག་པ་དང་རང་བཞིན་ཡོད་པ་འགལ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མ་རིག་པའི་རྐྱེན་གྱིས་
འདུ་བྱེད་དུ་གསུངས་ལ། རང་བཞིན་ཡོད་བཞིན་པ་ལ་བརྟེན་ནས་སྐྱེ་བ་འཐད་པ་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་ནི་ལས་རང་བཞིན་མེད་པ་གསལ་བར་བྱེད་པ་ཉིད་དོ་ཞེས་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ། ལས་རྣམས་རང་བཞིན་མེད་གསུངས་པ། །
ཞེས་བྱ་བ་ལ། གང་ཁོ་ནས་རང་བཞིན་མེད་པ་དེ་ཉིད་ཀྱིས་ན་མ་སྐྱེས་ལ། གང་ཡང་མ་སྐྱེས་པ་དེ་ཉིད་ཀྱིས་ན་དེ་ནི་འཇིག་པ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ལས་རྣམས་ཆུད་མི་ཟ་ཞེས་བྱ་བ་ལ་སོགས་པས་གང་ཡང་འདི་ལྟར་མི་འདོད་ན། དེ་ལས་
འདུས་བྱས་སུ་ཡང་ཁས་བླང་བར་མི་བྱ་སྟེ། འདི་དག་ཕན་ཚུན་འགལ་བའི་ཕྱིར་རོ། །གང་ཡང་འདི་ལྟར་ལས་རང་བཞིན་གྱིས་མ་སྐྱེས་ལ་དེས་ན་རང་བཞིན་མེད་པའི་ཕྱིར་རོ། །གང་ཞིག་ལས་ནི་འདི་དག་སྟེ། རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་
དྲུག་དང་རེག་པ་དང་ཚོར་བ་ཞེས་བྱ་བ་ཡན་ལག་ལྔས་རབ་ཏུ་འཇུག་པ་ནི། འཇིག་རྟེན་པས་བདག་ཏུ་མངོན་པར་རློམ་པའི་རྒྱུ་མཚན་ཏེ། དེ་ལ་བདག་གི་ཞེས་འདིར་འཛིན་པའོ་ཞེས་བྱའོ། །བདག་ཏུ་འཛིན་པའི་མིང་ཅན་དེ་ཡང་རང་བཞིན་མེད་པའི་ལས་ཀྱིས་

བསྐྱེད་པའི་ཕྱིར་རང་བཞིན་མེད་པའོ་ཞེས་གསལ་བར་ཁོང་དུ་ཆུད་པར་བྱའོ། །ཡང་ན་འདི་སྙམ་དུ་སེམས་ན། རྣམ་པར་ཤེས་པ་ལ་སོགས་པ་ཡན་ལག་ལྔ་པོ་རང་བཞིན་མེད་དེ། རང་བཞིན་མེད་པའི་ལས་ཀྱིས་བསྐྱེད་པའི་ཕྱིར་རོ་ཞེས་ཡིན་དུ་ཆུག་ན་ཡང་
གང་ཡང་བདག་ཏུ་འཛིན་པ་དང་འཛིན་པའི་མཚན་ཉིད་ཅན་འདི་ཡང་རང་བཞིན་མེད་པའི་ལས་ཀྱིས་བསྐྱེད་པའི་ཕྱིར་རང་བཞིན་དང་བཅས་པར་འགྱུར་རོ་ཞེ་ན། འདི་དག་ཀྱང་མེད་དེ། ཅིའི་ཕྱིར་ན་གང་གི་ཕྱིར། །དེས་བསྐྱེད་འཛིན་པའང་རྣམ་རྟོག་ལས། །གང་ཡང་འདི་བདག་ཏུ་སྒྲོ་བཏགས་
པས་བསྐྱེད་པའི་ངར་འཛིན་པ་དེ་ཡང་རང་བཞིན་མེད་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་མཚན་ཉིད་ཅན་གྱི་རྣམ་པར་རྟོག་པས་བསྐྱེད་པའི་ཕྱིར་རང་བཞིན་མེད་པ་ཁོ་ནའོ་ཞེས་བྱ་བ་གྲུབ་བོ། །གདོན་མི་ཟ་བར་འདི་ནི་འདི་ལྟར་ཁས་བླང་བར་བྱ་སྟེ། འདི་ལྟ་སྟེ་ལས་ནི་རང་བཞིན་མེད་པའོ་ཞེས་
གསུངས་སོ། །གཞན་དུ་ན། གལ་ཏེ་ལས་ལ་རང་བཞིན་ཡོད། །དེ་སྐྱེས་ཐེར་ཟུག་བདག་དངོས་འགྱུར། །ལས་ཀྱང་སྡུག་བསྔལ་རྣམ་སྨིན་དུ། །མི་འགྱུར་དེ་ཕྱིར་བདག་ཏུ་འགྱུར། །བདག་ཅེས་བྱ་བའི་དངོས་པོ་འདིའོ་ཞེས་བྱ་བ་རྣམ་པར་ཤེས་པ་ལ་སོགས་པའི་ཡན་
ལག་ལྔ་པོ་ཞེས་བརྗོད་དོ། །གལ་ཏེ་ལས་ལ་རང་བཞིན་ཡོད་ན་དེ་མི་རྟག་པར་མི་འགྱུར་ཏེ། རང་བཞིན་ནི་མི་འགྱུར་བའི་ཕྱིར་དང་། རྟག་པའི་ལས་ཀྱིས་བསྐྱེད་པ་ཡང་རྒྱུ་དང་འདྲ་བར་འབྲས་བུ་འཇུག་པས། རྟག་པའི་བདག་གི་དངོས་པོར་འགྱུར་ལ་རྟག་པ་ཉིད་དུ་གྱུར་
ན་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་གི་ལས་ཀྱིས་སྡུག་བསྔལ་གྱི་རྣམ་པར་སྨིན་པ་འབྱུང་བར་མི་འགྱུར་རོ། །ལས་ནི་མི་རྟག་པས་རྣམ་པར་སྨིན་པར་འབྱུང་སྟེ། གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་སྡུག་བསྔལ་གྱི་རྣམ་པར་སྨིན་པར་འགྱུར་ལ། རྟག་པར་གྱུར་ན་ལས་ལ་སྡུག་
བསྔལ་གྱི་རྣམ་པར་སྨིན་པར་མི་འགྱུར་རོ། །གང་མི་རྟག་པ་དེ་ཡང་བདག་མེད་པའོ་ཞེས་གསུངས་སོ། །གང་གི་ཚེ་ཡང་ལས་ཀྱི་འབྲས་བུ་དང་ལས་ཐེར་ཟུག་པ་ཡིན་ནམ། དེའི་ཕྱིར་བདག་ཏུ་འགྱུར་ལ། དེ་ལས་ཀྱང་ཆོས་ཐམས་ཅད་བདག་མེད་པའོ་ཞེས་སྟོན་པར་མི་

རིགས་སོ། །དེས་ན་གདོན་མི་ཟ་བར་ལས་རང་བཞིན་མེད་པར་རིག་པར་བྱའོ། །ཡང་ལས་རང་བཞིན་མེད་པའི་འཐད་པ་ཅི་ཞིག་ཏུ་རིག་པར་བྱ་ཞེ་ན། གསུངས་པ། ལས་ནི་རྐྱེན་སྐྱེས་ཡོད་མིན་ཞིང་། །རྐྱེན་མིན་ལས་སྐྱེས་ཅུང་ཟད་མེད། །འདུ་བྱེད་རྣམས་ནི་དྲི་ཟ་ཡི། །
གྲོང་ཁྱེར་སྒྱུ་མ་སྨིག་རྒྱུར་མཚུངས། །གལ་ཏེ་ལས་ཞེས་བྱ་བ་ཅུང་ཟད་ཡོད་ན། ངེས་པར་དེ་ནི་རྐྱེན་ལས་སྐྱེས་པའང་རྐྱེན་མེད་པ་ལས་སྐྱེ་བར་འགྱུར། རེ་ཞིག་གལ་ཏེ་རྐྱེན་ལས་སྐྱེ་བར་འདོད་ན། ངེས་པར་འབྲས་བུ་རྐྱེན་ལས་ཡོད་པར་འགྱུར་ལ། མ་སྐྱེས་
པ་རྐྱེན་ལ་ཡོད་པར་ནུས་པ་མ་ཡིན་ཏེ། འབྲས་བུ་མ་སྐྱེས་ན་ཡང་སའི་རྒྱུ་དང་རྐྱེན་ལ་དེའི་འབྲས་བུ་རྐྱེན་ལ་མེད་པ་ཞིག་རྐྱེན་ལས་སྐྱེ་ན། དེའི་ཚེ་རྐྱེན་མ་ཡིན་པ་ལས་ཀྱང་སྐྱེ་བར་འགྱུར་ལ་དེ་དག་ཀྱང་མེད་དོ་ཞེས་བྱ་བས་དེས་ན་རྐྱེན་ལས་སྐྱེ་བའི་ལས་ཅུང་ཟད་མེད་དོ། །རྐྱེན་མེད་
པ་ཡང་རྒྱུ་མེད་པས་འབྲས་བུ་ཅུང་ཟད་ཀྱང་མི་སྲིད་དོ་ཞེས་བྱའོ། །དེས་ན་ལས་མེད་དོ། །གང་གི་ཚེ་ལས་མེད་པ་དེའི་ཚེ་རྣམ་པར་ཤེས་པ་ལ་སོགས་པ་མེད་པར་གྱུར་པས་ཉེ་བར་ལེན་པ་མེད་པས་ཉེ་བར་ལེན་པ་པོ་ཡང་མེད་དོ་ཞེས་བྱ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་
ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བར་འགྱུར་ཏེ། རང་བཞིན་ཁས་མ་བླངས་ན་ཐམས་ཅད་ལེགས་པར་གནས་པར་འགྱུར་རོ། །གལ་ཏེ་དངོས་རྣམས་རང་བཞིན་མེད་པའོ། །ཞེས་འཆད་ན། འོ་ན་དེ་ལྟར་གྱུར་ན་དངོས་པོ་ཐམས་ཅད་མེད་དོ་ཞེས་བྱ་བ་ཐོབ་པར་
འགྱུར་རོ། །སྨྲས་པ། རང་བཞིན་མེད་པའི་དོན་ནི་མེད་པའི་དོན་མ་ཡིན་ཏེ། འོན་ཀྱང་འཁྲུལ་བའི་དོན་ཏེ། བརྫུན་ཞིང་སླུ་བའི་ཆོས་ཅན་ཉིད་ཀྱི་དོན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་འདི་དག་རང་བཞིན་མེད་པའི་དོན་ཏོ་ཞེས་བྱ་བ་དུ་མར་བསྒྲུབས་པས་མང་པོས་ཅི་
ཞིག་བྱ། དོན་འདི་ཡང་དཔེས་ཡོངས་སུ་གསལ་བར་བྱེད་པ་གསུངས་པ། འདུ་བྱེད་རྣམས་ནི་དྲི་ཟ་ཡི། །གྲོང་ཁྱེར་སྒྱུ་མ་སྨིག་རྒྱུར་མཚུངས། །ཞེས་བྱ་བ་ལ་འདི་ལྟར་ཡུལ་དང་དུས་སུ་རྣམ་པར་ལྟ་བའི་དབང་པོ་ཕྱིན་ཅི་ལོག་གི་རྐྱེན་ལས་སྐྱེས་པ་ཁང་པ་དང་།

