Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 103

Văn bản gốc(Tây Tạng)

Trang 3 / 24 (50.000 ký tự/trang)
ི་དོན་ཏོ། །ཡང་ཇི་ལྟར་གཞན་གསད་པར་བྱ་བའི་ཕྱིར་གཤེད་བྱེད་བསླང་བ་དང་། གཞན་གསོད་པར་མ་ནུས་པས་སློང་བ་པོ་དེ་ཉིད་བསད་ཀྱི་གཞན་ནི་མ་

ཡིན་པ་དེ་བཞིན་དུ་སྐྱེས་པ་གནས་པར་བྱ་བར་མི་ནུས་པའི་ཕྱིར་འཆི་བ་ཉིད་བྱ་བ་ཡིན་གྱི་གསོན་པ་ནི་མ་ཡིན་ཏེ། གསོན་པ་ནི་སློང་བ་པོ་གསོད་པར་བྱེད་པ་ལྟར་བལྟ་བར་བྱའོ། །འདིར་འཆི་བ་ཕྱིར་ཟློག་པར་བྱེད་པ་གསོན་པ་ནི་ཡོད་པ་ཉིད་དེ། ལས་ཀྱི་འཕེན་
པ་ཇི་ལྟ་བ་བཞིན་ཏེ་ཡོད་པའི་ཕྱིར་རོ། །འདི་ལྟར་དེང་སང་ན་མི་རྣམས་ཚེ་ལོ་བརྒྱ་པ་ཡིན་ལ། བདག་གི་དང་པོ་ལོ་བཅུ་དྲུག་ནི་འདས་ལ། བརྒྱད་ཅུ་རྩ་བཞི་ནི་མ་འོངས་པ་ཡིན་ཏེ། དེའི་ཕྱིར་བདག་གིས་དུས་ཅུང་ཟད་ཅིག་ཡུལ་གྱི་བདེ་བ་ཉམས་སུ་མྱོང་བར་བྱས་ཏེ་ཕྱིས་འཆི་
བདག་བཟློག་པའི་ཕྱིར་འབད་པར་བྱའོ། །དེའི་ཕྱིར་གསོན་པོའི་དུས་རིང་པོ་ཉིད་དུ་མཐོང་བའི་ཕྱིར་གསོན་པའི་རེ་བ་རིགས་པ་མ་ཡིན་ནོ་ཞེས་སྨྲའོ། །འདི་ཡང་མི་རིགས་པ་སྨྲས་པ་ཉིད་དུ་བརྗོད་པའི་ཕྱིར། ཁྱོད་ཀྱིས་འདས་དུས་ཐུང་ངུ་ལྟར། །མཐོང་ཞིང་མ་འོངས་གཞན་དུ་
ན། །ཁྱོད་མཉམ་མི་མཉམ་ལྟར་སེམས་དེ། །གསལ་བར་འཇིགས་པའི་འོ་དོད་འདྲ། །ཞེས་བྱ་བ་སྨོས་སོ། །གང་ལས་ཁྱོད་ཀྱིས་ཆེས་ཉུང་བ་ཉིད་དུ་ངེས་པར་བཟུང་ནས་ཡིད་བག་མེད་པར་སྤྱོད་པ་ལ་ཉེ་བར་སྦྱོར་བ་འདས་པའི་དུས་གང་ཡིན་པ་དེ་ནི་མ་འོངས་པ་དང་འདྲའོ། །
ཇི་ལྟར་ཚེ་ལ་ངེས་པ་མེད་པའི་ཕྱིར། མ་འོངས་པའི་དུས་ཐུང་བའམ་རིང་བ་ཉིད་དུ་ཡོངས་སུ་གཅད་པར་མི་ནུས་པ་དེ་བཞིན་དུ་འདས་པ་ཡང་ཐུང་བའམ་རིང་བ་ཉིད་དུ་ཡོངས་སུ་བཅད་པར་མི་ནུས་ཏེ། དེ་ཐུང་བ་དང་རིང་བ་ཉིད་ནི་མ་འོངས་པའི་ཐུང་བ་དང་རིང་བ་ཉིད་ལ་ལྟོས་པའི་ཕྱིར་རོ། །
དེའི་ཕྱིར་དེ་ལྟར་ན་ཐུང་བ་དང་རིང་བ་ཉིད་དུ་ཡོངས་སུ་གཅད་པར་མི་ནུས་པས་འདས་པ་དང་མ་འོངས་པའི་དུས་དག་མཉམ་པར་རྣམ་པར་གནས་པ་ལ། གང་འདས་པ་ཁོ་ན་ཐུང་གི་མ་འོངས་པ་ནི་མ་ཡིན་ནོ་ཞེས་མི་མཉམ་པར་མཐོང་བ་དང་ལྡན་པ་ཁྱོད་ཀྱི་བསམ་པ་དེ་ནི་གསལ་བར་
འཆི་བའི་འཇིགས་པ་ཁོ་ན་སྟོན་པ་ཡིན་ཏེ། འཇིགས་པའི་སྒྲ་བཞིན་ནོ། །དེའི་ཕྱིར་མ་འོངས་པ་རིང་བ་ཉིད་དུ་ཡོངས་སུ་བརྟགས་པ་ལས་ཡིད་བརྟན་པར་མི་རིགས་ཏེ། འདིས་འཆི་བདག་གི་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར་བརྩོན་པར་གྱུར་པར་རིགས་ཏེ། འཇིག་ཚོགས་

ལ་ལྟ་བའི་བྲམ་ཟེ་དང་། འཇིགས་ནས་བསྟན་པའི་ང་རོ་འདོན་པ་བཞིན་ནོ། །གྲོང་གི་ཁང་མིག་འགའ་ཞིག་ཏུ་དོན་མཐུན་བྱེད་པ་རྡལ་གཅིག་གིས་མཚན་མོ་བསྡད་ནས་ཕྱོགས་དང་། ཕྱོགས་སུ་བཤང་བ་བཏང་སྟེ་ནང་པར་སྔ་བ་ཉིད་དུ་དོང་བར་གྱུར་ཏོ། །དེ་དག་གི་
ནང་ནས་བྲམ་ཟེ་ཁ་ཅིག་གཉིད་ཀྱིས་བོར་བ་ལ་ཁང་པ་དེ་སྐྱོང་བ་ཞིག་གིས་འོངས་ཏེ་བླངས་ནས་བླུན་པོ་སྨད་པའི་གནས་དག་ཇི་སྲིད་མ་བསྟུན་གྱི་བར་དུ་ལ་མར་བཤང་བ་སོལ་ཅིག་ཅེས་སྨྲས་པ་དང་། དེ་ནས་དེ་དག་རང་རང་གིས་བཤང་བ་བཏང་བ་སེལ་གྱི། གཞན་གྱི་ནི་མ་ཡིན་ནོ་
ཞེས་སྨྲས་པར་གྲག་སྟེ། བྲམ་ཟེ་དེ་དག་ནི་མི་གཙང་བ་ཡང་བདག་གིར་འཛིན་པར་ཞུགས་པས་འཇིག་ཚོགས་ལ་ལྟ་བའི་བྲམ་ཟེ་ཞེས་བྱའོ། །ཇི་ལྟར་འཇིག་ཚོགས་ལ་ལྟ་བའི་བྲམ་ཟེ་དེ་དག་བརྟག་པར་བྱའོ་ཞེས་ཐབས་ཀྱིས་བཤང་བ་སེལ་དུ་བཅུག་ལ། ཇི་ལྟར་དེ་དག་བཤང་བ་
མི་གཙང་བར་མཚུངས་ཀྱང་འདི་ནི་བདག་གི་ཡིན་གྱི་འདི་ནི་མ་ཡིན་ནོ་ཞེས་མི་མཉམ་པར་ལྟ་བ་དེ་བཞིན་དུ། འདས་པ་དང་མ་འོངས་པ་དག་ཐུང་བ་དང་རིང་བ་ཉིད་དུ་ཡོངས་སུ་གཅད་དུ་མེད་པར་མཉམ་དུ་ཟིན་ཀྱང་སེམས་ཅན་རྣམས་ཀྱི་ཐུང་བ་ཟད་ལ་རིང་བ་ལུས་སོ་སྙམ་དུ་མི་
མཉམ་པར་མཐོང་ངོ་། །ཡང་དཔེར་ན་ལམ་འཇིགས་པ་དང་བཅས་པར་ཞུགས་པ་ཞིག་རྐུན་པོའི་ཚོགས་ཉེ་བར་གནས་པས་འཇིགས་བཞིན་དུ་ཡང་མི་འཇིགས་པ་སྐད་དུ་སྨྲས་ཤིང་། དེས་འཇིགས་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱེད་པ་ཁོ་ན་ཡིན་པ་དེ་བཞིན་དུ་ཚེ་ཅུང་
ཟད་ཅིག་ནི་སོང་ངོ་། །མང་པོ་ནི་ལུས་སོ་ཞེས་འཆི་བའི་འཇིགས་པས་སྐྲག་པར་སྨྲ་སྟེ། དེ་ཙམ་གྱིས་དེ་དག་དབུགས་ཕྱུང་བར་ནི་མི་འགྱུར་རོ། །གང་ཞིག་མ་འོངས་པ་ལ་རིང་པོ་ཉིད་དུ་བརྟག་པར་མི་རིགས་མོད་ཀྱི། དེ་ལྟ་ན་ཡང་འཆི་བ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་
མོང་ཡིན་པས་དེ་ལས་སྐྲག་པ་མི་འབྱུང་ངོ་ཞེས་སྨྲ་བ་དེ་ལས་བརྩད་པར་བྱ་སྟེ། གཞན་དག་ལའང་སྤྱི་ཐུན་ཕྱིར། །ཁྱོད་ལ་འཆི་བའི་འཇིགས་མེད་ན། །གཅིག་ལ་གནོད་གང་དེ་ཕྲག་དོག །སྒོ་ནས་སྡུག་བསྔལ་བསྐྱེད་འགྱུར་རམ། །གལ་ཏེ་ཐུན་མོང་མ་ཡིན་པའི་

གནོད་པས་གཞན་ལ་མི་གནོད་པ་ཉིད་ཀྱིས་ཕུན་སུམ་ཚོགས་པ། མི་བཟོད་པའི་རྟེན་ཕྲག་དོག་དེ་ལ་ལྟོས་ནས་འཇོམས་ཤིང་། རང་གི་ངོ་བོ་ཉེ་བར་ལྷགས་པ་ལས་མ་ཡིན་ན་ནི་དེའི་ཚེ་འདི་ཡིད་བརྟན་པའི་གནས་སུ་འགྱུར་བ་ཞིག་ན། འདི་ནི་
དེ་ལྟར་ཡང་མ་ཡིན་ཏེ། གནོད་པ་དེའི་རང་གི་ངོ་བོ་ཉིད་ཚང་བ་ཡིན་ནོ། །འདི་ལྟར་མེས་བསྲེགས་པའི་སྡུག་བསྔལ་ནི་གཞན་ལ་ཕྲག་དོག་པ་ལ་ལྟོས་ཏེ་བསྲེག་བྱ་འཇོམས་པ་མ་ཡིན་གྱི། འོན་ཀྱང་གང་ཕྲག་དོག་མེད་པར་འཇོམས་པ། ཡུལ་ཡང་དག་པར་ལྷགས་པ་དེ་ཉིད་
རྣམ་པ་དེ་ལྟ་བུ་ཡིན་པ་དེ་བཞིན་དུ་འཆི་བའི་སྡུག་བསྔལ་འདི་ཡང་ཡིན་པས་ཐུན་མོང་བ་ཉིད་ཡིད་བརྟན་པའི་རྒྱུ་མ་ཡིན་ནོ། །ཁ་ཅིག་ཏུ་ཕྲག་དོག་གིས་བྱས་པའི་སྡུག་བསྔལ་བླ་ལྷག་སྲིད་ཀྱི། ཕྲག་དོག་གི་དངོས་པོ་ཡུལ་ཡང་དག་པར་ལྷགས་པས་གནོད་པའི་སྡུག་བསྔལ་
གྱི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་སྐྲག་པའི་གནས་སུ་མཁས་པའི་སྐྲག་པ་ཉིད་རིགས་པའི་ངོ་བོ་ཡིན་ཏེ། གྲོང་པའི་དཔྱ་དབུལ་བ་དང་ཆོམ་རྐུན་གྱི་དེད་དཔོན་གསད་བྱ་བཞིན་ནོ། །ཇི་ལྟར་གྲོང་པ་རྣམས་དཔྱ་དབུལ་བའི་དུས་སུ་ཐོག་མར་གང་གཟུང་བ་དེ་སྡུག་བསྔལ་བར་འགྱུར་
ལ། ཐམས་ཅད་གཟུང་བའི་ཚེ་ན་ནི་མ་ཡིན་ལ་དེ་བཞིན་དུ་འཆི་བ་ནི་མ་ཡིན་ཏེ། དེ་ནི་ཕྲག་དོག་མེད་པས་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་རྒྱལ་པོ་ཆོམ་རྐུན་གྱི་དེད་དཔོན་གསད་པར་བྱ་བ་སང་གསད་པར་བྱ་དགོས་ཞེས་བཀའ་ལུང་སྩལ་པ་དང་།
དེ་ཡང་ཕྲག་དོག་གིས་སྡུག་བསྔལ་བར་འགྱུར་ལ། ཐམས་ཅད་ལ་བཀའ་སྩལ་ན་ནི་མ་ཡིན་ཞིང་། དེ་དག་གསད་པ་དེ་ཕན་པར་འགྱུར་བ་ཡང་མ་ཡིན་པ་དེ་བཞིན་དུ། ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ་སྙམ་དུ་བསམས་ནས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཆི་བ་ལ་མི་འཇིགས་
ཤིང་། འགའ་ཞིག་འཆི་བས་འགའ་ཞིག་ལ་ཕན་འདོགས་པར་ཡང་མི་འགྱུར་རོ། །གང་གིས་གསོ་དཔྱད་དང་བཅུད་ཀྱིས་ལེན་ཉེ་བར་སྤྱད་པ་དག་གིས་དུས་རེ་ཞིག་རྒ་བ་དང་ན་བའི་གནོད་པ་ཉེ་བར་ལྷགས་པའི་སྡུག་བསྔལ་བཟློག་སྟེ། དེས་བྱས་པའི་སྐྱེས་བུའི་བྱེད་པས་འཆི་བ་ལ་

ཡང་མི་འཇིགས་པ་དེ་སྐྱོ་བ་བསྐྱེད་པའི་ཕྱིར་བཤད་པ། ནད་བཅོ་རྒ་པ་གསོ་བྱ་དེས། །དེ་དག་ལ་ཁྱོད་མི་འཇིགས་མོད། །ཆད་པ་ཕྱི་མ་བཅོར་མེད་པས། །ཁྱོད་ཆེས་གསལ་བར་དེ་ལ་འཇིགས། །ནད་བཅོས་སུ་ཡོད་པའི་ཕྱིར་དང་། རྒ་བ་གསོར་ཡོད་པའི་ཕྱིར་དེ་གཉིས་ལ་
ཁྱོད་མི་འཇིགས་ལ་རག་མོད། འཆི་བ་ལ་ནི་དེ་ལྟར་བཟློག་པ་པོ་མི་སྲིད་པས་ཁྱོད་ལ་དེ་ལ་འཇིགས་པ་ཡོད་པར་ཆེས་གསལ་ལོ། །ཆད་པ་ཕྱི་མ་དེ་ནི་བཅོས་སུ་མེད་པ་ཞིག་སྟེ། སྲོག་མཐར་བྱེད་པའི་འཆི་བདག་ཅེས་བྱ་བ་བཅོས་སུ་མེད་པ་དེ་ལ་གདོན་མི་ཟ་བར་འཇིགས་པར་བྱ་
དགོས་པས་རྒ་བ་དང་ན་བའི་བཅོས་ཀ་ཙམ་ལ་རེ་བའི་སྒོ་ནས་ཁྱོད་བདག་ཉིད་སླུ་བར་མི་རིགས་ཏེ། བློན་པོ་རེངས་པ་བཞིན་དང་། ཁྲུས་མཁན་དང་རྒྱལ་པོའི་ན་བཟའ་བཞིན་ནོ། །དཔེར་ན་རྒྱལ་པོ་འགའ་ཞིག་ལ་བློན་པོ་རེངས་ཤིང་། དེས་དེ་བཟུང་བའི་ཕྱིར་དམག་
མངགས་པ་དང་དེས་དེ་འབུལ་གྱིས་བཅོས་པར་གྱུར་ལ། དེ་ནས་གཞན་བཏང་བ་དང་། དེ་ཡང་ཁོ་ན་ལྟར་བཅོས་པར་གྱུར་ཏོ། །དེ་ནས་རང་ཉིད་གཤེགས་པ་དང་། དེས་བཅོས་སུ་མེད་པར་གྱུར་པ་དེ་བཞིན་དུ། རྒ་བ་དང་ན་བ་དང་འཆི་བ་དག་ཤེས་པར་བྱའོ། །ཡང་
ཇི་ལྟར་ཁྲུས་མཁན་ཞིག་ཁྱིམ་ཁོལ་གྱི་བྲམ་ཟེ་རྣམས་ཀྱི་གོས་དག་ཆུད་གསན་ནས་ཐབས་ཀྱིས་བསྟུན་པར་བྱེད་ཀྱི། གང་གི་ཚེ་རྒྱལ་པོའི་ན་བཟའ་ཆུད་གསན་པ་དེའི་ཚེ་ན་སླར་བསྟུན་པར་མི་ནུས་སོ། །དེ་ལྟར་རྒྱལ་པོ་ན་བཟའ་བརླག་པ་དང་སློབ་དཔོན་ཁ་ཅིག་དག་
རྒྱལ་པོ་མཐར་འགྲོ་ཞོན་ཆད་པར་བྱེད་དེ། དེའི་ན་བཟའ་ཆུད་གསན་ནས་སླར་བསྐྱལ་བར་མི་ནུས་པས། ལུགས་མཐུན་ཁྱབ་འཇུག་ལ་དགྱེས་ལྷོ་ཕྱོགས་རྒྱ་མཚོའི་བུ་མོ་གནག་ཁྲུས་འགྲམ་དཀྲིགས་ཤིང་། །གང་གཱའི་དོ་ཟླ་གོ་ད་ཝ་རིའི་ཀླུང་ཞེས་རྣམ་པར་གྲགས་པར་
གྱུར་པ་གང་། །དེ་ལ་ད་ལྟ་སྤྲིན་དུས་བྱོལ་དུ་ཟིན་ཀྱང་ཁྱོད་ཀྱི་གླང་ཆེན་དབང་མྱོས་པའི། །མཆེ་བའི་གཏུན་ཤིང་གིས་དཀྲུགས་བསླང་བའི་རྡུལ་རྣམས་ཀྱིས་ཆབ་དངས་པ་ཡོངས་མ་མཆིས། །ཞེས་ཞུ་གསོལ་བྱས་པར་གྲག་གོ། །འཆི་བདག་ནི་དེ་ལྟར་ཞུ་བས་བཅོས་སུ་ཡོད་པ་

