Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 103

Văn bản gốc(Tây Tạng)

Trang 19 / 24 (50.000 ký tự/trang)
ིའི་འབྲས་བུ་སྡུག་བསྔལ་ཏེ། སྡུག་བསྔལ་ནི་འདིའི་འབྲས་བུ་ཞེས་བྱ་བས་སྡུག་བསྔལ་འབྲས་ཅན་ལ། གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་རྣམ་པར་གཞག་པའི་ཕྱིར། ཡན་ལག་བཅུ་གཉིས་པོ་འདི་རྣམས་ནི་རྟག་པའོ། །མི་རྟག་པའི་ཕྱིར་

གནོད་པའི་བདག་ཉིད་ཅན་ལ། གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ། །དེ་ཉིད་ཀྱིས་ན་གསུངས་པ། འདི་ལྟར་འདི་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་སོ། །གང་ཞིག་བྱས་པ་དེ་མི་རྟག་ལ། གང་མི་རྟག་པ་དེ་ངོ་བོ་ཉིད་ཀྱིས་མ་སྐྱེས་
པའོ། །གང་ཞིག་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེ་སྐྱེ་བ་མེད་པའོ་ཞེས་གསུངས་པ། སྡུག་བསྔལ་འབྲས་ཅན་དེ་མ་སྐྱེས། །ཞེས་སོ། །སྡུག་བསྔལ་འབྲས་བུའི་ཕྱིར་མ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །སུ་ཞིག་སྐྱེ་བ་མེད་ཅེ་ན། གསུངས་པ། རྟེན་འབྱུང་ཡན་ལག་བཅུ་གཉིས་གང་། །ཞེས་
པ་ལ། རྒྱུའི་ཡན་ལག་ཀྱང་སྡུག་བསྔལ་ཡིན་པའི་ཕྱིར་སྐྱེ་བ་མེད་པས་ཡོངས་སུ་བཟུང་བས་སྟོང་པ་ཉིད་དུ་སོ་སོར་གནས་པར་འཐད་དོ། །གང་གི་ཕྱིར་འདི་དག་གང་ཞིག་སྡུག་བསྔལ་འབྲས་ཅན་ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ་དེ་ཡང་སྐྱེ་བ་མེད།
ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྣམ་པར་དཔྱད་ན། སེམས་གཅིག་ལ་ཡང་མ་ཡིན་ཞིང་། །དུ་མ་ལ་ཡང་དེ་མ་ཡིན། །དེ་ལ་མ་རིག་པ་དང་འདུ་བྱེད་དག །འདས་པའི་སྲིད་པས་བསྡུས་པའི་ཕྱིར་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་
པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པའི་ཡན་ལག་རྣམས་ད་ལྟར་གྱི་སྲིད་པས་བསྡུས་པའི་ཕྱིར་དང་། སྐྱེ་བ་དང་རྒ་ཤིའི་ཡན་ལག་རྣམས་མ་འོངས་པའི་སྲིད་པས་བསྡུས་པའི་ཕྱིར་སེམས་གཅིག་ལ་མི་སྐྱེ་ལ། དུ་མའི་སེམས་ཀྱང་དུས་གཅིག་ཏུ་ཉེ་བ་མ་ཡིན་
པའི་ཕྱིར་མི་སྐྱེའོ། །སེམས་གཅིག་ལ་ཡང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྲིད་པ་རྣམས་ཅིག་ཅར་དུ་ཡོད་པ་མ་ཡིན་ཏེ། སྔར་དང་ཕྱི་མའི་ཡན་ལག་དག་ས་བོན་དང་མྱུ་གུ་བཞིན་དུ་སེམས་གཅིག་ལ་བརྟེན་པ་རིགས་པ་དང་འགལ་བའི་ཕྱིར་རོ། །ཞེས་བྱ་
ལ། དུ་མ་ལ་ཡང་དེ་མི་སྲིད་དོ། །ཡང་ན་འདི་ལྟར་སེམས་ཏེ། འདས་པ་དང་། མ་འོངས་པའི་སེམས་བློས་གཟུང་ཞིང་། ད་ལྟར་བ་ནི་ཡོད་བཞིན་པའི་ཕྱིར་དུ་མའི་སེམས་ལ་བརྟེན་ནས་ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་འཇོག་གོ་ཞེ་ན། སྨྲས་པ།

གལ་ཏེ་ཡང་ཁྱོད་ཀྱིས་འདས་པ་དང་མ་འོངས་པའི་སེམས་བློས་སྒྲོ་བཏགས་པར་བྱས་ན། དེ་ལྟ་ན་ཡང་དེ་དག་གི་རང་གི་ངོ་བོ་མེད་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་རྟེན་ཉིད་དུ་མི་རུང་ངོ་། །སེམས་ལ་མ་བརྟེན་པར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་གཞག་པ་མི་
འཐད་དོ། །དེའི་ཕྱིར་སེམས་དུ་མ་ཅིག་ཅར་དུ་ཉེ་བ་མ་ཡིན་པས་དུ་མའི་སེམས་ལ་མི་རུང་ངོ་། །གང་ཞིག་འདི་སྙམ་དུ་ཡང་སེམས་ན། སེམས་གཅིག་ལ་ཡང་ཡན་ལག་བཅུ་གཉིས་རྣམ་པར་འཇིག་སྟེ། འདི་ལྟ་སྟེ་རྙེད་པའི་དབང་གིས་སྲོག་ཆགས་རྣམས་སྲོག་གཅོད་པར་བྱེད་པ་ན་
གང་རྨོངས་པ་དེ་མ་རིག་པའོ། །གང་སེམས་པ་དེ་འདུ་བྱེད་དོ། །དངོས་པོ་སོ་སོར་མ་རིག་པས་རྣམ་པར་ཤེས་པ་ལྷན་ཅིག་འབྱུང་བའི་དབང་ལས་ཕུང་པོ་རྣམས་ནི་མིང་དང་གཟུགས་མིང་དང་གཟུགས་ལ་རྣམ་པར་གནས་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་ལས་
མངོན་པར་གྲུབ་པ་ནི་རེག་པ། རེག་པ་ཉམས་སུ་མྱོང་བ་ནི་ཚོར་བ། གང་ཆགས་པ་དེ་ནི་སྲེད་པ། དེ་དང་མཚུངས་པར་ལྡན་པའི་ཀུན་ནས་བཀྲིས་པ་ནི་ལེན་པ། དེས་ཀུན་ནས་སློང་བའི་ལུས་དང་ངག་གི་ལས་མི་སྲིད་པ། ཆོས་དེ་རྣམས་ཀྱི་གསལ་བར་སྣང་བ་ནི་སྐྱེ་བ། ཡོངས་
སུ་སྨིན་པ་ནི་རྒས་པ། འཇིག་པ་ནི་འཆི་བ་ཞེས་བྱའོ། །འདི་དག་མིང་བསྒྲགས་པ་ཙམ་གསུངས་པ་ནི་བདེན་ཏེ། མ་རིག་པ་ལ་སོགས་པ་སྐད་ཅིག་མ་གཅིག་ལ་བྱས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་ཉེ་བར་བསྟན་པ་ནི་མ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོའི་དོན་ནི་རྟེན་ཅིང་
འབྲེལ་པར་འབྱུང་བའི་དོན་ཏེ། དེ་རྣམས་ལྷན་ཅིག་ཏུ་འབྱུང་བ་མ་གྲུབ་བོ། །མར་མེ་དང་འོད་བཞིན་དུ་གྲུབ་བོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་མཚུངས་པར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་སེམས་གཅིག་ལ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དུ་མ་མི་སྲིད་པ་དེའི་ཕྱིར་རྟེན་
ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་དོ་ཞེས་གྲུབ་བོ། །འདིར་སྨྲས་པ། གལ་ཏེ་ཡང་སེམས་གཅིག་གམ་དུ་མ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་རྣམས་མི་སྲིད་ན། དེ་ལྟ་ན་ཡང་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བརྒྱུད་མ་རྣམས་ཀྱིས་རྒྱུ་བརྒྱུད་མ་ཉེ་བར་གསུངས་ལ།

ཡོད་བཞིན་པ་མ་ཡིན་པའི་མོ་གཤམ་གྱི་བུ་ལ་རྒྱུ་བརྒྱུད་མར་ཉེ་བར་མ་བསྟན་པས། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་དོ་ཞེས་བྱ་སྟེ། འདི་ལྟར་རྒ་ཤིའི་རྒྱུ་སྐྱེ་བར་གསུངས་ལ། སྐྱེ་བའི་སྲིད་པ་ལ་ཇི་སྲིད་དུ་འདུ་བྱེད་རྣམས་ཀྱི་མ་རིག་པའོ། །མ་རིག་པ་དེ་ཡང་གློ་བུར་
བ་ཉིད་དགག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་མ་རིག་པ་ཡང་རྒྱུ་དང་བཅས་རྐྱེན་དང་བཅས་འབྱུང་ཁུངས་དང་བཅས་པ་སྟེ། མ་རིག་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ་ཞེས་བརྗོད་པར་བྱ་བར་འགྱུར་རོ་ཞེས་བྱའོ། །དེ་ལ་གལ་ཏེ་མ་རིག་པ་མེད་ན་འདིའི་
རྒྱུ་ཉེ་བར་སྟོན་པར་མི་འགྱུར་ཏེ། མེད་པའང་ནམ་མཁའི་མེ་ཏོག་གི་ཕྲེང་བའི་རྒྱུ་ཉེ་བར་མི་སྟོན་ལ་མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཉེ་བར་བསྟན་པས་སོ། །དེ་ཡང་ཕྱིན་ཅི་ལོག་བཞིའི་རང་བཞིན་བརྟག་པ་བདག་སྡུག་པ་བདེ་བའི་དབྱེ་བས་མ་རིག་པའི་རྒྱུའི་དངོས་པོར་ཁོང་དུ་ཆུད་
པར་བྱའོ། །དེའི་ཕྱིར་ཕྱིན་ཅི་ལོག་བཞི་ལས་བྱུང་བའི་མ་རིག་པ་ཡོད་ལ། ཇི་ལྟར་མ་རིག་པ་ཕྱིན་ཅི་ལོག་བཞི་ལས་བྱུང་བ་ཡོད་པ་བཞིན་དུ་འདི་ལྟར་མ་རིག་པ་ལས་བྱུང་བའི་འདུ་བྱེད་ཀྱང་འབྱུང་བར་འགྱུར་ཞིང་། ཇི་སྲིད་དུ་སྐྱེ་བ་ལས་བྱུང་བའི་རྒ་ཤིའི་བར་དུ་འབྱུང་བར་འགྱུར་རོ། །དེས་
ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་སྲིད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་དོ་ཞེ་ན། དེ་ལ་མ་རིག་པའི་དབང་དུ་བྱས་ནས་སྨོས་པ། གལ་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་ན། དེ་ལས་བྱུང་བ་མ་རིག་པ་ཡོད་ལ། གང་གི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་
མ་གྲུབ་ན། དེའི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་ཏུ་གྱུར་པ་མ་རིག་པ་འབྱུང་བར་ག་ལ་འགྱུར། གཞན་ཡང་འདིར་མ་རིག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་ན། ཕྱིན་ཅི་ལོག་ལས་འབྱུང་བར་བརྗོད་པར་བྱ་ལ། དེ་ལས་གལ་ཏེ་ཕྱིན་ཅི་
ལོག་ཡོད་ན་དེའི་ཚེ་དེ་ལས་བྱུང་བའི་མ་རིག་པ་ཡང་ཡོད་ན། ཡོད་པ་ནི་མ་ཡིན་ནོ་ཞེས་བསྒྲུབས་པའི་ཕྱིར་གསུངས་པ། མི་རྟག་རྟག་མིན་བདག་མེད་དང་། །བདག་མིན་སྡུག་དང་མི་སྡུག་མིན། །སྡུག་བསྔལ་བདེ་བ་མ་ཡིན་ཞིང་། །དེའི་ཕྱིར་ཕྱིན་ཅི་ལོག་རྣམས་མེད། །

དེ་ལ་མི་རྟག་པ་ལ་རྟག་པར་འཛིན་པ་ཕྱིན་ཅི་ལོག །ཅི་སླར་ཡང་དེ་མི་རྟག་པའི་དངོས་པོ་ལས་ཕྱིན་ཅི་ལོག་པ་རྟག་པ་ཁོང་དུ་ཆུད་པ་མེད་ན། ཡང་ཇི་ལྟར་མི་རྟག་པ་ལས་ཕྱིན་ཅི་ལོག་རྟག་པ་ཡིན། ཕྱིན་ཅི་ལོག་པས་ན་ཕྱིན་ཅི་ལོག་སྟེ་ལོག་རྟོགས་སོ། །གང་གི་
ཚེ་མི་རྟག་པ་དེ་རྟག་པར་མི་འགྱུར་ཞིང་མི་རྟག་པ་ཡང་ཕྱིན་ཅི་ལོག་མ་ཡིན་ནོ། །མི་རྟག་པའི་དངོས་པོ་ནི་མི་རྟག་པ་ལས་ཕྱིན་ཅི་ལོག་རྟག་པ་ཉིད་དུ་ཐོབ་ནས་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ཡིན་ཏེ། འོན་ཀྱང་མི་རྟག་པ་ཉིད་ཀྱི་དངོས་པོ་དེ་གང་གི་ཚེ་ཇི་ལྟར་གནས་པའི་མི་རྟག་པ་ཉིད་དུ་ལོགས་
སུ་བཞག་ནས་རྟག་པ་ཉིད་དུ་འཛིན་པ་དེའི་ཚེ། ཕྱིན་ཅི་ལོག་ཏུ་འཛིན་པས་ཕྱིན་ཅི་ལོག་ཅེས་བྱའོ། །སླར་ཡང་ཅི་ཞིག་ཕྱིན་ཅི་ལོག་འདིས་ཕྱིན་ཅི་ལོག་ཏུ་འཛིན། སྨྲས་པ། རྟག་པར་རོ། །སླར་ཡང་དེའི་ཚེ་ཇི་ལྟར་འདིས་རྟག་པར་འཛིན། རྣམ་པར་ཤེས་པ་དེའི་རྣམ་པར་བསྐྱེད་པའི་ཕྱིར་རོ། །གལ་
ཏེ་དེ་ལྟ་ན་འདི་ལྟར་དེའི་ཚེ། དེའི་རྣམ་པར་ཤེས་པ་དེ་མི་རྟག་པའི་དངོས་པོ་ལ་མ་ཡིན་ཏེ། དེ་དེའི་རྣམ་པར་མ་སྐྱེས་པའི་ཕྱིར་རོ། །དེས་ན་རྣམ་པར་ཤེས་པ་དེ་ཡང་མི་རྟག་པ་ལ་མ་ཡིན་ཏེ། ཡོད་པ་ལ་རྟག་པའི་རྣམ་པར་འཛིན་པས། རྟག་པར་འཛིན་པ་ཇི་ལྟར་ཕྱིན་ཅི་ལོག །སྨྲས་
པ། དངོས་པོ་མི་རྟག་པར་གནས་པ་ལ་རྟག་པའི་རྣམ་པར་འཛིན་པས་ཕྱིན་ཅི་ལོག་པ་ཞེས་བྱའོ། །སླར་ཡང་དངོས་པོ་མི་རྟག་པའི་རྣམ་པར་གནས་སོ་ཞེས་དེ་ཇི་ལྟར་དེ་ལྟར་རྟོགས། གང་ལ་གང་ལས་གང་གི་རྣམ་པར་ཤེས་པ་བསྐྱེད་པ་དེས་ན། རྣམ་པར་ཤེས་པ་ལ་གྲགས་པའི་
རྣམ་པ་དེ་ལས་དངོས་པོ་རྣམ་པར་འཇོག་སྟེ། སྔོན་པོ་དང་སེར་པོ་ཞེས་བྱ་བ་ལྟ་བུའོ། །རྟག་པའི་རྣམ་པར་ཤེས་པ་ནི་གཞན་གྱི་རྣམ་པ་མ་ཡིན་པའི་ཕྱིར། དེའི་ཚེ་མི་རྟག་པའི་རྣམ་པ་ན་དེའི་རྣམ་པར་ཤེས་པས་དངོས་པོ་གང་ཞིག་འཛིན་པར་ག་ལ་འགྱུར། གཞན་ཞིག་ལ་དེའི་མི་རྟག་
པ་བྱས་ནས་དངོས་པོ་མི་རྟག་གོ་ཞེ་ན། འདི་ནི་དེ་ལྟར་མ་ཡིན་ཏེ། དེ་ཉིད་དེའི་ཚེ་དེའི་མི་རྟག་པའོ། །གཞན་ཞིག་ན་དེའི་རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར་མི་སྣང་བ་ཉིད་ལ། དེ་ནི་དེའི་རྣམ་པའོ་ཞེས་འཐད་པ་མ་ཡིན་ལ་ཕྱིན་ཅི་ལོག་ལ་འཛིན་པ་ཡིན་ནོ་ཞེས་བྱའོ། །དེའི་ཕྱིར་