སྐྱེད་མོས་ཚལ་དང་། ཤིང་དང་། ལྡུམ་ར་དང་། ཁང་བཟངས་དང་། བ་གམ་དང་། ཕྱུགས་ལྷས་ལ་སོགས་པས་ཉེ་བར་མཛེས་པ་འཁྲུལ་པས་གྲོང་ཁྱེར་རང་བཞིན་དུ་དམིགས་ལ། ཡང་དག་པའི་གྲོང་ཁྱེར་གྱི་རྣམ་པ་བྱིས་པའི་སྐྱེ་བོ་གྲོང་ཁྱེར་
དུ་མངོན་པར་རློམ་པ་འབྱུང་བའི་རྒྱུ་མཚན་ཅན་བརྫུན་པ་སླུ་བའི་ཆོས་ཅན་ནོ། །ཇི་ལྟར་ཡང་སྒྱུ་མའི་རྣམ་པ་སྟོན་པའི་ནུས་པ་དང་ལྡན་པའི་སྒྱུ་མའི་མཁན་པོའི་སྔགས་ཀྱི་སྦྱོར་བས། གླང་པོ་དང་། སྟག་དང་། མ་ཧེ་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པའི་དངོས་པོ་ཡང་
དག་པའི་བུད་མེད་ལ་སོགས་པའི་རང་བཞིན་དང་བྲལ་བར་གནས་ཀྱང་བྱིས་པ་རྣམས་བུད་མེད་ལ་སོགས་པའི་མངོན་པར་རློམ་པ་འབྱུང་བའི་རྒྱུ་མཚན་ཅན་བརྫུན་པ་སླུ་བའི་ཆོས་ཅན་ལ་རྨོངས་པའི་སྐྱེ་བོས་ཆགས་པའོ། །ཇི་ལྟར་ཡུལ་དང་དུས་དང་གནས་སྐབས་ཁྱད་པར་ཅན་
གཞན་ཐོབ་པའི་ཉི་མ་ལ་བརྟེན་པའི་ཚ་བས་ཕྱོགས་སུ་ཤིན་ཏུ་ཕོག་པ་ལས་འབབ་པར་མཐོང་བས་ཕྱིན་ཅི་ལོག་ཐོབ་པས་ཡང་དག་པའི་ཆུའི་རྣམ་པ་ཅན། ཆུའི་རང་བཞིན་གྱིས་སྟོང་པ་ཡང་སྨིག་རྒྱུ་ཉེ་བར་དམིགས་པའོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལ་སོགས་པའི་དངོས་
པོ་རྣམས་རང་རང་གི་རྒྱུ་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་ཉེ་བར་དམིགས་པ་རྣམས་རང་བཞིན་དང་བྲལ་བ་ཉིད་ཉེ་བར་དམིགས་པ་སྟེ། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་བཞིན་དུ་བརྟེན་ནས་འབྱུང་བའི་ཕྱིར་རོ་ཞེས་བྱའོ། །འདིར་ཁ་ཅིག་བརྩད་པ། དྲི་ཟིའི་གྲོང་ཁྱེར་ནི་རྩྭ་དང་
ཤིང་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁང་པ་དང་སྐྱེད་མོས་ཚལ་ལ་སོགས་པའི་ཚུལ་གྱིས་སྣང་ལ། དེ་ན་ཁང་པ་དང་སྐྱེད་མོས་ཚལ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མེད་དོ་ཞེས་བྱའོ། །དེའི་ཕྱིར་དཔེ་འདི་ནི་སྟོང་པ་ཉིད་བསྒྲུབ་པར་ནུས་པ་
མ་ཡིན་ཏེ། རྩྭ་དང་ཤིང་ལ་སོགས་པ་དེ་ལ་ཡོད་པའི་ཕྱིར་ཞེས་བྱའོ། །དེ་ལ་ལྟོས་ནས་སྨྲས་པ། གང་ཉེ་བར་དམིགས་པའི་ཁང་པ་དང་སྐྱེད་མོས་ཚལ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ནོ། །ཁང་པ་དང་སྐྱེད་མོས་ཚལ་ལ་སོགས་པ་བཞིན་དུ་རྩྭ་དང་ཤིང་ལ་

སོགས་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བར་མི་འགྱུར། དེའི་ཕྱིར་ཁང་པ་ལ་སོགས་པ་ཡང་ཉེ་བར་དམིགས་པའི་ཕྱིར། རྩྭ་དང་ཤིང་ལ་སོགས་པ་བཞིན་རྟེན་ཅིང་འབྲེལ་པར་འབྱུང་བར་འཐད་དོ། །གཞན་ཡང་གང་གི་ཚེ་དེ་བཞིན་གཤེགས་པ་ནམ་མཁའི་ཕྱོགས་
ཉིད་དུ་སྤྲུལ་པ་སྟོང་སྟོན་པར་མཛད་ལ། དེའི་ཚེ་རྩྭ་དང་ཤིང་ལ་སོགས་པ་ཡོད་པར་ག་ལ་རྟོག །དེའི་ཕྱིར་གང་ཉེ་བར་དམིགས་པ་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཉེ་བར་དམིགས་པའོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་ཡང་འཇིག་རྟེན་པས་ཁ་ཅིག་ནི་བདེན་
པའི་རང་བཞིན་དུ་རྟོག་ལ། ཁ་ཅིག་ནི་མི་བདེན་པའི་རང་བཞིན་དུའོ། །དེ་ལ་དྲི་ཟའི་གྲོང་ཁྱེར་དང་སྒྱུ་མ་དང་སྨིག་རྒྱུ་དང་སྤྲུལ་པ་དང་ཆུ་ཟླ་དང་མགལ་མེའི་འཁོར་ལོ་དང་གཟུགས་བརྙན་དང་སྣང་བརྙན་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་མི་བདེན་པར་མངོན་པར་འདོད་པས། བདེན་པར་
མངོན་པར་འདོད་པའི་བདེན་པར་མངོན་པར་ཞེན་པ་བཟློག་པའོ་ཞེས་རིགས་སོ། །གང་ཡང་ཕ་རོལ་པོས་སྨོས་པའི་སྐྱོན་སེལ་བར་འདོད་པས། ཇི་ལྟར་རྩྭ་དང་ཤིང་ལ་སོགས་པའི་རང་བཞིན་དང་བྲལ་བ་གླང་པོ་ཆེ་ལ་སོགས་པའི་ཚུལ་དུ་སྣང་ལ། དེ་བཞིན་དུ་རྣམ་པར་ཤེས་པ་ལ་སོགས་པ་ཡང་རྣམ་
པར་ཤེས་པ་ལ་སོགས་པའི་རང་བཞིན་དང་བྲལ་བ་རྣམ་པར་ཤེས་པ་ལ་སོགས་པའི་ཚུལ་དུ་སྣང་ངོ་ཞེས་སྨྲ་བ་ནི། གླང་པོ་ལ་སོགས་པ་རྟོག་པ་དང་བྲལ་བ་ལ། རྩྭ་དང་ཤིང་ལ་སོགས་པ་ཇི་ལྟ་བར་ཡོད་པ་ལྟར་གླང་པོ་ཆེ་ལ་སོགས་པ་ཡང་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལ་སོགས་པ་
ལ་ཡང་དེའི་ཆ་ཤས་གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བས་དེ་ནི་རྩྭ་དང་ཤིང་ལ་སོགས་པ་བཞིན་དུ་ཡོད་པའི་ཕྱིར་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་ཤེས་པའི་ངོ་བོ་ལ་སྒྲོ་བཏགས་པའི་རང་བཞིན་ཡང་བསལ་བཞིན་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་གྲུབ་
བོ་ཞེས་བྱ་བར་ཐོབ་པར་འགྱུར་རོ། །དེས་ན་རྣམ་པར་རིག་པར་སྨྲ་བའི་རྗེས་སུ་མཐུན་པ་བརྗོད་པར་འདི་འགྱུར་ལ། དབུ་མར་སྨྲ་བའི་རྗེས་སུ་མཐུན་པར་བརྗོད་པ་ནི་མ་ཡིན་ནོ། །ཡང་ན་རྨི་ལམ་མཐོང་བའི་རྗེས་སུ་འཇུག་པས་ཁས་བླང་པར་མི་བྱ་སྟེ། དེའི་ཚེ་