མ་ཡིན་ཏེ། དེ་ནི་མ་རིག་པའི་དགྲ་བོ་ཞེ་སྡང་དྲག་པོ་འབྱུང་བ་ཅན་དང་འདྲ་བར་གདོན་མི་ཟ་བར་དེ་ལ་ཡིད་དབྱུང་བར་བྱའོ། །ཅི་སྟེ་ངེས་པར་འཆི་བ་ཞེས་བྱ་བ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྐྱེས་བུའི་མཐུས་ངེས་པར་ལྡོག་ཏུ་མེད་པ་འདི་ནི་ཡོད་མོད་ཀྱི།
དེ་ནི་ད་ལྟར་ངེས་པར་ཟིན་པའི་ཕྱིར་འཇིགས་པ་འདྲེན་པར་བྱེད་པ་མ་ཡིན་ནོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར། གསད་པར་བྱ་བའི་ཕྱུགས་རྣམས་ལྟར། །འཆི་བ་ཀུན་གྱི་ཐུན་མོང་ཞིང་། །གཞན་ཡང་འཆི་བ་སྣང་འགྱུར་ན། །ཁྱོད་ལ་འཆི་བདག་འཇིགས་
ཅིས་མེད། །གལ་ཏེ་འཆི་བ་འདི་ཐུན་མོང་མ་ཡིན་པ་དང་། མི་སྣང་བར་འགྱུར་ན་ནི་དེ་དེ་སྐད་བརྗོད་པར་རིགས་པ་ཞིག་ན། གང་གི་ཕྱིར་གང་འཆི་བར་རྟོགས་པར་མི་འགྱུར་བ་འདི་ནི་ཤིན་ཏུ་བྱིངས་ཆེ་བ་མ་ཡིན་ཏེ། དུ་མ་ཞིག་ནི་ཤི་ཟིན་ཞིང་འཆི་བཞིན་པར་རྟོགས་སོ། །
དེ་ནི་དེ་ཁོ་ན་ལ་ཡོད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་འཆི་བ་ཐམས་ཅད་ཀྱི་སྤྱི་ཐུན་ཡིན་པར་རྟོགས་པའི་ཕྱིར་རོ། །དཔེར་ན་གསད་པར་བྱ་བའི་ཕྱུགས་རྣམས་ཀྱི་འཆི་བ་ནི་ཐམས་ཅད་ལ་ཐུན་མོང་བ་ཡིན་ལ། གཅིག་གིས་ཅིག་ཤོས་འཆི་བ་དམིགས་པ་ཡང་ཡིན་ནོ། །དེ་བཞིན་
དུ་མི་རྣམས་ཀྱི་ཡང་ཡིན་པས་རྒྱུ་གང་གིས་ཁྱོད་ལ་འཆི་བའི་འཇིགས་པ་མེད་པར་འགྱུར། རྒྱུ་གཉིས་ཀྱིས་འཆི་བའི་འཇིགས་པ་མི་སྲིད་དེ། དེ་མ་དམིགས་པ་དང་དེ་ལས་འདས་པ་ཡིན་པ་ཞིག་ན། གཉིས་པོ་འདི་ནི་ཁྱོད་ལ་མི་སྲིད་དེ། འཆི་བདག་གདོལ་པ་གསོན་པའི་
ལམ་བཀག་ནས་མདུན་ན་གནས་པ་དེའི་ཕྱིར་བག་མེད་པས་ཅི་ཞིག་བྱ། བག་མེད་པས་ཕྱུགས་དང་མཚུངས་པ་ཉིད་དུ་འགྱུར་ཏེ། བསྲོགས་པའི་ཕྱུགས་བཞིན་ནོ། །ཇི་ལྟར་བཤའ་རིའི་ཕྱུགས་རྣམས་འཆི་བར་མཚུངས་བཞིན་དུ། གང་གི་ཚེ་ཤན་པས་ཕྱུགས་གཅིག་
གསད་པའི་ཕྱིར་ཁྲིད་པར་གྱུར་པ་དེའི་ཚེ་གཞན་དག་སོ་གསོད་པར་གནས་པར་འགྱུར་བ་དེ་བཞིན་དུ། བསྲོགས་པའི་ཕྱུགས་ལྟར་འཆི་བ་ཐམས་ཅད་ལ་ཐུན་མོང་དུ་ཡོད་བཞིན་དུ་གང་གི་ཚེ་གཅིག་འཆི་བ་དེའི་ཚེ་བྱིས་པ་གཞན་རྣམས་རྣལ་དུ་གནས་པར་འགྱུར་རོ། །གང་

དག་གལ་ཏེ་འཆི་བ་མངོན་སུམ་དུ་དམིགས་མོད་ཀྱིས། དེ་ལྟ་ན་ཡང་དེའི་དུས་མ་ངེས་པས་དེ་ལ་གཅིག་ཏུ་འཇིགས་པ་མ་ཡིན་ནོ། །འདི་ལྟར་སྟོན་བརྒྱའམ་སྟོང་ན་འཆིའོ་ཞེས་ངེས་པར་མི་ཟིན་ཏེ། དེའི་ཕྱིར་ཤིན་ཏུ་གུས་པས་ཅི་ཞིག་བྱ་སྙམ་དུ་སེམས་པ་དེ་ཡང་ཡོད་
པ་མ་ཡིན་ཏེ། འདི་ལྟར། དུས་ལ་ངེས་པ་མེད་པའི་ཕྱིར། །བདག་རྟག་སྙམ་དུ་སེམས་ན་ནི། །ནམ་ཞིག་དུས་ན་འཆི་བདག་གིས། །ཁྱོད་ལ་གནོད་པ་བྱེད་པར་འགྱུར། །འདིར་དུས་འདི་ཞེས་བྱ་བ་ན་འཆི་བར་འགྱུར་རོ་ཞེས་བྱ་བའི་ངེས་པ་མེད་པས་བདག་ཐེར་ཟུག་
པ་ཡིན་ནོ་སྙམ་དུ་སེམས་ན། འཆི་བའི་དུས་ལ་ངེས་པ་མེད་པ་ཉིད་ཀྱིས་འཇིགས་པར་བྱ་དགོས་བཞིན་དུ་དེ་ཉིད་ཀྱིས་མི་འཇིགས་སོ་ཞེས་བྱ་བ་འདི་ནི་ཆེར་བླུན་པ་ཉིད་དེ། འདིར་དེང་ངམ་དེང་སོང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དུས་གང་ཡང་རུང་བ་ཞིག་ན་གདོན་མི་ཟ་
བར་འཆི་བའི་ཆོས་ཅན་ཁྱོད་ལ་འཆི་བདག་ཉེ་བར་ལྷགས་ནས་གནོད་པ་བྱེད་པར་འགྱུར་ཏེ། དེ་ནས་རང་ཉམས་ཀྱིས་ཤེས་པར་འགྱུར་རོ། །དེའི་ཕྱིར་གསོན་པའི་དུས་རིང་བར་རེ་བ་བརྒྱ་སྟོང་གི་བདག་ཉིད་ཅན་དེ་དོར་ནས། འཆི་བའི་འདུ་ཤེས་མངོན་དུ་བྱས་ལ་བག་
ཡོད་པར་བྱ་བར་རིགས་ཏེ། སྲིན་པོ་བ་གའི་ཟ་རེས་ལ་འགྲོ་བ་བཞིན་ནོ། །ཇི་ལྟར་གང་ཟག་གི་ཡུལ་ལ། སྲིན་པོ་བ་གའི་བཟའ་བའི་ཆེད་དུ་གང་ལ་རེས་འོང་བ་དེ་ཉིད་འགྲོ་བ་དེ་བཞིན་དུ་སྐྱེ་བོ་ཐམས་ཅད་འཆི་བར་འགྱུར་རོ། །འདིར་འཆི་བ་ངེས་མོད་ཀྱི། །དེ་ལྟ་ན་ཡང་དཔའ་བོ་ཐོབ་
པར་བྱ་བ་རྙེད་པ་དང་བཀུར་སྟི་དང་སྙན་པ་སྒྲུབ་པ་ལྷུར་ལེན་ཞིང་། གཡུལ་ངོ་མཚོན་ཆ་རྣོན་པོ་བབས་པས་ཉམ་ང་བར་གྱུར་པར་ཡང་སྡུག་བསྔལ་མེད་པ་རྣམས་ནི། རང་གི་བརྟན་པའི་གདེང་གིས་གཞན་གནོད་པར་བྱེད་དེ། དེའི་ཕྱིར་འཆི་བའི་འཇིགས་པ་ནི་སྔར་མ་ཁོ་ན་ལ་
མི་དགའ་བ་སྐྱེད་པར་བྱེད་པ་ཡིན་གྱི། དཔའ་བོ་ལ་ནི་མ་ཡིན་ནོ་ཞེས་ཟེར་བ་བཟློག་པའི་ཕྱིར་བཤད་པ། མ་འོངས་པ་ཡི་དོན་ལྟ་ཞིང་། །གསོན་པ་ཟད་པ་མ་ཡིན་ན། །བདག་ཉིད་འཚོང་ལ་བདག་ཉིད་ནི། །ལྡན་ཞེས་མཁས་པ་སུ་ཞིག་སྨྲ། །འདིར་ཁྱོད་སྲེད་པས་ཚེ་

འདིའི་མ་འོངས་པའི་དོན་རྣམས་གཅིག་ཏུ་ཐོབ་པར་བྱ་བ་ཉིད་དུ་ལྟའི། གང་གི་ཆེད་དུ་དོན་ཐོབ་པར་བྱེད་པ་དོན་ཉེ་བར་ལོངས་སྤྱོད་པའི་རྟེན་དུ་གྱུར་པའི་གསོན་པ་དེ་ཟད་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་རང་གི་སྲོག་འཚོང་བར་བྱ་བས་མ་འོངས་
པའི་དོན་རྣམས་དོན་དུ་གཉེར་ཞིང་བདག་འཚོང་བ་ཁྱོད་ལ་བདག་གི་རིག་གོ་ཞེས་མཁས་པ་སུ་ཞིག་སྨྲ་སྟེ། སུ་ཡང་མ་ཡིན་གྱི། རྨོངས་པ་ཁོ་ན་སྨྲ་བར་བྱེད་དོ། །དེའི་ཕྱིར་རང་གི་སྲོག་དང་བྲལ་བ་ཁོ་ན་ལ་སོ་སོར་བརྟག་པར་བྱའི། རྙེད་པ་དང་བཀུར་སྟི་ལ་སོགས་པ་རྣམས་ནི་མ་ཡིན་
ཏེ། ཚོང་པའི་བུ་དང་། ཕས་བཙོངས་པའི་བུ་བཞིན་ནོ། །ཚོང་པའི་བུ་ཞིག་ལ་ཆགས་འབྲེལ་མང་བ་ལ། དེས་ཀྱང་ཕར་ཆགས་པ་ཁོ་ནར་བལྟས་ཀྱི་ཚུར་འབྲེལ་པ་ནི་མ་ཡིན་པས་ཆགས་པའི་རྗེས་སུ་མཐུན་པར་དགོད་སྐྱོ་བྱས་ནས་དེ་ཕོངས་པར་གྱུར་ཏོ། །ཡང་བྲམ་ཟེ་ཞིག་
ལ་བུ་གསུམ་ཡོད་པར་གྱུར་ལ། དེས་མུ་གེའི་དུས་སུ་ཁྱིམ་ཐབ་ལ་ཡུའུ་བུ་གཅིག་བཙོང་ངོ་ཞེས་སྨྲས་པ་དང་། དེ་རྒྱལ་བུ་ཞིག་གིས་ཐོས་པར་གྱུར་ཅིང་། དེས་འོངས་ནས་བསླངས་པར་གྱུར་ཏོ། །དེ་ནས་ཕས་བུ་ཐུ་བོ་བཟུང་ལ། མས་ཐ་ཆུངས་བཟུང་ངོ་། །དེ་ནས་
འབྲིང་པོས་རྒྱལ་བུ་ལ། །ཐུ་བོ་ཕ་ཡིས་བཙོང་བྱ་མིན། །ཐ་ཆུངས་མ་ཡིས་མ་ཡིན་པས། །འབྲིང་པོ་བཙོངས་པར་གྱུར་སྙམ་གྱིས། །རྒྱལ་བུ་ཁོ་བོ་བཀྲི་བར་མཛོད། །ཅེས་སྨྲས་སོ། །ཇི་ལྟར་དྲང་སྲོང་ཕྲུ་གུ་འབྲིང་པོ་དེས་རང་གིས་རང་བཙོངས་པ་དེ་བཞིན་དུ་གླ་པ་
དེ་དག་ཀྱང་བདག་བཙོངས་ནས་བདག་སྲོལ་བར་བྱེད་དོ། །འདིར་སྨྲས་པ། གལ་ཏེ་ནོར་གྱི་དོན་དུ་སྲོག་གཏོང་བ་སྨད་པ་ཡིན་ན། འོ་ན་རང་གི་སྲོག་བསྲུང་བར་བྱ་བའི་ཕྱིར་སྡིག་པ་དག་ལ་ཡང་སྤྱད་པར་འོས་སོ་བརྗོད་པར་བྱ་སྟེ། བདག་ཉིད་གཏའ་མར་གཞག་
བྱ་སྟེ། །སྡིག་ལས་ཅི་ཡི་ཕྱིར་ན་བྱེད། །ངེས་པར་ཁྱོད་ནི་མཁས་རྣམས་ལྟར། །བདག་ལ་འདོད་ཆགས་བྲལ་བར་ཟད། །འདིར་ཇི་ལྟར་ཆང་ལ་དགའ་བ་ཁ་ཅིག་ཆང་ཁོང་དུ་རང་ཉིད་ཀྱི་བར་ཡང་གཏར་བཅུག་ནས་མྱོས་པར་གྱུར་བའི་ཁུ་བ་ཁོ་ན་འཐུང་གི །བདག་ཉིད་

ཀྱི་མ་འོངས་པའི་སྡུག་བསྔལ་བཀྲེན་པ་ལས་གྱུར་པའམ། གཞན་གྱི་དབང་ལས་གྱུར་པ་ལ་མི་ལྟ་བ་དེ་བཞིན་དུ་ཁྱོད་ཀྱང་ཅིའི་ཕྱིར་འདི་པའི་ཡུལ་སྨིག་རྒྱུ་ལྟ་བུ་ལ་ཆགས་པའི་སྒོ་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ལ་རྩིས་མེད་པར་བྱས་ཏེ་དེར་བདག་ཉིད་
གཏར་བཞག་ནས་སྡིག་པའི་ལས་བྱེད་པར་འགྱུར། འདི་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་རྒྱུ་མེད་པས་བདག་ལ་ཆགས་པ་དང་བྲལ་བ་དེ་བཞིན་དུ་ཁྱོད་ཀྱང་ཡིན་ནོ་སྙམ་མོ། །དེ་ནི་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་བདག་ལེགས་སུ་འདོད་པས་སྡིག་པ་མི་བྱ་སྟེ།
སྨད་འཚོང་མས་གཡོན་ཅན་བཙོངས་པ་དང་། ཆང་གིས་མྱོས་པ་བཟུང་བ་བཞིན་ནོ། །གཡོན་ཅན་ཁ་ཅིག་གིས་སྨད་འཚོང་དང་ལྷན་ཅིག་རྩེ་འཇོ་བྱས་པར་གྱུར་ལ། དེར་སྔར་བསགས་པའི་ནོར་གྱི་ཕུང་པོ་ཟད་པས་དེ་ལ་ཅི་ཡང་མ་བྱིན་པར་གྱུར་ཏོ། །ནམ་ཞིག་ན་
དེ་ལས་དེའི་བུ་གཉིས་སྐྱེས་པར་གྱུར་ལ། དེ་དང་ཧ་ཅང་མི་རིང་བ་ཞིག་ན་ཚོང་དཔོན་འགྲོན་པོ་ཞིག་གི་ཁྱིམ་ཡོད་པར་གྱུར་ཏོ། །དེ་ནས་དེས་གཡོན་ཅན་ལ། ཡུ་བུ་གཉིས་ལ་བུ་གཞན་དག་ཀྱང་སྐྱེ་བར་འགྱུར་གྱིས། བགོད་སྐྱོའི་ཕྱིར་ཚོང་པ་གཞན་དག་འགྲོན་པོའི་
ལག་ཏུ་བྱིས་པ་གཉིས་བཙོང་བར་བྱའོ་ཞེས་སྨྲས་པ་དང་། དེས་ཀྱང་དེ་ལྟར་བྱས་པར་གྱུར་ཏོ། །དེ་ནས་ཚོང་པ་རང་གི་ཡུལ་དུ་ཆས་པ་དང་། སྨད་འཚོང་མས་གཡོན་ཅན་ལ་ངས་སོང་སྟེ་ཚོང་པ་འགྲོན་པོའི་ཁྱིམ་དུ་གཏེའུ་མར་བསྡད་ཀྱི་ཁྱོད་ཀྱིས་བྱིས་པ་
གཉིས་པ་ལོང་ལ་ཆུང་ཤོས་ལ་ཁྲུས་གྱིས་ལ་ཟར་ཆུག་ཅིག་ཅེས་སྨྲས་པ་དང་། གཡོན་ཅན་གྱིས་ང་འགྲོན་པོའི་ཁྱིམ་དུ་གཏེའུ་མར་བསྡད་ཀྱི་ཁྱོད་ཀྱིས་བྱིས་པ་གཉིས་ཁུག་ལ་ཐ་ཆུངས་ཁྲུས་བྱེད་དུ་ཆུག་ཅིག་ཟར་ཆུག་ཅེས་སྨྲས་པ་དང་། དེ་བཞིན་དུ་བྱའོ་ཞེས་ཏེ།
དེས་བྱིས་པ་གཉིས་ཁྲིད་ནས་ས་ཕྱོགས་ལྐུག་པ་ཞིག་ཏུ་བསྡད་པས་ཉི་མ་གཉིས་པ་ལ་ཚོང་པ་འགྲོན་པོས་གཡོན་ཅན་དེ་བཅིངས་ནས་རང་གི་ཡུལ་དུ་སོང་བ་དེ་བཞིན་དུ་སྐྱེ་བོ་བྱིས་པ་རང་གིས་རང་གཏར་བཞག་ནས་སྡིག་པའི་ལས་རྣམས་བྱེད་དེ། དེའི་རྣམ་