རྟག་པའི་རྣམ་པ་ཕྱིན་ཅི་ལོག་མ་ཡིན་ཞིང་། རྟག་པ་དང་མི་རྟག་པ་ཞེས་བྱས་ནས་ཕྱིན་ཅི་ལོག་ཉིད་མེད་དེ། དེ་ལྟར་ནམ་ཡང་བདག་མེད་པ་དང་བདག་ལ་མིན་ཞིང་། སྡུག་པ་དང་མི་སྡུག་པ་ལ་ཡང་མ་ཡིན་ལ། བདེ་བ་དང་སྡུག་བསྔལ་ལ་ཡང་མིན་ནོ་ཞེས་རྒྱས་པར་བཤད་པར་བྱའོ། །
དེས་ན་དེ་ལྟར་ཕྱིན་ཅི་ལོག་མེད་ལ་གང་གི་ཚེ་ཕྱིན་ཅི་ལོག་མི་སྲིད་པ་དེའི་ཚེ། དེ་མེད་ཕྱིན་ཅི་ལོག་བཞི་ལས། །སྐྱེས་པའི་མ་རིག་མི་སྲིད་ལ། །དེ་མེད་འདུ་བྱེད་མི་འབྱུང་ཞིང་། །ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །དེ་ལ་གང་ཞིག་སྨོས་པའི་ཡན་ལག་བརྒྱུད་མ་རྣམས་ཀྱིས་རྒྱུ་བརྒྱུད་མར་
བསྟན་པ་ཡོད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་དོ་ཞེས་པ་ཚུལ་འདིས་འཐད་པ་མ་ཡིན་ནོ། །གང་ཞིག་ཕྱིན་ཅི་ལོག་བཞི་ལས་བྱུང་བ་མ་རིག་པ་ཉིད་ལ་ཕྱིན་ཅི་ལོག་མེད་ན་མེད་དོ་ཞེས་བསྟན་ལ། དེ་ཉིད་ཀྱིས་འདུ་བྱེད་ལ་སོགས་པའི་ཡན་ལག་དགག་པ་གྲུབ་བོ། །གང་
དུ་མ་རིག་པ་མེད་པར་འདུ་བྱེད་རྣམས་མི་འབྱུང་ལ་དེ་བཞིན་དུ་རྣམ་པར་ཤེས་པ་མེད་པས་མིང་དང་གཟུགས་བཀག་པ་སྟེ། ཇི་སྲིད་དུ་སྐྱེ་བ་མེད་པས་རྒ་ཤི་མེད་དོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་ན། དེ་དག་གིས་རྒྱུ་བརྒྱུད་མར་བསྟན་པ་ལས།
དེའི་ཡན་ལག་བརྒྱུད་མ་ག་ལ་ཞིག་དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་དོ་ཞེས་གྲུབ་བོ། །འདིར་སྨྲས་པ། གལ་ཏེ་ན་ཡང་ཕྱིན་ཅི་ལོག་ལས་བྱུང་བའི་མ་རིག་པ་ཕྱིན་ཅི་ལོག་མེད་པས་མེད་དོ་ཞེས་སྨྲས་ན། དེ་ལྟ་ན་ཡང་འདིར་རེ་ཞིག་ཁོ་ནར་འདི་དག་མེད་དོ་ཞེས་
རྣམ་པར་གཞག་པར་མི་ནུས་ཏེ། འདུ་བྱེད་སྐྱེད་པས་ན་དེའི་རྒྱུའི་དངོས་པོར་བསྟན་པའི་ཕྱིར་དང་། འདུ་བྱེད་རྣམས་ཀྱང་མ་རིག་པའི་འབྲས་བུར་བསྟན་པའི་ཕྱིར་རོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མ་རིག་པའི་རྗེས་སུ་འགྲོ་བའི་གང་ཟག་འདི་དག་ནི་
བསོད་ནམས་ཀྱི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་དོ། །བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་དོ། །ལུང་དུ་མ་བསྟན་པའི་འདུ་བྱེད་ཀྱང་མངོན་པར་འདུ་བྱེད་དོ་ཞེས་སོ། །དེའི་ཕྱིར་མ་རིག་པ་དང་འདུ་བྱེད་དག་ཡོད་ལ། དེ་ཡོད་ན་གཞན་རྟེན་ཅིང་འབྲེལ་

པར་འབྱུང་བའི་ཡན་ལག་རྣམས་གྲུབ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་གྲུབ་བོ་ཞེས་བརྗོད་དོ། །གལ་ཏེ་མ་རིག་པ་དང་འདུ་བྱེད་དག་གི་རང་བཞིན་གྲུབ་པར་གྱུར་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཡོད་ལ་ཡོད་
པ་མ་ཡིན་ཏེ། ཇི་ལྟར་མེད་པ་དེ་ལྟར་བསྒྲུབ་པའི་ཕྱིར་གསུངས་པ། མ་རིག་འདུ་བྱེད་མེད་མི་འབྱུང་། །དེ་མེད་འདུ་བྱེད་མི་འབྱུང་ཞིང་། །དེ་དག་ཕན་ཚུན་རྒྱུ་ཅན་ཏེ། །རང་བཞིན་གྱིས་ཀྱང་མ་གྲུབ་བོ། །གལ་ཏེ་མ་རིག་པ་འདུ་བྱེད་རྣམས་ཀྱི་རྒྱུར་རྣམ་པར་གཞག་པ་ནི་འདི་ལྟར་
འདུ་བྱེད་མེད་པའི་ཕྱིར་དེ་མེད་ལ་རྒྱུ་གང་ཞིག་རྒྱུ་ཉིད་དུ་འབྲས་བུ་དང་འབྲེལ་པ་བྱས་པ་ལས་ཡིན་གྱི་འབྲེལ་བ་མེད་ན་རྒྱུ་ཉིད་ནམ་ཡང་མ་ཡིན་པའི་ཕྱིར་རོ། །ཡང་ན་འབྲས་བུ་ཉེ་བར་མ་བཟུང་བར་འགའ་ཞིག་རྒྱུ་ཉིད་དུ་འགྱུར་ན། དེ་ལྟ་ན་འགའ་ཞིག་འགའ་ཞིག་གི་རྒྱུར་མི་
འགྱུར་ལ། དེའི་ཕྱིར་རྒྱུའི་རྣམ་པར་གཞག་པ་འབྲས་བུ་མེད་ན་མ་ཡིན་ལ་རྒྱུ་ཡང་མ་རིག་པ་ནི་འདུ་བྱེད་རྣམས་ཀྱིའོ་ཞེས་བྱ་སྟེ། མ་རིག་པ་ནི་འདུ་བྱེད་མེད་ན་རྒྱུར་མི་འགྱུར་ལ། རྒྱུ་འབྲས་ཀྱི་དངོས་པོའི་སྐབས་ཡིན་པའི་ཕྱིར། རྒྱུའི་སྒྲ་མེད་ཀྱང་རྒྱུ་ཉིད་དུ་རྟོགས་པ་ཉིད་
ཀྱི་འབྲས་བུ་རྒྱུའི་སྒྲས་མ་གསུངས་སོ། །ཇི་ལྟར་འབྲས་བུ་ལ་མ་ལྟོས་པར་འགའ་ཞིག་རྒྱུ་ཉིད་མ་ཡིན་པའི་ཕྱིར་མ་རིག་པ་འདུ་བྱེད་མེད་ན་མི་འབྱུང་བ་བཞིན་འབྲས་བུ་ཡང་རྒྱུ་ལ་མ་ལྟོས་ན། རྒྱུ་མེད་པ་ལས་མི་སྲིད་དོ་ཞེས་བྱ་བ་ནི། དེ་མེད་འདུ་བྱེད་མི་འབྱུང་ཞིང་། མ་རིག་
པ་མེད་ན་འདུ་བྱེད་མི་འཐད་དེ་རྒྱུ་མེད་པར་ཐལ་བའི་ཕྱིར་རོ། །གང་ཡང་འདི་ལྟར་རྒྱུ་དང་འབྲས་བུ་དག་ཕན་ཚུན་མ་ལྟོས་པར་གྲུབ་པ་མེད་ལ། དེའི་ཕྱིར་དེ་དག་ཕན་ཚུན་རྒྱུ་ཅན་དང་། ངོ་བོ་ཉིད་ཀྱིས་ཀྱང་མ་གྲུབ་སྟེ། ཕ་རོལ་དང་ཚུ་རོལ་བཞིན་ནམ་རིང་པོ་དང་ཐུང་ངུ་
བཞིན་རྒྱུ་དང་འབྲས་བུ་དག་ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ། །གལ་ཏེ་རྒྱུ་དང་འབྲས་བུ་དག་ངོ་བོ་ཉིད་ཀྱིས་གྲུབ་པར་གྱུར་ན། དེ་ནི་འབྲས་བུ་ལ་མི་ལྟོས་པར་རྒྱུར་འགྱུར་ན། དེ་ལས་ཀྱང་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་ནི་གང་ལས་

འབྲས་བུའི་འཇུག་པའི་རྒྱུ་ཉིད་པས་རྒྱུའོ། །དེ་མེད་ན་རྒྱུ་མེད་པ་ཉིད་རྒྱུར་འགྱུར་ཏེ། རྒྱུ་མེད་པ་ཉིད་རྒྱུར་འཐད་པ་ཡང་མ་ཡིན་ནོ་ཞེས་བྱ་བས། དེས་ན་ངེས་པར་འབྲས་བུ་ལ་ལྟོས་ལ། འབྲས་བུ་ལ་ལྟོས་པའི་ཕྱིར་རང་ཉིད་མ་གྲུབ་བོ། །དེ་བཞིན་དུ་གལ་ཏེ་འབྲས་
བུ་ངོ་བོས་གྲུབ་པར་གྱུར་ན། དེ་ནི་རྒྱུ་ལ་མི་ལྟོས་པར་འགྱུར་ལ། དེ་ཡང་རྒྱུ་ལ་མི་ལྟོས་ན། དེ་ནི་ནམ་མཁའི་མེ་ཏོག་བཞིན་དུ་འགྱུར་བས་དེའི་ཕྱིར་རྒྱུ་ལ་ལྟོས། རྒྱུ་ལ་ལྟོས་པའི་ཕྱིར་ངོ་བོ་ཉིད་མ་གྲུབ་བོ་ཞེས་གནས་སོ། །དེ་ནི་འདི་ལྟར་ཇི་སྐད་དུ་གསུངས་པའི་རིགས་
པས། གང་ཞིག་རང་ཉིད་རང་བཞིན་གྱིས། །མ་གྲུབ་དེས་གཞན་ཇི་ལྟར་བསྐྱེད། །དེའི་ཕྱིར་གཞན་ལས་གྲུབ་པ་ཡི། །རྐྱེན་གཞན་དག་ནི་སྐྱེད་བྱེད་མིན། །གང་ཡང་དེའི་ཚེ་འབྲས་བུ་ལ་མ་ལྟོས་པར་རང་གི་ངོ་བོ་མི་འགྲུབ་ལ། དེ་ཇི་ལྟར་རང་ཉིད་གྲུབ་པ་མེད་པར་འབྲས་
བུ་སྐྱེད་པར་བྱེད། གལ་ཏེ་སྐྱེད་ན་མོ་གཤམ་གྱི་བུ་མོ་ཡང་བུ་སྐྱེད་པར་འགྱུར་ལ། དེའི་ཕྱིར་གཞན་ལས་གྲུབ་པ་ཡི། །རྐྱེན་གཞན་དག་ནི་སྐྱེད་བྱེད་མིན། །རང་ལས་ཐ་དད་པ་གཞན་དུ་གྱུར་པ་ནི་འབྲས་བུ་ལ་དེ་ལ་ལྟོས་ནས་གྲུབ་པའི་མ་རིག་པ་ལ་སོགས་པའི་རྐྱེན་གྱིས་རང་ལས་
ཐ་དད་པའི་འབྲས་བུ་འདུ་བྱེད་ལ་སོགས་པའི་སྐྱེད་བྱེད་མ་ཡིན་ནོ། །ཕན་ཚུན་མི་ལྟོས་པར་གྲུབ་པར་ཡོད་པར་གྱུར་ན། རྒྱུ་ལས་གཞན་པ་འབྲས་བུ་ལས་གཞན་པ་རྒྱུའི་ཞེས་འཐད་པར་འགྱུར་ལ། རྒྱུ་དང་འབྲས་བུ་དག་ཕན་ཚུན་མ་ལྟོས་པར་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་
བསྒྲུབས་ཟིན་ཏོ། །དེས་ན་མ་རིག་པ་ལས་འདུ་བྱེད་རྣམས་གཞན་ཉིད་དུ་མ་གྲུབ་པས་འདུ་བྱེད་རྣམས་ལ་མ་ལྟོས་པར་མ་རིག་པ་གཞན་ཉིད་དུ་གྲུབ་པར་འགྱུར་རོ་ཞེས་བརྗོད་པར་མི་ནུས་སོ། །དེ་ལྟར་འདུ་བྱེད་ལ་སོགས་པ་ལས་མ་རིག་པ་ལ་སོགས་པ་གཞན་ཉིད་དུ་མ་གྲུབ་ན།
མ་རིག་པ་ལ་བརྟེན་ནས་བྱུང་བའི་འདུ་བྱེད་རྣམས་གཞན་ཉིད་དུ་གྲུབ་བོ་ཞེས་རྣམ་པར་གཞག་པར་མི་ནུས་སོ། །གང་ཞིག་དེ་ལྟར། དེའི་ཕྱིར་གཞན་ལས་གྲུབ་པ་ཡི། །རྐྱེན་གཞན་དག་ནི་སྐྱེད་བྱེད་མིན། །དེས་ན་འདིར་མ་རིག་པ་ལ་བརྟེན་ནས་འདུ་བྱེད་ལ། འདུ་བྱེད་ལ་

ལྟོས་ནས་མ་རིག་པའོ་ཞེས་རྣམ་པར་གཞག་པས་རེ་ཞིག་རྒྱུ་དང་འབྲས་བུ་དག་གཅིག་ཉིད་མ་ཡིན་ནོ་ཞེས་སྨོས་པར་འགྱུར་རོ། །དེ་ཉིད་ཀྱིས་དེ་ཉིད་སྐྱེད་པ་མེད་དོ་ཞེས་བྱས་ནས། ཕན་ཚུན་ལྟོས་པས་རྒྱུ་དང་འབྲས་བུ་དག་གྲུབ་པར་གྱུར་ལ། ཕན་
ཚུན་ལྟོས་པས་རང་གི་ངོ་བོ་གྲུབ་པ་མེད་པས་རྒྱུ་དང་འབྲས་བུ་དག་གཞན་པ་ཡང་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེ་ཉིད་ཀྱིས་ན་གཅིག་པ་དང་གཞན་པ་དག་མེད་པས་རྟག་པ་དང་ཆད་པའི་མཐར་སྨྲ་བ་དང་བྲལ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་གྲུབ་པ་ཡོངས་སུ་སྐྱེའོ། །
ཇི་སྐད་དུ། བརྟེན་ནས་བྱུང་བ་གང་དང་གང་། །རེ་ཞིག་དེ་ཉིད་དེས་མི་བསྐྱེད། །གཞན་ལས་ཀྱང་མིན་དེ་ཡི་ཕྱིར། །རྟག་མིན་ཆད་པ་ཡང་མ་ཡིན། །ཞེས་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་མེད་པར་ཡང་ཤིན་ཏུ་གསལ་བར་ཁོང་དུ་ཆུད་པར་བྱས་པར་འགྱུར་
རོ། །ཇི་སྐད་དུ། གཅིག་ཉིད་གཞན་ཉིད་དང་བྲལ་བ། །འགྲོ་བ་སྒྲ་བརྙན་ལྟ་བུ་སྟེ། །འཕོ་དང་འཇིག་པ་བྲལ་བ་ཡི། །རྟོགས་ལྡན་ཁྱོད་ལ་མི་སྨོད་དོ། །ཞེས་གསུངས་སོ། །གལ་ཏེ་ཡང་དེ་ལྟར་རྒྱུ་དང་འབྲས་བུ་དག་ཕན་ཚུན་ལྟོས་པ་ཅན་དུ་གྲུབ་པར་རྣམ་པར་བཞག་
ལ། དེ་ལྟ་ན་ཡང་ཕན་ཚུན་ལྟོས་པ་ཅན་དུ་གྲུབ་པས་དེ་དག་ཀྱང་བུ་དང་ཕ་བཞིན་དུ་གྲུབ་པར་འགྱུར་རོ་ཞེ་ན། གསུངས་པ། ཕ་ནི་བུ་མིན་བུ་ཕ་མིན། །དེ་དག་ཕན་ཚུན་མེད་མིན་ཞིང་། །དེ་གཉིས་ཅིག་ཅར་ཡང་མེད་ལྟར། །དེ་ལྟར་ཡན་ལག་བཅུ་གཉིས་སོ། །ཕ་ཉིད་བུ་མ་
ཡིན་ཏེ། ཕ་ཞེས་བྱ་བ་སྐྱེད་བྱེད་ལ། དེ་ཇི་ལྟར་བསྐྱེད་བྱར་འགྱུར། བུ་ཡང་ཕ་མིན་ཏེ། བུ་ནི་བསྐྱེད་བྱ་ལ། དེ་ཇི་ལྟར་སྐྱེད་བྱེད་དུ་འགྱུར། དེ་ལྟར་རེ་ཞིག་ཕ་ཉིད་བུ་མ་ཡིན་ལ་བུ་ཉིད་ཕ་མ་ཡིན་ནོ། །ཐ་མི་དད་པ་མ་ཡིན་པའི་ཕྱིར་དེ་གཉིས་ཕན་ཚུན་མེད་པ་མིན་ཏེ། བུ་མེད་ན་
ཕ་འཐད་པ་མ་ཡིན་ཏེ། སྐྱེད་པར་བྱེད་པའི་ལས་ཀྱིས་ཕ་ཉིད་དུ་འཐད་པའི་ཕྱིར། བུ་མེད་ན་ཅི་ཞིག་སྐྱེད་པར་བྱེད་པས་ཕ་ཉིད་དུ་འགྱུར། ཕ་ཡང་བུ་མེད་ན་མི་འགྲུབ་པས། ཕ་མེད་ན་བུ་ཡང་མི་འཐད་དོ་ཞེས་བྱ་བས། དེ་གཉིས་ཕན་ཚུན་མེད་མིན་ཞིང་། །དེ་གཉིས་ཅིག་ཅར་ཡང་