རྟེན་ཅིང་འབྲེལ་བར་འབྱུང་བའི་གཏན་ཚིགས་ཉིད་རྣམ་པར་རིག་པར་སྨྲ་བ་ལ་ལྟོས་ནས་རྗེས་སུ་མི་མཐུན་པ་མེད་པའི་ཕྱིར་དང་། འགལ་བའི་ཕྱིར་ཡང་དངོས་པོ་རྣམས་རང་བཞིན་མེད་པར་སྒྲུབ་པ་ལ་ལྟོས་ནས་ནུས་པ་མེད་པ་ཉིད་དུ་ཁོང་དུ་ཆུད་པར་བྱས་པ་གཞན་
གྱིས་སྨྲས་པའི་སྐྱོན་སྤངས་སོ་ཞེ་ན། དེ་ལྟར་བཤད་པ་འདི་མི་རུང་སྟེ། དེ་ནི་འདི་ལྟར་སྨོས་པའི་རིག་པས་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། དངོས་པོ་རྣམས་རང་བཞིན་མེད་པའོ་ཞེས་གནས་པས་ཡང་གདོན་མི་ཟ་བར་འདི་དག་
ཁས་བླང་བར་བྱ་སྟེ། འདུ་བྱེད་དྲི་ཟའི་གྲོང་ཁྱེར་དང་མཚུངས་ཞེས་གསུངས་སོ། །ཅིའི་ཕྱིར་ན། གང་གི་ཕྱིར་རང་བཞིན་དང་བཅས་པར་གྱུར་ན། འདི་དག་རྟེན་ཅིང་འབྲེལ་པར་འབྱུང་བར་མི་འགྱུར་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཡོད་པས། གང་གི་ཕྱིར། ལས་
ནི་ཉོན་མོངས་རྒྱུ་མཚན་ཅན། །ཉོན་མོངས་འདུ་བྱེད་ལས་བདག་ལས། །ལུས་ནི་ལས་ཀྱི་རྒྱུ་མཚན་ཅན། །གསུམ་ཀ་ངོ་བོ་ཉིད་ཀྱིས་སྟོང་། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ་ཞེས་བྱ་བས་ལས་ནི་ཉོན་མོངས་པའི་རྒྱུ་མཚན་ཏེ་ཉོན་མོངས་པ་འདི་རྒྱུར་བྱས་པས།
ཉོན་མོངས་ལས་བདག་ལས་ནི་འདུ་བྱེད་རྣམས་ཏེ། ལས་དང་ཉོན་མོངས་པ་ལས་གང་ཞིག་རྣམ་པར་ཤེས་པ་ལ་སོགས་པའི་བདག་ཉིད་པས། རྣམ་པར་ཤེས་པ་ལ་སོགས་པ་དེ་རྣམས་འདུ་བྱེད་ཀྱི་ལས་དང་ཉོན་མོངས་པའི་བདག་ཉིད་དེ་མ་རིག་པ་དང་འདུ་བྱེད་ཀྱིས་
བསྐྱེད་པའི་ཕྱིར། དེ་རྣམས་ཀྱང་འདིར་འདུ་བྱེད་ཡོངས་སུ་རྫོགས་པའི་སྐྱེ་མཆེད་དྲུག་གི་གནས་སྐབས་ཀྱིས་ལུས་ཐོབ་པའི་རྒྱུ་མཚན་དུ་འགྱུར་རོ་ཞེས་བྱ་སྟེ་ཐ་དད་པའི་ལུས་འཛིན་པའོ། །ལུས་དེ་ཡང་འདུ་བྱེད་བཞིན་དུ་ལས་དང་ཉོན་མོངས་པའི་རྒྱུ་ཅན་ཁོ་ནའོ་ཞེས་བྱས་ནས། གཅིག་
གིས་ཀྱང་ཉེ་བར་མཚོན་ནས་ལས་ཀྱི་རྒྱུ་མཚན་ཅན་གྱི་ལུས་ཞེས་བྱའོ། །དེ་ལས་ཀྱང་དེ་དག་གི་ལས་དང་དེའི་འབྲས་བུ་ལུས་པོ་སྟེ། གསུམ་པོ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ལ། དེས་ན་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་བཞིན་དུ་འདི་དག་གསུམ་ཡང་ངོ་བོ་ཉིད་

ཀྱིས་སྟོང་པའོ། །འདིར་སྨྲས་པ། ལས་ཡོད་པ་ཉིད་དེ། དེའི་བྱེད་པ་པོ་ཡོད་པའི་ཕྱིར་རོ། །འདིར་ལས་ཀྱི་བྱེད་པ་པོ་ཉེ་བར་བསྟན་པ། མ་རིག་པའི་རྗེས་སུ་འགྲོ་བའི་གང་ཟག་འདི་ནི་བསོད་ནམས་ཀྱི་མངོན་པར་འདུ་བྱེད་པ་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་ལ་སོགས་པས་དེ་ནས་
བྱེད་པ་པོ་ཡོད་པའི་ཕྱིར་ལས་ཡོད་པ་འབྲས་བུ་ཡང་འབྱུང་བར་འགྱུར་རོ། །འབྲས་བུ་ཡོད་ན་གདོན་མི་ཟ་བར་དེ་ལ་ལོངས་སྤྱོད་པ་པོ་ཡོད་ལ། དེའི་ཕྱིར་ལས་དང་བྱེད་པ་པོ་དང་དེའི་འབྲས་བུ་དང་དེ་ལ་ལོངས་སྤྱོད་པ་པོ་རྣམས་ཡོད་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་
རང་བཞིན་ཡོད་པ་ཉིད་དོ་ཞེ་ན། སྨྲས་པ། གལ་ཏེ་ལས་ཡོད་ན་དེའི་ཚེ་དེའི་བྱེད་པ་པོ་ལ་སོགས་པ་ཡོད་ལ། གང་གི་ཚེ་ཡང་ཇི་སྐད་དུ་སྨོས་པའི་རིགས་པས་ལས་མེད་པར་བསྒྲུབས་པས་དེའི་ཚེ་ན། ལས་མེད་གྱུར་ན་བྱེད་པོ་མེད། །དེ་ཉིད་མེད་པས་འབྲས་བུ་མིན། །
དེ་མེད་ཉེ་བར་སྤྱོད་པ་མེད། །དེས་ན་དངོས་པོས་དབེན་པ་ཡིན། །གང་གི་ཚེ་རྐྱེན་ལས་སྐྱེས་པས་ལས་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་འདིས་ལས་མེད་པ་ཉིད་དུ་བསྒྲུབས་ལ། དེའི་ཚེ་ལས་མེད་པར་གྱུར་ན། སུའི་བྱེད་པ་པོར་ཡོངས་སུ་རྟོག་པར་བྱེད། བྱེད་པ་པོ་དང་ལས་
མེད་ན། རྒྱུ་མེད་པའི་འབྲས་བུ་ག་ལ་ཞིག །འབྲས་བུ་མེད་ན་ཡང་སུའི་ལོངས་སྤྱོད་པ་པོར་ཡོངས་སུ་རྟོག་པར་བྱེད་ཅེས་བྱ་བས། དེས་ན་ལས་ལ་སོགས་པ་མེད་པས་རྣམ་པར་དབེན་པ་སྟེ་ཐམས་ཅད་སྟོང་ངོ་ཞེས་བྱ་བ་གྲུབ་བོ། །འདིར་སྨྲས་པ། སླར་ཡང་དེ་ལྟར་
འབད་པ་ཆེན་པོས་སྟོང་པ་ཉིད་དུ་བསྒྲུབས་པར་གྱུར་པས། ཁྱོད་ལ་འབྲས་བུ་ཅི་ཞིག །ཇི་སྲིད་དུ་ལས་དང་འབྲས་བུ་ལ་སྐུར་པ་འདེབས་པ་ན། ལོག་ལྟའི་གང་ཟག་སྤྱོད་པ་བཟང་པོ་ཡང་མི་འདོད་པའི་འབྲས་བུ་སྟེར་བར་བཅོམ་ལྡན་འདས་ཀྱིས་གསུངས་ལ། ཤི་ནས་
ཀྱང་དམྱལ་བར་སྐྱེ་བར་གསུངས་སོ། །དེས་ན་འདིར་ཤིན་ཏུ་འབད་པ་ཆེན་པོས་དོན་མ་ཡིན་པ་སྒྲུབ་པར་བྱེད་པས་ཞོག་ཤིག །སྨྲས་པ། གང་ཞིག་ལས་སྟོང་པའི་དོན་ནི་ལས་མེད་པའི་དེ་ལ་ཇི་སྐད་སྨོས་པའི་ཉེས་པར་འགྱུར་ལ། གང་ཡང་རང་བཞིན་དང་བྲལ་བའི་ཕྱིར་