པར་སྨིན་པ་ནི་དེ་ཁོ་ནས་ཉམས་སུ་མྱོང་བར་བྱ་བ་ཡིན་ནོ། །ཡང་མི་ནོར་མེད་པ་འགའ་ཞིག་གིས་ཆང་ཁང་དུ་ཕྱིན་ཏེ། རིན་སྦྱིན་པར་བྱ་ཡིས་ཞེས་ཏེ་ཆང་མང་པོ་འཐུངས་ལ། དེ་ཡང་ཡོད་པར་མ་གྱུར་པ་དང་། དེས་དེ་བཟུང་
ནས་ཅོ་དྲིས་པར་གྱུར་ཏོ། །གང་ཞིག་རིང་དུ་གསོན་དུ་རེ་བས་མཐོང་བའི་ཆོས་ཁོ་ན་ལ་རང་གིས་རང་བཙོངས་ནས་སྡིག་པའི་ལས་བྱ་བ་ལ་འཇུག་པས་འཇིག་རྟེན་ཕྱི་མའི་རྣམ་པར་སྨིན་པ་སྡུག་བསྔལ་བའི་ཆེད་དུ་བདག་ཉིད་གཏར་འཇོག་པ་དེ་ལ་སླར་བརྩད་པར་བྱ་སྟེ། སུ་
ལའང་གསོན་པ་ཞེས་བྱ་བ། །སེམས་ཀྱི་སྐད་ཅིག་ལས་གཞན་མེད། །སྐྱེ་བོས་དེ་ངེས་མི་རིག་པ། །དེས་ན་བདག་ཉིད་ཤེས་པ་དཀོན། །དམིགས་པ་ལས་མྱུར་དུ་འཕོ་བ་ཉིད་ཀྱི་ཕྱིར་ན་སེམས་ཀྱི་སྐད་ཅིག་མར་འཇིག་པ་རྟོགས་པར་ཧ་ཅང་ཡང་མི་དཀའ་
སྟེ། འདི་ལྟར་ཡི་གེ་ཨ་ལ་སོགས་པའི་ཡིག་འབྲུ་རྣམས་ཆེས་སྐྱེན་པར་བརྗོད་པ་ན། ཡིག་འབྲུ་རེ་རེ་ཞིང་དུས་དང་རྣམ་པ་ཐ་དད་པས་དེ་ལ་དམིགས་པའི་སེམས་དང་དུས་དང་རྣམ་པ་ཐ་དད་པ་རྟོགས་ལ། དུས་དང་རྣམ་པ་ཐ་དད་པ་ལས་ཀྱང་སེམས་
སྐད་ཅིག་མ་ཉིད་དུ་གྲུབ་པོ། །སྐད་ཅིག་ཅེས་བྱ་བ་ནི་དུས་འགྲིབ་པའི་མཐར་ཐུག་པར་གྱུར་པ་ལ་བྱ་ལ། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱིས་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདའ་སྟེ། རྣམ་པ་དེ་ལྟ་བུའི་སྐད་ཅིག་གིས་རྣམ་པར་ཤེས་པ་སྐད་
ཅིག་མ་ཡིན་ནོ། །ཇི་ལྟར་རྣམ་པར་ཤེས་པ་སྐད་ཅིག་མ་ཡིན་པ་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ཀྱང་སེམས་ལྟར་སྐད་ཅིག་མ་ཡིན་ཏེ། འདུ་བྱེད་ཐམས་ཅད་སྐྱེས་མ་ཐག་ཏུ་འཇིག་པ་ལ་གེགས་མེད་པའི་ཕྱིར་དང་། མི་རྟག་པ་ཉིད་ཀྱང་སྐྱེས་པ་ཙམ་ལ་ལྟོས་པ་
ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་སེམས་ཅན་སུ་ལ་ཡང་སྐད་ཅིག་ལས་ལྷག་པའི་གསོན་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདུས་བྱས་ཐམས་ཅད་ཀྱི་ཆོས་ཉིད་དེ་ལྟར་རྣམ་པར་གནས་པ་ན་ཁ་ཅིག་དག་ཡུན་རིང་དུ་གསོན་པ་རེ་བས་ཤིན་ཏུ་ཡུན་རིང་པོར་ཡུལ་ལོངས་སྤྱད་པར་བྱ་བའི་

ཕྱིར་སྡིག་པའི་བྱ་བ་ཁས་བླངས་ནས་ཡུལ་ཉེ་བར་སོགས་པ་གང་ཡིན་པ་དེ་ནི་མི་རིགས་སོ། །གལ་ཏེ་མི་རིགས་ན་འཇིག་རྟེན་ཅི་སྟེ་སྤྱོད་ཅེ་ན། བརྗོད་པར་བྱ་སྟེ། གང་གི་ཕྱིར་འདུ་བྱེད་ཀྱི་རྒྱུན་བྱེ་བྲག་ཆེས་མང་པོས་ཐ་དད་པར་མ་གྱུར་པ་དེ་ཉིད་འདིའོ། །དེ་ཉིད་བདག་
གོ་ཞེས་འདྲ་བས་བློ་ཕྲོགས་པས་གཅིག་ཉིད་དུ་ལྷག་པར་སྒྲོ་བཏགས་ནས་སྐྱེ་བོ་སྐད་ཅིག་མར་མ་ངེས་ཤིང་གསལ་བར་མི་རིགས་པས་སྤྱོད་དོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ན་བདག་གི་རང་བཞིན་ཤེས་པ་རྙེད་པར་དཀའོ། །གང་ཞིག་བདག་གི་རང་བཞིན་ཤེས་
པ་དེ་ནི་ཕྱིན་ཅི་ལོག་གི་རྒྱུ་མ་ཚང་བས་སྡིག་པའི་ལས་ལ་མི་འཇུག་པར་སྤྲོས་ན། འཇིག་རྟེན་འདི་ནི་ཕལ་ཆེར་སྡིག་པའི་བྱ་བ་ལ་གཞོལ་བར་འཇིག་རྟེན་ན་བདག་ཤེས་པ་དཀོན་པ་ཉིད་དོ། །དེའི་ཕྱིར་མཁས་པ་བདག་གི་རང་བཞིན་སོ་སོར་བརྟག་པ་ལ་རྟག་ཏུ་ཆེས་
གུས་པས་འབད་པར་ནུས་སོ། །ཆུ་ཀླུང་དུ་ལྷུང་བའི་གོས་ཚོལ་བ་བཞིན་དང་། ལྷའི་བུ་འགྲོ་མགྱོགས་བཞིན་ཏེ། ཇི་ལྟར་མི་མཁས་པ་འགའ་ཞིག་གོས་ཆུ་ཀླུང་དུ་ལྷུང་བ་ཡུན་རིང་དུ་ལོན་བཞིན་དུ་ཡང་ས་དེ་ཉིད་དུ་ཚོལ་བ་དེ་བཞིན་དུ་བདག་ཉིད་མི་ཤེས་པ་ཡང་
ན་ཚོད་འདས་སུ་ཟིན་ཀྱང་བདག་ཉིད་བྱིས་པ་ཁོ་ནར་བལྟའོ། །ཡང་དཔེར་ན་ལྷའི་བུ་འགྲོ་མགྱོགས་དག་གི་འགྲོས་ནི་ས་བླ་བའམ་བར་སྣང་ལ་སྤྱོད་པའི་ལྷ་ཡང་རུང་སྟེ་སུས་ཀྱང་ཐུབ་པར་མི་ནུས་ཏེ། དེ་བཞིན་དུ་སྐད་ཅིག་མར་འཇིག་པའི་གསོན་པ་ལས་ཆེས་ཆུང་བའི་དུས་
འགའ་ཡང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། གསོན་པ་སྐད་ཅིག་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྒྱུན་མི་འཆད་པས་ཚེ་རིང་བ་ཉིད་ཀྱི་ཕྱིར་ན་དེ་ལ་མངོན་པར་ཞེན་པ་རིགས་པ་ཉིད་དོ་ཞེ་ན། བཤད་པར་བྱ་སྟེ། ཁྱོད་ཉིད་གསོན་པ་ལ་དགའ་ཞིང་། །རྒན་
ཉིད་ལ་ཁྱོད་མི་དགའ་ན། །ཨེ་མ་ཁྱོད་སྤྱོད་སྐྱེ་བོ་ནི། །འདྲ་ལ་དམ་པ་ལྟ་བུར་འགྱུར། །འདི་ནི་ཇི་ལྟར་ན་ཁྱོད་ཉམས་པ་མེད་པར་ཡུན་རིང་དུ་གསོན་པ་ལ་དགའ་བ་དེ་ལྟར་ཁྱོད་ཚེ་རིང་པོ་མེད་ན་མི་འབྱུང་བ། གཉེར་མ་དང་མགོ་སྐྱ་བ་དང་འབྲེལ་བའི་རྒན་པོ་ཉིད་ལ་ནི་

དགའ་བ་མ་ཡིན་ཏེ། དེའི་ཕྱིར་ཀྱེ་མ་ཁྱོད་ཀྱི་སྤྱོད་ལོག་འདི་ནི་དམ་པ་མ་ཡིན་ཡང་ཁྱོད་དང་འདྲ་བའི་བྱིས་པའི་སྐྱེ་བོ་ཁོ་ན་ལ་དམ་པ་ལྟར་རབ་ཏུ་འཇུག་པ་ཉིད་ཡིན་གྱི། གཞན་ལ་ནི་མ་ཡིན་ནོ། །དེའི་ཕྱིར་རྒ་བ་ལ་རྣམ་པར་སྡང་བས་རྒྱུན་དག་ལ་
མངོན་པར་ཞེན་པར་མི་བྱ་སྟེ། སྐྱེད་མོས་ཚལ་དུ་ཞུགས་པའི་རྒན་པོ་ལ་གཞོན་ནུས་བཞད་གད་བྱས་པ་བཞིན་ནོ། །མི་རྒན་པོ་འགའ་ཞིག་སྐྱེད་མོས་ཚལ་དུ་ཞུགས་པ་ལ་གཞོན་ནུ་རྣམས་ཀྱིས་རྒད་པོ་ཁྱོད་གཟུགས་ངན་ནོ་ཞེས་བཞད་གད་དུ་བྱེད་ཅིང་དེ་རྣམས་ཀྱིས་
ཡུན་རིང་དུ་གསོན་པར་འདོད་པ་ཡང་ཡིན་ཏེ། དེའི་ཕྱིར་དེ་རྣམས་ཀྱི་སྤྱོད་པ་ནི་རྨོངས་པའི་སྐྱེ་བོ་འདྲ་བ་ཁོ་ན་ལ་དམ་པ་ལྟར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་བདག་ཉིད་ཀྱི་སྡུག་བསྔལ་རིག་པས་གཞན་འཆི་བ་ན་གཞན་དག་ཀྱང་འདི་ལྟ་བུའི་ཆོས་ཅན་ནོ་ཞེས་སྐྱོ་བ་དང་
ལྡན་པར་བྱ་དགོས་སོ། །གང་ཞིག་རྒ་ཤི་ནི་མི་འདོད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་དེ་གཉིས་ཇི་ལྟར་བུ་ལ་ཡོད་པར་མྱ་ངན་གྱི་རྒྱུར་འགྱུར་བ་དེ་ལྟར་རང་ལ་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པ་དེ་ལ་བརྗོད་པར་བྱ་སྟེ། ཁྱོད་རང་འཆི་ལ་མྱ་ངན་ན། །བུ་སོགས་རྣམས་ཕྱིར་
ཅི་སྟེ་ཡིན། །རང་ཉིད་སྤྱོ་བྱ་སྨྲ་བོ་ནི། །ཇི་ལྟ་བུར་ན་སྨད་མི་འགྱུར། །འཆི་བ་འཆི་བའི་ཆོས་ཅན་ཏེ། །བདག་ཉིད་འཆི་བའི་ཆོས་ཅན་ཉིད་དུ་གྱུར་པ་དེས་ནི་བྱ་བ་མ་བྱས་པ་ཉིད་ཀྱི་ཕྱིར་རང་ཁོ་ན་ལ་མྱ་ངན་བྱ་བར་འོས་པ་ན། བུ་ལ་སོགས་པའི་དོན་དུ་མྱ་ངན་བྱ་བར་མི་རིགས་སོ། །
རང་ཉིད་འཆི་བདག་ལས་འདས་པས་ནི་གཞན་ལ་འཆི་བདག་བབས་པ་ལ་སེམས་ནད་བྱ་བར་རིགས་ན། གང་ཞིག་སྐྱོན་མཚུངས་པ་ཉིད་ཀྱིས་སྤྱོ་བར་བྱ་བར་གྱུར་ཅིང་གཞན་དག་ལ་དེ་སྨྲ་བ་པོར་འགྱུར་བ་དེ་ནི་སྨད་པར་འོས་པར་ཇི་ལྟར་མི་འགྱུར་ཏེ། དེ་ལྟ་ཡིན་དང་།
ཁྱོད་བདག་ཉིད་ཀྱི་མྱ་ངན་བྱ་བར་འོས་པ་ཉིད་ལས་མི་ལྟོས་པར་བུ་ལ་སོགས་པ་དག་ཁོ་ན་ལ་ངས་མྱ་ངན་བྱ་བར་འོས་སོ་ཞེས་སྨྲ་བ་ན་རྒྱུ་གང་གིས་དམ་པ་རྣམས་ཀྱིས་སྨད་པ་ཉིད་དུ་མི་འགྱུར། དེའི་ཕྱིར་གཞན་དག་ལ་ཡང་འཆི་བདག་བབས་པ་ངེས་པར་ཟིན་པར་བྱས་ཏེ་

ཆེས་ཤིན་ཏུ་ཡིད་དབྱུང་བར་བྱའི། མྱ་ངན་ལྷུར་ལེན་པས་རྟག་ཏུ་དགེ་བའི་ཕྱོགས་རྒྱུན་ཆད་པར་ནི་མི་བྱ་སྟེ། བྲམ་ཟེའི་བྲན་རྟགས་མཚན་བཏབ་པ་བཞིན་ནོ། །ཇི་ལྟར་བྲམ་ཟེའི་འབངས་རྨ་བྱའི་མདོངས་སྒྲོས་མགོ་ལ་མདོངས་རིས་བཏབ་པ་ཞིག་འཇིག་རྟེན་ཁོ་ན་བྲན་ཉིད་
དུ་སྦྱོར་བར་བྱེད་ཀྱི། བདག་ཉིད་ལ་ནི་ང་འབངས་ཡིན་ནོ་ཞེས་བྱ་བར་མི་རྟོགས་པ་དེ་བཞིན་དུ་འཇིག་རྟེན་ཡང་རང་ཉིད་ཀྱི་འཆི་བའི་ཆོས་ཅན་བརྗོད་པར་བྱས་ནས་བུ་ལ་སོགས་པ་དུས་བྱས་པར་གྱུར་པ་རྣམས་ལ་མྱ་ངན་བྱེད་དོ། །ཅི་སྟེ་ཡང་བདག་ནི་འཆི་བའི་ཆོས་ཅན་ཡིན་ནོ་ཞེས་
བདག་ཉིད་ལ་མྱ་ངན་བྱ་བར་འོས་མོད་ཀྱི། དེ་ལྟ་ན་ཡང་བུ་ཉིད་དུ་ཡོངས་སུ་གཟུང་བའི་མ་དྲིས་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ནི་སྡུག་བསྔལ་གྱི་ཕྱིར་ཡིན་ནོ་སྙམ་ན། འདི་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་ཚེ་འགའ་ཞིག་མ་བཅོལ་བར། །
རང་ཉིད་བུར་གྱུར་དེ་ཡི་ཚེ། །དེ་འགྲོ་དྲི་བ་མ་བྱས་པ། །རིགས་པར་མི་འགྱུར་མ་ཡིན་ནོ། །ཁྱོད་ཀྱི་མྱ་ངན་འདི་ནི་གནས་མ་ཡིན་པ་ཞིག་ལ་སྟེ། གང་གི་ཚེ་སེམས་ཅན་འགའ་ཞིག་འཇིག་རྟེན་ཕ་རོལ་ནས་འདིར་འོང་བར་གསོལ་བ་མ་བཏབ་པར་རང་ཉིད་བུ་ཉིད་དུ་གྱུར་པ་
དེའི་ཚེ་དེ་ལྟར་ང་རྒྱལ་དུ་སྤྱོད་ཅིང་འཇིག་རྟེན་ཕ་རོལ་ཏུ་འགྲོ་འདོད་པ་དེའི་སྐལ་བ་མ་བགོས་པ་ཉིད་དུ་འགྲོ་བ་ཡང་མི་རིགས་པ་མ་ཡིན་ནོ། །གསོལ་བ་མ་བཏབ་པར་འོངས་པའི་མ་དྲིས་པར་འགྲོ་བ་ལ་ནི་མི་རིགས་པ་འགའ་ཡང་མེད་དེ། རིགས་པར་སྤྱོད་པ་དེ་ལ་མྱ་ངན་
བྱ་བར་མི་རིགས་ཏེ། གློ་བུར་དུ་འོངས་པའི་བུད་མེད་དེ་བཞིན་ནོ། །བུད་མེད་ཞིག་གློ་བུར་འོངས་ནས་སྐྱེད་མོས་ཚལ་ན་གནས་པ་འགའ་ཞིག་ལ་ཆུང་མ་ཉིད་དུ་ཁས་བླངས་ལ། གང་ནས་འོངས་པ་ཡང་མི་ཤེས་སོ། །དུས་ཕྱིས་དེ་དེ་ཁོ་ན་ལྟར་སླར་ཡང་སོང་བར་གྱུར་ལ།
དེ་དེའི་རྒྱུས་མྱ་ངན་བྱེད་པར་གྱུར་ཏོ། །གཞན་གྱིས་དེ་གང་ནས་འོངས་པ་ཁྱོད་ཀྱིས་ཤེས་སམ་ཞེས་སྨྲས་པ་དང་། དེས་མི་ཤེས་སོ་ཞེས་སོ། །སྨྲས་པ། གང་ནས་འོངས་པ་ཇི་ལྟར་མི་ཤེས་པ་དེ་བཞིན་དུ་དེའི་འགྲོ་བ་ཡང་ཡིན་ཏེ་དེ་ལ་མྱ་ངན་ཅི་སྟེ་བྱེད་ཅེའོ། །དེ་བཞིན་དུ་བླུན་པོ་