མེད་ལྟར་ཏེ། དེ་གཉིས་ཅིག་ཅར་ན་བ་ལང་གི་རྭ་གཡས་པ་དང་གཡོན་པ་བཞིན་པས་བསྐྱེད་བྱ་སྐྱེད་བྱེད་མེད་པ་ཉིད་དུ་འགྱུར་རོ། །ཇི་ལྟར་ཕ་དང་བུ་དག་མ་གྲུབ་པ་དེ་བཞིན་དུ་ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་གྲུབ་སྟེ། མ་རིག་པ་ཉིད་འདུ་བྱེད་
མ་ཡིན་ལ། འདུ་བྱེད་ཉིད་མ་རིག་པ་མ་ཡིན་ཞིང་། དེ་གཉིས་ཕན་ཚུན་མེད་མིན་ཞིང་། །དེ་གཉིས་ཅིག་ཅར་ཡང་མ་ཡིན། །ཞེས་བྱ་བས་ཐམས་ཅད་ལ་མཚུངས་པར་སྦྱར་བར་བྱའོ་ཞེས་གསུངས་སོ། །གལ་ཏེ་མ་རིག་པ་དང་འདུ་བྱེད་དག་རང་གི་ངོ་བོ་མ་གྲུབ་ན།
དེ་ནི་མ་རིག་པ་ལ་བརྟེན་ནས་འདུ་བྱེད་རྣམས་སྐྱེ་བ་མི་འཐད་དེ། མེད་བཞིན་པའི་མོ་གཤམ་གྱི་བུ་ལ་བརྟེན་ནས། དེའི་བུ་འབྱུང་བ་མ་ཡིན་ནོ་ཞེས་བརྗོད་དོ། །གལ་ཏེ་མ་རིག་པ་དང་འདུ་བྱེད་དག་རང་གི་ངོ་བོ་གྲུབ་པར་གྱུར་ན། དེ་ནི་འདི་དག་ད་ལྟ་བ་བཞིན་པས་རྟེན་ཅིང་
འབྲེལ་པར་འབྱུང་བར་མི་འགྱུར་རོ། །མོ་གཤམ་གྱི་བུ་ལ་ཡང་བརྟེན་ནས་འབྱུང་བ་མ་ཡིན་ཞིང་། མ་རིག་པ་ལ་བརྟེན་ནས་འདུ་བྱེད་འབྱུང་ངོ་ཞེས་བྱ་སྟེ། དེས་ན་མོ་གཤམ་གྱི་བུ་ལྟ་བུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་མ་ཡིན་ནོ། །འོ་ན་གཉི་ག་ཡང་རང་བཞིན་
གྱིས་མ་སྐྱེས་པར་མཉམ་ལ། དེ་ལྟ་ན་ཡང་ཕྱིན་ཅི་ལོག་ལ་ལྟོས་ནས་མ་རིག་པ་ལ་སོགས་པ་ལ་བརྟེན་ནས་སྐྱེ་བ་ཡོད་ལ། མོ་གཤམ་གྱི་བུ་ལ་ཕྱིན་ཅི་ལོག་ལ་ཡང་དེ་ལ་བརྟེན་ནས་སྐྱེ་བར་མི་རྟོག་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་གཉི་ག་ཡང་མཚུངས་པར་རང་བཞིན་གྱིས་
མ་སྐྱེས་པ་ལ་གཅིག་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་མཐོང་ལ་ཅིག་ཤོས་ནི་མ་ཡིན་འདི་ནི་འཇིག་རྟེན་པ་ཁོ་ན་ལ་དྲི་བར་བྱའི། ཁོ་བོ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་འཇིག་རྟེན་གྱི་ཕྱིན་ཅི་ལོག་ལས་སོ། །གང་དག་རང་བཞིན་གྱིས་མ་སྐྱེས་པར་
མཉམ་པ་ཁ་ཅིག་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་མཐོང་ལ་ཅིག་ཤོས་ནི་མ་ཡིན་ནོ། །རིགས་པས་ནི་མོ་གཤམ་གྱི་བུ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་བརྟགས་ལ། ཅུང་ཟད་རྟོག་པར་བྱེད་པས་ན། ཕྱིན་ཅི་ལོག་ཏུ་རྣམ་པར་གཞག་སྟེ། འདི་ལྟར་རབ་

རིབ་ཅན་གྱིས་ཡང་དག་པ་མ་ཡིན་པའི་སྐྲ་ལ་ཡོངས་སུ་རྟོག་པ་མི་འཐད་པས། ཇི་ལྟར་རབ་རིབ་མེད་པ་རྣམས་ཀྱིས་བརྟགས་པ་ལས་ཕྱིན་ཅི་ལོག་ཏུ་མཐོང་བ་ཞེས་བརྗོད་དོ། །དེ་ཉིད་ཀྱིས་ན་སངས་རྒྱས་བཅོམ་ལྡན་འདས་སྨན་པ་ཆེན་པོ་ལྟར་རང་བཞིན་མེད་པ་
སྐྱེ་བོ་རྣམས་ལ་སྟོན་པར་མཛད་དེ། གང་ཞིག་དེའི་རྒྱུ་ཡོད་པ་མ་ཡིན་པ་ལ་དོན་དུ་རྟོག་པའི་རྣམ་པར་རྟོག་པ་ཕྱིན་ཅི་ལོག་གི་མཚན་ཉིད་ལས་བཟློག་པར་མཛད་དོ། །རྣམ་པར་རྟོག་པ་ལས་ཡོངས་སུ་བཟློག་ནས་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ཇི་ལྟ་བ་དེ་ལྟ་བུ་ལ་གནས་སོ། །དེ་ལ་གནས་
ནས་ཡང་དག་པ་མ་ཡིན་པར་སྒྲོ་མི་འདོགས་པས་མྱ་ངན་ལས་འདས་པ་ཐོབ་པ་ལ་རྣམ་པར་གྲོལ་བ་ཞེས་བརྗོད་དོ།། །།འདི་ལྟར་དེ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར། མ་རིག་པ་དང་འདུ་བྱེད་དག་གི་རང་བཞིན་མེད་ལ། གལ་ཏེ་དེ་ལྟར་འདི་གཉིས་རང་བཞིན་མེད་ལ་རང་བཞིན་
མེད་པ་དག་ཡོད་ན། ཇི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་། །ཇི་ལྟར་འདི་དག་རང་བཞིན་མེད་པ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ལྟར་སློབ་དཔོན་གྱིས་དཔེས་གསལ་བར་མཛད་པས་གསུངས་པ། ཇི་ལྟར་རྨི་ལམ་ཡུལ་བརྟེན་པའི། །བདེ་སྡུག་མེད་བཞིན་དེ་ཡུལ་ཡང་། །
བརྟེན་ནས་གང་སྐྱེས་མེད་དེ་བཞིན། །བརྟེན་པ་ཉིད་ཀྱིས་དེ་ཡོད་མིན། །ཇི་ལྟར་གང་ཁོ་ན་ལས་རྨི་ལམ་དུ་ཉམས་སུ་མྱོང་བཞིན་པ་བདེ་བ་དང་སྡུག་བསྔལ་དག་རྨི་ལམ་དུ་དངོས་པོ་ཉེ་བར་ཐོབ་པའི་གཟུགས་དང་སྒྲ་ལ་སོགས་པ་དེ་སྐྱེད་པའི་རྗེས་སུ་མཐུན་པ་ལས་བརྟེན་ནས་བྱུང་ངོ་
ཞེས་རྨི་ལམ་ཉིད་དུ་རྣམ་པར་འཇོག་ལ། དེ་ལས་སྐྱེས་པ་ལ་རང་བཞིན་ཡང་མེད་ལ་རྨི་ལམ་ཡང་སད་པ་ན་དེ་བཞིན་དུ་ཉམས་སུ་མྱོང་བ་བདེན་པ་ཉིད་དུ་མི་རྟོག་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་འབའ་ཞིག་ངོ་བོ་ཉིད་མེད་པ་མ་ཡིན་ཏེ། རྨི་ལམ་གྱི་ཡུལ་ཡང་རྟེན་ཅིང་
འབྲེལ་པར་འབྱུང་ལ། ཡུལ་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རང་བཞིན་མེད་པའོ། །ཇི་ལྟར་རྨི་ལམ་གྱི་ཡུལ་དང་དེ་ལ་བརྟེན་ནས་གང་ཞིག་བདེ་བ་དང་སྡུག་བསྔལ་ཉེ་བར་སྐྱེ་བ་དེ་དང་དེ་ནི་གཉི་ག་བརྫུན་ལ། དེ་བཞིན་དུ་སད་པ་ན་ཡང་མ་རིག་པ་ཞེས་བྱ་བའི་རྒྱུ་

གང་ལས་འདུ་བྱེད་ཅེས་བྱ་བའི་འབྲས་བུ་སྐྱེ་བ་དག་མེད་དེ། རྨི་ལམ་ཉེ་བར་ཐོབ་པའི་ཡུལ་བཞིན་དུ་དེའི་རྒྱུ་མ་རིག་པ་ཞེས་བྱ་བའི་དོན་ཏོ། །གང་དང་དེ་གཉིས་རྟག་ཏུ་མངོན་པར་འབྲེལ་བའི་ཕྱིར། གང་གི་སྒྲ་ཡིན་དེའི་སྒྲ་ཉེ་བར་འཇོག་པར་བྱེད་དེ། དེ་ལྟར་ཡང་རྨི་ལམ་དུ་ཉེ་
བར་ཐོབ་པའི་དཔེས་རྒྱུ་མ་རིག་པ་ཞེས་བྱ་བ་མེད་ལ། དེ་བཞིན་དུ་རྨི་ལམ་དུ་ཉམས་སུ་མྱོང་བའི་བདེ་བ་དང་སྡུག་བསྔལ་གྱི་དཔེས་གང་དེའི་འབྲས་བུ་འདུ་བྱེད་ཅེས་བྱ་བ་དེ་ཉིད་ཀྱང་མ་རིག་པ་ཞེས་བྱ་བ་རྒྱུ་ཡོད་པ་མ་ཡིན་པ་ལ་བརྟེན་ནས་སྐྱེ་བས་དེ་ཡང་དེ་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་པ་འདི་དང་
འབྲེལ་ཏོ། །དེ་འདི་ལྟར་རྨི་ལམ་དུ་ཉམས་སུ་མྱོང་བའི་བདེ་བ་དང་སྡུག་བསྔལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ཡུལ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་པས་མ་རིག་པ་དང་འདུ་བྱེད་དག་ཕྱིན་ཅི་མ་ལོག་པར་གྲུབ་པ་མེད་དོ་ཞེས་གནས་སོ། །
འདིར་ཁ་ཅིག་གིས་སྨྲས་པ། རྨི་ལམ་གྱི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམ་ཤེས་ལས། ཕྱི་རོལ་གྱི་རང་བཞིན་སྟོབས་ཅན་དུ་ཡོད་བཞིན་པ་ཡིན་པས་རྟེན་ཅིང་འབྲེལ་བར་འབྱུང་བ་མེད་ལ་བདེ་བ་དང་སྡུག་བསྔལ་བདག་ཉམས་སུ་མྱོང་བཞིན་པའི་རང་གི་མཚན་
ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་དག་རང་གི་མཚན་ཉིད་དུ་ཡོད་པའི་ཕྱིར། ཇི་སྐད་དུ་གསུངས་པའི་རིགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་མེད་པ་མི་འཐད་དོ། །རྒྱུ་དང་འབྲས་བུའི་རང་གི་མཚན་ཉིད་མ་གྲུབ་པ་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པའི་ཕྱིར་དང་།
རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རང་གི་མཚན་ཉིད་དུ་གྲུབ་པ་ལས་སོ་ཞེས་བྱ་སྟེ། རྣམ་པར་ཤེས་པ་ཙམ་དུ་སྒྲུབ་པ་ན་རྨི་ལམ་གྱི་དཔེ་འཐད་དེ། རྨི་ལམ་ན་རྣམ་པར་ཤེས་པ་ལས་ཐ་དད་པའི་ཡུལ་མེད་ལ། རྣམ་པར་རིག་པ་ཙམ་ཡང་ཡོད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ།
གང་འདི་སྐད་དུ་སྨྲས་ཏེ་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་རང་བཞིན་སྟོབས་ཅན་དུ་ཡོད་བཞིན་པ་མ་ཡིན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་དོ་ཞེས་བྱ་བ་དེ་ནི་རེ་ཞིག་མི་རིགས་ཏེ། གལ་ཏེ་རྨི་ལམ་ཡུལ་དང་བཅས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན། རྟེན་ཅིང་

འབྲེལ་པར་འབྱུང་བ་མེད་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་རང་གི་རྣམ་པར་ཤེས་པ་ལ་རྣམ་པ་སྐྱེད་པར་མི་བྱེད་ལ། འདིས་སད་པའི་གནས་སྐབས་བཞིན་དུ་སྐྱེད་པར་བྱེད་པས་མིག་ལ་སོགས་པའི་དབང་པོ་ལ་བརྟེན་ནས། རྣམ་པར་ཤེས་པ་ལས་ཐ་དད་
པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡུལ་ལ་རྣམ་པར་ཤེས་པ་དམིགས་སོ་ཞེས་ངེས་སོ། །སད་པའི་གནས་སྐབས་ན་ཡང་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་ཤེས་པས་དམིགས་པ་མ་གྲུབ་པས་དེ་ནི་མི་འཐད་དོ་ཞེ་ན། མི་འཐད་པ་མ་ཡིན་ཏེ། འཇིག་རྟེན་པ་ཕྱི་རོལ་གྱི་ཡུལ་ལ་
དམིགས་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ཕྱི་རོལ་ཉིད་དུ་ཉེ་བར་བསྟན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་གཟུགས་ནི་ཕྱི་རོལ་གྱི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་པ་ལ་སོགས་པའོ། །འཇིག་
རྟེན་པ་ནི་རྨོངས་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱི་གསུང་ཡང་དགོངས་པ་ཅན་ཉིད་པས་དྲང་དོན་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། སྨྲས་པ། ཇི་ལྟར་ན་ཡང་སྔོན་པོ་དང་སེར་པོ་ལ་སོགས་པ་མིག་ལ་སོགས་པའི་རྣམ་ཤེས་ཀྱིས་ཡོངས་སུ་དཔྱད་པར་བྱ་བ་མངོན་སུམ་དུ་
དམིགས་བཞིན་པ་ལ་མེད་དོ་ཞེས་བརྗོད་པར་མི་ནུས་སོ། །སྔོན་པོ་ལ་སོགས་པ་རྣམས་དཔྱད་ན། རང་གི་ངོ་བོ་མ་དམིགས་པའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་བཞིན་ནམ། འདུས་པ་ལ་དམིགས་པ་པོ་ཉིད་དུ་མི་རུང་
བས་རྣམ་པར་ཤེས་པའི་རྣམ་པ་ལས་ཐ་དད་པའི་སྔོན་པོ་ལ་སོགས་པ་ཡོད་པར་མི་འགྲུབ་བོ་ཞེ་ན། སྨྲས་པ། གལ་ཏེ་འཇིག་རྟེན་པ་ལ་དམིགས་བཞིན་པ་ཡང་རིགས་པས་དཔྱད་ན་མེད་དོ་ཞེས་བྱས་ནས་མེད་དོ་ཞེས་བརྗོད་ན་དེ་ལྟ་ན་འདི་ལྟར་རྣམ་པར་ཤེས་པ་ལ་སོགས་པའི་རང་གི་
མཚན་ཉིད་ཀྱང་མེད་དོ་ཞེས་ངེས་པར་བྱོས་ཤིག །རྣམ་པར་ཤེས་པ་དེ་ཡང་རྣམ་པར་ཤེས་པའི་རྣམ་པ་ལས་ཐ་དད་པ་ཡུལ་བཞིན་དུ། ཡོད་པ་ཡོད་ཕྱིར་སྐྱེ་བ་མིན། །མེད་པ་མེད་ཕྱིར་མི་སྐྱེ་ལ། །ཆོས་མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་པས་གནས་འགག་