ལས་སྟོང་པའོ་ཞེས་ཁོང་དུ་ཆུད་པ་དེ་ནི། ལས་ནི་སྟོང་པར་ཡང་དག་པར། །ཤེས་ན་དེ་ཉིད་མཐོང་བའི་ཕྱིར། །ལས་མི་འབྱུང་སྟེ་དེ་མེད་ན། །ལས་ལས་འབྱུང་གང་མི་འབྱུང་ངོ་། །གང་ཞིག་ལས་རང་བཞིན་མེད་པའོ་ཞེས་ཁོང་དུ་ཆུད་ན།
དེས་ནི་ལས་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་དུ་ཡོངས་སུ་ཤེས་པར་འགྱུར་རོ། །ལས་དེ་ཡང་མ་རིག་པའི་རྐྱེན་གྱིས་འདི་ནི་བདེན་པའོ་ཞེས་མངོན་པར་ཞེན་པ་སྟེ། ལས་རང་བཞིན་མེད་པའི་ཕྱིར་རང་བཞིན་མེད་པ་ལ་འབྲས་བུ་མི་འདོད་དོ། །དེས་ན་དེས་སྐུར་པ་བཏབ་
ནས་ལོག་ལྟ་ཐོབ་པ་མ་ཡིན་ལས་ཀྱང་རང་བཞིན་མེད་པར་རྟོག་པས་འདི་དག་བདེན་པར་མངོན་པར་ཞེན་པ་སྤོང་ལ། ལས་ལ་མ་ཆགས་པས་སླར་ཡང་ལས་མི་རྩོམ་མོ། །ལས་མ་བརྩམས་པར་གྱུར་ན་ལས་ཀྱི་རྒྱུ་ཅན་འབྲས་བུ་ལོག་གོ། །ལས་ཀྱི་འབྲས་བུ་འཁོར་བ་
ལས་ལོག་ན་ངེས་པར་འདི་ནི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ་ཞེས་བྱ་སྟེ། དེ་ལྟར་དེ་ཁོ་ན་ཉིད་མཐོང་བས་ལས་ཡང་དག་པར་ཤེས་པ་སྟེ་རང་བཞིན་གྱིས་སྟོང་པར་རྟོག་པའོ། །དེ་ཁོ་ན་ཉིད་མཐོང་བས་མ་རིག་པ་སྤོང་ལ། མ་རིག་པ་སྤངས་ན་རྒྱུ་མེད་པས་
ལས་མི་འབྱུང་ངོ་། །དེར་ལས་མེད་ན་གང་ཞིག་ལས་ལས་འབྱུང་བ་རྣམ་པར་ཤེས་པ་ལ་སོགས་པ་དེ་ལ་མི་འབྱུང་ངོ་། །རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱང་སྐྱེ་བ་མེད་པར་གྱུར་ན་མྱ་ངན་ལས་འདས་པ་གྲུབ་པོ་ཞེས་བྱ་སྟེ། རིགས་པ་དེས་སྐྱེས་བུ་མངོན་པར་རློམ་པས་གནས་
པ་ལ། རང་དང་གཞན་གྱི་དོན་སྒྲུབ་པ་ལ་མཁས་པས། ལས་རང་བཞིན་མེད་པར་སྒྲུབ་པའི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་ཇི་ལྟར་བསྒྲུབས་པའི་རིགས་པས་ལས་རང་བཞིན་མེད་པ་ཉིད་དུ་རྣམ་པར་འཇོག་ན། གང་ཞིག་འདི་དག་ལས་ལས་སྐྱེས་པའི་སེམས་
ཅན་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་དེ་ཡང་མི་འཐད་ལ། གང་ཡང་ལས་དང་བྱེད་པ་པོ་ཉེ་བར་བསྟན་པ་འདི་ཡང་ཐོབ་པར་མི་འགྱུར་རོ། །རང་བཞིན་མེད་པའི་དྲི་ཟའི་གྲོང་ཁྱེར་ལ་སོགས་པས། འདི་ལྟར་རྣམ་པ་སྣ་ཚོགས་པའི་འབྲས་བུ་སྒྲུབ་པ་དང་བྱེད་པ་པོ་ཡོད་

བཞིན་པ་ཡང་མི་འཐད་དོ་ཞེས་སོ། །འོ་ན་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་དོན་ཀྱང་རྣམ་པར་ཤེས་པ་རང་གི་དམིགས་པ་ལ་དམིགས་པའི་དངོས་པོར་བསྒྲུབ་བཞིན་པས་ན། སེམས་དང་སེམས་ལས་བྱུང་བ་རྣམས་སྒྲུབ་པར་བྱེད་པ་པོར་འགྱུར་ཏེ། རང་རང་གི་རྒྱུ་དང་རྐྱེན་ལ་
བརྟེན་ནས་སྐྱེ་བཞིན་པས་བྱེད་པ་པོ་ཡོད་བཞིན་པར་འགྱུར་རོ། །སྨྲས་པ། གལ་ཏེ་ཡང་རྣམ་པར་ཤེས་པའི་དམིགས་པ་ཉིད་དུ་བསྒྲུབས་ན། དེ་ལྟ་ན་ཡང་འཁྲུལ་པ་འཁྲུལ་པའི་རྒྱུ་ཉིད་དུ་བསྒྲུབས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་མ་འཁྲུལ་བས་དེའི་ཕྱིར་མི་བདེན་པ་བདེན་
པའི་རྒྱུར་མི་འགྱུར་བ་ཉིད་ལ། མི་བདེན་པ་ཡང་མི་བདེན་པའི་མ་ཡིན་ནོ་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པ་ཡང་མི་བདེན་པ་ཉིད་དུ་འདོད་ལ། དེ་ལྟ་ན་ཡང་རང་བཞིན་མེད་པ་ཡང་རང་བཞིན་མེད་པའི་འབྲས་བུ་རྫོགས་པར་བྱེད་པ་པོ་ཉིད་དུ་གསལ་བར་བྱེད་པ་ཤིན་ཏུ་གསལ་བར་
དཔེར་ཉེ་བར་བསྟན་པས་གསུངས་པ། ཇི་ལྟར་བཅོམ་ལྡན་དེ་བཞིན་གཤེགས། །རྫུ་འཕྲུལ་གྱིས་ནི་སྤྲུལ་པ་སྤྲུལ། །སྤྲུལ་པ་དེ་ཡིས་སླར་ཡང་ནི། །སྤྲུལ་པ་གཞན་ཞིག་སྤྲུལ་པར་འགྱུར། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་སེམས་ཅན་
གྱི་བྱེ་བྲག་འགའ་ཞིག་ནི་ཆོས་རྣམས་ཀྱི་རང་བཞིན་ཇི་ལྟ་བ་དེ་ལྟར་རྟོགས་པའི་ཕྱིར་རམ། ཇི་ལྟར་འདས་པའི་སངས་རྒྱས་ཐམས་ཅད་གཤེགས་པ། དེ་ལྟར་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །དེ་བཞིན་དུ་སྡེ་པ་གཞན་གྱི་གཞུང་ལས། འོག་མིན་
ཁོ་ནར་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་དུ་མངོན་པར་རྟོགས་པའོ། །དེ་ཡང་གཙོ་བོ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་སྤྲུལ་པ་སྤྲུལ་ནས་འཛམ་བུའི་གླིང་དུ་མངོན་པར་བྱང་ཆུབ་པ་སྟོན་པར་བྱེད་དོ། །སྤྲུལ་པའི་མངོན་པར་བྱང་ཆུབ་དེ་ཡང་ཡང་དག་པའི་དེ་བཞིན་གཤེགས་
པ་དང་མཐུ་མཉམ་པས་དགོས་པའི་དབང་གིས་སྤྲུལ་པ་གཞན་སྟོན་པར་མཛད་དེ། དེ་ཉིད་ཀྱིས་ན་གསུངས་པ། མ་སྐྱེས་གནས་པ་མེད་པ་ཡི། །འདི་ནི་ཆོས་ཀྱི་དབྱིངས་དང་མཚུངས། །མངལ་དུ་འཇུག་པ་སྟོན་པ་ཡང་། །འདི་དག་འཇིག་རྟེན་རྗེས་འཇུག་ཕྱིར། །