རྣམས་གང་ཞིག་གང་ནས་འོངས་པའམ་གར་འགྲོ་གཏོལ་མེད་བཞིན་དུ་བུ་ཤི་བ་ལ་མྱ་ངན་བྱེད་དོ། །ཡང་ན་དེ་མ་དྲིས་པར་འགྲོ་བ་མ་ཡིན་ཏེ། གང་གི་ཕྱིར་དེས་ཡིག་འབྲུ་མེད་པར་མཛའ་བཤེས་དང་ཉེ་འབྲེལ་ལ་སྐལ་བགོས་མོད་ཀྱི་ཁྱོད་ནི།
གཏི་མུག་ཕྱིར་ན་བུ་ཡི་ནི། །རྣམ་པར་རྟོག་པ་མེད་པར་ཟད། །དེའི་ཕྱིར་དེའི་རྣམ་པས་བསྟན་པའི་འགྲོ་བ་མ་རྟོགས་པས་ནི་རང་གི་མི་ཤེས་པ་ལ་མྱ་ངན་བྱའི་བུ་ལ་ནི་མ་ཡིན་ནོ། །ཡང་གང་གིས་ན་མཛའ་བཤེས་རྣམས་ལ་སྐལ་བགོས་པ། དེའི་རྣམ་པ་གང་ཡིན་ཞེ་ན། བཤད་པ།
འདི་ཡི་འགྲོ་བ་སྤྲོ་བ་ཉིད། །རྒ་བས་སྟོན་པར་བྱེད་པར་འགྱུར། །དེ་ནི་སྐད་ཅིག་གཅིག་ནས་གཅིག་ཏུ་འབྲེལ་བ་ཡོངས་སུ་འགྱུར་བས་འཁོགས་བཞིན་པ་ན་བྱེས་འགྲོན་ཡུན་རིང་པོ་འཇིག་པར་རྟོགས་པར་བྱས་སོ། །དེའི་ཕྱིར་མྱ་ངན་ཡོངས་སུ་བཏང་སྟེ་གཏི་མུག་དང་བྲལ་བ་ཉིད་ལ་
བསྒྲིམ་པར་བྱ་བར་ནུས་ཏེ། བུ་གཅིག་པ་ཁུར་ལ་ཆས་པ་བཞིན་ནོ། །བུ་གཅིག་པ་འགའ་ཞིག་གི་བུ་ཁུར་གྱི་ཕྱིར་མངོན་པར་ཆས་ལ། དེའི་ཕ་ཉིད་ཀྱིས་དེ་འགྲོ་བའི་རྗེས་སུ་མཐུན་པར་བྱས་ཤིང་འགྲོ་བར་ཞུགས་པ་ལ་ཆོ་ངེས་འདེབས་པར་བརྩམས་ཏེ། དེ་བཞིན་དུ་འཇིག་རྟེན་
ཡང་བུ་བསྐྱེད་པའི་ཕྱིར་རང་ཉིད་འབད་པ་བྱེད་ལ། བསྐྱེད་པའི་འབྲས་བུ་དང་ཕྲད་ན་མྱ་ངན་བྱེད་དོ། །འདིར་སྨྲས་པ། གལ་ཏེ་ཡང་རྒ་བས་འདིའི་འགྲོ་བ་ལ་སྤྲོ་བ་ཉིད་སྟོན་པར་བྱེད་མོད་ཀྱི་དེ་ལྟ་ན་ཡང་བུ་ལ་ཆེར་ཆགས་པ་ཉིད་ཕའི་མྱ་ངན་རྒྱུར་འགྱུར་རོ། །བཤད་པར་བྱ་སྟེ། ཇི་ལྟར་
ཕ་ལ་བུ་སྡུག་པ། །དེ་ལྟར་དེ་ལ་སྐྱེ་མ་ཡིན། །བུ་ལ་ཕ་ལྟར་ཕ་ལ་བུ་དགའ་བ་མ་ཡིན་ཏེ། འདི་ལྟར་བུ་ཚ་རྣམས་ནི་དཀའ་བ་བརྒྱ་ཕྲག་གིས་བསྐྱེད་བཞིན་དུ་བྱས་པ་ཤེས་པ་ཉིད་ཀྱི་དངོས་པོ་ལྷོད་པའི་ཕྱིར་དང་། བདག་གི་བུ་ལ་སྲེད་པ་ཤས་ཆེ་བ་ཉིད་ཀྱི་ཕྱིར་སྔར་མ་མཐོང་བར་
གཞན་ལྟར་ཕ་ཅིག་ཅར་ཡལ་བར་དོར་ནས་རང་དགར་སྤྱོད་པ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ན་ཇི་ལྟར་འཇིག་རྟེན་སྲེད་པས་བུ་ལ་སོགས་པ་འོག་མ་དག་ཏུ་ལྷུང་བ་དེ་ལྟར་སྲེད་པས་བུ་ལ་སོགས་པ་རྣམས་གོང་དུ་ཕ་ལ་འཛེག་པ་མི་སྲིད་པའི་ཕྱིར་ན་སྲེད་པ་ཇི་ལྟ་བ་བཞིན་

ལས་འཕེན་པའི་ཕྱིར་ཆགས་པས་ཁྲིད་པའི་སེམས་ཀྱི་རྒྱུད་ཆུ་ལྟར་ཐུར་དུ་འབབ་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། འཇིག་རྟེན་འདི་ནི་འོག་ཏུ་འགྲོ། །དེ་ཕྱིར་མཐོ་རིས་ཀྱང་རྙེད་དཀའ། །སྲེད་པའི་དབང་དུ་གྱུར་པའི་འཇིག་རྟེན་གྱིས་ནི་གྱེན་ལ་འགྲོ་བའི་རྒྱུ་ཐོབ་པར་དཀའ་བ་
ཉིད་ཀྱི་ཕྱིར་ན། རེ་ཞིག་མཐོ་རིས་ཀྱང་རྙེད་པར་དཀའ་ན། ཐར་པ་ནི་ལྟ་ཅི་སྨོས། དེའི་ཕྱིར་བླ་མ་ལ་གུས་པའི་ཆགས་པ་ལྷུར་བླང་བར་བྱའོ། །བུ་ལ་སོགས་པ་ཕ་ལ་ཉེས་པ་བྱེད་པ་རྣམས་ལ་ནི་ངན་འགྲོར་གཞོལ་བས་མྱ་ངན་བྱ་བར་རིགས་ཀྱི་དུས་བྱས་པ་རྣམས་ལ་ནི་མ་ཡིན་
ནོ། །ཤིང་ཀུན་ཆུད་ཟོས་པ་དང་། དྲིལ་བུའི་སྐད་བཞིན་ནོ། །ཚོང་པ་རྣམས་ཀྱི་འབྱུང་ཁུང་ནས་ཤིང་ཀུན་ཉུང་ཟད་ཅིག་ཇི་ལྟ་ཇི་ལྟར་དྲངས་པ་དེ་ལྟ་དེ་ལྟར་བརླག་པ་ན་ཐམས་ཅད་བརླག་པར་འགྱུར་བ་དང་། དྲིལ་བུའི་སྐད་རིམ་གྱིས་གཏན་མེད་པར་འགྱུར་བ་དེ་བཞིན་དུ་
བྱས་པ་ཆུད་གཟོན་པ་ཉིད་ལ་སོགས་པའི་སྤྱོད་པ་ངན་པ་རྣམས་ཀྱིས་ཆོས་བཤིག་པས་མཐོ་རིས་ཀྱང་རྙེད་པར་དཀའ་བར་འགྱུར་ན། ཐར་པ་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་མྱ་ངན་གྱིས་གནོད་པར་གྱུར་པ་འདི་ལ་རེ་ཞིག་འདི་ཉིད་བརྒལ་ཞིང་བརྟག་པར་བྱ་སྟེ། ཅི་
ཁྱོད་ཀྱི་ཆགས་པས་རྗེས་སུ་མི་མཐུན་པའི་བུ་ལའམ། འོན་ཏེ་རྗེས་སུ་མཐུན་པ་ལ་ཡིན་གྲང་། །དེ་ལ་གང་ཚེ་རྗེས་སུ་མི་མཐུན་པ། །འགའ་ཡང་སྡུག་ཅེས་བྱ་ཡོད་མིན། །གང་གི་ཚེ་གང་ཞིག་གང་གི་རྗེས་སུ་མཐུན་པར་མི་འགྱུར་བ་དེའི་ཚེ་དེ་དེ་ལ་སྡུག་པ་མ་ཡིན་ཏེ། དེའི་ཕྱིར་རྗེས་
སུ་མི་མཐུན་པ་ལ་ཆགས་སོ་ཞེས་བྱ་བ་མི་སྲིད་དོ། །ཅི་སྟེ་རྗེས་སུ་མཐུན་པ་ཁོ་ན་ལ་ཆགས་པར་འགྱུར་རོ་སྙམ་ན་འགྱུར་ལ་རག་མོད། དེ་ལྟ་ན་ཡང་། དེ་ཚེ་ཆགས་པ་ཚོང་དང་ནི། །འདྲ་བ་འབའ་ཞིག་སྐྱེ་བར་འགྱུར། །འབའ་ཞིག་ནི་རྒྱུ་དང་བཅས་པ་གཅིག་པུ་ཉིད་དོ། །
གལ་ཏེ་འདི་ངའི་ངོར་འཇུག་གོ་ཞེས་བྱ་བས་ཆགས་པ་བསྐྱེད་ན་ནི། དེའི་ཕྱིར་དེའི་རྗེས་སུ་འཇུག་པ་ལ་ལན་དུ་ཕན་གདགས་པའི་ཕྱིར་ཆགས་པར་བྱེད་པ་ན་ལག་རྗེ་ལུག་རྗེ་དག་གིས་ཚོང་རྗེས་སུ་བསྒྲུབ་པར་འགྱུར་གྱི་ཆགས་པ་ནི་མ་ཡིན་ཏེ། དེའི་ཕྱིར་བུའི་མྱ་ངན་གྱིས་ཅི་བྱ།

བུ་ཤི་བ་ལས་ལངས་པའི་རྒྱལ་པོའི་མྱ་ངན་བསལ་བ་བཞིན་ནོ། །རྒྱལ་པོ་འགའ་ཞིག་ལ་བུ་ཤིན་ཏུ་སྡུག་པ་ཞིག་ཡོད་ལ་དེ་དུས་བྱས་པར་གྱུར་པ་དང་། བློན་པོ་རྣམས་ཀྱིས་རེངས་སོ་ཞེས་སྙན་དུ་ཞུས་ཤིང་གསན་ནས་ཀྱང་མཆོག་ཏུ་བཀྱོན་པས་འཁྲུགས་ཏེ།
དེ་གསད་པའི་ཕྱིར་ཞུགས་སོ། །དེ་ནས་ཤིའོ་ཞེས་ཞུས་པ་དང་། དེ་ལས་དགྱེས་ཤིང་ཀུན་ནས་དགའ་བའི་རྔ་བོ་ཆེ་ཡང་བརྡུངས་སོ། །དེ་ལྟར་ན་འཇིག་རྟེན་ལ་རྗེས་སུ་མཐུན་པ་སྡུག་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །འདིར་སྨྲས་པ། ཆགས་པའི་འབྲེལ་པ་ནི་ལྟོས་
པ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་ཡིན་ཏེ། བུ་ལ་ཕའི་ཆགས་པ་བསྟན་པ་ཉིད་དུ་ཡོད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། བྲལ་བས་བསྐྱེད་པའི་སྡུག་བསྔལ་ནི། །མི་རྣམས་སྙིང་ནས་མྱུར་ལྡོག་སྟེ། །ཆགས་ལའང་སྡུག་བསྔལ་བྲལ་བ་ཡིས། །མཚོན་པའི་མི་བརྟན་པ་
ཉིད་ལྟོས། །ཆགས་པ་ལ་ནི་བརྟན་པ་ཉིད་ཡོད་པ་མ་ཡིན་ཏེ། ཡུན་མི་རིང་བ་ཁོ་ནར་བྲལ་བ་ལས་སྐྱེས་པའི་སྡུག་བསྔལ་ལྡོག་པར་མཐོང་བའི་ཕྱིར་རོ། །འདི་ལྟར་བུ་ཤི་བས་བསྐྱེད་པའི་མྱ་ངན་ཆེན་པོ་ཡང་བྱ་བ་དང་འཇིགས་པའི་བྱ་བ་གཞན་གྱི་དབང་གིས་ཡུན་མི་རིང་བ་ཉིད་
དུ་མི་རྣམས་ཀྱི་སྙིང་ནས་ལྡོག་པ་ཡིན་ནོ། །གལ་ཏེ་ཆགས་པའི་འཆིང་བ་ལྷོད་པ་ཉིད་དུ་མི་འགྱུར་ན་ནི་དེའི་ཚེ་དེས་བསྐྱེད་པའི་སྡུག་བསྔལ་ལྡོག་པར་མི་འགྱུར་བ་ཞིག་ན། དེ་ལྡོག་པ་ནི་མཐོང་བ་ཡང་ཡིན་ཏེ། དེའི་ཕྱིར་ཆགས་པ་ལ་ཡང་བརྟན་པ་ཉིད་ཡོད་པ་མ་
ཡིན་པས་དེས་བསྐྱེད་པའི་མྱ་ངན་གྱིས་བདག་ཉིད་གདུང་བར་མི་བྱ་སྟེ། དགའ་ཅན་ཆུར་ལྷུང་བའི་བུའི་ལས་བཞིན་ནོ། །རྒྱལ་པོ་འགའ་ཞིག་ཆུའི་སྟེང་ནས་འགྲོ་བ་ན་མི་མ་ཡིན་པ་རྣམས་ཀྱིས་གྲུ་བཟུང་བ་དང་། དེའི་བློན་པོ་དགའ་ཅན་ཞེས་བྱ་བ་ཞིག་ཡོད་པ་དེས་ལྷ་
བསྐྱང་བར་མཛད་འཚལ་ལོ་ཞེས་བུ་རྣམས་རྒྱལ་པོ་ལ་བཅོལ་ནས་ཆུ་ཀླུང་དུ་མཆོངས་ལ། ང་ཁྱེར་ལ་རྒྱལ་པོ་ཐོང་ཤིག་ཅེས་མི་མ་ཡིན་པ་རྣམས་ལ་གསོལ་བ་ཡང་བཏབ་སྟེ། དེ་ཡང་བཏང་བར་གྱུར་ཏོ། །བུ་རྣམས་དེ་ཤི་བ་ཐོས་ནས་ཤིན་ཏུ་ཁོ་ན་སྡུག་བསྔལ་

བར་གྱུར་ལ། གང་གི་ཚེ་རྒྱལ་པོས་ལོངས་སྤྱོད་རྣམས་ཀྱིས་ཡང་དག་པར་འགྱེད་པར་མཛད་པར་གྱུར་པ་དེའི་ཚེ་ཕ་དང་བྲལ་བའི་སྡུག་བསྔལ་དང་བྲལ་བར་གྱུར་ཅིང་ཕ་ཤི་བ་ལ་ཡོན་ཏན་གྱི་རྒྱུར་བཏགས་པར་གྱུར་ཏོ། །དེའི་ཕྱིར་དེ་ལྟར་ན་མྱ་ངན་ཡང་གཏན་དུ་བ་མ་ཡིན་པ་དང་མ་ངེས་
པ་ཡིན་ནོ། །འདིར་གལ་ཏེ་ཡང་ཆགས་པའི་འཆིང་བ་ལྷོད་པ་ཉིད་ཀྱི་ཕྱིར་དེ་དང་བྲལ་བས་བསྐྱེད་པའི་མྱ་ངན་གྱིས་བདག་ཉིད་གཟིར་བར་བྱ་བ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་འཇིག་རྟེན་ཤེས་པས་དེའི་འཇུག་པ་དང་བསྟུན་ཏེ། ལུས་སྐྱུར་བ་དང་། རང་གི་ལུས་ལ་རྡེག་པ་དང་།
སྐྲ་འབལ་བ་ལ་སོགས་པས་བདག་ཉིད་གཟིར་བར་བྱ་དགོས་སོ་ཞེས་སྨྲའོ། །བཤད་པར་བྱ་སྟེ། གནོད་པས་གཟིར་བ་བྱས་ཟིན་ཀྱང་། །ཡོན་ཏན་མེད་སྙམ་ཤེས་བཞིན་དུ། །ཁྱོད་བདག་ཉིད་ལ་ཕྱིར་འཆོས་འགྱུར། །དེ་ཡང་བདག་ལ་མི་རིགས་སོ། །འདིར་
ཁྱོད་ཀྱིས་ཀྱང་འཇིག་རྟེན་དང་མཐུན་པར་འཇུག་པས་བྱས་པའི་གནོད་པས་གཟིར་བར་བྱས་སུ་ཟིན་ཀྱང་དེ་ལ་ཡོན་ཏན་འགའ་ཡང་ཡོད་པ་མ་ཡིན་པར་ཤེས་མོད་ཀྱི། དེ་ལྟ་ན་བདག་གཟིར་བར་བྱེད་པ་ཉིད་དོ། །དེའི་ཕྱིར་དེ་ལྟར་ན་ཁྱོད་ཀྱིས་བདག་ཉིད་ལ་ཕྱིར་འཆོས་
འཇུག་པ་འདིས་གཟིར་བ་ཐོབ་པར་བྱེད་ན་དེ་ཡང་བདག་ཉིད་ལ་མི་རུང་ངོ་། །ཕྱིར་འཆོས་ནི་རང་གི་དོན་བསྒྲུབ་པར་བྱ་བའི་དོན་དུ་ཆོས་མ་ཡིན་པ་ལྷུར་བྱས་ཏེ་གཞན་ངོ་མཚར་བསྐྱེད་པར་བྱ་བའི་ཕྱིར་སྦྱར་བར་བྱ་བ་ཡིན་ན། དེ་ཉིད་ནི་བདག་ལ་རབ་ཏུ་སྦྱར་བར་མི་རིགས་
སོ། །དེའི་ཕྱིར་གཞན་གྱི་རྗེས་སུ་འཇུག་པས་བྱས་པའི་སྡུག་བསྔལ་གྱིས་བདག་ཉིད་སྐྱོ་བར་མི་བྱའོ། །བླུན་པོ་གཡོན་ཅན་རྣམས་ཀྱིས་བརྟེན་པའི་ལམ་འདི་ལ་མཁས་པ་རྣམས་ཀྱིས་དཔྱད་པར་མི་བྱ་སྟེ། དེའི་ཕྱིར་རང་དབང་དུ་གྱུར་པ་ཉིད་དུ་བྱ་དགོས་པས་མྱ་
ངན་ལ་སྐབས་སྦྱིན་པར་མི་བྱའོ། །ལྕེ་བ་པ་སྟོན་པ་མོ་བཞིན་ནོ། །གང་གི་ཚེ་བུད་མེད་འགའ་ཞིག་བུད་མེད་ལ་ལ་ཞིག་ལ་ལྕེབ་པ་བསླབ་པར་བྱའོ་སྙམ་སྟེ་བདག་ཉིད་གསོད་པར་བྱེད་ཅིང་སློབ་དཔོན་ཉིད་དུ་སྙེམས་པར་བྱེད་ལ། གང་ཞིག་དེ་ལྟར་བྱེད་པ་དེ་འཆི་བ་ཉིད་དུ་ཡང་