མེད། །ཅེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པའི་རྟག་པ་དང་། དངོས་པོ་མེད་པས་དངོས་མེད་མིན། །བདག་ལས་མ་ཡིན་གཞན་ལས་མིན། །དེ་ཕྱིར་དངོས་དང་དངོས་མེད་དང་། །དངོས་དང་དངོས་མེད་མིན་པས་ཀྱང་། །ཞེས་བྱ་བ་ལ་སོགས་པའི་ཆད་པར་འགྱུར་བའི་དཔྱད་
པ་ལས་ཀྱང་མ་གྲུབ་བོ། །གང་ཞིག་རིགས་པས་དཔྱད་ན་མི་འཐད་པ་དེ་ལ་འཇིག་རྟེན་པ་ལ་རྨོངས་པའི་ཕྱིར་མེད་པ་ལ་སྒྲོ་བཏགས་ལ། སངས་རྒྱས་རྣམས་ཀྱང་དེ་ཡོད་དོ་ཞེས་སྟོན་པ་དྲང་བའི་དོན་དུའོ་ཞེས་བྱའོ། །ཕུང་པོ་ལྔ་རྣམས་ཀྱང་ཕྱི་རོལ་གྱི་དམིགས་པ་བཞིན་དུ་དེ་ཁོ་ནར་མ་གྲུབ་
པར་ཁས་བླང་བར་བྱོས་ཤིག །དེས་ན་རྣམ་པར་ཤེས་པ་ནི་ཡོད་པ་ཉིད་དང་། ཕྱི་རོལ་གྱི་དམིགས་པ་ནི་མེད་པ་ཉིད་གཏང་བར་བྱའོ། །ཐམས་ཅད་ཀྱི་རང་བཞིན་མ་གྲུབ་པར་གྱུར་པས་རྣམ་པར་ཤེས་པ་ངོ་བོ་ཉིད་ཀྱིས་མ་གྲུབ་པར་ཁས་བླངས་པ་བཞིན་ཡུལ་ཡང་མ་གྲུབ་པར་ཁས་བླངས་
པར་བྱོས་ཤིག་དང་སྐྱོན་ཅི་ཡང་མེད་དོ། །རྣམ་པར་ཤེས་པ་དང་ཡུལ་དག་མཚུངས་པར་རང་གི་ངོ་བོ་མ་གྲུབ་ལ། རྣམ་པར་ཤེས་པའི་རང་གི་ངོ་བོ་མ་གྲུབ་ཀྱང་ཡོད་ལ་ཡུལ་གྱི་རང་གི་ངོ་བོ་མ་གྲུབ་པས་མེད་དོ་ཞེས་བྱ་བ་འདི་དེ་ཁོ་ན་ཉིད་དུ་མ་ཡིན་ཞིང་འཇིག་རྟེན་པ་ལ་ཡང་མ་ཡིན་པས་
འདི་སྐད་དུ་སྨྲ་བ་ནི་རིགས་པ་སྨྲ་བར་རུང་བ་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་འཇིག་རྟེན་པས་མཐོང་བ་དེ་ལྟར་ཞོག་ཤིག །མཐོང་བ་ཡང་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པའི་དམིགས་པ་ལས་རྣམ་པར་ཤེས་པ་ཡང་ཉེ་བར་དམིགས་པའོ། །དེའི་ཕྱིར་རྣམ་པར་ཤེས་པ་ཡང་ཞོག་ལ་
ཕྱི་རོལ་གྱི་དོན་ཡང་ཞོག་ཤིག་དང་། འཇིག་རྟེན་གྱི་ཀུན་རྫོབ་ལས་ཐ་དད་པས་ཅི་ཞིག་བྱ། དེའི་ཕྱིར་རྣམ་པར་ཤེས་པ་ལས་གཞན་པའི་ཕྱི་རོལ་ལ་དམིགས་པས་དགག་པའི་དོན་དུ་རྨི་ལམ་གྱི་དཔེ་མ་ཡིན་ལ། འོན་ཀྱང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཆར་ཡང་རང་བཞིན་མེད་པར་
བསྒྲུབ་པའི་དོན་དུའོ། །ཇི་ལྟར་སད་པའི་བདག་ཉིད་ཀྱི་དངོས་པོ་འདི་ཉིད་ཕྱིན་ཅི་ལོག་གི་རྒྱུ་ཅན་གྱི་མ་རིག་པའི་རྐྱེན་ལས། མིག་གི་དབང་པོ་ལ་སོགས་པའི་ཚོགས་པ་དང་། དེའི་རྣམ་པར་ཤེས་པ་ཡོད་པ་ཅན་སྣ་ཚོགས་པའི་གཟུགས་དང་སྒྲ་ལ་སོགས་པའི་ཡང་ཉམས་

སུ་མྱོང་བ་ལ་འཇུག་པས་བྱིས་པ་རྣམས་འདི་ནི་བདེན་པའོ་ཞེས་མངོན་པར་ཞེན་པའི་རྒྱུ་མཚན་ལ། འཕགས་པས་བརྫུན་པ་སླུ་བའི་ཆོས་ཅན་དུ་ཡོངས་སུ་ཆོད་ལ། དེ་བཞིན་དུ་རྨི་ལམ་གཉིད་ཀྱིས་ཀུན་ནས་དཀྲུགས་པའི་སེམས་སད་པའི་བདག་ཉིད་ཀྱི་
དངོས་པོ་རྐྱེན་གྱིས་མིག་ལ་སོགས་པའི་ཚོགས་དང་། དེའི་རྣམ་པར་ཤེས་པ་ཡོད་པ་ཅན་སྣ་ཚོགས་པའི་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བ་ལ་འཇུག་པས། རྨི་ལམ་གྱི་ནང་ན་གནས་པ་རྣམས་འདི་ནི་བདེན་པའོ་ཞེས་མངོན་པར་ཞེན་པའི་རྒྱུ་མཚན་ལ།
སད་པ་རྣམས་ཀྱིས་བརྫུན་པ་སླུ་བའི་ཆོས་ཅན་ཉིད་དུ་ཡོངས་སུ་ཆོད་ལ། སད་པའི་སྐྱེ་བོ་ཐ་སྙད་པ་རྣམས་ལ་སྣང་ངོ་། །ཇི་སྲིད་འདིར་རྨི་ལམ་མཐོང་བ་ལས་སད་པར་མ་གྱུར་པ་དེ་སྲིད་དུ་དེའི་བདག་ཉིད་ཀྱི་དངོས་པོའི་མིག་གིས་གཟུགས་མཐོང་སྟེ། ཇི་སྲིད་མིག་མ་ཚང་བ་
དང་བསྒྲིབས་པར་མ་གྱུར་གྱི་བར་དུའོ། །དེ་གཞན་དུ་རྣ་བས་སྒྲ་ཐོས་པ་ནས། ཇི་སྲིད་ཡིད་ཀྱིས་ཆོས་རྣམས་ཤེས་པ་དང་དགེ་བ་དང་མི་དགེ་བའི་ལས་ཀྱང་བྱེད་ལ། གང་དག་རྨི་ལམ་ཉིད་དུ་འབྲས་བུ་ཉེ་བར་ལོངས་སྤྱོད་པ་ཇི་ལྟ་བར། མ་རིག་པའི་གཉིད་ཀྱི་ནང་ན་གནས་པས་
བསྡུས་པའི་ཉེ་བར་སྤྱོད་པའི་ལས་ཀྱི་འབྲས་བུ་ཉིད་ལ། མ་རིག་པའི་གཉིད་ལོག་པ་ལས་ལངས་པ་ཕུང་པོ་ལྷག་མ་མེད་པ་ལ་གནས་པའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་གནས་པའི་འཕགས་པ་རྣམས་ཉེ་བར་ལོངས་མི་སྤྱོད་དེ། ཕྱིན་ཅི་ལོག་གིས་བསྐྱེད་
པའི་བདག་ཉིད་ཀྱི་དངོས་པོ་ཤིན་ཏུ་ཞི་བའི་ཕྱིར་རོ། །དེ་བཞིན་དུ་སད་པ་ལ་ཡང་སྟེ། གཉིད་ལོག་ལོག་པའི་བདག་ཉིད་ལས་ལངས་པ་རྣམས། རྨི་ལམ་གྱི་བདག་ཉིད་ཀྱི་དངོས་པོ་ལས་ཤིན་ཏུ་འདས་པས། དེས་བྱས་པའི་ལས་འབྲས་བུ་མྱོང་བར་མི་བྱེད་དོ། །དགེ་སློང་དག་
ལྟུང་བར་བྱེད་པའི་ཆོས་ཀུན་དུ་སྤྱོད་པ་སྐྱེས་ཀྱང་རྨི་ལམ་གྱི་ཆ་ཤས་སད་པས་ལྟུང་བ་ཆུང་ངུ་ཙམ་དུ་ཡང་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ་ལྟུང་བ་མེད་པར་བཞག་པས། དེའི་བདག་ཉིད་ཀྱི་དངོས་པོས་བྱས་པའི་ལས་ཀྱིས་འདིའི་བདག་ཉིད་ཀྱི་དངོས་པོ་ལ་རྣམ་པ་ཐམས་

ཅད་དུ་མི་མྱོང་བའི་ཕྱིར་དང་། དེ་དེ་བཞིན་དུ་སད་པའི་བདག་ཉིད་ཀྱི་དངོས་པོ་དང་འབྲེལ་བའི་རྣམ་པར་ཤེས་པ་རྨི་ལམ་དུ་རྣམ་པ་ཐམས་ཅད་དུ་མི་སྲིད་དོ། །གཞན་དུ་ན་དེར་བྱས་པའི་ལས་ཀྱིས་སད་པ་ན་ཡང་འབྲས་བུ་ཉམས་སུ་མྱོང་བ་སུས་ཟློག་པར་བྱེད། དེ་ནི་འདི་
ལྟར་རྣམ་པར་ཤེས་པའི་ཚོགས་དྲུག་ནི་དབང་པོ་དྲུག་དང་ཡུལ་དྲུག་ལས་ཏེ། དབང་པོ་ཡུལ་དག་མེད་ན་མེད་པ་ལྟ་བུ་དེ་ལ་མིག་ལ་སོགས་པའི་དབང་པོའི་རྣམ་པར་ཤེས་པ་འཐད་པ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པ་ལ་བག་ཆགས་སྣ་ཚོགས་པ་ཡོངས་
སུ་སྨིན་པ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་མི་རུང་སྟེ། གཉིད་དང་མཚུངས་པར་ལྡན་པས་དེ་ཤིན་ཏུ་བླུན་པའི་ཕྱིར་ཏེ། གཉིད་དང་བྲལ་ནས་སད་པར་ཐལ་ལོ། །དམ་པའི་ཆོས་ཀློག་པ་དང་། ཁ་ཏོན་དང་། ཤིན་ཏུ་ཕྲ་བའི་དོན་ལ་སེམས་པ་ལ་སོགས་པ་ཡང་སད་པའི་
བདག་ཉིད་ཀྱི་དངོས་པོས་བསྒྲུབ་པར་ནུས་པས་དེ་ལ་ཉེ་བར་དམིགས་ལ། གཉིད་ཀྱིས་བསླད་པའི་རྣམ་པར་ཤེས་པ་ལ་ཇི་སྐད་དུ་སྨོས་པ་མི་འཐད་དོ། །འོ་ན་དེ་ལྟར་གྱུར་ན་བདག་ཉིད་ཀྱི་དངོས་པོ་གཉིས་པ་ཐོབ་པར་འགྱུར་རོ། །སུས་འདི་ལ་གཉིས་པའོ་ཞེས་ཡོངས་སུ་
བརྟག་པར་ནུས། གལ་ཏེ་སད་པའི་བདག་ཉིད་ཀྱི་དངོས་པོ་ལ་དེ་མི་ལྡན་ཏེ། སད་པའི་བདག་ཉིད་ཀྱི་དངོས་པོའི་གནས་སྐབས་ན། དེ་མི་དམིགས་པའི་ཕྱིར་རོ། །ཡང་ན་རྨི་ལམ་གྱི་གནས་སྐབས་སུ་ཡང་དེ་ལྟར་དེའི་བདག་ཉིད་ཀྱི་དངོས་པོ་མི་དམིགས་པའི་ཕྱིར་དེའི་
ཚེ་སུ་ཞིག་དེ་ལ་བདག་ཉིད་ཀྱི་དངོས་པོ་གཉིས་པ་ཞེས་འཇོག །འདིར་རེ་ཞིག་བདག་ཉིད་ལ་ཆགས་པའི་རྒྱུ་མཚན་གྱིས་བརྫུན་པའི་རང་བཞིན་དུ་བརྗོད་པར་ནུས་ཀྱི། འདི་ལ་གཉིས་པ་དང་གསུམ་པ་ཞེས་རྣམ་པར་གཞག་པར་མི་ནུས་སོ། །འོ་ན་དེ་ལྟ་ན་ཡང་ལྷག་
མ་མེད་པའི་མྱ་ངན་ལས་འདས་པ་ལྟ་བུ་ན། རྨི་ལམ་རྨི་བ་ལས་སད་པ་ན་དྲན་པ་འབྱུང་བར་མི་འགྱུར་རོ། །གལ་ཏེ་རྨི་ལམ་ལས་སད་པ་མྱ་ངན་ལས་འདས་པ་ལྟ་བུར་རྣམ་པ་ཐམས་ཅད་རྣམ་པར་ཤེས་པ་ལྡོག་པར་འགྱུར་ན་དེ་ནི་དེ་ལྟར་འགྱུར་གྱི། །འདིར་སད་པ་ན་རྣམ་

པར་ཤེས་པའི་ཀུན་དུ་སྤྱོད་པ་ཡོད་པས་ཞེས་བྱ་སྟེ། རྨི་ལམ་དུ་ཉམས་སུ་མྱོང་བ་སད་པའི་རྣམ་པར་ཤེས་པ་ལ་མི་དྲན་པ་མ་ཡིན་ནོ། །རྨི་ལམ་དུ་ཉམས་སུ་མྱོང་བའི་ཕྱིར་དྲན་པ་མི་འཐད་དོ་ཞེ་ན། དེ་ལྟར་ན་སྔར་གྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་
ཕྱི་མའི་དྲན་པའི་རྣམ་པར་ཤེས་པས་ཉམས་སུ་མ་མྱོང་བས་དྲན་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་རྒྱུན་གཅིག་ཏུ་རྣམ་པར་གཞག་པའི་ཕྱིར། དེས་ན་དྲན་པ་ཡོད་དོ་ཞེ་ན། འདིར་ཡང་སད་པ་དང་རྨི་ལམ་གྱི་ཤེས་པ་དག་རྒྱུན་གཞན་མ་ཡིན་པར་རྒྱུ་དང་འབྲས་བུས་
འཇུག་པའི་ཕྱིར་རོ། །སླར་ཡང་བདེན་པ་འཁྲུལ་པ་བདེན་པའི་རྒྱུ་ཉིད་དུ་ཇི་ལྟར་ཤེས། ཇི་ལྟར་སྒྲ་ནི་སྒྲ་བརྙན་གྱི་ལ་སྒྲ་བརྙན་ཡང་རང་གི་རྣམ་པར་ཤེས་པའི་སྟེ། ཁྱོད་ལ་འཁྲུལ་པ་ལ་འབད་པ་འདིས་དོན་ཅི་ཞིག །གལ་ཏེ་འདི་དག་རིགས་པས་དཔྱད་པས་བདག་
ཉིད་ཡོད་པ་མི་སྤོང་ན། སུ་ཞིག་འདིར་རང་བཞིན་མེད་པར་ཁོང་དུ་ཆུད་པར་འགྱུར། གང་ཁོ་ན་ལ་དེ་དག་རིགས་པས་མི་འཐད་པ་དེ་ཉིད་ཀྱིས་ན་དེ་ལ་བརྫུན་པར་འཐད་དོ། །དེའི་ཕྱིར་འཇིག་རྟེན་པས་མཐོང་བ་ཁོ་ན་འདི་དག་རྣམ་པར་གཞག་པར་གྱིས་ཤིག །
འཇིག་རྟེན་པས་རྨི་ལམ་དུ་ཡུལ་དང་དུས་དང་གནས་སྐབས་ཁྱད་པར་མི་བདེན་པའི་བདག་ཉིད་ཀྱང་ཉེ་བར་དམིགས་ལ། མི་བདེན་པ་ཉེ་བར་དམིགས་པ་དེས་བདེན་པར་འདོད་པའི་སད་པའི་བདག་ཉིད་དངོས་པོ་ལ་ཆགས་པ་འཕགས་པས་སེལ་བར་མཛད་དོ། །ཇི་ལྟར་གང་ཞིག་
བདག་ཉིད་ཀྱི་དངོས་པོ་དེ་དམིགས་སོ་ཞེས་གང་ཞིག་འདིར་དཔྱད་པ་ན་དེ་སད་པའི་བདག་ཉིད་ཀྱི་དངོས་པོ་དང་མཚུངས་ལ། བདག་ཉིད་ཀྱི་དངོས་པོ་འདི་ཡང་སྨོས་པའི་བརྟག་པས་མི་འཐད་ན། ཇི་ལྟར་འཇིག་རྟེན་པས་དམིགས་ཕྱིན་ཅི་ལོག་ལས་སོ། །འོ་ན་ཕྱིན་ཅི་ལོག་ཀྱང་
སྐྱེ་བ་མེད་ན་དེ་ཇི་ལྟར་འཇིག་རྟེན་པས་ཉེ་བར་དམིགས། སྨྲས་པ། འཇིག་རྟེན་པས་མཐོང་བ་ཚད་མར་བྱས་ནས་བདག་ཉིད་ཀྱི་དངོས་པོ་འདི་ཡོད་དོ། །འཇིག་རྟེན་པས་མཐོང་བ་དེ་ཡང་དཔྱད་ན་མ་གྲུབ་པོ་ཞེས་བྱ་སྟེ། ཇི་ལྟར་དེ་ཚད་མར་བྱེད། སྨྲས་པ། ཇི་སྐད་