ཞེས་གསུངས་སོ། །འཛམ་བུའི་གླིང་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཡང་དག་པའི་དེ་བཞིན་གཤེགས་པ་ཡིན་དུ་ཆུག་ན་ཡང་། དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་པའི་མཐུ་མངའ་བས། སྤྲུལ་པ་སྤྲུལ་ནུས་པའི་
ནུས་པ་ཅན་ཉིད་དེ། བསམས་བཞིན་དུ་རྣམ་པ་དེ་ལྟ་བུའི་སྤྲུལ་པ་སྤྲུལ་ལ། གང་ཞིག་སྤྲུལ་པ་ལས་སྤྲུལ་པ་གཞན་ཡང་འཇུག་པར་མཛད་དོ། །དེ་ལ་དེ་བཞིན་གཤེགས་སྟོང་སྤྲུལ། །སྤྲུལ་པས་སྤྲུལ་པ་སྨོས་ཅི་དགོས། །གཉིས་པོ་མིང་ཙམ་ཡོད་པ་ཡང་། །གང་ཅི་རུང་
སྟེ་རྟོག་པ་ཙམ། །གང་འདིར་ཡང་དག་པའི་དེ་བཞིན་གཤེགས་པས་སྤྲུལ་པའི་སྤྲུལ་པ་དེ་ཉིད་རེ་ཞིག་སྟོང་པ་སྟེ་དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བའོ། །ཅི་འོན་ཏེ་གང་སྤྲུལ་པའི་སྤྲུལ་པ་ཐེ་ཚོམ་མེད་པར་འདི་ནི་དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བ་ཡིན་གྱི།
སྤྲུལ་པ་འདི་ཡང་རྣམ་པ་ཐམས་ཅད་ཀྱིས་མེད་དོ་ཞེས་བརྗོད་པར་མི་ནུས་ཏེ། དེ་དག་ཉེ་བར་དམིགས་བཞིན་པའི་ཕྱིར་རོ་ཞེས་གསུངས་པ། གཉིས་པོའི་མིང་ཙམ་ཡོད་པ་ཡང་། །གང་ཅུང་ཟད་དེ་རྟོག་པ་ཙམ་ཞེས་བྱ་བ་སྙིང་པོ་དང་བྲལ་བ་སྟེ་རང་བཞིན་དང་བྲལ་བ་ཞེས་བྱ་བའི་
དོན་ཏོ། །སླར་ཡང་ཇི་ལྟར་དེ་ཡོད་ཅེ་ན། གསུངས་པ་རྟོགས་པ་ཙམ་ཞེས་བྱ་བ་ལ་ཡོངས་སུ་བརྟགས་པ་ཙམ་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པ་ཙམ་བརྫུན་པ་སླུ་བའི་ཆོས་ཅན་ཙམ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་དེ་དག་གི་རང་བཞིན་མེད་ལ། གལ་ཏེ་ཡང་འཁྲུལ་བ་
ཙམ་དུ་ཡང་དམིགས་པ་མེད་དོ་ཞེས་བྱ་བར་གྱུར་ན་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་གནོད་པར་ཡང་འགྱུར་ཏེ། རི་བོང་གི་རྭ་བཞིན་ཉེ་བར་དམིགས་པར་ཡང་མི་འགྱུར་ལ། འབྲས་བུ་གཞན་སྒྲུབ་པར་བྱེད་པར་མི་འགྱུར་ཏེ། འདི་ཐམས་ཅད་ཀྱང་ཡོད་པས་དེས་ཕྱིར་རྟོག་པ་ཙམ་སྟེ།
ཀུན་རྫོབ་ཙམ་དུ་དེ་དག་ཡོད་དོ་ཞེས་རྣམ་པར་གཞག་གོ། །དེ་ཡང་གང་རང་བཞིན་མེད་པ་མཐོང་བ་དེ་ནི་དོན་དམ་པ་མཐོང་ལ་ངོ་བོ་མི་དམིགས་པས་ཀྱང་དེ་ལ་མི་བདེན་པ་ལས་སྐྱེས་པ་ལ། སྲེད་པ་ཟད་པས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ནི་འདི་ལྟར་བརྫུན་པར་མཐོང་པ་

ནི་ཉོན་མོངས་པའི་རང་བཞིན་མཐོང་བས་རྣམ་པར་གྲོལ་ལོ་ཞེས་གནས་སོ། །ཇི་ལྟར་ཡང་དེ་བཞིན་གཤེགས་པའི་སྤྲུལ་པ་རང་བཞིན་མེད་པ་ལས་གཞན་རང་བཞིན་མེད་པ་དེ་བཞིན་གཤེགས་པའི་རྣམ་པ་ཅན་གྱི་སྤྲུལ་པ་མཐའ་ཡས་པས་རྣམ་པ་སྣ་ཚོགས་པའི་བྱ་བ་སྒྲུབ་པ་རུང་
བ་རབ་ཏུ་འཇུག་པས། དེ་བཞིན་བྱེད་པོ་སྤྲུལ་པར་མཚུངས། །ལས་ནི་སྤྲུལ་པས་སྤྲུལ་དང་མཚུངས། །རང་བཞིན་གྱིས་སྟོང་གང་ཅུང་ཟད། །ཡོད་པ་དེ་དག་རྟོག་པ་ཙམ། །ཇི་ལྟར་དེ་བཞིན་གཤེགས་པས་སྤྲུལ་པ་ལྟ་བུའི་ལས་ཀྱི་བྱེད་པ་པོ་མ་རིག་པའི་རྗེས་སུ་འབྲང་བའི་
གང་ཟག་ནི། དེ་བཞིན་གཤེགས་པས་སྤྲུལ་པ་བཞིན་དུ་རང་བཞིན་མེད་ལ་འདི་ཡང་རྟོག་པ་ཙམ་སྟེ། ཀུན་རྫོབ་ཙམ་བརྫུན་པ་སླུ་བའི་ཆོས་ཅན་བྱིས་པའི་སྐྱེ་བོ་སླུ་བ་ཙམ་རྨོངས་པའི་སྐྱེ་བོ་ཆགས་པ་ཙམ་དུ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་ལས་དེ་རང་བཞིན་
མེད་པའི་བྱེད་པ་པོས་བསྐྱེད་ལ། དེ་ཡང་རང་བཞིན་མེད་པ་ཉིད་དུ་ཡོད་པས། འགྲོ་བ་སྣ་ཚོགས་པ་བསྐྱེད་པར་ནུས་པར་འགྱུར་རོ། །འདིར་སྨྲས་པ། འདི་ནི་མི་རིགས་ཏེ། དཔེ་དང་དོན་དག་མི་འདྲ་བའི་ཕྱིར་རོ། །དཔེ་ནི་ཡང་དག་པའི་དེ་བཞིན་གཤེགས་པ་
ཡོད་ལ། དེའི་ཕྱིར་ཡང་དག་པ་ལས་ཡང་དག་པ་མ་ཡིན་པའམ། ཡང་དག་པའི་སྤྲུལ་པ་འབྱུང་བར་འགྱུར་རོ་ཞེས་རིགས་སོ། །འདིར་ཡང་དག་པའི་དངོས་པོ་མེད་ན་གང་ཞིག་སྤྲུལ་ནུས་པའི་བྱེད་པ་པོ་འཇུག་པའི་རྒྱུ་མཚན་ཉིད་དུ་རྟོགས་པར་བྱེད་དེ། དེའི་ཕྱིར་དཔེ་དང་
མི་འདྲའོ། །སྨྲས་པ། གང་འདིར་ཡང་དག་པའི་དེ་བཞིན་གཤེགས་པ་ཡོད་དོ་ཞེས་མངོན་པར་འདོད་ན། དེ་བྱེད་པ་པོར་གྱུར་པའམ་ལས་སུ་གྱུར་པའི་ཡང་དག་པ་ཉིད་དུ་ཡོངས་སུ་རྟོགས། གལ་ཏེ་རེ་ཞིག་བྱེད་པ་པོར་གྱུར་པར་ཡོངས་སུ་རྟོགས་ན། དེ་ཡང་།
ཡང་དག་པའི་དེ་བཞིན་གཤེགས་པའི་རང་བཞིན་མ་ཡིན་ཏེ། བྱེད་པ་པོའི་ཕྱིར་སྤྲུལ་པའི་བྱེད་པ་པོ་དེ་བཞིན་གཤེགས་པའི་སྤྲུལ་པ་བཞིན། ཡང་ན་ལས་སུ་གྱུར་པས་ཡང་དག་པར་ཡོངས་སུ་རྟོགས་ན། དེ་ལྟ་ན་ཡང་སྤྲུལ་པ་ནི་སྤྲུལ་པས་སྤྲུལ་པ་བཞིན་འདི་ལ་