ཤེས་མོད་ཀྱི་དེ་ལྟ་ན་ཡང་བྱེད་པར་འགྱུར་ཏེ། དེ་བཞིན་དུ་མྱ་ངན་གྱིས་ཉེན་པ་རྣམས་ཀྱང་དེ་ལ་ཡོན་ཏན་འགའ་ཡང་མེད་དོ་ཞེས་བྱ་བར་ཤེས་བཞིན་དུ་ཡང་བདག་ཉིད་ལ་རྡེག་པར་བྱེད་དོ། །འདིར་སྨྲས་པ། གལ་ཏེ་གཟིར་བ་ལ་ཡོན་ཏན་ཅི་ཡང་མེད་
མོད་ཀྱི་དེ་ལྟ་ན་ཡང་སྡུག་པ་དང་འབྲེལ་པ་ཐོབ་པར་འདོད་པས་ནི་དེ་མེད་ན་མི་འབྱུང་བའི་གཟིར་བའི་ཆ་ཡང་ཡོངས་སུ་སྤང་དུ་མེད་པ་ཉིད་དོ། །བཤད་པར་བྱ་སྟེ། སྡུག་བསྔལ་རྣམ་པར་འགེད་ལྟ་བུར། །འཇིག་རྟེན་འདི་ན་ཡོངས་སུ་འཁྱམ། །སྡུག་བསྔལ་གྱུར་
པའི་སྐྱེ་བོ་ལ། །སྡུག་བསྔལ་འགེད་པས་ཅི་ཞིག་བྱ། །འཇིག་རྟེན་འདི་ཐམས་ཅད་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་འགྲོ་བ་དེ་དང་དེ་དག་ཏུ་ཁྲིད་པ་ན། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་སྡུག་བསྔལ་ལས་མི་
འདའ་ལ། དེ་ལྟར་འཁོར་བའི་སྡུག་བསྔལ་གྱི་སྒོ་ནས་རང་ཉིད་སྡུག་བསྔལ་གྱིས་ཉེན་པའི་འཇིག་རྟེན་དེ་ལ། སྐྱེ་བོ་གཞན་སྲེད་པ་དང་མ་བྲལ་བ་འདི་འགྲོ་བ་གཞན་དེ་དང་དེར་ཡང་དང་ཡང་དུ་བུ་དང་བུ་མོ་དང་། ཉེ་དུའི་དངོས་པོར་གྱུར་ནས་སླར་འགྲོ་བ་ན་ཕ་དང་མ་དང་ཉེ་དུར་
གྱུར་པའི་སེམས་ཅན་གྱི་ཚོགས་ལ་རྨ་ལ་བ་ཚྭ་བཏབ་པ་ལྟར་བདག་ཉིད་དང་བྲལ་བས་བསྐྱེད་པའི་སྡུག་བསྔལ་འགེད་པ་ལྟར་བྱེད་ཅིང་ཡོངས་སུ་འཕྱན་པར་འགྱུར་རོ། །དེའི་ཕྱིར་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པའི་སྐྱེ་བོ་འདི་ལ་སླར་ཡང་བྲལ་བའི་སྡུག་
བསྔལ་རྣམ་པར་བསྒོས་པ་ཡོངས་སུ་བཟུང་བས་དགོས་པ་ཅི་ཡོད། འདི་ལྟར་གལ་ཏེ་སྐྱེ་བོ་འདི་སྡུག་བསྔལ་མེད་པ་དང་། སྡུག་བསྔལ་དོན་དུ་གཉེར་བ་ཞིག་ཡིན་ན་ནི་དེའི་ཚེ་འདི་ལ་སྡུག་བསྔལ་གྱིས་རྣམ་པར་འགེད་པ་རིགས་པ་ཞིག་ན། འདི་ནི་དེ་ལྟར་
ཡང་མ་ཡིན་པས་སྡུག་བསྔལ་རྣམ་པར་འགེད་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་སེམས་དང་བཅས་པ་སུ་ཞིག་དོན་མ་ཡིན་པ་བྱེད་པའི་སྐྱེ་བོ་རྣམ་པ་དེ་ལྟ་བུ་ལ་ཕྲད་པར་བྱས་ནས་དེ་ལོག་པས་མྱ་ངན་བྱེད་པར་འགྱུར། དེའི་ཕྱིར་དེ་ལྟར་ན་འཁོར་བ་དང་

འབྲེལ་བས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་གནོད་པ་རིག་པར་བྱས་ནས་གཞན་དག་སྡུག་བསྔལ་ལས་བཟློག་པར་འདོད་པའི་མཁས་པས་ནི་བདག་དང་གཞན་གྱི་དོན་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་འཁོར་བ་ཁོ་ན་དོར་བར་བྱའི། མྱ་ངན་གྱི་ཁང་པར་ཞུགས་ནས་
དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་ནི་མི་བྱའོ། །སྤུན་གཉིས་ཕ་དང་མའི་འཆི་བ་གོ་བར་བྱེད་པ་བཞིན་ནོ། །སྤུན་གཉིས་ལས་གཅིག་གི་གན་དུ་མ་དུས་བྱས་པར་གྱུར་ལ་གཞན་གྱི་གན་དུ་ཕ་དུས་བྱས་པར་གྱུར་ཏོ། །དེ་གཉིས་ཆར་ཡང་ཕན་ཚུན་གོ་བར་བྱ་བའི་
ཕྱིར་ཕྲད་པར་གྱུར་ཏོ། །དེ་ལ་གཅིག་གིས་མཐོང་ནས་ཀྱི་ཧུད་ཨ་ཟ་ཞེས་ངུ་ལ་གཉིས་པ་ཤོས་ཀྱང་ཀྱི་ཧུད་ཨོ་པོ་ཞེས་ངུའོ། །དེ་བཞིན་དུ་འཇིག་རྟེན་ཡང་སྡུག་བསྔལ་བར་གྱུར་པ་རྣམས་ལ་སྡུག་བསྔལ་འགེད་པར་བྱེད་དོ། །འདིར་སྨྲས་པ། སྡུག་བསྔལ་གྱི་
རྒྱུ་ཡིན་པ་ཉིད་ཀྱི་ཕྱིར། བྲལ་བ་མི་དགའ་བ་ཡིན་མོད་ཀྱི། དེ་ལྟ་ན་ཡང་བདེ་བའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་འདུ་བ་ལ་དགའ་བ་ཡིན་ནོ། །བརྗོད་པར་བྱ་སྟེ། གང་གི་འདུ་བ་དགའ་ཡིན་དེའི། །བྲལ་བ་ཇི་ལྟར་དགའ་མ་ཡིན། །འདུ་བ་དང་ནི་བྲལ་བ་དག །ལྷན་
ཅིག་རྒྱུ་བར་སྣང་མིན་ནམ། །གང་གི་ཚེ་ཁྱོད་དམ་གཞན་གྱི་ཡང་རུང་སྟེ། ཡིད་དུ་འོང་བ་རྣམས་དང་འདུ་བ་དགའ་བ་ཡིན་པ་དེའི་དེ་རྣམས་དང་བྲལ་བ་དགའ་བ་ཇི་ལྟར་མ་ཡིན། རྒྱུད་གང་ཁོ་ན་ལ་འདུ་བ་ཡོད་པ་དེ་ཉིད་ལ་གདོན་མི་ཟ་བར་འབྱུང་བའི་བྲལ་བ་ཡང་ཡིན་པས་འདུ་བ་
དང་བྲལ་བ་གཉི་ག་ཡང་ལྷན་ཅིག་སྤྱོད་པར་སྣང་ངོ་དེའི་ཕྱིར་འདུ་བ་འདོད་པས་བྲལ་བ་ལ་དགའ་བ་ཡང་བྱ་དགོས་སོ། །དེའི་ཕྱིར་བདེ་བ་རྒྱུ་ཡིན་ཡང་མཐའ་ངན་པ་ཉིད་ཀྱི་ཕྱིར་དེ་གཉི་ག་དང་བྲལ་བའི་རྣམ་པར་གྲོལ་བ་མངོན་སུམ་ཉིད་དུ་བྱའོ། །བཀྲ་ཤིས་མ་དང་རྣ་ནག་མ་འཇུག་
པ་དང་། ཁ་ཟས་དུག་དང་བཅས་པ་དང་མཆིལ་བའི་ཟས་བཞིན་ནོ། །ཁ་ཅིག་གིས་ང་ལ་བཀྲ་ཤིས་ཡོད་པར་གྱུར་ཅིག་ཅེས་ལྷ་མཉེས་པར་བྱས་པ་དང་། དེས་དམ་པ་ཐོབ་པར་གྱུར་ཏོ། །དེ་ཁྱིམ་དུ་ཞུགས་པའི་ཁྱིམ་དུ་མཚན་མོ་བཀྲ་ཤིས་མ་དང་དེའི་ཕྱི་བཞིན་འབྲང་

བའི་རྣ་ནག་མོ་ཡང་ཞུགས་པར་གྱུར་ཏོ། །དེས་བཀྲ་ཤིས་མ་ལ་འདི་སུ་ཡིན་ཞེས་དྲིས་པ་དང་། དེས་རྣ་ནག་མོའོ་ཞེས་སྨྲས་སོ། །དེས་སྨྲས་པ་བདག་གིས་འདིའི་ཕྱིར་དམ་པ་ཐོབ་པ་མ་ཡིན་ནོ། །དེས་སྨྲས་པ་གང་ན་ང་ཡོད་པ་དེར་འདི་ཡང་
གདོན་མི་ཟ་བར་ཡོད་དོ་ཞེའོ། །དེ་བཞིན་དུ་གང་ན་འདུ་བ་ཡོད་པ་དེ་ན་བྲལ་བ་ཡང་ཡིན་ནོ། །གང་དག་སྡུག་པ་རྣམས་དང་འགྲོགས་པ་ཙམ་ཞིག་ཁོ་ན་མངོན་པར་འདོད་ཀྱི་བྲལ་བ་ནི་མ་ཡིན་པ་དེ་དག་གི་དེ་ནི་ཡིད་སྨོན་ཙམ་ཞིག་ཏུ་འགྱུར་རོ། །ཁ་ཟས་དུག་དང་བཅས་
པ་ཟ་བ་ལ་མཐར་གདོན་མི་ཟ་བར་འཆི་བའམ་འཆི་བ་ལ་ཐུག་པའི་སྡུག་བསྔལ་དུ་འགྱུར་བ་དེ་བཞིན་དུ། འདུ་བའི་བདེ་བ་ཐམས་ཅད་བྲལ་བའི་སྡུག་བསྔལ་དང་རྗེས་སུ་འབྲེལ་པ་ཉིད་དོ། །གང་ཞིག་མཆིལ་པའི་ཟས་བཟའ་བར་འདོད་པ་དེ་ལ་ནི་གདོན་མི་ཟ་བར་མཆིལ་བས་
ཕུག་སྟེ་དྲངས་པ་ཡང་ཡོད་དོ། །འདིར་གལ་ཏེ་བྲལ་བ་མཐར་ངེས་མོད་ཀྱི། དེ་ལྟ་ན་ཡང་ཐོག་མར་འགྲོགས་པ་ཡུན་རིང་བ་ཉིད་ཀྱི་ཕྱིར་ན་དེ་ལ་བརྩིས་སུ་བྱ་བ་མ་ཡིན་ནོ་ཞེས་སྨྲའོ། །འདས་ལ་ཐོག་མ་ཡོད་མིན་ལ། །མ་འོངས་ཐ་མ་ཡོད་མིན་ན། །ཅིས་ན་ཁྱོད་ཀྱིས་
འདུ་མཐོང་ཞིང་། །རིང་པོར་གྱུར་ཀྱང་བྲལ་བ་མིན། །འཁོར་བ་འདི་ནི་མ་རིག་པ་དང་ལྡན་པའི་གང་ཟག་གི་འདས་པའི་དུས་ལ་ཐོག་མ་མི་སྲིད་ཅིང་། དེ་ཐམས་ཅད་ཀྱང་བྲལ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །མ་རིག་པ་དང་ལྡན་པ་ཉིད་ཀྱི་མ་འོངས་པ་ལ་ཡང་ཐ་མ་མེད་ལ། དེ་ཡང་
མ་ཐོབ་པའི་ཕྱིར་ན། །དེའི་བདག་ཉིད་ཅན་ཁོ་ནའོ། །དེའི་ཕྱིར་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་འཁོར་བའི་རྒྱ་མཚོ་ཆེན་པོ་ཐོག་མ་དང་ཐ་མ་མེད་པ་འདིར་ལྷུང་བའི་དོན་དང་འགྲོགས་པ་གང་ཡིན་པ་དེ་ནི་སྐད་ཅིག་མ་ཡིན་ཏེ། འདུ་བྱེད་ཐམས་ཅད་སྐད་ཅིག་རེ་རེར་འཇིག་
པའི་ངང་ཅན་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་ཅིའི་ཕྱིར་ཁྱོད་ཀྱིས་འདས་པ་དང་མ་འོངས་པས་བསྡུས་པའི་བྲལ་བ་རིང་དུ་ཟིན་ཀྱང་མ་མཐོང་ཞིང་། རིང་པོ་མ་ཡིན་པ་ཡང་འདུ་བ་འབའ་ཞིག་ཁོ་ན་རིང་པོ་ཉིད་དུ་མཐོང་ངོ་། །དེའི་ཕྱིར་འདི་མི་རིགས་སོ། །དེའི་ཕྱིར་དེ་ལྟར་སྐད་ཅིག་མར་

འཇིག་པ་ཤིན་ཏུ་ཕྲ་བ་ཉིད་ཀྱི་ཕྱིར་འདུ་བ་མཐོང་བ་ཡོད་ན་བྲལ་བ་མཐོང་བས་ནི་རྟག་ཏུ་སྐྱོ་བ་དང་ལྡན་པར་བྱ་དགོས་སོ། །ཆུང་མ་གཞན་གྱིས་ཕྲོགས་པས་སྡུག་བསྔལ་བ་བཞིན་ནོ། །མི་འགའ་ཞིག་ཡུལ་གཞན་དུ་སོང་བར་གྱུར་ལ། བྱེས་ལ་གནས་པ་དེའི་ཆུང་མ་གཞན་གྱིས་
བདག་གིར་བྱས་སོ། །འོངས་ཏེ་གྲོང་དེའི་འདབས་ན་གནས་པས་ཐོས་པར་གྱུར་ཅིང་། ཐོས་ནས་ཀྱང་གཡོན་ཅན་གྱི་ཁྱིམ་དུ་སོང་སྟེ་དུས་དེར་སྐྱེས་པའི་བྲལ་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་གྱི། དུས་སྔར་བྱུང་བའི་བྲལ་བས་ནི་མ་ཡིན་ནོ། །དེའི་དོན་དུ་རྩོད་
པར་ཡང་ཞུགས་སོ། །དེ་བཞིན་དུ་འཇིག་རྟེན་ཡང་འདས་པ་དང་མ་འོངས་པའི་དོན་དག་ལ་མྱ་ངན་མི་བྱེད་པར་དེའི་དུས་ཀྱི་བྲལ་བའི་སྒོ་ནས་དེ་དང་དེ་ལ་མྱ་ངན་བྱེད་དོ། །འདིར་སྨྲས་པ། གལ་ཏེ་བྲལ་བ་རིང་མོད་ཀྱི། །དེ་ལྟ་ན་ཡང་དུས་ཚིགས་ཕུན་སུམ་ཚོགས་པས་སེམས་ཁྲིད་
པའི་ཕྱིར་དེ་ལ་རྩིས་གདབ་མེད་དོ། །བརྗོད་པར་བྱ་སྟེ། སྐད་ཅིག་ལ་སོགས་དུས་དེ་རྣམས། །ངེས་པར་དགྲ་དང་འདྲ་འགྱུར་ཏེ། །དེས་ན་དགྲར་གྱུར་དེ་དག་ལ། །རྣམ་ཀུན་ཁྱོད་འདོད་ཆགས་མི་བྱ། །གང་གི་ཕྱིར་འདི་ན་དགུན་དང་དགུན་ཆུང་དང་དཔྱིད་ལ་སོགས་པའི་དུས་
རྣམས་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་གྱི་རིམ་པ་མངོན་པར་འཕེལ་བས་དགྲ་ལྟར་ཁྱོད་ཀྱི་གསོན་པའི་སྐད་ཅིག་ཟད་པར་བྱེད་ཅིང་ངེས་པར་གནས་པར་གྱུར་ཏེ། དེའི་ཕྱིར་དེ་ལྟར་སྲོག་འཕྲོག་པར་བྱེད་པའི་དུས་དེ་དག་ལ་ཁྱོད་ཆགས་པར་མི་བྱ་སྟེ། མཛའ་བཤེས་ཀྱི་སྒོ་ནས་
གནས་པའི་དགྲ་བོ་ཡོངས་སུ་ཤེས་པ་ལྟར་བག་ཡོད་པར་སྤྱོད་པས་དེ་ཡོངས་སུ་ཤེས་པ་ལ་མཁས་པར་བྱ་སྟེ། བྲན་མོ་རྒན་མོ་སྡུག་བསྔལ་དང་རྗེས་སུ་འབྲེལ་པ་བཞིན་ནོ། །ཇི་ལྟར་སྐད་ཅིག་ལ་སོགས་པའི་དུས་རྣམས་འགྲོ་བ་ན་ལས་མི་ནུས་པ་དང་རྗེ་དཔོན་དག་གིས་བརྙས་
པའི་ཉེས་པ་ལས་བྲན་མོ་རྒན་མོ་ལ་སྡུག་བསྔལ་འཁོར་མོར་འབྱུང་མོད་ཀྱི། དེ་ལྟ་ན་ཡང་འདི་དེ་དག་ལ་ཆགས་པ་ཁོ་ན་ཡིན་གྱི། དེ་དེ་དག་ལ་མྱ་ངན་མི་བྱེད་པ་དེ་བཞིན་དུ་འཇིག་རྟེན་ཡང་སྐད་ཅིག་ལ་སོགས་པའི་དུས་རྣམས་ལ་ཆགས་པ་ཡིན་ཏེ། ཚ་བའི་དུས་ན་ཚད་པས་