སྨོས་པའི་བརྟག་པ་མ་བྱས་པའི་འཇིག་རྟེན་པའི་མཐོང་བ་ཚད་མར་བྱས་པའོ། །གལ་ཏེ་དེ་ལྟར་ན་ནི་འདི་ཐམས་ཅད་ལ་དེ་བཞིན་ཁོ་ནར་རྗེས་སུ་གནས་པས་བྱོས་ཤིག །དེས་ན་འཇིག་རྟེན་པས་ཇི་ལྟར་མཐོང་བ་དངོས་པོར་ཡོད་འགའ་ཞིག་ལ་བདེན་པར་མངོན་པར་འདོད་པ་
འཁྲུལ་པ་བསལ་བ་ལ་དགོས་པ་ཅི་ཞིག་ཡོད། འཇིག་རྟེན་པའི་རྨི་ལམ་སད་པའི་བདག་ཉིད་ལྟ་བུའི་མིག་ལ་སོགས་པའི་བདག་ཉིད་ཇི་ལྟར་ཉེ་བར་དམིགས་ལ། བརྫུན་པ་ཉིད་དུ་རྣམ་པར་གནས་ལ་དྲན་པས་ན་བདག་ཉིད་ཀྱི་དངོས་པོ་ལས་གཞན་པ་ཡང་མ་ཡིན་ཞིང་ཐ་དད་པ་ཡང་མ་
ཡིན་ཏེ། ཕྱིན་ཅི་ལོག་ལས་ཉེ་བར་དམིགས་པའོ། །དེས་ན་འཇིག་རྟེན་ལས་ཇི་ལྟ་བ་དེ་ལྟ་བུར་གྲགས་པའི་དཔེས་སད་པའི་དངོས་པོ་ཉེ་བར་དམིགས་པ་རྣམས་ལ་དེ་ཆགས་པ་མི་སྐྱེ་བའི་དོན་དུ་འཕགས་པས་བརྫུན་པ་ཉིད་དུ་གསལ་བར་མཛད་དོ། །དངོས་པོ་ལ་ཆགས་པ་སྔོན་
དུ་འགྲོ་བ་ལས་འཁོར་བ་ལ་ངེས་པར་དངོས་པོ་ལ་ཆགས་པ་ཟད་པ་ལས་མྱ་ངན་ལས་འདའོ་ཞེས་བྱའོ། །དེའི་ཕྱིར་རྨི་ལམ་དུ་རྨིས་པའི་བདེ་བ་དང་སྡུག་བསྔལ་བཞིན་དང་རྒྱུ་ཡུལ་བཞིན་དུ་མ་རིག་པ་དང་འདུ་བྱེད་དག་རང་བཞིན་མེད་པར་གྲུབ་པོ། །འདིར་སྨྲས་པ། གལ་ཏེ་དངོས་
རྣམས་རང་བཞིན་གྱིས། །མེད་ན་དམན་མཉམ་ཁྱད་འཕགས་དང་། །སྣ་ཚོགས་ཉིད་ནི་མི་འགྲུབ་ཅིང་། །རྒྱུ་ལས་ཀྱང་ནི་དངོས་གྲུབ་མིན། །ཇི་སྐད་དུ་སྨོས་པའི་རིགས་པ་དང་། རྨི་ལམ་གྱི་དཔེས་ཀྱང་དངོས་པོ་རྣམས་རང་བཞིན་མེད་པར་བསྒྲུབས་པའོ། །གལ་ཏེ་དངོས་
པོ་རྣམས་ཀྱི་རང་བཞིན་མེད་ན། དེའི་ཚེ་དངོས་པོ་མེད་པར་སྨྲ་བ་ཁྱོད་ལ་དམན་པ་དང་མཉམ་པ་དང་ཁྱད་པར་འཕགས་པ་ཉིད་མི་འཐོབ་པོ། །ཡོད་བཞིན་པ་མ་ཡིན་པ་ནམ་མཁའི་མེ་ཏོག་ལ་དམན་པ་དང་མཉན་པ་དང་ཁྱད་པར་ཅན་ལ་དམིགས་ལ། དངོས་པོ་རྣམས་
ཀྱིས་འགྲོ་བ་དང་། སྐྱེ་གནས་དང་། རིགས་དང་། སྐྱེ་རྒྱུད་དང་། རུས་དང་། ན་ཚོད་དང་། གཟུགས་ལ་སོགས་པ་ཉེ་བར་དམིགས་པ་རྣམས་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པ་དང་བར་མའི་དབྱེ་བས་གནས་པ་རྣམས་སོ་སོར་དམན་པ་དང་མཉན་པ་དང་ཁྱད་པར་ཅན་ཡིན་ལ།

ཕྱི་རོལ་གྱི་ཡང་ཁང་བཟངས་དང་རྒྱན་དང་མལ་སྟན་དང་བཟའ་བ་དང་བཏུང་བ་ལ་སོགས་པའི་ཉེ་བར་མཁོ་བ་རྣམས་ལ་ལྟོས་ནས་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་ཉིད་ལ། དེ་ཡང་འདི་དག་ཐམས་ཅད་རང་རང་གི་དངོས་པོར་དངོས་པོ་རྣམས་གྲུབ་པར་འགྱུར་
འཐད་ལ། མ་སྐྱེས་པ་རོ་གཅིག་པ་ལ་སྣ་ཚོགས་པ་ཉིད་དུ་འགྲུབ་པ་ཐོབ་པར་མི་འགྱུར་རོ། །ཇི་སྐད་སྨོས་པའི་འགྲོ་བ་ལ་སོགས་པ་ཕན་ཚུན་སྣ་ཚོགས་པ་ཡང་འཇིག་རྟེན་དུ་ཡོད་ལ། རང་གི་མཚན་ཉིད་མེད་བཞིན་པ་སྣ་ཚོགས་པ་ཉིད་དུ་ནི་མི་འཐད་ལ། དངོས་པོ་རང་བཞིན་
མེད་པར་སྨྲ་བ་རྣམས་དངོས་པོ་རྒྱུ་ལས་སྐྱེ་བ་ཡང་མི་འཐོབ་སྟེ། རང་བཞིན་མེད་པར་སྨྲ་བས་དངོས་པོ་རི་བོང་གི་རྭ་དང་མཚུངས་སོ། །དེ་ལ་གལ་ཏེ་འདུ་བྱེད་ལ་སོགས་པའི་དངོས་པོ་རང་བཞིན་མེད་པར་གྱུར་ན། རི་བོང་གི་རྭ་བཞིན་རྒྱུ་ལས་སྐྱེ་བར་མི་འགྱུར་ལ། འདི་དག་ཀྱང་རྒྱུ་
ལས་སྐྱེ་བ་ཡོད་པས་དེའི་ཕྱིར་དངོས་པོ་རྣམས་རང་བཞིན་དང་བཅས་པའོ་ཞེས་བྱའོ། །འདིར་གསུངས་པ། རང་བཞིན་གྲུབ་ན་རྟེན་འབྱུང་གི། །དངོས་པོ་མེད་འགྱུར་མ་བརྟེན་ན། །གང་ལ་རང་བཞིན་མེད་པར་འགྱུར། །དངོས་པོ་ཡོད་དང་དངོས་མེད་ཀྱང་། །
གལ་ཏེ་དངོས་པོ་རྣམས་རང་བཞིན་མེད་པར་སྨྲ་བའི་ཕྱོགས་ལ་དམན་པ་ལ་སོགས་པ་མེད་པར་ཐལ་བའི་སྐྱོན་གྱིས་འཇིགས་པས་དངོས་པོ་རྣམས་ཀྱི་རང་བཞིན་གྲུབ་པར་ཁས་བླངས་སོ་ཞེ་ན། འོ་ན་ཁྱོད་ཀྱི་དངོས་པོ་ཁས་བླངས་ཀྱང་དངོས་པོ་རྣམས་འབའ་ཞིག་ཏུ་
མ་ཟད་ཀྱི། ཇི་ལྟར་མངོན་པར་འདོད་པའི་ཁྱད་པར་གྲུབ་པ་ཡང་ཁྱོད་ཀྱིས་ཐོབ་པར་མི་འགྱུར་ལ། རྣམ་པར་གཞག་པ་ཐམས་ཅད་མེད་པ་ཡང་ཐོབ་པར་འགྱུར་རོ། །ཇི་ལྟར་བྱས་ན། གལ་ཏེ་ངེས་པར་དངོས་པོ་རྣམས་ཀྱི་རང་བཞིན་གྲུབ་པར་གྱུར་ན་དེ་ནི་རང་བཞིན་གྱིས་གྲུབ་པར་
གྱུར་པས་དེ་དག་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བར་མི་འགྱུར་ཏེ། ཡོད་བཞིན་པའི་དངོས་པོ་ཉིད་ལ་དངོས་པོར་རྣམ་པར་གཞག་པར་རུང་གི་མེད་པ་ལ་ནི་མ་ཡིན་ནོ། །ཡོད་བཞིན་པ་སླར་ཡང་བརྟེན་ནས་སྐྱེ་བར་ཡང་མི་རིགས་ལ། དེ་ལས་དངོས་པོ་ཐམས་ཅད་བརྟེན་ནས་མ་བྱུང་བ་

ཐོབ་པར་འགྱུར་རོ། །བརྟེན་ནས་འབྱུང་བ་མེད་པར་གྱུར་ན། དངོས་པོ་རྣམས་ཀྱི་དམན་པ་ལ་སོགས་པའི་ཁྱད་པར་མི་འབྱུང་ངོ་ཞེས་བྱ་སྟེ། དངོས་པོར་སྨྲ་བ་རིགས་པ་མ་ཡིན་ནོ། །འདིར་ཁ་ཅིག་གིས་སྨྲས་པ། དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་རྒྱུ་དང་རྐྱེན་གྱིས་མི་བསྐྱེད་
དེ། དུས་གསུམ་དུ་རང་གི་མཚན་ཉིད་གནས་པའི་ཕྱིར་དང་། གནས་སྐབས་ཀྱི་འབྲས་བུའི་ཕྱིར་ཡང་དངོས་པོ་རྣམས་ཀྱི་རྒྱུ་དང་རྐྱེན་གྱི་ཚོགས་པས་གནས་སྐབས་ཉིད་སྐྱེད་དོ་ཞེ་ན། དེ་ལ་ལྟོས་ནས་སྨྲས་པ། མ་བརྟེན་པར་ཡང་གང་ལ་སྟེ་གལ་ཏེ་དངོས་པོ་རྣམས་རང་གི་མཚན་
ཉིད་ཀྱིས་དུས་གསུམ་དུ་ཡང་གནས་པར་གྱུར་ན་དེ་ནི་མ་བརྟེན་པར་བྱུང་བ་ལ་རང་གི་མཚན་ཉིད་མི་འཐད་དེ། མོ་གཤམ་གྱི་བུ་ལ་ཡང་རང་གི་མཚན་ཉིད་ཡོད་པར་འགྱུར་ལ། དེའི་ཕྱིར་མ་བརྟེན་པར་ཡང་མ་ཡིན་ཏེ། མ་བརྟེན་པར་ཡང་དངོས་པོ་རྣམས་ཀྱི་རང་བཞིན་མེད་དོ། །གཞན་
ཡང་དངོས་པོ་རྣམས་ཀྱི་རང་བཞིན་ཁས་བླངས་ན་ཇི་ལྟར་ཁས་བླངས་པའི་རང་བཞིན་མེད་པར་ཡང་མི་འགྱུར་ཏེ། འདུ་བྱེད་རྣམས་སྐད་ཅིག་མ་སོ་སོར་འཇིག་པ་གནས་པ་མེད་པའི་རང་གི་མཚན་ཉིད་ལ་དེ་ཡང་གཞན་དུ་འགྱུར་བ་མཐོང་བས་གནས་པ་མེད་པའི་རང་གི་
མཚན་ཉིད་ཀྱི་ཕྱིར་རང་བཞིན་མེད་པར་གཞག་གོ། །དེ་ལ་གལ་ཏེ་དེ་དག་རང་བཞིན་ཡོད་ན་གནས་པ་མེད་པའི་རང་གི་མཚན་ཉིད་དུ་མི་འགྱུར་ཞིང་། འདུ་བྱེད་རྣམས་འཇིག་པ་མེད་པ་ཐོབ་པར་འགྱུར་ལ། ངོ་བོ་ཉིད་གྲུབ་པའི་ཕྱིར་རང་བཞིན་ཡོད་བཞིན་པའོ། །ཡོད་བཞིན་པ་མ་
ཡིན་པ་ལ་གཞན་དུ་འགྱུར་བ་ཡང་མི་སྲིད་དོ། །འོ་མའི་གནས་སྐབས་ཉིད་དུ་གནས་བཞིན་པའི་འོ་མ་གཞན་དུ་གྱུར་པས་ཞོའི་དངོས་པོའི་མཚན་ཉིད་དུ་མི་སྲིད་པའམ། གཞོན་ནུ་ཡང་གཞོན་ནུའི་གནས་སྐབས་ཉིད་དུ་གནས་བཞིན་པ་རྒས་པའི་གནས་སྐབས་
གཞན་ཐོབ་ནས། འདི་ལས་གཞན་དུ་གྱུར་པར་རྣམ་པར་འཇོག་པར་བྱེད་ལ། དེ་ཡང་མི་རིགས་ཏེ། འདི་གནས་སྐབས་གཞན་ཐོབ་པ་ཅི་ཞིག་ཡོད། གལ་ཏེ་འོ་མ་ལ་ནི་དེ་མི་རུང་སྟེ། འོ་མའི་གནས་སྐབས་དང་འགལ་བའི་ཞོའི་གནས་སྐབས་སུ་དེ་ཇི་ལྟར་འོ་

མ་ནི་གནས་སྐབས་ཉིད་དུ་གནས་ལ། དེ་མེད་ན་འོ་མའི་རྣམ་པར་གཞག་པ་མེད་པ་ཉིད་དུ་འགྱུར། དེ་ལས་ཀྱང་འོ་མ་དང་ཞོའི་གནས་སྐབས་དག་གཅིག་ཏུ་གྱུར་པ་མེད་པའི་ཕྱིར་འོ་མ་ལ་ཞོའི་དངོས་པོ་མེད་ལ། དངོས་པོ་མེད་ན་འདི་ལ་ཞོའི་དངོས་པོ་
ག་ལ་ཞིག་ཅེས་བྱའོ། །དེ་ལྟར་རང་གི་མཚན་ཉིད་ཁས་བླངས་པར་གྱུར་ན་འདིས་དངོས་པོ་རྣམས་ཡོངས་སུ་འགྱུར་བ་མི་སྲིད་པའི་ཕྱིར་ལ། གཞན་དུ་འགྱུར་བ་མེད་པར་གྱུར་ན་རང་བཞིན་མེད་པར་མི་འགྱུར་རོ། །འོ་མ་རང་གི་མཚན་ཉིད་ལས་ཡོངས་སུ་མི་འགྱུར་བའི་དངོས་
པོར་གྱུར་ན། ཇི་སྐད་དུ་བསྒྲུབས་པའི་རིགས་པས་བརྟག་པར་ཡོད་པར་ཐལ་ལོ། །དངོས་པོ་འབའ་ཞིག་ཙམ་ཁས་བླངས་པར་གྱུར་ན་རང་བཞིན་མེད་པ་མེད་པའི་འཇིག་པ་ཡང་ཐོབ་པར་མི་འགྱུར་བ་ཡང་མ་ཡིན་ཏེ། རང་གི་མཚན་ཉིད་ཡོད་བཞིན་པ་ལ་རང་བཞིན་དུ་རྣམ་
པར་གཞག་གི་མེད་པ་ལ་ནི་མ་ཡིན་ཏེ། དངོས་པོ་ཉིད་དུ་རྣམ་པར་གཞག་པ་དེ་དང་འགལ་བ་དངོས་པོ་མེད་པ་མི་འཐད་པས་སོ། །དངོས་པོ་ལས་བཟློག་པས་ན་དངོས་པོ་མེད་པ་སྟེ་འཇིག་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་འཇིག་པ་མེད་པར་འགྱུར་གྱི་རང་བཞིན་ནི་
མ་ཡིན་ལ། ཞིག་པ་ཡང་རང་གི་མཚན་ཉིད་ཡོད་བཞིན་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་འདི་ལྟར་ཇི་སྐད་དུ་སྨོས་པའི་སྐྱོན་ཡོད་པའི་ཕྱིར་དངོས་པོར་སྨྲ་བར་མི་རིགས་སོ། །འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས་དངོས་པོར་སྨྲ་བ་བཀག་ཀྱང་དེ་ལྟ་ན་དངོས་པོ་མ་བཀག་གོ་
ཞེས་བྱ་སྟེ། དེ་ནི་རེ་ཞིག་ཡོད་ལ། གང་དེའི་རང་བཞིན་ལ་དེ་ལས་ཅིག་ཤོས་མ་མཐོང་བའི་ཕྱིར་རང་བཞིན་གྱིས་རྣམ་པར་གཞག་པ་ཐོབ་པོ། །འདི་ལྟ་སྟེ། མེའི་དངོས་པོ་དེའི་གང་ཞིག་དྲོ་བ་ལ། དེ་ལ་དེ་ལས་གཞན་པ་མ་མཐོང་བའི་ཕྱིར་རང་བཞིན་ཞེས་རྣམ་པར་འཇོག་ལ་
དངོས་པོ་འབའ་ཞིག་པ་གྲུབ་པས་རང་བཞིན་གྲུབ་པ་དང་གཞན་གྱི་དངོས་པོ་གྲུབ་པ་དང་དངོས་པོ་མེད་པ་གྲུབ་པར་མི་རུང་པ་མ་ཡིན་ཏེ། འདི་ལྟར་གཤེར་བའི་རང་བཞིན་ཅན་གྱི་ཆུ་རང་བཞིན་གཞན་ལ་ལྟོས་ནས་གཞན་གྱི་དངོས་པོ་ཞེས་རྣམ་པར་འཇོག་ལ། དེ་ཡང་དངོས་པོ་ཞིག་