ཡང་དག་པར་བརྗོད་པར་རིགས་པ་མ་ཡིན་ནོ། །ངེས་པར་དེ་བཞིན་གཤེགས་པ་ཡང་མེད་དམ་ཅི་ཞེ་ན། སུ་ཞིག་འདི་སྐད་དུ་ཡོད་པའམ་མེད་དོ་ཞེས་སྨྲ། གང་ཞིག་དེ་བཞིན་གཤེགས་པ་ཞེས་བྱ་བ་རང་བཞིན་དུ་རྟོགས་ན་དེ་ནི་དེ་ལ་ཡོད་པའམ་
མེད་པར་ཡོངས་སུ་རྟོགས་པར་བྱེད་ན། གང་ཡང་རང་བཞིན་མེད་པ་སྟེ་དེ་བཞིན་གཤེགས་པའི་སྤྲུལ་པ་བཞིན་དུ་རྟོག་པ་མེད་པ། སྤྲུལ་པ་བཞིན་དུ་རང་བཞིན་གྱིས་ཞི་བ་ངོ་བོ་ཉིད་ཀྱིས་མ་སྐྱེས་པས་དེ་ལ་ཡོད་པའམ་མེད་པར་བརྟག་པར་མི་བྱའོ། །དེ་ན་དེ་བཞིན་གཤེགས་
པའི་རང་བཞིན་གྲུབ་པ་མེད་པས་དཔེ་དང་མི་འདྲ་བར་རྟོག་པར་ག་ལ་བྱེད། འདིར་སྨྲས་པ། གང་འདི་སྐད་དུ་སྨྲས་པའི་སྟོང་པ་ཉིད་ཀྱི་རང་བཞིན་མེད་པས། གང་ཅུང་ཟད་ཡོད་པ་རྟོག་པ་ཙམ་ཞེས་པས། སླར་ཡང་ཅིའི་ཕྱིར་ན་འདི་དག་ཀྱང་རང་བཞིན་མེད་པ་དང་རྟོག་པ་ཙམ་
དུ་ཡོད་པ་གཉིས་ཁས་ལེན་པར་བྱེད། གལ་ཏེ་སླར་ཡང་རང་བཞིན་ཡོད་པ་ཉིད་པས། རྟོག་པ་ཙམ་གྱི་དངོས་པོར་ཁས་མི་ལེན་ན། དེའི་ཚེ་སྐྱོན་ཅིར་འགྱུར་ཞེ་ན། སྨྲས་པ། གལ་ཏེ་རང་བཞིན་ཡོད་པར་གྱུར་ན། དེའི་ཚེ་མྱ་ངན་ལས་འདས་པ་མེད་པར་འགྱུར་ལ།
ཡོད་བཞིན་པ་ལ་བྱེད་པ་པོ་དོན་མེད་པའི་ཕྱིར་དང་། བྱེད་པ་པོ་ཡང་མེད་པར་འགྱུར་རོ། །གལ་ཏེ་རྟོག་པ་ཙམ་ཡང་མེད་པར་འགྱུར་ན། དེའི་ཚེ་ལས་ཀྱི་འབྲས་བུ་མེད་པས་ལོག་ལྟར་འགྱུར་ལ། དེས་ན་རང་བཞིན་ཁས་བླང་བར་མི་བྱ་ཞིང་། རྟོག་པ་ཁས་མི་བླང་
བར་ཡང་མི་བྱའོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། ལས་ཀྱི་རང་བཞིན་ཡོད་ཅེ་ན། མྱང་འདས་བྱེད་པོ་ལས་ཀྱང་མེད། །གལ་ཏེ་མེད་ན་ལས་བསྐྱེད་པའི། །འབྲས་བུ་སྡུག་དང་མི་སྡུག་མེད། །གལ་ཏེ་ལས་ཀྱི་རང་བཞིན་ཡོད་ན། དེའི་ཚེ་དེ་རང་བཞིན་གྱིས་ཡོད་བཞིན་
པའི་ཕྱིར་སླར་ཡང་གཞན་དུ་འགྱུར་བ་མེད་དོ་ཞེས་བྱའོ། །གང་འདི་ལྟར་མྱ་ངན་ལས་འདས་པ་ལས་དང་ཉོན་མོངས་པ་ཟད་པ་ལས་རྣམ་པར་གཞག་ལ། དེ་མི་འབྱུང་བར་འགྱུར་བ་དང་། ལས་དེ་ཡང་བྱེད་པ་པོ་ལ་མི་ལྟོས་པར་འགྱུར་ལ། དེ་ལྟ་ན་རྒྱུ་མེད་པའི་ཕྱིར་

འདི་ནི་ཡོད་པ་ཉིད་དུ་མི་འགྱུར་རོ། །རེ་ཞིག་ལས་ལ་རང་བཞིན་ཡོད་པར་གྱུར་ན། སྐྱོན་འདི་དག་སྟེ་དེའི་ཕྱིར་ལས་ལ་རང་བཞིན་མེད་པའོ། །གལ་ཏེ་གང་ཅི་ཡང་རུང་བ་རྟོག་པ་ཙམ་དུ་མི་འགྱུར་ན། དེའི་ཚེ་ལས་ཀྱིས་བསྐྱེད་པའི་སྡུག་པའམ་མི་སྡུག་པར་མི་འགྱུར་ལ། དགེ་བ་
དང་མི་དགེ་བ་དག་གི་ལས་ཀྱིས་སྡུག་པ་དང་མི་སྡུག་པ་དག་ཀྱང་ཡོད་པས། དེའི་ཕྱིར་འདི་དག་གང་ཅི་ཡང་རུང་རྟོག་པ་ཙམ་དུ་ཡོད་དོ་ཞེས་གནས་སོ། །གང་ཡང་འདི་ལས་ཀྱི་རང་བཞིན་ནི་མེད་ལ་གང་ཅུང་ཟད་རྟོག་པ་ཙམ་ཡོད་པས། དེ་ཉིད་ཀྱིས་ཤིན་ཏུ་ཐ་དད་པའི་སྤྱོད་པའི་འདུས་བྱས་སྐྱེ་བོའི་
རྗེས་སུ་འབྲང་བའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པས། ཉོན་མོངས་པ་དང་རྗེས་སུ་མཐུན་པའི་གཉེན་པོའི་དངོས་པོར་འཇུག་པ་ཕན་ཚུན་དུ་འགལ་བས། བརྗོད་པའི་ཚིག་ཀྱང་ཆོས་ཉིད་དང་མི་འགལ་བར་གནས་སོ། །འདི་ལྟར་ལས་ཡོད་དོ་ཞེས་བྱ་བའི་ཚིག་མེད་དོ་ཞེས་
བྱ་བའི་ཚིག་དང་འགལ་བ་མེད་དོ་ཞེས་བྱ་བའི་ཚིག་ཡོད་དོ་ཞེས་བྱ་བའི་ཚིག་དང་འགལ་བ་དང་། དེ་བཞིན་དུ་གཉི་གར་བརྗོད་པ་ཡང་གཉི་ག་དང་འགལ་ལོ། །ཚིག་འདི་དག་ཐམས་ཅད་ཀྱང་ལས་སྟོང་པ་ཉིད་འཇུག་པའི་ཐབས་ཀྱི་ཕྱིར། ཆོས་ཉིད་དང་མི་འགལ་ལོ་ཞེས་
བསྒྲུབ་པའི་ཕྱིར་གསུངས་པ། ཡོད་ཅེས་པ་ཡོད་མེད་ཅེས་ཡོད། །མེད་དང་ཡོད་ཅེས་དེ་ཡང་ཡོད། །སངས་རྒྱས་རྣམས་ཀྱི་དགོངས་པ་ཡིས། །གསུངས་པ་རྟོགས་པར་སླ་མ་ཡིན། །དེ་ལ་གཅིག་ཏུ་ངེས་པར་གཟུང་བར་མི་ནུས་པས་ལས་ངོ་བོ་ཉིད་ཀྱིས་ཡོད་པར་འཇིག་རྟེན་པས་ཡང་
དག་པར་མཐོང་ནས་མངོན་པར་ཞེན་པའི་ཡོད་པ་ཡང་གང་ཅི་ཡང་རུང་བ་རྟག་པ་ཙམ་སྟེ། དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་རྣམ་པ་ལ་མེད་དོ་ཞེས་བྱ་བར་རྟོགས་པ་ཁོང་དུ་ཆུད་པས་ལོག་པར་ལྟ་བས། གང་ཞིག་དམྱལ་བ་ཆེན་པོར་ལྟུང་བ་ལ་མངོན་པར་ཕྱོགས་པས་སྡིག་པ་ཆེན་པོ་
དང་ལྡན་པར་གྱུར་པས། དེ་དག་མེད་པར་ལྟ་བ་ལས་བཟློག་པའི་དོན་དུ་ལས་ཡོད་དོ། །ལས་ཀྱི་རྣམ་པར་སྨིན་པ་ཡོད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ལ། གང་ཞིག་དེ་གང་ཅི་ཡང་རུང་བ་རྟོག་པ་ཙམ་བྱིས་པའི་སྐྱེ་བོས་ཡོངས་སུ་བརྟགས་པའི་དྲི་ཟའི་གྲོང་ཁྱེར་ལ་