གནོད་པ་ན་དགུན་ཆུང་མངོན་པར་འདོད་དོ། །དེ་བཞིན་དུ་གཞན་གྱི་སྒོ་ནས་གཞན་ཡིན་ཏེ། དེ་ལ་གང་ནས་ཀྱང་བདེ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་འདུ་བྱེད་ཀྱི་ཆོས་ཉིད་འདི་དག་མངོན་སུམ་དུ་གནས་པ་ལྟར་རྗེས་སུ་སེམས་ཤིང་ཡིད་
སྐྱོ་བར་གྱུར་པས་རྗེས་སུ་མཐུན་པར་སྤྱད་པར་རིགས་སོ། །དེ་ཡང་ཅིའི་རིགས་ཤེ་ན། འདི་དག་ཐམས་ཅད་ངེས་པར་བོར་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གནས་པར་རོ། །གལ་ཏེ་འདི་རིགས་པར་བདེན་མོད་ཀྱི་ནུས་པ་ནི་མ་ཡིན་ནོ། །གཉེན་འདུན་གྱི་སྐྱེ་བོ་དང་བྲལ་བ་ནི་
དཀའ་སྟེ། དེ་ཇི་ལྟར་བྱེད་པར་ནུས། དེའི་ཕྱིར་དེས་བྱས་པའི་སྐྲག་པ་ལས་ཁོ་བོས་ནགས་སུ་འཇུག་པར་བྱ་བའི་ཕྱིར་འགྲོ་བར་ཡང་མི་བྱའོ་ཞེ་ན། བརྗོད་པར་བྱ་སྟེ། བློ་ངན་བྲལ་བའི་འཇིགས་པ་ཡིས། །ཁྱིམ་ནས་ངེས་པར་མི་འབྱུང་ན། །མཁས་པ་སུ་ཞིག་ངེས་པར་
ནི། །བྱ་དགོས་ཆད་པས་བྱེད་པར་འགྱུར། །བློ་གྲོས་ངན་པ་ཁྱོད་གཉེན་གྱི་སྐྱེ་བོ་དང་བྲལ་བ་ནི་དཀའོ་སྙམ་སྟེ། དེའི་འཇིགས་པས་ཁྱིམ་ནས་མི་འབྱུང་ན། དེ་ནི་ནམ་དུ་ཡང་རུང་སྟེ་འཆི་བདག་གི་དབང་གིས་གདོན་མི་ཟ་སྟེ། དེའི་ཕྱིར་བྱ་དགོས་པ་ཁོ་ནའོ། །དེ་ལྟར་གདོན་མི་ཟ་བར་བྱ་
དགོས་པའི་ངེས་པར་འབྱུང་བ་ནི་དཀའ་ཐུབ་བསྒྲུབ་པར་བྱ་བའི་ཕྱིར་རང་ཉིད་ཀྱིས་མ་བྱས་པར། འཆི་བདག་གི་ཆད་པ་འགའ་ཞིག་གི་སྒོ་ནས་ཤེས་རབ་ཅན་སུ་ཞིག་བྱེད། དེའི་ཕྱིར་ཐབས་སྔོན་དུ་གཏང་སྟེ་བདག་དང་བདག་གི་བ་ཡོངས་སུ་གཏོང་བའི་ངང་ཚུལ་ཅན་དུ་བྱའོ། །གཟིར་ཞིང་
གྲོང་པ་དཔྱ་འབུལ་བ་བཞིན་ནོ། །དཔེར་ན་གྲོང་པ་རྣམས་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ནས་ཕྱིས་ངེས་པར་དབུལ་བར་བྱ་བའི་ཕྱིར་མཐའ་དག་འབུལ་གྱི་གཞན་དུ་ནི་མ་ཡིན་པ་དེ་བཞིན་མི་མཁས་པ་རྣམས་ངེས་པར་གཏང་བར་བྱ་དགོས་པའི་གཉེན་གྱི་སྐྱེ་བོ་འཆི་བདག་
གིས་གཏོང་དུ་འཇུག་གི །བདག་ཉིད་ཀྱིས་ནི་མི་གཏོང་ངོ་། །འདིར་སྨྲས་པ། གལ་ཏེ་ཡང་རྩ་ལག་ནི་གདོན་མི་ཟ་བར་གཏང་བར་བྱ་བ་ཡིན་མོད་ཀྱི་དེ་ལྟ་ན་ཡང་བུ་བསྐྱེད་དེ། ལང་ཚོ་རྫོགས་པ་ན་བག་མ་བླངས་པ་དེ་ལ་ཁྱིམ་གྱི་ཁུར་བསྐུར་ནས་བགྱི་ཚལ་ཡོངས་སུ་རྫོགས་པར་

བྱ་སྟེ་ངེས་པར་འགྲོ་བར་བྱའོ། །བཤད་པར་བྱ་སྟེ། ཁྱོད་འདི་བྱས་ནས་བསལ་བར་ནི། །ནགས་སུ་བགྲོད་བྱ་སྙམ་སེམས་ན། །གང་ཞིག་བྱས་ཀྱང་གཏང་བྱ་བ། །དེ་བྱས་ཡོན་ཏན་ཅི་ཞིག་ཡོད། །གལ་ཏེ་བདག་གིས་གདོན་མི་ཟ་བར་ནགས་སུ་འགྲོ་བར་བྱ་བ་ཡིན་མོད་
ཀྱི་འོན་ཀྱང་བྱ་བའི་འཕྲོ་ཅུང་ཟད་ཅིག་ཡོད་པས་དེ་བྱས་ལ་འགྲོ་བར་བྱའོ་སྙམ་དུ་སེམས་ན། གལ་ཏེ་དེ་འདི་གང་བྱེད་པ་དང་། གང་གི་དོན་དུ་བྱེད་པ་དེ་གཉི་ག་བྱས་ནས་ཀྱང་གལ་ཏེ་སླར་ཡོངས་སུ་གཏང་བར་བྱ་བ་ཡིན་ན་འོ་ན་ནི་དེ་ལྟ་ན་བྱས་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ། དེ་
བས་ན་འདི་ནི་བྱ་བ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་དེ་ལ་ལྟོས་ནས་དུས་འདའ་བར་མི་རིགས་པས་བྱ་བ་དང་བྱ་བ་མ་ཡིན་པར་རྣམ་པར་དཔྱོད་པ་ལ་མཁས་པར་བྱ་སྟེ། མི་གཙང་བའི་ནང་དུ་ལྷུང་བའི་ཤིང་ཐོག་ཨ་མྲ་བླངས་ཏེ་འདོར་བ་དང་། འགྲོན་པོ་རྡོ་བདར་བ་བཞིན་ནོ། །འགའ་ཞིག་
གིས་ཤིང་ཐོག་ཨ་མྲ་མི་གཙང་བའི་ནང་དུ་ལྷུང་བ་བླངས་པས་དེ་ལ་གཞན་གྱིས་འདིས་ཅི་བྱེད་ཅེས་དྲིས་པ་དང་། དེས་བཀྲུས་ལ་དོར་བར་བྱའོ་ཞེས་སྨྲས་པ་ལྟ་བུ་སྟེ་དེ་བཞིན་དུ་གལ་ཏེ་ཡུལ་རྣམས་གཏང་བར་བྱ་བ་ཡིན་ན་ནི་དེ་དག་ཡོངས་སུ་བརྩལ་བས་ཅི་བྱ། ཡང་ཇི་ལྟར་འགྲོན་པོ་
འགའ་ཞིག་གིས་འགྲོ་བ་བོར་ནས་རྡོ་བདར་བར་བརྩམས་སོ། །དེ་ལ་ཅི་བྱེད་ཅེས་དྲིས་པ་དང་། དེ་ཉིད་བདར་བར་བྱེད་པར་གྱུར་ཅིང་། དོན་མཐུན་སོང་བ་ན་དེ་རྡོ་དེ་ལྷམ་པར་མ་སྦྱངས་པར་ཚུལ་མ་ཡིན་པས་ཉོན་མོངས་པའི་བར་དུ་གྱུར་པ་དེ་བཞིན་དུ་འཁོར་བའི་འགྲོན་པོ་རྣམས་ཀྱི་
ཁྱིམ་གྱི་བྱ་བ་དག་ཤེས་པར་བྱའོ། །འདིར་གལ་ཏེ་ཡང་དོན་དུ་ན་ནགས་སུ་འགྲོ་བ་གཙོ་བོ་ཡིན་མོད་ཀྱི། དེ་ལྟ་ན་ཡང་བདག་དང་བདག་གི་བ་ལ་ཆགས་པ་དང་ལྡན་པ་ལ་དེ་ལས་འཇིགས་པ་འབྱུང་ངོ་ཞེས་སྨྲའོ། །བརྗོད་པར་བྱ་སྟེ། བདག་ནི་འཆིའོ་སྙམ་སེམས་པ། །གང་ལ་ངེས་
པར་ཡོད་འགྱུར་བ། །དེ་ནི་ཆགས་པ་ཡོངས་བཏང་ཕྱིར། །འཆི་བདག་ལ་ཡང་ག་ལ་འཇིགས། །འདིར་ཤེས་རབ་དང་ལྡན་པ་གང་ལ་ལ་ཞིག་ལ། ལུང་གི་རྗེས་སུ་འབྲངས་ཏེ་བདག་ནི་འཆི་བའི་ཆོས་ཅན་ནོ་སྙམ་དུ་སེམས་པ་ངེས་པར་ཡོད་པ་དེ་ལ་ནི། འདུ་འཛི་ཡོངས་སུ་སྤངས་ནས་

བསྲུང་བར་བྱ་བ་ཉིད་དུ་ཡོངས་སུ་གཟུང་བའི་སྲོག་ལ་ཡང་སྲེད་པའི་ཆགས་པ་ཡོངས་སུ་བཏང་བའི་ཕྱིར་རེ་ཞིག་འཆི་བདག་ལ་ཡང་འཇིགས་པ་ཡོད་པ་མ་ཡིན་ན། ནགས་སུ་འགྲོ་བའམ་བུ་དང་བྲལ་བ་ལ་འཇིགས་པར་ལྟ་ག་ལ་འགྱུར། དེའི་ཕྱིར་འཆི་བ་
རྗེས་སུ་དྲན་པ་བསྒོམ་པ་ལ་བརྩོན་པར་བྱ་སྟེ། དུག་མེད་པར་བྱ་བའི་ཕྱིར་སོར་གདུབ་འཇུག་པ་དང་། ཁ་ཟས་དུག་དང་བཅས་པ་ཡོངས་སུ་འདོར་བ་བཞིན་ནོ། །ཇི་ལྟར་དུག་མེད་པར་བྱ་བའི་ཕྱིར་ལག་པ་ལ་སོར་གདུབ་འཇུག་པ་ལྟར་དེ་བཞིན་དུ་མཁས་པ་རྣམས་ཀྱིས་ཉོན་མོངས་པའི་དུག་གཞོམ་
པར་བྱ་བའི་ཕྱིར་མི་རྟག་པའི་འདུ་ཤེས་འཇུག་གོ། །ཡང་ཇི་ལྟར་ཁ་ཟས་དུག་དང་བཅས་པ་ཡོངས་སུ་དོར་བས་དགེ་ཤིས་སུ་འགྱུར་བ་དེ་བཞིན་དུ་ཆགས་པ་ཐམས་ཅད་ཡོངས་སུ་བཏང་བས་ངེས་པར་ལེགས་པར་འགྱུར་རོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་
དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། རྟག་པར་ཕྱིན་ཅི་ལོག་སྤང་བའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།། །།རེ་ཞིག་རབ་ཏུ་བྱེད་པ་དང་པོས་མི་རྟག་པ་ལ་རྟག་གོ་སྙམ་དུ་ཕྱིན་ཅི་ལོག་པ་སྤང་བའི་ཐབས་བཤད་ཟིན་ཏོ། །ད་ནི་སྡུག་བསྔལ་ལ་
བདེའོ་སྙམ་དུ་ཕྱིན་ཅི་ལོག་པ་སྤང་བའི་ཐབས་ཀྱི་དབང་དུ་བྱས་ཏེ་བཤད་པ། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་བྱེད། །གང་གི་ཕྱིར་ལུས་ལ་ནང་གི་བདག་ཉིད་ལས་གྱུར་པ་ཁམས་མ་
སྙོམས་པའི་རྒྱུ་ཅན་ནད་བཞི་བརྒྱ་རྩ་བཞི་དང་ཕྱི་རོལ་ལས་གྱུར་པ་དབྱིག་པ་དང་བོང་བ་དང་། མཚོན་དང་། གྲང་བ་དང་། ཚ་བ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། སྡིག་སྦྲུལ་ལ་སོགས་པས་རེག་པའི་རྒྱུ་ཅན་གྱི་སྡུག་བསྔལ་དག་འབྱུང་སྟེ། དེའི་ཕྱིར་སྡུག་བསྔལ་དུ་མ་འབྱུང་
བའི་ཕྱིར་དང་། གླགས་སུ་བསྣུན་པའི་ཕྱིར་དང་བརྟེན་པར་དཀའ་བའི་ཕྱིར་ན་འཕགས་པ་ཇི་ལྟར་གནས་པའི་རང་གི་ངོ་བོ་སོ་སོར་རྟོག་པར་མཛད་པ་རྣམས་ཀྱིས་ལུས་ནི་དགྲ་ལྟར་མཐོང་ངོ་། །གལ་ཏེ་འོ་ན་ནི་དེ་ལྟར་ན་དེ་བསྐྱང་བར་བྱ་བ་མ་ཡིན་ཏེ། དགྲའི་ཕྱོགས་སུ་བསླན་པའི་ཕྱིར་

རོ་ཞེ་ན། དེ་ལྟར་ཡིན་མོད་ཀྱི། དེ་ལྟ་ན་ཡང་དེ་བསྲུང་བར་བྱ་སྟེ། དགོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དགོས་པ་དེ་ཡང་ཅི་ཞིག་ཅེ་ན། ལུས་ལ་བརྟེན་ནས་དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཉེ་བར་སོགས་པའོ། །འདི་ལྟར་ལུས་འདི་ཡོད་ན་ནི་གང་གི་ཚེ་ཡུན་
རིང་དུ་འཚོ་བ་དང་ཚུལ་ཁྲིམས་དང་ལྡན་པར་འགྱུར་བ་དེའི་ཚེ་ན་བསོད་ནམས་ཆེན་པོ་བྱེད་ཀྱི་ལུས་མེད་ན་ནི་མ་ཡིན་ཏེ། དེའི་ཕྱིར་རེ་ཞིག་བསྲུང་བར་བྱ་བ་ཉིད་དུ་འགྱུར་རོ། །རྣམ་པ་གཅིག་ཏུ་ན། ཐལ་མ་ཐག་པའི་མི་རྟག་པ་ཉིད་ཀྱི་གཏམ་གྱིས་སེམས་སྐྱོ་ཞིང་། ལུས་
དོན་མ་ཡིན་པ་འདྲེན་པ་འདིས་ཅི་ཞིག་བྱ་ཞེས་དེ་ལ་བརྙས་པ་ཐོབ་པར་འགྱུར་བ་དེ་ལ་བརྙས་པ་ཡོངས་སུ་སྤང་བའི་ཕྱིར། ལུས་ནི་དགྲ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པ་དེ་ཉིད་སྦྱར་བར་བྱའོ། །འཆི་བ་གཅིག་གིས་སྦྲེལ་བའི་ཚོང་དཔོན་གྱི་བུ་རྐུན་པོ་འཚོ་བ་
བཞིན་ནོ། །ཇི་ལྟར་ང་འཆགས་པ་ལ་སོགས་པར་འགྲོ་བ་ལ་ང་ལ་གྲོགས་མི་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཚོང་དཔོན་གྱི་བུ་རྐུན་པོ་འཆིང་བ་གཅིག་གིས་སྦྲེལ་པ། བཙོན་དུ་གྱུར་ཀྱང་སྐྱོང་བར་བྱེད་པ་དེ་བཞིན་དུ་མཐོ་རིས་དང་ཐར་པ་ཐོབ་པའི་རྒྱུ་ལུས་ཡོངས་སུ་སྐྱོང་བ་ལ་ཡང་བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡིན་པར་བལྟ་བར་བྱའོ། །འདིར། ཇི་ལྟར་བདག་དོན་འཆིང་བ་ནི། །གཅིག་སྦྲེལ་རྐུན་པོ་བསྲུང་བ་ལྟར། །དེ་བཞིན་མཁས་པས་ལུས་ཡིན་ཏེ། །ཚུལ་ཁྲིམས་ལ་སོགས་སྤེལ་ཕྱིར་རོ། །ཞེས་བྱ་བར་འགྱུར་
རོ། །སྨྲས་པ་གལ་ཏེ་ལུས་བསང་བར་བྱས་པ་ཡིན་ན་ནི། དེའི་ཕྱིར་དེ་ལ་སྙིང་ཉེ་བར་བྱ་དགོས་སོ། །བརྗོད་པར་བྱ་སྟེ། མི་རྣམས་སྡུག་བསྔལ་ལུས་ཉིད་ལས། །སྐྱེ་ཞིང་བདེ་བ་གཞན་ལས་ན། །སྡུག་བསྔལ་ཀུན་གྱི་སྣོད་གྱུར་པ། །ཁོག་པ་ལ་ཁྱོད་ཅི་སྟེ་གུས། །འདི་
ལྟར་གང་གི་ལུས་ལ་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་གང་ཅུང་ཟད་ཅིག་འབྱུང་བ་དེ་ནི་ལུས་ཁོ་ན་ལས་ཡིན་གྱི། གཞན་ལས་མ་ཡིན་ལ། ལུས་ལ་བདེ་བ་གང་ཅུང་ཟད་ཅིག་འབྱུང་བ་དེ་ནི་གཞན་ཁོ་ན་ཁོ་ན་ལས་ཡིན་གྱི་ལུས་ལས་ནི་མ་ཡིན་ནོ། །དེའི་ཕྱིར་