པ་ལ་དངོས་པོ་མེད་པ་ཞེས་རྣམ་པར་འཇོག་སྟེ། དེའི་ཕྱིར་དངོས་པོ་ཡོད་པ་ལས་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་དང་དངོས་པོ་མེད་པ་ཡོད་དོ་ཞེ་ན། སྨྲས་པ། གལ་ཏེ་དངོས་པོ་ཉིད་ཡོད་ན་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་དང་དངོས་པོ་མེད་པ་ཡོད་པར་
འགྱུར་གྱི། རང་བཞིན་དང་བྲལ་བ་ལ་དངོས་པོ་འཐད་པ་མ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་ཡང་དངོས་པོར་ཐལ་བར་འགྱུར་རོ། །དེའི་ཕྱིར་མེད་ལ་གང་གི་ཚེ་མེད་པ་དེའི་ཚེ་དེ་ལ། མེད་ལ་རང་དངོས་གཞན་དངོས་སམ། །དངོས་མེད་འགྱུར་བ་ག་ལ་ཞིག །དེས་ན་རང་
དངོས་གཞན་དངོས་དང་། །དངོས་མེད་ཕྱིན་ཅི་ལོག་པ་ཡིན། །མེད་པ་ནི་ཡོད་བཞིན་པ་མ་ཡིན་པའི་རི་བོང་གི་རྭ་བཞིན་དུ་རང་བཞིན་མེད་ལ། རང་གི་དངོས་པོ་ཉིད་ཀྱང་དངོས་པོ་གཞན་འགའ་ཞིག་ལ་ལྟོས་ནས་གཞན་གྱི་དངོས་པོ་ཞེས་རྣམ་པར་འཇོག་ལ། རང་གི་དངོས་པོ་
མེད་ན་གཞན་གྱི་དངོས་པོ་ཡང་མེད་དོ། །རང་གི་དངོས་པོ་དང་གཞན་གྱི་དངོས་པོ་དག་མེད་ན་ཡང་སུ་ཞིག་དང་བྲལ་ནས་དངོས་པོ་མེད་པར་འགྱུར། འོ་ན་རང་གི་དངོས་པོ་ལ་སོགས་པ་དག་མེད་ན། འདི་ལྟར་ཁམས་གསུམ་པའི་ཐ་སྙད་རྣམས་ཇི་ལྟར་ཞེ་ན། སྨྲས་པ།
ཅི་མི་བདེན་པས་འཇིག་རྟེན་གྱི་ཐ་སྙད་འགེགས་སམ། ཁོ་བོ་འདི་སྐད་དུ་ཡང་སྨྲས་ཏེ། གང་དེ་ལྟར་དངོས་པོ་ལ་སོགས་པ་དཔྱད་ན་མི་སྲིད་ལ། འཇིག་རྟེན་པ་ཡང་དེས་ཐ་སྙད་བྱེད་ལ། གཞན་གྱི་དངོས་པོ་དང་། རང་གི་དངོས་པོ་དང་། དངོས་པོ་མེད་པ་ཡང་དེས་ན་ཕྱིན་ཅི་ལོག་པ་སྟེ། འཇིག་རྟེན་པའི་
ཕྱིན་ཅི་ལོག་ཙམ་ལ་ལྟོས་ནས་གང་ཡང་དེ་དག་གྲུབ་པའི་ཕྱིར་རོ་ཞེས་དགོངས་པའོ། །འདིར་སྨྲས་པ། གལ་ཏེ་དངོས་པོ་སྟོང་གྱུར་ན། །འགག་པ་མེད་ཅིང་སྐྱེ་མི་འགྱུར། །གལ་ཏེ་དངོས་པོ་སྟོང་པ་སྟེ། །ཡོད་བཞིན་པ་མ་ཡིན་པར་འགྱུར་ན། ཡོད་བཞིན་པ་མ་ཡིན་པའི་ཕྱིར་
རི་བོང་གི་རྭ་བཞིན་མི་སྐྱེ་བར་འགྱུར་ཞིང་། འགག་པར་ཡང་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་དངོས་པོའི་སྐྱེ་བ་དང་འགག་པ་གསུངས་ཏེ། དེའི་ཕྱིར་སྐྱེ་བ་དང་འགག་པ་དང་ལྡན་པའི་ཕྱིར་དངོས་པོ་སྟོང་པ་མ་ཡིན་ནོ། །ཡང་ན་འདི་སྙམ་དུ་སེམས་ཏེ། དེ་གྲུབ་ན་

རང་བཞིན་ཡོད་པ་ཉིད་ལ། རང་བཞིན་དེ་ཡང་མེད་པ་ལས་སྟོང་པ་ཉིད་དོ་ཞེ་ན། འོ་ན་དེ་ལྟ་བུ་ཡང་། ངོ་བོ་ཉིད་ཀྱིས་སྟོང་ན་ཡང་། །གང་ལ་འགག་ཅིང་གང་ལ་སྐྱེ། །གང་གི་ངོ་བོ་མེད་ན་དེ་ན་རི་བོང་གི་རྭ་ལྟར་འགག་པ་དང་སྐྱེ་བ་ཡང་མི་འབྱུང་ངོ་། །དངོས་
པོ་རྣམས་སྐྱེ་བ་དང་འགག་པ་ཡང་ཡོད་པས་འདི་དག་གི་རང་བཞིན་ཡོད་དོ་ཞེས་བྱ་ལ། དེ་གྲུབ་ན་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ཡང་འབྱུང་བར་འགྱུར་རོ་ཞེ་ན། འདིར་སྨྲས་པ། གལ་ཏེ་སྐྱེ་བ་དང་འགག་པར་འགྱུར་ན། དེ་ནི་དེ་དང་ལྡན་པའི་དངོས་པོ་རྣམས་ཀྱི་རང་
བཞིན་གྲུབ་པར་འགྱུར་ལ། དེ་དག་ཀྱང་མེད་དེ། ཇི་ལྟར་བྱས་ན། འདིར་སྐྱེ་བ་དང་འགག་པ་གཉིས་སུ་བརྟག་པ་འདི་ནི། དངོས་པོ་ལ་བརྟེན་ནས་བརྟག་པར་ནུས་ཀྱི་གཞན་དུ་མ་ཡིན་ལ། དེ་དག་དེའི་ཚེ་སྐྱེ་བ་དང་འཇིག་པའི་དངོས་པོར་འཇུག་པར་གྱུར་ན། ཅིག་ཅར་རམ་
ཐ་དད་པར་འཇུག་པར་འགྱུར་ན། གཉི་གར་ཡང་འཇུག་པར་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། དངོས་དང་དངོས་མེད་ཅིག་ཅར་མེད། །དངོས་པོ་མེད་ན་དངོས་མེད་མིན། །རྟག་པར་དངོས་པོ་དངོས་མེད་ཀྱང་། །དངོས་མེད་ལས་གཞན་དངོས་མི་སྲིད། །སྲིད་པས་ན་དངོས་
པོ་སྟེ་སྐྱེའི། དངོས་པོ་མེད་པ་སྟེ་འཇིག་པའོ། །དངོས་པོ་དང་དངོས་པོ་མེད་པ་ནི་དངོས་པོ་དང་དངོས་པོ་མེད་པའོ། །དངོས་པོ་དང་དངོས་པོ་མེད་པ་དག་མེད་པས་དངོས་པོ་དང་དངོས་པོ་མེད་པའོ། །རེ་ཞིག་དངོས་པོ་དང་དངོས་པོ་མེད་པ་དག་ཅིག་ཅར་ཏེ་དུས་གཅིག་ཉིད་
དུ་མེད་དེ། ཕན་ཚུན་འགལ་བའི་ཕྱིར་མེད་པས་དངོས་པོ་གཅིག་ལ་དུས་གཅིག་ཏུ་སྐྱེ་བ་དང་འཆི་བ་མི་འཐད་དོ་ཞེས་བྱ་སྟེ། དེ་ལྟར་རེ་ཞིག་དངོས་པོ་དང་དངོས་པོ་མེད་པ་དག་ཅིག་ཅར་མེད་པའོ། །ད་ནི་རིམ་གྱིས་ཀྱང་ཡང་དག་པ་ཇི་ལྟ་བར་དངོས་པོ་དང་དངོས་པོ་མེད་པ་དག་མེད་
པས་དེ་བཞིན་དུ་བསྒྲུབ་པའི་ཕྱིར་གསུངས་པ། དངོས་པོ་མེད་ན་དངོས་མེད་མིན། །རྟག་ཏུ་དངོས་པོ་དངོས་མེད་ཀྱང་། །ཞེས་བྱ་བ་ལ། གལ་ཏེ་དངོས་པོ་ལས་གཞན་དུ་དངོས་པོ་མེད་པ་འཇུག་ན་དེའི་ཚེ་འཇིག་པ་དང་བྲལ་བའི་ནམ་མཁའ་ལ་སོགས་པ་ལ་ཡང་སྐྱེ་བ་འཇུག་པར་

འགྱུར་ཏེ། དེ་ནི་མི་འཇུག་གོ། །དེའི་ཕྱིར་དངོས་པོ་མེད་ན་དངོས་པོ་མེད་པ་མ་ཡིན་ནོ། །གཞན་ཡང་འདུས་བྱས་ཀྱི་མཚན་ཉིད་མི་རྟག་པའི་ཕྱིར་དངོས་པོའི་མཚན་ཉིད་ལ་དེ་ཡང་ནམ་ཡང་དངོས་པོ་ལས་འཕྲུལ་ནས་གང་ལ་འདི་མེད་པ་ཡང་མ་ཡིན་ལ། དེ་ནི་དངོས་པོའི་མཚན་
ཉིད་ལས་གྲོལ་བའི་ཕྱིར་ཡོད་པ་ཡང་མ་ཡིན་ནོ་ཞེས་བྱའོ། །དངོས་པོའི་མཚན་ཉིད་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལ་སྐྱེ་བ་ཡང་བཟོད་པ་མ་ཡིན་ཏེ། དེ་ནི་དངོས་པོའི་མཚན་ཉིད་ལས་བཟློག་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་དངོས་པོ་མེད་ན་དངོས་པོ་མེད་པ་ཡང་མ་ཡིན་ཏེ།
ཇི་ལྟར་ཡང་དངོས་པོ་མེད་ན་དངོས་པོ་མེད་པ་ཡང་མི་འཐད་ན། དེ་ལྟར་རྟག་པར་དངོས་པོ་དང་དངོས་པོ་མེད་པ་ཡང་མེད་ན་མེད་དོ་ཞེས་བྱ་བ་འདི་དང་འབྲེལ་ཏོ། །དངོས་པོ་དང་དངོས་པོ་མེད་པ་ནི་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་ཞེས་བྱ་སྟེ། མི་རྟག་པ་ལ་བརྗོད་དོ། །དངོས་
པོ་མེད་པ་དེ་ཡང་རྟག་ཏུ་དངོས་པོ་མེད་ན་མེད་ལ། གལ་ཏེ་ཡོད་ན་སྐྱེ་བ་མེད་པར་ཡང་རྣམ་པར་འཇིག་པར་འགྱུར་རོ། །དེ་ལས་ཀྱང་འདུས་མ་བྱས་ཀྱང་འགྱུར་ལ། མ་སྐྱེས་པ་ཡང་འཆི་བར་འགྱུར་རོ། །དེ་ནི་འདི་ལྟར་དངོས་པོ་མེད་ན་དངོས་པོ་མེད་པ་ཡང་མེད་ལ། གང་
གི་ཚེ་དངོས་པོ་མེད་པ་དག་དེ་ལྟར་དཔྱད་བཞིན་པས་ཅིག་ཅར་རམ་ཐ་དད་པར་གྲུབ་པ་མེད་པས་དེའི་ཚེ་དེ་དག་གི་རང་བཞིན་མ་གྲུབ་ན་དངོས་པོ་འཇུག་པ་མེད་དོ། །ཡང་ན་གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་དག་ཏུ་འཇུག་པར་མི་འགྱུར་ཡང་། དེ་ལྟ་ན་ཡང་རེ་ཞིག་དེའི་རྟེན་དངོས་
པོ་ཡོད་ལ། དེ་ཡོད་པས་བརྟེན་པའི་དངོས་པོ་དང་དངོས་པོ་མེད་པ་ཡང་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གང་གི་ཚེ་དངོས་པོ་ཡང་སྐྱེ་བ་མེད་ན་མེད་དོ་ཞེས་བརྗོད་པ་དེའི་ཚེ་དངོས་པོ་མེད་པ་ལས་དངོས་པོ་མི་སྲིད་དོ་ཞེས་གསུངས་པ་ཡིན་ཏེ། དངོས་པོ་མེད་པའི་མཚན་ཉིད་
ཀྱི་མི་རྟག་པ་ལས་གཞན་དུ་སྟེ། དེ་མེད་པར་དངོས་པོ་སྲིད་དངོས་པོ་ཡོད་པ་ཉིད་ལ་དེ་ཡང་མེད་དོ་ཞེས་གསུངས་པར་འགྱུར་རོ། །གང་གི་ཚེ་དངོས་པོ་མེད་ན་དེའི་ཚེ་དེ་ལ་བརྟེན་པའི་སྐྱེ་བ་དང་འཇིག་པ་ག་ལ་འབྱུང་། དེ་དག་མེད་ན་དངོས་པོའི་མཚན་ཉིད་ལས་གྲོལ་བས་དངོས་པོ་མེད་

དོ་ཞེས་གྲུབ་བོ།། །།འདིར་སྨྲས་པ། གལ་ཏེ་དངོས་པོའི་མཚན་ཉིད་མེད་ན་དངོས་པོ་མེད་ལ། འདི་ལྟར་དངོས་པོའི་མཚན་ཉིད་དང་འགལ་བའི་དངོས་པོ་མེད་པ་རེ་ཞིག་ཡོད་ལ། དེ་ཡོད་ན་དངོས་པོ་ཡང་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་
ཏེ་དེ་དང་འགལ་བའི་དངོས་པོ་མེད་པ་ཡོད་ན་དངོས་པོ་ཡོད་པར་འགྱུར་ལ། དེ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། དངོས་པོ་མེད་ན་དངོས་མེད་མིན། །རང་ལས་མིན་ཞིང་གཞན་ལས་མིན། །དེ་ཕྱིར་དངོས་པོ་དངོས་མེད་ཅིང་། །དངོས་པོ་མེད་པས་དེ་དག་མེད། །གང་
གི་ཚེ་མི་རྟག་པ་དང་བྲལ་བའི་དངོས་པོ་བྲལ་བའི་དངོས་པོ་མེད་དོ་ཞེས་བརྗོད་ལ། དེའི་ཚེ་དངོས་པོ་མེད་ན་དེ་ལས་བཟློག་པའི་དངོས་མེད་ཇི་ལྟར་འབྱུང་བར་འགྱུར། དེའི་ཕྱིར་དངོས་མེད་ཀྱང་མེད་དེ། ཇི་སྐད་དུ་སྨོས་པའི་རིགས་པས་དངོས་པོ་མེད་པ་འབའ་ཞིག་ཏུ་མ་ཟད་དངོས་མེད་
ཀྱང་མེད་དོ། །གཞན་ཡང་རིགས་པ་འདིས་དངོས་པོ་དངོས་པོ་མེད་པས་དངོས་པོ་མེད་པ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། རང་ལས་མིན་ཞིང་གཞན་ལས་མིན། །དེ་ཕྱིར་དངོས་པོ་དངོས་མེད་ཅིང་། །ཞེས་སོ། །གལ་ཏེ་དངོས་པོ་འགའ་ཞིག་ཡོད་ན་རང་
ལས་སྐྱེ་བའམ་གཞན་ལས་སྐྱེ་བར་འགྱུར། དེ་ལ་རང་གི་བདག་ཉིད་ནི་རེ་ཞིག་སྐྱེས་བཞིན་པའི་དངོས་པོའི་རང་བཞིན་ལ་སྐྱེ་བ་མེད་དེ། རང་ཞེས་བྱ་བ་བྱུང་བའི་རྣམ་པར་བྱེད་པའི་མཐའ་ཅན་སོ་སོའི་རང་བཞིན་གྱིས་བསྡུས་པ་ཡོད་པ་ཐོབ་པ་འབྲས་བུ་སྐྱེད་པར་རུང་བའི་དངོས་པོ་ལ་བརྗོད་
དོ། །སྐྱེད་པ་ཞེས་བྱ་བ་ཡང་ཡོད་པ་མཐོང་བའོ། །གང་ཁོ་ནའི་དངོས་པོ་འདི་རང་ངོ་ཞེས་གྲུབ་པའི་ངོ་བོ་ཉིད་ལ་བརྗོད་ལ། དེ་ཉིད་འདི་ནི་སྐྱེད་པའོ་ཞེས་སྐྱེད་པའི་བྱ་བ་དང་ལྡན་པ་འགལ་ཏེ། འདིའི་དངོས་པོ་གཅིག་ཉིད་ལ་དེ་གལ་ཏེ་རྫོགས་པའི་རང་བཞིན་དུ་གྲུབ་ན་འདི་དེ་དང་འགལ་
བའི་སྐྱེ་བཞིན་པའི་རང་བཞིན་དུ་བརྗོད་པར་ཇི་ལྟར་འཐད། ཡང་ན་སྐྱེད་བཞིན་པའི་རང་བཞིན་དུ་བརྗོད་ན་ཇི་ལྟར་གྲུབ་པའི་རང་བཞིན་དུ་བརྗོད་པར་ནུས། དེའི་ཕྱིར་གལ་ཏེ་དེ་བཞིན་ཞེས་བརྗོད་ན་སྐྱེད་དོ་ཞེས་བརྗོད་པར་མི་བྱ་ལ། ཡང་ན་སྐྱེད་པ་ཞེས་བརྗོད་ན་དེ་ལ་རང་ཞེས་