སོགས་པར་ཡོད་པ་དེ་ཐུགས་ལ་བཞག་པའོ། །གང་ཡང་ལས་དང་འབྲས་བུ་ལ་འདི་དག་བདེན་ནོ་ཞེས་མངོན་པར་ཞེན་ལ། མངོན་པར་ཞེན་པ་དེས་དེ་དག་འཁོར་བ་ལས་མི་གྲོལ་བས། རང་བཞིན་གྱིས་མ་སྐྱེས་པ་ཐུགས་ལ་བཞག་ནས་
གསུངས་པ། གང་ལ་ལས་མེད་ཅིང་ལས་ཀྱི་རྣམ་པར་སྨིན་པ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ་ཞེས་བྱ་བ་ལ་སོགས་པའོ། །གཉི་ག་ཡང་ཐུགས་ལ་བཞག་ནས་འགའ་ཞིག་ཏུ་ཡོད་པ་དང་མེད་པ་གཉི་གའོ་ཞེས་སོ། །དེ་ལྟར་ཇི་སྐད་སྨོས་པའི་རིགས་པས་བདེན་
པ་གཉིས་སུ་རྣམ་པར་གཞག་པ་མ་བྱས་ན། སངས་རྒྱས་རྣམས་ཀྱི་དགོངས་པ་ཡིས། །གསུངས་པ་རྟོགས་པར་སླ་མ་ཡིན། །འདིར་ཚིག་ཁ་ཅིག་ནི་དོན་གྱི་རྗེས་སུ་འབྲངས་ནས་འཇུག་ལ། འགའ་ཞིག་དགོངས་པའི་རྗེས་སུ་འབྲངས་ནས་འཇུག་གོ། །རེ་
ཞིག་གང་དོན་གྱི་རྗེས་སུ་འབྲངས་ནས་འཇུག་པ་དེ་ནི་ངེས་པའི་དོན་ཏེ་དགོངས་པ་མ་ཡིན་པས་ན། ཇི་སྐད་གསུངས་པའི་དོན་ཡོད་བཞིན་པའི་ཕྱིར་ན། འདི་ལྟ་སྟེ་ཆོས་རྣམས་རང་བཞིན་མེད་པའོ། །དེ་ཡང་ཇི་སྐད་དུ་སྨོས་པའི་རིགས་པ་དང་ལུང་གིས་དཔྱད་པ་ན་དེ་
བཞིན་ཁོ་ནར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །གང་དུ་དགོངས་པའི་རྗེས་སུ་འབྲངས་ནས་འཇུག་པ་དེ་ནི་དྲི་བའི་དོན་ཏེ་དགོངས་པ་དང་བཅས་པའོ། །འདི་ལྟ་སྟེ་གཟུགས་ཡོད་དོ་ཚོར་བ་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་འདི་དག་ཀྱང་དོན་གྱི་ཁྱད་པར་ཅུང་ཟད་ཙམ་ཐུགས་ལ་བཞག་
ནས་གསུངས་སོ་ཞེས་ངེས་ཏེ། ཇི་སྐད་དུ་ཐོས་པའི་དོན་དང་མི་ལྡན་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྒྱུ་རྐྱེན་ཚོགས་པའམ་སོ་སོ་ཡི། །དངོས་ལ་རྣམས་ཀུན་ཡོད་མིན་པའི། །རང་བཞིན་གང་ཞིག་དེས་ན་སྟོང་། །ཡོད་པ་ཡོད་ཕྱིར་མི་སྐྱེ་ལ། །མེད་པ་མེད་
ཕྱིར་མི་སྐྱེ་ཞིང་། །ཆོས་མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་པས་གནས་འགག་མེད། །ཞེས་བྱ་བ་ལ་སོགས་པའི་རིགས་པ་དང་། དགེ་སློང་དག་འདི་དག་ནི་དོན་དམ་པའི་བདེན་པ་གཅིག་པུ་སྟེ། འདི་ལྟར་ཞི་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་

ཅད་ནི་བརྫུན་ཞིང་སླུ་བའི་ཆོས་ཅན་ཏེ། གཟུགས་ནི་དབུ་བ་རྡོས་པ་ལྟ་བུ། ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་ཀྱང་གཟུགས་དང་ཚོར་བ་ལ་སོགས་པའི་ཡོད་པ་ཉིད་དུ་གནས་པར་མི་ནུས་ཏེ། དེའི་ཕྱིར་དེ་ལྟ་བུ་ལ་སོགས་པའི་ཚིག་གིས་ཇི་ལྟར་ཐོས་
བཞིན་པའི་དོན་དང་མི་ལྡན་པའི་ཕྱིར་དགོངས་པ་ཉིད་དུ་ངེས་ཏེ། རང་བཞིན་མེད་པ་གསལ་བར་བྱེད་པའི་ཚིག་བཞིན་དུ་འདི་དག་ནི་དོན་དང་རྗེས་སུ་མཐུན་པའི་ཚིག་མ་ཡིན་ནོ། །འོན་ཀྱང་དོན་གྱི་བདག་ཉིད་ཅུང་ཟད་ཙམ་ཐུགས་ལ་བཞག་ནས་གསུངས་སོ་ཞེས་བྱའོ། །དེ་ལྟར་
གཉིས་ཉིད་དུ་རྣམ་པར་གནས་པ་འདི་དག་འདིར་བསམ་པར་བྱ་སྟེ། ཅི་ཡོད་པ་ཉིད་ཀྱི་ཚིག་འདི་དག་སྒྲ་ཇི་བཞིན་པ་ཡིན་ནམ། འོན་ཏེ་དགོངས་པ་དང་བཅས་པ་ཡིན། དེ་ལ་རེ་ཞིག་ཡོད་པ་ཉིད་ཀྱི་ཚིག་འདི་དག་སྒྲ་ཇི་བཞིན་པ་ཡིན་ན། དེའི་ཚེ་ཤིན་ཏུ་དོན་མ་ཡིན་པ་སྐྱེ་
བ་ཐོབ་པར་འགྱུར་ལ། མེད་པས་མཐོང་བ་ཙམ་ལས་ཐེར་ཟུག་པ་དང་རྒྱུན་ཆད་པའི་མཐའོ། །ཡང་ན་དྲང་དོན་ནི་དེའི་ཚེ་ཇི་སྐད་སྨོས་པའི་དོན་དང་མི་ལྡན་པས་འདི་ནི་དོན་དང་རྗེས་སུ་མཐུན་པའི་ཚིག་མ་ཡིན་ནོ། །དེ་ལྟ་ན་ཡང་དོན་གྱི་བདག་ཉིད་ཅུང་ཟད་ཙམ་ཐུགས་ལ་
བཞག་ནས་གསུངས་པས་ཞེས་བྱ་སྟེ། རེ་ཞིག་འདི་ཙམ་ཡོངས་སུ་གཅོད་པའོ། །གང་ཡང་དོན་འདི་ནི་བདེན་པ་གཉིས་རྣམ་པར་གཞག་པ་ལ་མི་མཁས་པ་རྣམས་ཀྱིས་འདིར་ལེགས་པར་མི་ཤེས་པའི་ཕྱིར་རོ། །དེས་ན་ཇི་སྐད་སྨོས་པའི་བདེན་པ་གཉིས་ཀྱི་བློ་དང་ལྡན་
པས་མངོན་པར་སྦྱོར་བར་བྱེད་པར་རུང་ངོ་ཞེས་བྱའོ། །འདིར་སྨྲས་པ། གལ་ཏེ་ཡང་ལས་དང་བྱེད་པ་པོ་བཀག་ལ། དེ་ལྟ་ན་ཡང་རེ་ཞིག་ལས་ཀྱི་འབྲས་བུ་གཟུགས་ལ་སོགས་པ་ཡོད་པས་གཟུགས་ལ་སོགས་མེད་དོ་ཞེས་ཀྱང་བརྗོད་པར་མི་ནུས་སོ་ཞེས་བྱ་སྟེ། སྐྱེ་བོ་ཐམས་
ཅད་ཀྱི་མངོན་སུམ་དུ་རགས་པ་དང་ཉེ་བར་དམིགས་བཞིན་པའི་གཟུགས་ཡོད་པ་ཉིད་ལས་སུ་ཞིག་མེད་དོ་ཞེས་སྨྲ། གང་དུ་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ། དགེ་སློང་དག་གཟུགས་ནི་ཕྱི་རོལ་གྱི་སྐྱེ་མཆེད་དེ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་