ལུས་སྡུག་བསྔལ་ཐམས་ཅད་ཀྱི་སྣོད་འདི་ལ་གུས་པར་མི་བྱ་སྟེ། ཇི་ལྟར་གསོན་པ་དང་། དགེ་བ་འཕེལ་བར་འགྱུར་ཞིང་ཉེས་པ་འབྱུང་བར་མི་འགྱུར་བར་རན་པ་ཙམ་གྱིས་དེ་བཙའ་བར་བྱའོ། །དགོན་པའི་ཤ་ཟ་མོ་ལ་ཆགས་པ་བཞིན་ནོ། །མི་དགོན་པར་
ཞུགས་པ་འགའ་ཞིག་གི་མདུན་ན་ཤ་ཟ་མོ་ཞིག་བུད་མེད་ཀྱི་གཟུགས་གཟུགས་བཟང་བར་སྟོན་པ་མངོན་པར་སྤྲུལ་ནས་བདག་ཉིད་གྱ་ཞིང་མགོན་མེད་པར་སྟོན་ཞིང་གནས་པར་གྱུར་པ་དང་དེ་དེས་ཤིང་རྟ་ལ་བསྐྱོན་ནོ། །དེ་ནས་རིང་པོ་མ་ལོན་པར་དེ་འགྲོ་བའི་མདུན་ན་ཤ་ཟ་མཆོག་ཏུ་མི་སྡུག་
པ་ཞིག་གནས་པར་གྱུར་ཏོ། །དེས་དེ་རལ་གྲི་རྣོན་པོས་དཀྱིལ་དུ་བཅད་པ་དང་། དེ་ནས་གཉིས་སུ་གྱུར་ཏོ། །དེས་དེ་གཉིས་ཀྱང་བཅད་པས་བཞིར་གྱུར་ཏོ། །དེ་ལྟར་དེ་ཉིས་འགྱུར་དུ་འཕེལ་བར་གྱུར་ཏོ། །དེ་ནས་མི་དེའི་གནའ་བཤེས་ལྷ་ཞིག་གིས་ནམ་མཁའ་ལས་བུད་
མེད་གང་ཤིང་རྟ་ལ་ཞོན་པ་འདི་ཉིད་གསད་པར་བྱ་སྟེ། འདི་བསད་ན་ཤ་ཟ་མོ་ཐམས་ཅད་བསད་པར་འགྱུར་རོ་ཞེས་ཚིག་སྨྲས་སོ། །དེས་ཀྱང་དེ་ཁོ་ན་ལྟར་བྱས་སོ། །དེ་ལྟར་སྡུག་བསྔལ་བ་དང་མི་རྟག་པར་བལྟས་པས་ལུས་ལ་ལྷག་པར་ཆགས་པ་བཏང་སྟེ། ལུས་
མི་འབྱུང་བར་བྱ་བའི་ཕྱིར་ནན་ཏན་བྱ་སྟེ། དེ་མེད་པས་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་ཡང་མི་རྣམས་ཀྱི་སྡུག་བསྔལ་ལུས་ཁོ་ན་ལས་བྱུང་མོད་ཀྱི། དེ་ལྟ་ན་ཡང་དེའི་ཕྱིར་བཅོར་ཡོད་དེ། འདི་ལྟར་བདེ་བ་རྒྱ་ཆེན་པོ་མྱོང་བར་བྱ་བ་ཟས་
དང་སྐོམ་དང་མལ་ཆ་དང་སྟན་དང་བཞོན་པ་ལ་སོགས་པའི་ཡུལ་ཡོངས་སུ་ལོངས་སྤྱད་པ་ཤིན་ཏུ་སྣ་ཚོགས་པ་རྣམས་ནི་ཇི་ལྟར་ཉེ་བར་ལྷགས་པའི་སྡུག་བསྔལ་འཇོམས་པའི་རྒྱུ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་བདེ་བ་ཆེན་པོ་འབྱུང་བའི་རྒྱུ་ཡང་ཡིན་ནོ། །དེའི་ཕྱིར་
སྡུག་བསྔལ་ཆེས་ཆུང་བ་ཉིད་ཡིན་པའི་ཕྱིར་དང་། བདེ་བ་ཕལ་ཆེ་བ་ཉིད་ཀྱི་ཕྱིར་སྡུག་བསྔལ་ལ་གཅིག་ཏུ་འཇིགས་པར་མི་རིགས་སོ་ཞེའོ། །བཤད་པར་བྱ་སྟེ། སྡུག་བསྔལ་ལ་ནི་འཇིགས་པར་བྱ་དགོས་པ་ཁོ་ན་སྟེ། འདི་ལྟར། གང་ཚེ་བདེ་བ་སྡུག་བསྔལ་ལྟར། །

ཤས་ཆེར་མི་ལ་མི་འབྱུང་ན། །དེ་ལྟར་སྡུག་བསྔལ་ཆེན་པོ་དེ། །ཆུང་ངོ་སྙམ་དུ་སེམས་བྱེད་དམ། །ལུས་ལ་སྡུག་བསྔལ་འབྱུང་བ་ན་དྲག་པ་དང་ཆེར་འབྱུང་གི །བདེ་བ་ནི་དེ་ལྟ་མ་ཡིན་ནོ། །འདི་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཡིན་ཏེ། འདི་ལྟ་སྟེ། ལྷ་སྦྱིན་གདིང་བ་
འཇམ་པོ་བཏིང་བའི་མལ་ཆ་ལ་ཉལ་ལམ་འདུག་ཀྱང་རུང་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་ཡིད་དུ་འོང་བ་དག་གིས་ཡོངས་སུ་བརྟེན་པ་ན་རང་གི་བདག་ཉིད་ལ་བདེ་བས་ཕན་གདགས་སུ་ཟིན་ཀྱང་གང་གི་ཚེ་སྦྲང་བུ་མཆུ་རིངས་མཆུ་ཁབ་རྩེ་ལྟར་རྣོ་བས་ཕུག་པར་
གྱུར་པ་དེའི་ཚེ། བདེ་བ་དེ་དག་ཐམས་ཅད་ལ་རྩིས་མེད་པར་གློ་བུར་དུ་སྡང་ཞིང་སྡུག་བསྔལ་གྱིས་སྐྱོ་བར་འགྱུར་རོ། །དེ་བཞིན་དུ་གང་ཞིག་བདེ་བ་ཕུལ་དུ་འབྱུང་བར་འགྱུར་བ་བདེ་བས་ནི། གང་ལ་ཆགས་པས་རུས་པ་ཡང་འགས་ཤིང་སྙིང་ཡང་འདྲལ་བར་འགྱུར་བ་བུ་
ཕངས་པར་ཤི་བ་ལ་སོགས་པའི་གནས་སྐབས་སུ་དེ་འདྲ་བའི་སྡུག་བསྔལ་འབྱུང་བ་དེའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེའི་ཕྱིར་སྡུག་བསྔལ་ཆེན་པོས་ཟིལ་གྱིས་མནན་པའི་བདེ་བ་ཡོད་དུ་ཟིན་ཀྱང་སྐྱོབ་པར་མི་བྱེད་དོ། །གལ་ཏེ་བདེ་བ་ཤིན་ཏུ་ཆེ་བ་ཞིག་ཡོད་པར་འགྱུར་
ན་ནི་དེ་སྡུག་བསྔལ་གྱིས་ཟིལ་གྱིས་གནོན་པར་མི་འགྱུར་ཏེ། འདི་ལྟར་ཆུང་ངུས་ནི་ཆེན་པོ་ཟིལ་གྱིས་གནོན་པ་མ་ཡིན་ནོ། །དེ་ལ་ལུས་ལ་བདེ་བ་ཆེ་ལ་སྡུག་བསྔལ་ཆུང་ངོ་ཞེས་གང་འདོད་པ་དེ་ནི་མ་ཡིན་ནོ། །འདིར། གང་ཞིག་སྟོབས་ཀྱིས་ཤིན་ཏུ་ཆེ་གཞན་ཡང་། །ཟིལ་
གྱིས་གནོན་དེ་ཆུང་ངུ་མ་ཡིན་ལ། །གཞན་གྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་གང་། །དེ་ནི་ཆེན་པོ་ཡིན་ཞེས་བསྙད་མི་བྱ། །ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་ཕྱི་རོལ་གྱི་རྐྱེན་ཉེ་བར་ལྷགས་པའི་སྡུག་བསྔལ་དག་གིས་ཀྱང་སྡུག་བསྔལ་བར་གྱུར་པའི་ལུས་ནི་སྡུག་
བསྔལ་ཆེས་ཆུང་བ་ཉིད་ལས་བདེ་བ་ཡང་ཡིན་ནོ་ཞེས་མི་བྱ་སྟེ། སྒྲ་སྒྲོགས་སི་ཏ་འཕྲོག་པ་བཞིན་ནོ། །ཇི་ལྟར་སྡུག་བསྔལ་ཆེན་པོས་སི་ཏ་འཕྲོག་པར་བྱས་མོད་ཀྱི། དེ་ལ་བདེ་བ་ནི་ཆུང་ངུ་ཡང་ཡོད་པ་མ་ཡིན་པ་ལྟར། དེ་བཞིན་དུ་སྡུག་བསྔལ་གྱི་ཆུ་བོའི་འདམ་དུ་བྱིང་བའི་

འཁོར་བ་ལ་ཡང་བདེ་བར་སེམས་སོ། །སྡུག་བསྔལ་གྱིས་ཟིལ་གྱིས་མནན་པ་དང་། ཆུང་ངུ་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར། འཇིག་རྟེན་བདེ་ལ་མངོན་ཕྱོགས་ཤིང་། །བདེར་འགྱུར་དག་ཀྱང་རྙེད་དཀའ་སྟེ། །བདེ་བ་འདོད་ཅིང་སྡུག་བསྔལ་དང་མི་མཐུན་པའི་སྐྱེ་
བོ་ནི་སྡུག་བསྔལ་ལས་འབྲོས་མོད་ཀྱི། དེ་ལྟ་ན་ཡང་སྡུག་བསྔལ་དང་རོ་གཅིག་པའི་ལུས་ལ་བདེ་བ་བསྒྲུབ་པར་མི་ནུས་པ་ཉིད་ཀྱི་ཕྱིར། ཇི་ལྟ་ཇི་ལྟར་འཇིག་རྟེན་བདེ་བ་མངོན་པར་འདོད་པ་དེ་ལྟ་དེ་ལྟར་འདི་ལ་བདེ་བ་ཐག་རིང་བར་འགྱུར་ཞིང་སྡུག་བསྔལ་ཁོ་ན་མངོན་དུ་འགྱུར་ཏེ།
བདེ་བའི་རེ་བས་སྡུག་བསྔལ་གྱི་རྒྱུ་ཉེ་བར་སོགས་པའི་ཕྱིར་རོ། །དེའི་ཕྱིར་བདེ་བ་དང་ལྡན་པ་དག་ཤིན་ཏུ་དཀོན་ནོ། །གང་གི་ཕྱིར་འདི་དེ་ལྟ་ཡིན་ལ། དེས་ན་སྐྱེ་བོ་འཇིག་འདི་ལ། །སྡུག་བསྔལ་རྗེས་སུ་སྙེགས་པ་འདྲ། །སྐྱེས་བུའི་གྲིབ་མ་རྗེས་སུ་འབྲང་བ་ལྟར་སྡུག་བསྔལ་ལས་བྲོས་སུ་
ཟིན་ཀྱང་སྐྱེ་བོ་ལ་སྡུག་བསྔལ་རྗེས་སུ་འབྲང་སྟེ། རང་བཞིན་ནི་སྤང་བར་མི་ནུས་སོ། །ཁྲོན་པར་ཡིབ་པ་ལ་གླང་པོ་ཆེ་བཞིན་ཏེ། འགའ་ཞིག་གླང་པོ་ཆེ་མྱོས་ཚབས་ཆེ་བ་ལྕགས་ཀྱུ་མེད་པས་ཇི་ལྟ་ཇི་ལྟར་བདས་པ་དང་ཁྲོན་པར་གབ་པར་བྱེད་ཅིང་ཁྲོན་པའི་ཕྱེད་དུ་ཕྱིན་ནས་བདག་ཐར་
བར་སེམས་ཏེ། དེ་ནི་གླང་པོ་ཆེ་མྱོས་པས་རྗེས་སུ་བསྡམས་པ་ཁོ་ནར་འགྱུར་བ་དེ་བཞིན་དུ་རྟག་ཏུ་སྡུག་བསྔལ་དང་རྗེས་སུ་འབྲེལ་བའི་འཇིག་རྟེན་ཡང་གཏི་མུག་གིས་བདེ་བའི་འདུ་ཤེས་དང་ལྡན་པར་འགྱུར་རོ། །འདིར། འདི་ན་ཕོངས་པར་གྱུར་པའི་སྐྱེས་བུ་ནི། །བདེ་བས་གཞན་
བཞིན་སྐད་ཅིག་ལ་ཡོངས་འདོར། །འཆི་བཞིན་པར་ནི་གྱུར་བའི་སེམས་ཅན་ལའང་། །སྡུག་བསྔལ་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་འབྱུང་བར་འགྱུར་རོ། །འདིའི་ཕྱིར་ཡང་འདི་དེ་ལྟ་ཡིན་ཏེ། གང་གི་ཕྱིར། སྡུག་བསྔལ་འདོད་པས་རྙེད་འགྱུར་གྱི། །འདོད་པས་བདེ་བ་ག་
ལ་ཡིན། །སྡུག་བསྔལ་ནི་རྟག་ཏུ་ཉེ་བའི་ཕྱིར་དང་། མི་ཉེ་བ་ཡང་ཤིན་ཏུ་འབད་པས་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་འདོད་བཞིན་པ་ན་དེ་རྙེད་ཀྱི། བདེ་བ་ནི་འདོད་པས་རྙེད་པ་མ་ཡིན་ཏེ། སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་ལུས་ལ་དེ་ཤིན་ཏུ་དཀོན་པའི་ཕྱིར་ཏེ། ཉིན་མཚན་ལ་གྲང་བ་

བཞིན་ནོ། །འཇིག་རྟེན་འདི་རྟག་ཏུ་ཉེ་བར་གནས་པའི་སྡུག་བསྔལ་ལ་མི་འཇིགས་ཤིང་སྡུག་བསྔལ་ཡང་མི་དགེ་བའི་ལས་ལས་ཡིན་ལ། བདེ་བ་ཤས་ཙམ་ལ་རེ་བའི་འཇིག་རྟེན་ཡང་སྡུག་བསྔལ་གྱི་འབྲས་བུ་ཅན་གྱི་ལས་ལ་ཤིན་ཏུ་ཆེས་འཇུག་སྟེ། དེའི་ཕྱིར་དེ་ལྡོག་པའི་
ཕྱིར་བཤད་པ། ཁྱོད་ཅིས་དཀོན་པ་ལ་གུས་ཤིང་། །མོད་ལ་ཅི་སྟེ་ཁྱོད་མི་འཇིགས། །འདིར་སྡུག་བསྔལ་གང་གི་ཚེ་དང་། ཅི་འདྲ་བ་དང་། ཇི་ཙམ་ཞིག་རང་དབང་དུ་འདོད་པས་རྙེད་པ་དེ་ལྟར་ནི་བདེ་བ་མ་ཡིན་ཏེ། དེ་ནི་གཞན་ལ་རག་ལས་པ་ཉིད་ཀྱི་ཕྱིར་འདོད་པས་མི་
ཐོབ་ན། འཇིག་རྟེན་ནི་ཆགས་པས་རྙེད་པར་དཀའ་ཞིང་གཞན་ལ་རག་ལས་པའི་བདེ་བ་ལ་གུས་ཀྱི། བླུན་པས་རྙེད་པར་སླ་ཞིང་རང་དབང་དུ་གྱུར་བའི་སྡུག་བསྔལ་ལ་འཇིགས་པར་མི་འགྱུར་རོ། །ཇི་ལྟར་བདེ་བ་དཀོན་ཡང་འདོད་པར་བྱ་བ་ཡིན་པས་དོན་དུ་གཉེར་བ་དེ་ལྟར་
ཡིད་དབྱུང་བར་བྱ་བའི་སྡུག་བསྔལ་མོད་པ་ལ་ཅི་སྟེ་ཡིད་མི་འབྱུང་སྟེ། ཐམས་ཅད་དུ་རང་བཞིན་དང་འཚམ་པའི་ནན་ཏན་རིགས་སོ། །དེའི་ཕྱིར་འདིས་མི་དགེ་བ་སྤང་བར་རིགས་སོ། །དེའི་ཕྱིར་དེ་ལྟར་ན་རང་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་ཁོ་ན་འཇིག་རྟེན་གྱི་བདག་གི་
བ་ཡིན་གྱི་བདེ་བ་ནི་མ་ཡིན་ཏེ། མཛོད་འབུགས་པ་བཞིན་ནོ། །ཇི་ལྟར་རྒྱལ་པོའི་མཛོད་བརྟོལ་བ་ལས་རང་འདོད་ཀྱིས་སྡུག་བསྔལ་འཐོབ་པ་དེ་ལྟར་བདེ་བ་ནི་མ་ཡིན་ནོ། །འདིར་འཇིག་རྟེན་འདི་ནི་མི་ཤེས་པ། །འདྲིས་ཀྱང་སྡུག་བསྔལ་ལ་མི་འཇིགས། །འདོད་པས་བདེ་བའང་མངོན་
འདོད་དེ། །བདེ་ཉིད་རྙེད་པར་དཀའ་ཕྱིར་རོ། །ཞེས་བྱ་བར་འགྱུར་རོ། །ཡང་ན་སྡུག་བསྔལ་གྱི་ཡན་ལག་ཉིད་ཀྱི་ཕྱིར་བདེ་བ་ཡང་སྐྱོ་བར་བྱ་བ་ཡིན་པས་དེ་ཡང་བཏང་བར་རིགས་སོ། །ཡང་ཇི་ལྟར་ན་དེའི་ཡན་ལག་ཉིད་ཡིན་ཞེ་ན། འདི་ལྟར། བདེ་བར་གྱུར་པའི་ལུས་པོ་ནི། །
སྡུག་བསྔལ་སྣོད་དུ་འགྱུར་བ་སྟེ། །བདེ་བ་དང་ལྡན་པ་རྣམས་ཀྱི་ལུས་བདེ་བ་མྱོང་བར་བྱ་བའི་ཡུལ་ཅན། རྟག་ཏུ་ལོངས་སྤྱོད་ཀྱིས་ཤིན་ཏུ་གཞོན་ཤ་ཅན་དུ་གྱུར་པ་དག་ནི་སྡུག་བསྔལ་ཆེས་ཆུང་ངུས་རེག་ཀྱང་འབར་བར་གྱུར་པའི་མེ་ལྕེས་ལོ་མ་སར་པ་དག་ལྟར་རོད་ཉམས་པར་