རྣམ་པར་མི་གཞག་གོ། །དངོས་པོར་གྱུར་པ་གཅིག་ནི་རང་ལ་ལྟོས་ནས་གཅིག་ལ་རྒྱུ་དང་འབྲས་བུའི་དངོས་པོར་ཡང་མི་འཐད་དོ་ཞེས་བྱ་སྟེ་དེས་ན་རང་ལས་མ་ཡིན་ནོ། །གཞན་དུ་རྣམ་པར་གཞག་པ་ནི་དངོས་པོ་གཞན་ཉེ་བ་ལ་ལྟོས་པའི་ཕྱིར་ལ་དེའི་འབྲས་བུ་ཞེས་བྱ་བའི་དངོས་
པོ་མ་རྫོགས་པའི་ཕྱིར་དེ་ལ་ལྟོས་ནས་འགའ་ཡང་གཞན་ཉིད་དུ་ཡོད་པ་མ་ཡིན་ཞེས་བྱ་སྟེ། རྒྱུའི་གཞན་ཉིད་མེད་པ་ཉིད་ཀྱིས་ན་གཞན་ལས་ཀྱང་སྐྱེ་བ་མེད་དོ། །སྐྱེ་བ་མེད་པར་འགྱུར་བས་དངོས་པོ་ཡང་མེད་དོ་ཞེས་གསུངས་པ། དེ་ཕྱིར་དངོས་པོ་དངོས་མེད་ཅིང་། །ཞེས་སོ། །
གང་གི་ཚེ་རིགས་པ་འདིས་དངོས་པོ་ཡང་དངོས་པོ་མེད་པས་དེའི་ཚེ་དེ་མེད་ན་དངོས་པོ་མེད་པའི་དངོས་མེད་ཀྱང་མེད་དོ་ཞེས་གསུངས་པ། དངོས་མེད་མེད་པས་དེ་དག་མེད། །ཅེས་སོ། །དེ་ལས་གང་ཞིག་སྨོས་པ་ནི་གལ་ཏེ་དངོས་པོ་མེད་ན་ཡང་རེ་ཞིག་དངོས་པོ་མེད་པ་ཡོད་པས་
དངོས་པོ་ཡང་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་མ་ཡིན་ཏེ། གང་གི་ཚེ་དེ་ལྟར་དངོས་པོ་ཡང་དངོས་པོ་མེད་པར་གྱུར་པས་དངོས་པོ་མེད་པ་ཡང་མེད་ལ། དེའི་ཚེ་ཡོད་པ་དང་མེད་པ་ཉིད་དུ་སྨྲ་བར་ཁས་མི་ལེན་པའི་ཕྱིར་དངོས་པོ་རྣམས་ཀྱི་ཡོད་པ་དང་མེད་པ་དག་ཡོངས་སུ་སྤངས་
ནས། དབུ་མའི་རྟོགས་པ་ཕྱིན་ཅི་མ་ལོག་པར་བཤད་པར་འགྱུར་རོ། །གང་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དངོས་པོ་ཙམ་ཞིག་ལ། གཟུང་བ་དང་འཛིན་པ་ཁས་བླངས་པས་སྒྲོ་འདོགས་ལ། གཟུང་བ་དང་འཛིན་པ་མེད་པས་དབུ་མའི་རྟོགས་པར་བརྗོད་ལ། གཞན་
དབང་དངོས་པོ་ཙམ་དུ་ཡོད་པའི་ཕྱིར་མེད་པ་ཉིད་དུ་ལྟ་བ་ཡང་དག་པ་མ་ཡིན་པར་འཛིན་པའོ། །ཀུན་བརྟགས་གཟུང་བ་དང་འཛིན་པ་ཉིད་མེད་པས་ཡོད་པ་ཉིད་དུ་ལྟ་བ་ཡང་ཡང་དག་པ་མ་ཡིན་པར་འཛིན་པའོ་ཞེས་བྱའོ། །དངོས་པོ་མེད་པ་ཁས་བླངས་པ་དེ་དག་གིས་ཡོད་
པ་ཉིད་དང་མེད་པ་ཉིད་ཡོངས་སུ་སྤོང་བར་མི་ནུས་པའོ། །གཞན་དབང་དངོས་ཙམ་ཁས་བླངས་པར་གྱུར་པ་དེ་དག་གི་ཡོད་པར་ལྟ་བ་ཁ་ན་མ་ཐོ་བ་མེད་པའོ། །ཀུན་དུ་བརྟགས་པ་གཟུང་བ་དང་འཛིན་པ་མི་སྲིད་པར་ཁས་བླངས་པར་གྱུར་ན། དེ་དག་ཀྱང་མེད་པར་ལྟ་བ་

ཁ་ན་མ་ཐོ་བ་མེད་པའོ་ཞེས་བྱ་བ་དེ་རྣམས་ཀྱིས་ཡོད་པ་ཉིད་དང་མེད་པ་ཉིད་དུ་ལྟ་བ་གང་ལ་སྤངས་ཞེས་བྱ་སྟེ། ངེས་པར་འདི་རྣམས་འཁོར་བ་ཉིད་ལས་མི་ལྡོག་གོ། །དངོས་པོ་འབའ་ཞིག་ཁས་བླངས་ན་ཡང་ཡོད་པ་དང་མེད་པ་ཉིད་དུ་སྨྲ་བ་ལས་མ་འདས་ལ་རྟག་
པ་དང་ཆད་པར་སྨྲ་བ་ཡང་ཐོབ་པར་འགྱུར་རོ། །གང་གི་ཕྱིར། དངོས་པོ་ཡོད་ན་རྟག་པ་ཉིད། །མེད་ནའང་ངེས་པར་ཆད་པ་ལ། །དངོས་པོར་གྱུར་ནའང་དེ་གཉིས་ཏེ། །དེས་ན་དངོས་པོ་ཁས་མི་བླང་། །དངོས་པོ་ཁས་བླངས་པར་གྱུར་ན་དེའི་རང་བཞིན་ཡོད་བཞིན་པས་སླར་ཡང་
གཞན་དུ་གྱུར་པ་མི་སྲིད་པས་དུས་ཐམས་ཅད་དུ་ཡོད་པར་འགྱུར་བས། དངོས་པོ་དེ་རྟག་པར་ཁས་བླང་བར་བྱའོ། །གལ་ཏེ་རྟག་པར་ཁས་བླངས་ན་དེའི་ཚེ་ཐེར་ཟུག་ཐོབ་པར་འགྱུར་ཏེ། དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཡང་ན་གལ་ཏེ་འཇིག་པར་གྱུར་ན་དེའི་ཚེ་
དངོས་པོ་མེད་པར་ཁས་བླངས་པར་གྱུར་པས་འདི་ནི་མེད་པ་ཐོབ་པར་འགྱུར་རོ། །དེ་ལས་ཀྱང་སྔར་བྱུང་ལ་ད་ནི་མེད་དོ་ཞེས་པའི་དོན་ཁས་བླངས་པར་གྱུར་པས་ཆད་པར་ལྟ་བ་ཐོབ་སྟེ། ཞིག་པ་ནི་སླར་ཡང་མི་འཇུག་པས་སོ། །རྟག་པ་དང་ཆད་པའི་མཐར་འཛིན་པ་ལས་
མཐར་འཛིན་པའི་ལྟ་བ་རིགས་པས་ཐོབ་ལ། རིགས་པའི་སྟོབས་ལས་འོངས་པས་སྤང་བྱར་མི་འགྱུར་ཏེ། ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར་རོ། །དེ་ལས་མཐའ་གཉིས་སྤངས་ནས་ཞུགས་པའི་ལན་འདི་ཡང་ཕྱིན་ཅི་ལོག་ཉིད་དུ་འགྱུར་ལ། གང་གི་ཚེ་རིགས་པས་
དཔྱད་ན་དངོས་པོ་རྣམ་པ་ཐམས་ཅད་དུ་མེད་ན་དེའི་ཚེ་དེའི་ཡུལ་རྟག་པ་དང་ཆད་པར་ཡོངས་སུ་བརྟགས་པས་ཡང་དག་པའི་ལྟ་བ་མ་ཡིན་ནོ་ཞེས་འཐད་དོ། །གང་ཡང་ཡང་དག་པའི་ལྟ་བ་མ་ཡིན་པ་དེ་ནི་ངེས་པར་སྤང་བར་བྱ་ལ། དེ་སྤོང་བའི་ཐབས་ཀྱང་རང་བཞིན་ཁས་མ་བླངས་པ་
ཡིན་ནོ་ཞེས་བྱ་སྟེ། དངོས་པོ་བཀག་པས་མྱ་ངན་ལས་འདས་པར་འགྲོ་བ་མ་ཡིན་ནོ་ཞེས་བྱ་བ་འདིར་ཐར་པར་འདོད་པ་རྣམས་ཀྱིས་ཁས་བླང་བར་མི་བྱའོ་ཞེས་བྱ་བར་འགྱུར་རོ། །འདིར་སྨྲས་པ། བདག་དང་བདག་གི་བའི་རྣམ་པ་ནི་འཇིག་ཚོགས་སུ་ལྟ་བ་ལ། གང་གི་ཚེ་

བདག་ཉིད་དུ་དམིགས་པ་དེ་ཉིད་རྟག་པ་དང་ཆད་པའི་མཐར་ཡོངས་སུ་བརྟགས་པ་ལས་མཐར་འཛིན་པའི་ལྟ་བ་སྐྱེད་ལ། དེ་ཡང་སྤང་བྱ་ལ་ཆོས་ཙམ་ནི་རྟག་པ་དང་ཆད་པའི་ལྟ་བར་མི་དམིགས་སོ་ཞེས་བྱ་སྟེ། དེས་ན་གལ་ཏེ་ཡང་ཕུང་པོ་རྣམས་མྱ་ངན་ལས་འདས་ནས་སླར་མི་
འཇུག་ན། དེ་ལྟ་ན་ཡང་ལྟ་བ་དེ་ནི་ཆད་པར་ལྟ་བ་མ་ཡིན་ནོ་ཞེས་བྱའོ། །འོ་ན་འཇིག་ཚོགས་སུ་ལྟ་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་དང་བདག་གི་བའི་རྣམ་པར་དམིགས་ལ། དེ་ལྟ་ན་ཡང་མུ་སྟེགས་བྱེད་ཀྱིས་བརྟགས་པའི་བདག་གི་རྣམ་པར་དམིགས་བཞིན་པ་ན་དེའི་
དབང་གིས་འདུ་བྱེད་རྣམས་ལ་ཡང་བདག་གི་བའི་རྣམ་པར་དམིགས་པས་འཇུག་གོ། །འོ་ན་འདི་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་པར་འགྱུར་གྱི། ཁྱད་པར་ནི་འདི་དག་སྟེ། གང་དུ་དེ་དག་ལ་བདག་དང་བདག་གི་བའི་རྣམ་པར་དམིགས་ནས་ཡོངས་སུ་འཛིན་ཅིང་དེ་
ལས་ཀྱང་མཐར་འཛིན་པར་ལྟ་བས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་ཉིད་ལ་རྟག་པ་དང་ཆད་པའི་རྣམ་པས་དམིགས་སོ་ཞེས་བྱའོ། །གལ་ཏེ་ཡང་འཇིག་ཚོགས་སུ་ལྟ་བ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་སོ་ཞེས་བྱ་བ། དེ་ལྟར་ན་ཡང་འདི་དེའི་རང་བཞིན་མི་དམིགས་ལ། འོན་
ཀྱང་དེ་དག་ལས་བདག་ཏུ་སྒྲོ་བཏགས་ནས་དམིགས་ཏེ། འདི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྒྲོ་བཏགས་པའོ་ཞེས་བྱའོ། །དགེ་སློང་ངམ་བྲམ་ཟེ་གང་ཅུང་ཟད་བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་བ་ལས་ཡང་དག་པར་རྗེས་སུ་མཐོང་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་
ཉིད་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ལས་ཐ་དད་པའི་ནང་གི་བྱེད་པའི་སྐྱེས་བུ་ཉིད་མ་གྲུབ་བོ་ཞེས་བྱ་བའི་དོན་དུའོ། །དེའི་ཕྱིར་འཇིག་ཚོགས་སུ་ལྟ་བས་བདག་ཁོ་ན་ལ་དམིགས་སོ། །གང་ཡང་བདག་གི་དབང་དུ་གྱུར་པའི་ཕྱིར། འདུ་བྱེད་རྣམས་
ལ་བདག་གི་བའི་རྣམ་པར་དམིགས་ལ། དེའི་ཕྱིར་མཐར་འཛིན་པར་ལྟ་བ་ཡང་རྟག་པ་དང་ཆད་པའི་རྣམ་པས་འཇུག་བཞིན་པ་ན། བདག་དང་བདག་གི་བ་ལ་དམིགས་ཀྱི་གཞན་དུ་མ་ཡིན་ནོ། །དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀྱིས་གསུངས་པ། ཀུན་དགའ་བོ་

བདག་ཡོད་དོ་ཞེ་ན་ཕ་རོལ་པོའི་རྟག་པ་ཞེས་བྱ་ལ། བདག་མེད་དོ་ཞེ་ན་ཕ་རོལ་པོའི་ཆད་པར་རོ་ཞེས་སོ། །འདིར་སྨྲས་པ། གལ་ཏེ་འགའ་ཞིག་ཆོས་ཙམ་ལ་རྟག་པ་ཞེས་རྟོགས་ན། ཅི་དེ་ནི་རྟག་པར་ལྟ་བར་འགྱུར་རམ་འོན་ཏེ་མ་ཡིན། །གལ་
ཏེ་རེ་ཞིག་རྟག་པར་ལྟ་བར་དེ་འདོད་ན། དེ་མི་རུང་སྟེ། འཇིག་ཚོགས་སུ་ལྟ་བ་ཆོས་ཙམ་ལ་དམིགས་ཤིང་གང་ལ་མཐར་འཛིན་པར་ལྟ་བ་འཇུག་པ་ནི་མེད་ལ། མཐར་འཛིན་པར་ལྟ་བ་སྤངས་ནས་གཞན་རྟག་པའི་རྣམ་པར་འཇུག་པ་ཡོད་པ་མ་ཡིན་ནོ། །ལྟ་བ་ཉིད་
མེད་ན་ཡང་རྟག་པས་ཆོས་ཙམ་མཐོང་བ་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །འདུས་བྱས་ཐམས་ཅད་མི་རྟག་ཅེས་བྱ་བའི་ཚིག་ལས་རྟག་པ་ཉིད་དུ་ལྟ་བ་ཕྱིན་ཅི་ལོག་པའོ་ཞེ་ན། གལ་ཏེ་དེར་འཛིན་པ་ཕྱིན་ཅི་ལོག་ན། ཇི་ལྟར་འདི་ཉོན་མོངས་པའི་དམིགས་པར་འགྱུར། ཇི་
སྲིད་དུ་འདོད་ཆགས་པ་དེ་སྲིད་དུ་སྡུག་པའི་རྣམ་པར་དམིགས་པར་བྱེད། ཞེ་སྡང་མི་སྡུག་པའི་རྣམ་པར་རོ། །ང་རྒྱལ་ཁེངས་པའི་རྣམ་པར་རོ། །མི་ཤེས་པའི་རྣམ་པར་ནི་མ་རིག་པའོ། །ཡིད་གཉིས་ཀྱི་རྣམ་པར་ནི་ཐེ་ཚོམ་མོ། །འཇིག་ཚོགས་སུ་ལྟ་བ་ནི་བདག་དང་
བདག་གི་བར་འཇུག་པའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་དམན་པ་ལ་མཆོག་གི་རྣམ་པར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྒྱུ་མེད་པ་དང་ལམ་མ་ཡིན་པ་ལ་རྒྱུ་དང་ལམ་གྱི་རྣམ་པར་འཇུག་པའོ་ཞེས་བྱ་བས་སོ། །རེ་ཞིག་དེ་དག་རྟག་པའི་རྣམ་
པར་མི་དམིགས་སོ་ཞེས་བྱ་སྟེ། སུ་ཞིག་དེའི་རྣམ་པར་དམིགས་པ་ཡོད། ཡང་ན་མཐར་འཛིན་པའི་ལྟ་བའི་ཞེས་ཡོངས་སུ་རྟོག་ན་དེ་ལྟ་ན་འདི་ལྟར་བདག་གི་བའི་རྣམ་པ་མ་ཡིན་པའི་ཆོས་ཙམ་ལ་དམིགས་པ་ཡང་མཐར་འཛིན་པར་ལྟ་བའོ་ཞེས་ཡོངས་སུ་ཤེས་སོ། །གལ་ཏེ་
ཡང་དེ་ནི་དེ་ལྟར་ན་དེའི་ཚེ་མྱ་ངན་ལས་འདས་པའི་ཆོས་ཙམ་ཡང་ཆད་པའི་ཕྱིར་ཆད་པར་ལྟ་བ་སྟེ། ཅི་ལྟར་མཐར་འཛིན་པར་ལྟ་བར་མི་འགྱུར། གཞན་ཡང་དེའི་རྣམ་པ་མ་ཡིན་པའི་ཆོས་ཙམ་ལ་དེའི་རྣམ་པར་སྒྲོ་འདོགས་པས་ལོག་པར་རྟོགས་པ་ལས་ཉོན་མོངས་