གཟུགས་བསྟན་དུ་ཡོད་ལ། ཐོགས་པ་དང་བཅས་པའོ། །དེ་བཞིན་དུ་དགེ་སློང་དག་རེག་བྱ་ནི་ཕྱི་རོལ་གྱི་སྐྱེ་མཆེད་དེ་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའི་གཟུགས་ཅན་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའོ། །གལ་ཏེ་དེ་མེད་ན་འབྱུང་བ་ཆེན་པོ་
བཞི་དག་རྒྱུར་བྱས་སོ་ཞེས་འབྱུང་བའི་རྒྱུ་ཅན་དུ་སྟོན་པར་མི་འགྱུར་ཏེ། ཡོད་བཞིན་པ་མ་ཡིན་པའི་ནམ་མཁའི་མེ་ཏོག་ལ་འབྱུང་བ་རྒྱུར་བྱས་པ་ཉེ་བར་མ་བསྟན་ལ། དེའི་ཕྱིར་འཇིག་རྟེན་པ་དང་། ལུང་ལས་གྲགས་པའི་ཕྱིར་གཟུགས་ཡོད་དོ་གཟུགས་ཡོད་པར་གྱུར་
ན་དེ་ལ་འཛིན་པའི་དབང་པོའི་ཤེས་པ་འབྱུང་བར་འགྱུར་ལ། དེ་ཡོད་ན་ཡང་དེ་བཞིན་ཁོ་ནར་དངོས་པོ་ཐམས་ཅད་གྲུབ་པོ་ཞེ་ན། སྨྲས་པ། གལ་ཏེ་གཟུགས་ཉིད་ཡོད་ན་གཟུགས་ལ་བརྟེན་ནས་དངོས་པོ་ཐམས་ཅད་འགྲུབ་པར་འགྱུར་ན། ཡོད་པ་མ་ཡིན་ལ།
ཇི་ལྟར་མེད་པ་ཡང་དེ་ལྟར་སྔར་ཉིད་དུ་རྒྱས་པར་བསྒྲུབས་ལ། གཞན་ཡང་གལ་ཏེ་མེད་པས་གཟུགས་མེད་པར་གྲུབ་ཀྱང་། དེ་ལྟ་ན་ཡང་ཤིན་ཏུ་རགས་པ་དང་ཉེ་བ་འདི་དག་མངོན་སུམ་དུ་དམིགས་པ་བཞིན་དུ་ཆགས་པའི་གནས་སུ་གྱུར་པའི་ཕྱིར། དེས་ན་དེ་
སེལ་བའི་སྒོ་ནས་སྐྱེ་མཆེད་ཐམས་ཅད་དགག་པའི་དོན་དུ་སླར་ཡང་བརྟག་པ་ཙམ་པའི་ཕྱིར་གསུངས་པ། གལ་ཏེ་འབྱུང་བའི་རང་བཞིན་གཟུགས། །འབྱུང་ལས་གཟུགས་ནི་འབྱུང་བ་མིན། །རང་ལས་འབྱུང་མིན་གཞན་ལས་ཀྱང་། །འབྱུང་མིན་དེ་ཕྱིར་མེད་
མིན་ནམ། །གལ་ཏེ་འདི་སྙམ་དུ་སེམས་ན། གང་ལས་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་གཟུགས་ཉེ་བར་བསྟན་པས། དེའི་ཕྱིར་གཟུགས་ཡོད་དོ་ཞེ་ན། སྨྲས་པ། དེ་ཉིད་ཀྱིས་ན་གཟུགས་རང་བཞིན་མེད་པའོ་ཞེས་གསལ་བར་བཅོམ་ལྡན་འདས་ཀྱིས་བསྟན་པ་མ་
ཡིན་ནམ། ཇི་ལྟར་བྱས་ན་གང་ལས་འཇིག་རྟེན་འདིར་རྒྱུ་དང་འདྲ་བའི་འབྲས་བུ་འཇུག་བཞིན་པ་ཉེ་བར་དམིགས་ཏེ། འདི་ལྟ་སྟེ། སཱ་ལུ་ལས་སཱ་ལུ་དང་། གྲོ་ལས་གྲོ་དང་། བ་ལང་ལས་བ་ལང་དང་། བ་མེན་ལས་བ་མེན་ནོ་ཞེས་དེ་བཞིན་དུ་གཟུགས་ཀྱང་

འབྱུང་བ་ལས་ཀྱང་གྱུར་པས་ན་འབྱུང་བའི་རང་བཞིན་ཁོ་ནར་འཇུག་པར་འགྱུར་ལ་རག་ན། གཟུགས་ཀྱང་འབྱུང་བའི་རང་བཞིན་མ་ཡིན་ཏེ། སྲ་བ་ལ་སོགས་པ་མ་ཡིན་པའི་ངོ་བོའི་ཕྱིར་དང་། འབྱུང་བ་རྣམས་ལུས་ཀྱི་དབང་པོའི་གཟུང་བྱའི་ཕྱིར་དང་། གཟུགས་ནི་མིག་གི་
དབང་པོའི་གཟུང་བྱ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་འབྱུང་བ་རྒྱུར་བྱས་ནས་གཟུགས་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ཡང་། གཟུགས་ལ་རིགས་པ་དང་འགལ་བར་གསུངས་པའོ་ཞེས་མཚོན་པས་འཇིག་རྟེན་པ་རྣམས་ཀྱིས་དེ་མི་བདེན་པར་ཁོང་དུ་ཆུད་
པར་བྱ་བའི་དོན་དུའོ། །དེའི་ཕྱིར་ལུང་ནི་གཟུགས་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་མ་ཡིན་ལ། འོན་ཀྱང་གཟུགས་མེད་པའི་སྒྲུབ་བྱེད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། གལ་ཏེ་འབྱུང་བའི་རང་བཞིན་གཟུགས། །འབྱུང་ལས་གཟུགས་ནི་འབྱུང་བ་མིན། །འབྱུང་བའི་རང་བཞིན་ཞེས་
པ་འདི་ནི་རྒྱུ་ལ་རང་བཞིན་དུའོ། །ཁ་ཟས་ཀྱི་རང་བཞིན་སྲོ་ག་ལ། རྩྭའི་རང་བཞིན་བ་ལང་ཞེས་པའོ། །ཇི་ལྟར་གལ་ཏེ་འབྱུང་བའི་རང་བཞིན་ཏེ། འབྱུང་བའི་རྒྱུ་ཅན་གྱི་གཟུགས་སུ་སྐྱེས་པ་དེ་ནི་འབྱུང་བ་ལས་མི་འབྱུང་སྟེ། འབྱུང་བའི་རང་བཞིན་གྱིས་ཡོད་པ་མ་ཡིན་པས། དེ་
ལྟར་གྱུར་ན་རྒྱུ་དང་མི་འདྲ་བའི་འབྲས་བུ་སྐྱེ་བ་མི་སྲིད་པས་དེ་ནི་གཟུགས་ཀྱི་རང་བཞིན་མ་ཡིན་པ་མ་ཡིན་ཞེས་བྱ་སྟེ་གོ་སླའོ། །གལ་ཏེ་དེ་ལྟར་རྒྱུ་དང་འབྲས་བུ་དག་མཚན་ཉིད་ཐ་དད་པའི་ཕྱིར་གཟུགས་ཀྱི་རང་བཞིན་ལས་མ་ཡིན་ཡང་། དེ་ལྟ་ན་ཡང་གཞན་དངོས་ལས་འབྱུང་ངོ་ཞེ་
ན། སྨྲས་པ། གལ་ཏེ་གཟུགས་ནི་རང་དངོས་ལས་འབྱུང་མིན། །ཞེས་གནས་ལ། དེའི་ཚེ་དེ་མེད་པ་སྟེ། རང་གི་དངོས་ལས་གཞན་ལས་མ་ཡིན་ནོ་ཞེས་གསལ་བར་ངེས་སོ། །རང་བཞིན་ནི་རང་བཞིན་གཞན་ལ་ལྟོས་ནས་གཞན་ཉིད་དུ་འགྱུར་ལ། རང་བཞིན་དེ་ཡང་མེད་
པས་རང་བཞིན་གཞན་ལས་ཀྱང་སྐྱེས་པ་མེད་དོ།། །།གཞན་ཡང་གལ་ཏེ་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་གཟུགས་ཀྱི་སྐྱེ་མཆེད་འབྱུང་ངོ་ཞེས་པ་དེ་ལྟར་གྱུར་ན་གཟུགས་ཀྱི་སྐྱེ་མཆེད་གཅིག་པུ་ལ་རྣམ་པ་བཞིར་ཐོབ་པར་འགྱུར་ཏེ། གཅིག་ལ་ཕན་ཚུན་མཚན་ཉིད་ཐ་

དད་པའི་བདག་ཉིད་བཞི་བརྟེན་པར་མི་འཐད་དེ། དེའི་ཕྱིར་གཟུགས་ནི་རྣམ་པ་བཞིར་ཁས་བླང་བར་བྱ་བའམ། གལ་ཏེ་སྐྱེ་མཆེད་གཅིག་གི་རྟེན་གྱི་དངོས་པོར་རྟོག་ན་ཡང་འབྱུང་བ་རྣམས་གཅིག་ཉིད་དུ་ཁས་བླང་བར་བྱའོ། །འདི་དག་ཀྱང་དེ་ལྟར་མེད་དོ་
ཞེས་བསྒྲུབ་པའི་ཕྱིར་གསུངས་པ། གཅིག་ལ་བཞི་ནི་ཡོད་མ་ཡིན། །བཞི་གང་གཅིག་ཏུ་མ་ཡིན་པས། །གཟུགས་ནི་འབྱུང་བ་ཆེན་པོ་བཞི། །རྒྱུར་བྱས་ནས་གྲུབ་ཇི་ལྟར་ཡོད། །གལ་ཏེ་འབྱུང་བ་ཆེན་པོ་བཞི་ཡོད་བཞིན་པ་ལ་གཟུགས་བརྟེན་པར་གྱུར་ན། དེའི་ཚེ་
གཟུགས་གཅིག་ཀྱང་བཞིར་འགྱུར་ཏེ། བརྟེན་པ་ནི་རྟེན་གྱི་དབྱེ་བའི་རྗེས་སུ་འབྲེལ་བའི་ཕྱིར་རོ། །དེ་ལྟར་ཡོད་པ་ཡང་མ་ཡིན་པས་གཟུགས་ནི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་ནས་གྲུབ་པར་ཅི་ལྟར་ཡོད། ཡང་ན་རྟེན་ཐ་དད་ཀྱི་རྗེས་སུ་མཐུན་པ་བརྟེན་པའི་གཟུགས་མ་ཡིན་ན། དེ་
ལྟར་ན་རྟེན་དུ་གྱུར་པ་རྣམས་བརྟེན་པ་གཅིག་གི་རྗེས་སུ་འཇུག་པར་བྱོས་ཤིག །དེ་དག་ཀྱང་མི་སྲིད་ལ། དེའི་ཕྱིར་གར་གྱི་སྐྱེས་བུ་བཞིན་དུ་ཕན་ཚུན་མི་བདེན་པ་རྣམས་ངེས་པར་འདི་དག་གི་ཡོད་པ་ཉིད་ཉམས་སོ་ཞེས་བྱ་སྟེ། གཟུགས་ནི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་ནས་
གྲུབ་པ་ཇི་ལྟར