པ་རྣམས་འཇུག་པར་འགྱུར་རོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་རང་བཞིན་མེད་པ་སྟེ་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་རོ། །དེ་དག་ལ་རང་བཞིན་དུ་གང་ཞིག་ཁོང་དུ་ཆུད་པ་དེ་ནི་གཙོ་བོ་ཕྱིན་ཅི་ལོག་གི་བདག་པོ་མ་རིག་པ་ཞེས་བརྗོད་དོ། །གཞན་དུ་ན་
གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་བཞིན་པའི་ངོ་བོར་གྱུར་ན། དེ་ངེས་པར་དེ་ཁོ་ན་ཉིད་ལ་དམིགས་པའི་འཕགས་པའི་ལམ་གྱིས་དམིགས་པར་འགྱུར་ལ། དངོས་པོའི་རང་གི་མཚན་ཉིད་ལ་དམིགས་པའི་རྣམ་པ་འཕགས་པའི་ལམ་ལ་མི་སྲིད་ལ། བཅུ་
དྲུག་ལས་གཞན་དྲི་མེད་རྣམ་པ་མེད། །ཅེས་བསྟན་བཅོས་ལས་སོ། །དེའི་ཕྱིར་མ་རིག་པས་ཀུན་ཏུ་བརྟགས་པའི་དངོས་པོ་རྣམས་ཡོད་པ་ཉིད་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་སོ། །དེ་ལྟར་དངོས་པོའི་རྣམ་པར་འཇུག་པས་དེ་ཁོ་ན་ཉིད་མ་རྟོགས་པའི་ཕྱིར་དེ་ཁོ་ན་ཉིད་མ་ཤེས་པར་
འཇུག་གོ་ཞེས་རྣམ་པར་གཞག་གོ། །མ་རིག་པས་ཀུན་དུ་བརྟགས་པའི་དངོས་པོ་ལ་འདོད་ཆགས་ཀྱིས་སྡུག་པའི་རྣམ་པར་དམིགས་ལ། ཞེ་སྡང་གིས་མི་སྡུག་པའི་རྣམ་པར་རོ། །ང་རྒྱལ་གྱིས་ཁེངས་པའི་རྣམ་པར་རོ། །ཐེ་ཚོམ་གྱིས་ཡིད་གཉིས་སུའོ། །འཇིག་
ཚོགས་ཀྱིས་བདག་དང་བདག་གི་བའི་རྣམ་པར་རོ། །མཐར་འཛིན་གྱིས་རྟག་པ་དང་ཆད་པའི་རྣམ་པར་རོ། །ལོག་པར་ལྟ་བས་མེད་པའི་རྣམ་པར་རོ། །ལྟ་བ་མཆོག་ཏུ་འཛིན་པས་དམན་པ་ལ་མཆོག་གི་རྣམ་པར་རོ། །ལམ་གྱི་རྣམ་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་
མཆོག་ཏུ་འཛིན་པའོ་ཞེས་དེ་ལྟར་ཉོན་མོངས་པ་ཐམས་ཅད་མ་རིག་པས་ཡོངས་སུ་བརྟག་པའི་ཕྱིན་ཅི་ལོག་གི་དངོས་པོ་ཉིད་ལ་དེ་དག་ཞེན་པས་སྒྲོ་བཏགས་ནས་འཇུག་ལ། དེ་ཉིད་ཀྱིས་ན། རྨོངས་མེད་ཅིག་ཤོས་སྐྱེ་བ་མེད། །ཅེས་བྱ་བས་མ་རིག་པའི་རྒྱུ་ཅན་དུ་ཉོན་མོངས་
པ་ཐམས་ཅད་རྣམ་པར་གཞག་གོ། །རྨོངས་པ་སྤངས་པ་ལས་ཐམས་ཅད་མ་ལུས་པར་སྤོང་གི་གཞན་དུ་མ་ཡིན་ཏེ། དེ་དག་མ་རིག་པ་དང་ལྷན་ཅིག་འབྲེལ་བའི་ཕྱིར། ཇི་སྐད་དུ་འཕགས་པ་ལྷས། མ་རིག་ཀུན་དུ་གནས་པ་ནི། །ཇི་ལྟར་ལུས་ལ་ལུས་དབང་གིས། །དེ་ཕྱིར་

ཀུན་ཀྱང་རྨོངས་པ་ཡིས། །ཉོན་མོངས་པས་དེ་འདིར་བསྣུན་ནོ། །ཞེས་བཤད་དོ། །གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གསུངས་པ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཉིད་ལ་བདག་ཅེས་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བའི་མདོ་དེ་ཡང་མཐར་
འཛིན་པར་ལྟ་བ་དང་། འཇིག་ཚོགས་སུ་ལྟ་བ་དང་ལྷན་ཅིག་ཏུ་གཞི་གཅིག་ལ་དམིགས་པར་འཐད་དོ་ཞེས་ཤིན་ཏུ་ངེས་པར་སྒྲུབ་པའོ། །དེ་ལས་ཀྱང་འདི་ཤིན་ཏུ་འཐད་པས་དངོས་པོར་ཡོད་ན་ཡང་དེས་ན་གཉིས་ཀ་ཁས་བླང་ངོ་ཞེས་བྱ་བར་འགྱུར་རོ་ཞེས་སོ། །འདིར་སྨྲས་པ།
གལ་ཏེ་དངོས་པོ་ཡོད་ཀྱང་དེ་ལྟ་ན་ཡང་དེའི་རྟག་པ་དང་མི་རྟག་པ་དག་མེད་པས་ཐེར་ཟུག་པ་དང་རྒྱུན་ཆད་པར་ལྟ་བར་ཐལ་བ་མ་ཡིན་པ་ཇི་ལྟར་ཞེ་ན། གསུངས་པ། རྒྱུན་གྱི་ཕྱིར་ན་འདི་ཡོད་དེ། །རྒྱུ་བྱིན་ནས་ནི་དངོས་པོ་འགག །སྔར་བཞིན་འདི་ཡང་མ་གྲུབ་ཅིང་རྒྱུན་ཆད་པར་ཐལ་བར་
འགྱུར། དེ་ལ་རྒྱུ་དང་འབྲས་བུའི་འབྲེལ་པ་འཇུག་པ་ལས་དུས་གསུམ་དུ་འདུས་བྱས་རྣམས་ཀྱི་སྐད་ཅིག་མའི་ཉེ་བར་ལེན་པ་རབ་ཏུ་འབྱུང་བ་ལས་རྒྱུན་ཞེས་བརྗོད་དོ། །འདི་ལྟར་སཱ་ལུའི་ས་བོན་གྱི་མྱུ་གུ་དང་སྡོང་བུ་དང་ལྡུམ་བུ་རྣམས་བརྒྱུད་མར་རབ་ཏུ་འབྱུང་བ་ནི་ས་བོན་གྱི་རྒྱུན་ནོ། །
དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །མྱུ་གུ་ལ་སོགས་པའི་རྒྱུན་དེ་ཡང་ས་བོན་གྱི་རྒྱུས་འཇུག་ལ། ས་བོན་གྱི་རྒྱུ་ཅན་གྱི་མྱུ་གུ་ལ་སོགས་པའི་རྒྱུན་དེ་ལས་ཀྱང་ས་བོན་དང་འདྲ་བའི་འབྲས་བུ་མཐར་འཇུག་གོ། །འབྲས་བུ་དེ་ཡང་ས་བོན་གྱི་རྒྱུ་ཅན་དུ་རྣམ་པར་གཞག་སྟེ།
ཇི་ལྟར་བྱས་ན་འདིར་ས་བོན་འགགས་ལ། འདིའི་བདག་ཉིད་ཀྱི་རྒྱུན་ལས་འདྲ་བའི་འབྲས་བུ་སྐྱེད་པའི་ཕྱིར་དངོས་ཀྱི་འབྲས་བུའི་རྒྱུ་མྱུ་གུ་བྱིན་ནས་འགག་པར་འགྱུར་རོ། །འབྲས་བུ་སྐྱེད་པའི་ནུས་པས་ཁྱད་པར་དུ་བྱས་པའི་མྱུ་གུ་སྐྱེད་པའི་རྒྱུའི་དངོས་པོར་ཡོངས་སུ་
བསྒྲུབ་པས། རྒྱུ་བྱིན་ནས་འགགས་ཞེས་བརྗོད་དོ། །དེ་བཞིན་དུ་མྱུ་གུ་ལ་སོགས་པ་ནས་མེ་ཏོག་གི་མཐར་ཐུག་པ་རྣམས་རང་གི་རྒྱུ་ལས་ཐོབ་པའི་རྒྱུས་ས་བོན་དང་མཐུན་པའི་འབྲས་བུ་རིམ་གྱིས་རྫོགས་པར་བྱེད་དོ། །འབྲས་བུ་དེ་ཡང་ས་བོན་རྒྱུར་བྱས་པ་ཉིད་ལས་ཉེ་བར་

སྐྱེའོ། །གལ་ཏེ་ས་བོན་དང་མྱུ་གུ་ལ་སོགས་པའི་རྒྱུན་འབྲས་བུ་སྐྱེད་པའི་ནུས་པས་མི་འཇུག་ན་མཐར་ཡང་དེའི་རིགས་ཅན་གྱི་འབྲས་བུ་མི་འབྱུང་ངོ་ཞེས་བྱ་ལ། དེས་ན་མཐར་ཡང་འབྱུང་བཞིན་པའི་འབྲས་བུ་ས་བོན་གྱི་རྒྱུ་ཅན་ཉིད་དོ་ཞེས་རྣམ་པར་འཇོག་ལ། ཇི་སྐད་དུ།
གང་ཕྱིར་ས་བོན་ལས་རྒྱུན་དང་། །རྒྱུན་ལས་ཀྱང་ནི་འབྲས་བུ་འབྱུང་། །དེའི་ཕྱིར་ས་བོན་སྔོན་འགྲོའི་འབྲས། །རྟག་མིན་ཆད་པ་ཡང་མ་ཡིན། །ཞེས་བསྟན་ཏོ། །དེ་ལ་ས་བོན་ནི་འབྲས་བུ་སྐྱེད་པར་ནུས་པའི་མྱུ་གུ་ལ་སོགས་པའི་རྒྱུན་གྱི་རྒྱུར་ཁོང་དུ་ཆུད་པར་འགག་
པར་འགྱུར་གྲང་ལ། མྱུ་གུ་ལ་སོགས་པའི་རྒྱུན་ཀྱང་མི་འཇུག་པར་འགྱུར་ན། དེའི་ཚེ་ཆད་པར་ལྟ་བར་འགྱུར་རོ། །ཡང་ན་མྱུ་གུ་ལ་སོགས་པ་འཇུག་ཀྱང་ས་བོན་རང་གི་ངོ་བོས་གནས་ན་དེ་ནི་རྟག་པར་ལྟ་བ་སྟེ། དེ་ལྟར་ཡང་མ་ཡིན་ནོ་ཞེས་བྱ་བས་དེས་ན་རྒྱུན་ཡོད་ལ་རྒྱུན་ཅན་
གྱི་རྒྱུའི་སྐད་ཅིག་མ་རྣམས་ཀྱང་འབྲས་བུའི་དོན་དུ་རྒྱུ་བྱིན་པའི་ཕྱིར་དང་། རང་གི་ངོ་བོས་མི་གནས་པའི་ཕྱིར་ཡང་རྟག་པ་དང་ཆད་པར་ལྟ་བར་ཐལ་བ་མེད་དོ་ཞེས་བྱའོ། །འདིར་ཡང་སློབ་དཔོན་གྱིས་སྐྱོན་བརྗོད། སྔར་བཞིན་འདི་ཡང་མི་འགྲུབ་ཅིང་། །རྒྱུན་ཆད་པར་
ཡང་ཐལ་བར་འགྱུར། །ཞེས་བྱ་བ་ལ། འདིར་འདི་སྐད་དུ་རྟག་པ་དང་ཆད་པའི་སྐྱོན་སྤང་བའི་ཕྱིར། དེ་ནི་སྔར་བཞིན་དུ་མ་གྲུབ་སྟེ། ཇི་ལྟར་བྱས་ན་ཡོད་པ་ཉིད་ལ་རྒྱུ་དང་འབྲས་བུའི་འཇུག་པ་འབྱུང་བར་འགྱུར་རོ་ཞེས་འདིར་རྟོགས་ན། རྒྱུ་དང་འབྲས་བུ་འཇུག་པ་མི་
སྲིད་པ་ཡང་སྔར་བསྟན་ཏེ། འབྲས་བུ་ཡིན་ན་འབྲས་ལྡན་ལ། །དེར་མེད་གྱུར་ན་རྒྱུ་མེད་མཚུངས། །ཡོད་དང་མེད་པ་ན་ཡང་འགལ། །དུས་གསུམ་དུ་ཡང་འཐད་མ་ཡིན། །མ་རིག་འདུ་བྱེད་མེད་མི་འབྱུང་། །དེ་མེད་འདུ་བྱེད་མི་འབྱུང་ཞིང་། །དེ་དག་ཕན་ཚུན་རྒྱུ་ཅན་དེ། །
རང་བཞིན་གྱིས་ཀྱང་མ་གྲུབ་པོ། །གང་ཡང་། གང་ཞིག་རང་ཉིད་རང་བཞིན་གྱིས། །མ་གྲུབ་དེས་གཞན་ཇི་ལྟར་སྐྱེད། །དེ་ཕྱིར་གཞན་ལས་གྲུབ་པ་ཡིས། །རྐྱེན་གཞན་དག་ནི་སྐྱེད་བྱེད་མིན། །དེས་ན་རྒྱུ་དང་འབྲས་བུ་དག་མ་གྲུབ་ན། རྒྱུན་ག་ལ་ཞིག་རྒྱུ་

བྱིན་པ་ག་ལ་ཞིག་ཅེས་པ་དང་། རྒྱུ་འགགས་ནས་སླར་མི་སྐྱེ་བས། རྒྱུ་རྒྱུན་ཆད་པར་ཐལ་བར་བརྟག་པ་ཡང་མི་རིགས་ཏེ། དེ་ལྟར་ཡང་དངོས་པོར་ཁས་བླངས་ན་རྟག་པ་དང་ཆད་པའི་ལྟ་བར་ཐལ་ལོ་ཞེས་གནས་སོ། །འདིར་སྨྲས་པ། གལ་ཏེ་
རྟག་པ་དང་ཆད་པར་ལྟ་བར་ཐལ་བས་རྟག་པ་དང་ཆད་པར་ཁས་མི་ལེན་ན། འདི་ལྟར་དངོས་པོ་ལས་སྐྱེ་བ་དང་འགག་པ་ཡང་མེད་པར་ཐལ་ལ། དེ་མེད་ན་ཡང་དག་འདི་དག་སྐྱེ་བ་དང་འཇིག་པར་བསྟན་པས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པའི་ལམ་བསྟན་པ་
གསུངས་པ། མི་རྟག་དང་ལྡན་འདུས་བྱས་རྣམས། །སྐྱེ་དང་འཇིག་པའི་ཆོས་ཅན་ཏེ། །སྐྱེ་ཞིང་གང་ལ་འཇིག་འགྱུར་བ། །དེ་དག་ཉེར་ཞི་བདེ་བའོ། །ཞེས་པས། དེ་འགག་པ་དང་། སྐྱེ་བ་དང་། འཇིག་པ་དག་མེད་པའི་སྟོང་པ་དག་ཉེ་བར་བསྟན་པ་མྱ་ངན་ལས་
འདས་པའི་ལམ་དུ་མི་འཐད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། སྐྱེ་འཇིག་བསྟན་ཕྱིར་མྱང་འདས་ཀྱི། །ལམ་བསྟན་མ་ཡིན་སྟོང་ཉིད་ཕྱིར། །ཞེས་པའོ། །ཡང་ན་འདིའི་དོན་ནི་གཞན་ཏེ། གལ་ཏེ་འདི་སྙམ་དུ་སེམས་ན། དངོས་པོ་ཡོད་བཞིན་པ་མ་ཡིན་པའི་ཕྱིར་
སྐྱེ་འཇིག་མེད་པར་འགྱུར་ན་མྱ་ངན་ལས་འདས་པའི་ལམ་བསྟན་པ་མེད་པར་ཐལ་ལོ་ཞེས་པའི་སྐྱོན་འདི་མེད་དེ། སྐྱེ་བ་དང་འཇིག་པ་ཡོད་བཞིན་པ་མ་ཡིན་པ་ལ་བསྟན་པ་འཐད་ཅིང་། གང་ལས་སྐྱེ་འཇིག་བསྟན་པ་ལས་མྱ་ངན་ལས་འདས་པ་ཐོབ་པར་བྱའོ་ཞེས་བཅོམ་
ལྡན་འདས་ཀྱིས་གསུངས་པ་མྱ་ངན་ལས་འདས་པའི་ལམ་བསྟན་པ་རྣམ་པར་གཞག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། སྐྱེ་འཇིག་བསྟན་ཕྱིར་མྱང་འདས་ཀྱི། །ལམ་བསྟན་མ་ཡིན་ཞེས་སོ། །སླར་ཡང་ཅིའི་ཕྱིར་ན་སྐྱེ་འཇིག་བསྟན་པ་ལས་ཐར་པ་མེད་
ཅེས་ཉེ་བར་བསྟན་པར་མྱ་ངན་ལས་འདས་པའི་ལམ་བསྟན་པར་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། སྟོང་ཉིད་ཕྱིར་ཞེས་པའོ། །སྐྱེ་བ་དང་འཇིག་པ་དག་སྟོང་ན་ཇི་ལྟར་དག་བསྟན་པ་མྱ་ངན་ལས་འདས་པའི་ལམ་བསྟན་པར་འགྱུར། སླར་ཡང་ཉེ་བར་

དམིགས་བཞིན་པ་སྐྱེ་བོ་ཐམས་ཅད་ལ་གྲགས་པའི་སྐྱེ་བ་དང་འཇིག་པ་དག་ཇི་ལྟར་སྟོང་པ་ཉིད། ཇི་ལྟར་ཉེ་བར་མ་དམིགས་པ་དེ་དག་ཀྱང་སྟོང་པ་ཉིད་ལ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ། འདི་དག་ཕན་ཚུན་བཟློག་པ་རུ། །མཐོང་བ་ཕྱིན་ཅི་ལོག་ལས་ཡིན།
བདེན་ཏེ། སྐྱེ་བ་དང་