འགྱུར་གྱི་གནས་སྐབས་དེ་ཐམས་ཅད་ལ་སྲོན་པའི་ཕ་དང་མ་རྣམས་ནི་མི་འགྱུར་ཏེ། དེའི་ཕྱིར་བདེ་བ་ཕུལ་དུ་བྱུང་བ་ནི་སྡུག་བསྔལ་འཕེལ་བའི་རྒྱུ་ཡིན་ནོ། །གང་གིས་འདི་དེ་ལྟ་ཡིན་པས། དེས་ལུས་ལ་གུས་དང་དགྲ་ལ་གུས། །དེ་དག་གཉིས་ནི་མཚུངས་
པར་སྣང་། །སྡུག་བསྔལ་བསྒྲུབ་པ་ལ་ལུས་དང་དགྲ་བོ་ལ་བྱེ་བྲག་འགའ་ཡང་མེད་དེ། དེའི་ཕྱིར་དེ་གཉིས་བརྟེན་པ་ན་དེ་དག་ཀྱང་མཚུངས་པར་འགྱུར་ཏེ། སྡུག་བསྔལ་གྱི་རྒྱུ་སྡུད་པར་གཉིས་ཆར་ཡང་འདྲ་བའི་ཕྱིར་ཏེ། ཤིང་རྟ་ལ་ཉལ་བ་བཞིན་ནོ། །ཇི་ལྟར་མི་འགའ་ཞིག་སོ་གའི་དུས་
ཀྱི་ཉི་མའི་གུང་ལ་ཤིང་རྟའི་སྟེང་དུ་བདེ་བར་གཉིད་ཀྱིས་ལོག་པ་རྒྱལ་པོ་འགའ་ཞིག་གིས་འདོད་རྒྱལ་དུ་མཐོང་བར་གྱུར་ཏོ། །དེས་དེ་སྙིང་རྗེས་ཕྱིས་ཇི་ལྟར་མལ་ཆ་ལ་འདུག་པ་ན་ཡུངས་ཀར་གྱི་འབྲུ་གཅིག་གིས་རེག་པས་ཀྱང་གཉིད་མི་རྙེད་པ་དེ་ལྟར་བདེ་བའི་འཚོག་ཆས་དག་གིས་ཡོངས་སུ་
བསྐྱངས་པ་དེ་བཞིན་དུ་ལུས་ཇི་ལྟ་ཇི་ལྟར་བདེ་བའི་ཡོ་བྱད་དག་གིས་ཉེ་བར་བསྟེན་པ་དེ་ལྟར་སྡུག་བསྔལ་གྱི་སྣོད་དུ་འགྱུར་རོ། །གཞན་ཡང་ལུས་ནི་བདེ་བར་འགྱུར་བར་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་དེ་ལས་བཟློག་པའི་རང་བཞིན་ཅན་ཉིད་དུ་རྟོགས་ཏེ། འདི་ལྟར། ལུས་ནི་ཤིན་ཏུ་འགོར་བས་
ཀྱང་། །བདེ་བའི་བདག་ཏུ་མི་འགྱུར་ཏེ། །རང་བཞིན་གཞན་གྱིས་ཟིལ་གནོན་ཞེས། །བྱ་བ་རིགས་པ་མ་ཡིན་ནོ། །ལུས་ནི་བདེ་བའི་ལོངས་སྤྱོད་ཀྱི་རྒྱུ་ཡུལ་དེ་དང་དེ་དག་གིས་ཉེ་བར་བསྟེན་ཀྱང་བདེ་བའི་བདག་ཏུ་མི་འགྱུར་ཏེ། སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་ལྟར་
སྲ་བའི་རང་བཞིན་ཅན་ཞ་ཉེ་དང་རོ་ཉེ་དང་གསེར་དང་དངུལ་རྣམས་མེ་དང་ཕྲད་པས་ཞུ་བ་ཉིད་དུ་འགྱུར་མོད་ཀྱི། དེ་ལྟ་ན་ཡང་སྲ་བའི་རང་བཞིན་ཉིད་ཀྱི་ཕྱིར་ན་ཞུ་བ་ཉིད་དེ་རྣམས་ཀྱི་བདག་གི་བ་མ་ཡིན་པ་དེ་བཞིན་དུ་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར་བདག་གི་བ་མ་ཡིན་པའི་བདེ་
བས་ལུས་ཀྱི་བདག་ཉིད་ཡུན་རིང་པོས་ཀྱང་བྱ་བར་མི་ནུས་ཏེ། དེའི་ཕྱིར་ལུས་ནི་སྡུག་བསྔལ་གྱི་རང་བཞིན་ཅན་ཉིད་དེ། ཁུ་བྱུག་གི་ཕྲུ་གུ་བཞིན་ནོ། །ཇི་ལྟར་ཁུ་བྱུག་གི་ཕྲུ་གུ་བྱ་རོག་གིས་ཆེར་བསྐྱེད་བཞིན་དུ་ཁུ་བྱུག་ཁོ་ནའི་ཡིན་པར་འགྱུར་གྱི་བྱ་རོག་གི་ནི་མ་ཡིན་པ་དེ་བཞིན་དུ་ལུས་བདེ་

བ་མ་ཡིན་ནོ། །འདིར་འགྱུར་ཏེ། རྨོངས་མུན་སྡུག་བསྔལ་བདག་ཉིད་ལུས། །བདེ་བའི་བདག་གིར་བྱེད་དམ་ཅི། །ནམ་ཡང་ཆེར་ཡུན་རིང་བས་ཀྱང་། །ལྕགས་ནག་གསེར་དུ་འགྱུར་བ་མིན། །འདི་སྙམ་དུ་སྡུག་བསྔལ་ཡོད་དུ་ཟིན་ཀྱང་མ་ཚོར་བ་ནི་དོན་མ་ཡིན་པའི་གནས་མ་ཡིན་ཏེ།
འདི་ལྟར། ཁ་ཅིག་དག་ནི་སྐྱེས་པ་ནས་བརྩམས་ཏེ་འཆི་བ་ལ་ཐུག་པའི་བར་དུ་གཅིག་ཏུ་བདེ་བ་དང་ལྡན་པར་སྣང་ལ་སེམས་ཅན་མཆོག་ཏུ་གྱུར་པ་གཞི་ཆེན་པོ་ལ་རེ་བ་བཞག་པ་རྣམས་ཀྱིས་ཀྱང་དེ་ལ་གཡེངས་པས་ཚོར་བར་མི་འགྱུར་ཏེ། དེའི་ཕྱིར་དེ་ལྟར་ལུས་སྡུག་བསྔལ་གྱི་བདག་
ཉིད་ཅན་མ་ཡིན་ནོ་སྙམ་ན་བརྗོད་པར་བྱ་སྟེ། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །སྡུག་བསྔལ་ནི་རྣམ་པ་གཉིས་ཏེ། ལུས་ཀྱི་དང་ཡིད་ཀྱིའོ། །དེ་ལ་
མཆོག་ཏུ་གྱུར་པ་གང་དག་ལོངས་སྤྱོད་ཆེ་ཞིང་རིགས་དང་ལྡན་ལ་འདོད་པ་རླབས་ཆེ་བ་དེ་དག་ལ་ནི་མངོན་པར་འདོད་པའི་གཞི་ཆེན་པོ་ཐོབ་པར་དཀའ་བའི་ཕྱིར། །ཕྲག་དོག་ཕལ་ཆེ་བས་འདོད་པ་མི་རྙེད་པ་ལས་སྐྱེས་པ་ཡིད་ཀྱི་སྡུག་བསྔལ་ལྡོག་པ་མེད་ལ། ཡང་སེམས་ཅན་ཐ་
ཤལ་རིགས་དམའ་ཞིང་བཟའ་བ་དང་། མལ་ཆ་དང་གནས་དང་གོས་དམན་པ་གང་དག་ཡིན་པ་དེ་དག་ནི་ལུས་ཀྱི་སྡུག་བསྔལ་གྱིས་བཅོམ་པ་ཉིད་ཀྱིས་ན་སུ་ལ་ཡང་བདེ་བའི་གོ་སྐབས་ག་ལ་ཡོད། དེའི་ཕྱིར་དེ་ལྟར་ན་འཇིག་རྟེན་འདི་དག་ཐམས་ཅད་སྡུག་བསྔལ་གཉིས་ཀྱིས་
ཉིན་རེ་ཉིན་རེ་ཞིང་འཇོམས་པར་འགྱུར་རོ། །དེའི་ཕྱིར་རང་བཞིན་གྱིས་བདེ་བར་གྱུར་པ་ནི་འདིར་འགའ་ཡང་ཡོད་པ་མ་ཡིན་ཏེ། གླང་པོ་ཆེ་ལ་བསྐྱོན་པ་མཐོང་ནས་དབང་བྱེད་བརྙས་སྐྲན་ལངས་པ་དང་ཡོངས་སུ་དགའ་བ་བཞིན་ནོ། །རྒྱལ་པོ་འགའ་ཞིག་གིས་ཆོགས་ཤིག་
ཅེས་འགའ་ཞིག་གླང་པོ་ཆེ་གདུལ་དཀའ་བ་ལ་བསྐྱོན་ལ་དེས་ཀྱང་གླང་པོ་ཆེ་ཡང་དག་པར་བསྐུལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་མགུ་ནས་རི་མོར་བྱས་སོ། །མི་དེའི་བྱ་དགའ་མཐོང་ནས་གླང་པོ་ཆེའི་དབང་བྱེད་པའི་མི་སྡུག་བསྔལ་བར་གྱུར་ཏོ། །དེ་ནས་འཇིགས་པས་དེ་ལ་

ཡིད་མི་བདེ་བ་སྐྱེས་པར་གྱུར་ཏོ། །ཡང་མི་གཉིས་པ་དམན་པ་ཞིག་རྒྱལ་པོ་དེས་ཆོགས་ཤིག་ཅེས་གླང་པོ་ཆེ་དེ་ལ་བསྐྱོན་པ་དང་དེས་མ་ནུས་པར་གྱུར་ཏེ། རྒྱལ་པོས་དེ་ལུས་ཀྱི་ཆད་པ་དང་སྦྱར་ལ། དབང་བྱེད་ལ་ཡང་ཡོངས་སུ་དགའ་བ་སྐྱེས་པར་གྱུར་
ཏོ། །དེ་ལ་གཅིག་ལ་ཡིད་ཀྱི་སྡུག་བསྔལ་ཡོད་པར་གྱུར་ལ། གཉིས་པ་ལ་ལུས་ཀྱིའོ། །དེ་བཞིན་དུ་ཆེན་པོ་རྣམས་ལ་ནི་ཁྱད་དུ་བསད་པ་ལས་ཡིད་ཀྱི་སྡུག་བསྔལ་འབྱུང་ལ། དམན་པ་རྣམས་ལ་ནི་བརྡེགས་པ་ལས་ལུས་ཀྱིའོ། །འདིར། སྡུག་བསྔལ་གཉིས་བཅོམ་འཇིག་རྟེན་ནི། །རང་
བཞིན་སྡུག་བསྔལ་ཉེན་མཐོང་ནས། །དེ་ནི་བདེ་ཞེས་སྙིང་རྗེ་ཡི། །བདག་ཅན་སྐྱེས་བུ་སུ་ཞིག་སྨྲ། །ཞེས་བྱ་བར་འགྱུར་རོ། །འདིར་སྨྲས་པ། སྡུག་བསྔལ་གཉིས་ནི་ཡོད་མོད་ཀྱི། །དེ་ལྟ་ན་ཡང་བདེ་བ་ཆེན་པོ་ཉིད་ཀྱིས་ཟིལ་གྱིས་མནན་པས་མི་ཤེས་སོ། །བཤད་པར་བྱ་སྟེ། བདེ་བ་ལ་ནི་ཆེན་པོ་
ཉིད་ག་ལ་ཡོད་དེ། སྡུག་བསྔལ་གྱི་དབང་དུ་གྱུར་པའི་ཆོས་རྟོག་པ་ཞེས་བྱ་བ་ལ་ཡང་རག་ལས་ཏེ་འཇུག་པའི་ཕྱིར་རོ། །འདི་ལྟར། བདེ་བ་རྟོག་པའི་དབང་གྱུར་ཞིང་། །རྟོག་པ་སྡུག་བསྔལ་དབང་གྱུར་པ། །དེ་ཕྱིར་ཀུན་ན་སྡུག་བསྔལ་ལས། །ཤིན་ཏུ་སྟོབས་ལྡན་ཅི་ཡང་མེད། །གང་གི་ཚེ་སྐྱེས་
བུ་འདི་བདག་ནི་གཏོང་བ་པོའོ། །བདག་ནི་ཕྱུག་པོའོ། །བདག་ནི་དབང་པོའི་ཡུལ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དག་ཉེ་བར་ལོངས་སྤྱོད་པའོ་ཞེས་དེ་ལྟར་རྟོག་པར་བྱེད་པ་དེའི་ཚེ། དེ་ལྟར་ཡོངས་སུ་རྟོག་པར་བྱེད་པ་འདི་ལ་ཡིད་ཀྱི་བདེ་བ་འབྱུང་ལ། བདེ་བ་འབྱོར་དུ་ཟིན་ཀྱང་གཞན་གྱིས་གནོད་
པར་དོགས་པ་རྣམས་ལ་ལོངས་སྤྱོད་རྒྱུན་ཆད་པའི་རྟོག་པས་ཕྱིས་ཡིད་ཀྱི་བདེ་བ་དེ་ལྡོག་པར་འགྱུར་ཏེ། དེ་ལྟར་ན་བདེ་བ་འབྱུང་བ་དང་འགག་པ་དག་ནི་རྟོག་པ་ལ་རག་ལས་པ་ཉིད་ཀྱི་ཕྱིར་བདེ་བ་རྟོག་པའི་དབང་དུ་གྱུར་པ་ཡིན་ནོ། །སྡུག་བསྔལ་ནི་དེ་ལྟ་མ་ཡིན་ཏེ། གང་ཞིག་སྡུག་
བསྔལ་གྱི་གནོད་པའི་མཐུ་འགོག་པར་བྱེད་པའི་རྟོག་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་ནི་བདེ་བ་ལྟར་རྟོག་པའི་དབང་དུ་གྱུར་པ་མ་ཡིན་ནོ། །ཡང་ཡུལ་ཡིད་དུ་འོང་བ་ལོངས་སྤྱོད་པའི་བདེ་བ་གང་ཡིན་པ་དང་བདེ་བ་འབྱུང་བ་དང་རྗེས་སུ་མཐུན་པའི་རྟོག་པ་གང་

ཡིན་པ་དེ་གཉིས་ཆར་ཡང་སྡུག་བསྔལ་ཉེ་བར་སྐྱེས་པས་འཇོམས་པར་འགྱུར་ཏེ། འདི་ལྟར་དབང་པོའི་ཡུལ་ཉེ་བར་ལོངས་སྤྱོད་ཀྱང་འདི་སྡུག་བསྔལ་གང་ཡང་རུང་བ་ཞིག་གིས་ཟིལ་གྱིས་མནན་པ་ན་བདེ་བ་དེ་ཐམས་ཅད་རྟོག་པ་དང་ལྷན་ཅིག་བཏང་ནས་སྡུག་བསྔལ་ཁོ་ན་སོ་སོར་
མྱོང་བར་འགྱུར་གྱི་བདེ་བ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་བདེ་བའི་རྟོག་པ་སྡུག་བསྔལ་ལ་རག་ལས་པའི་ཕྱིར་སྡུག་བསྔལ་ཁོ་ན་ཆེར་སྟོབས་དང་ལྡན་པ་ཡིན་གྱི་བདེ་བ་ནི་མ་ཡིན་ཏེ། ཆུན་མའི་བུ་བཀུར་བས་སྡུག་བསྔལ་བར་གྱུར་པ་ཉིད་བཞིན་ནོ། །ཆེན་ཆུན་གཉིས་ལས་གཅིག་ནི་བུ་ཤི་བ་
ཞིག་ཡིན་ལ། གཉིས་པ་ནི་བུ་དང་བཅས་པ་ཞིག་གོ། །དེ་ལ་གང་བུ་ཤི་བ་དེ་ཆུན་མའི་བུ་བཀུར་ཞིང་བརྒྱན་པ་མཐོང་ནས་ཤིན་ཏུ་ངུ་བར་གྱུར་ཏོ། །དེ་ལ་ཤི་ཟིན་པ་ལ་ཡང་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། དེས་སྨྲས་པ། ཁོ་མོ་དེ་ལ་མི་ངུའི། །འོན་ཀྱང་གང་ཆུན་མའི་བུ་གསོན་པ་
འདི་ལ་ཁོ་མོ་ངུའོ། །དེ་དུས་ཕྱིས་ཆུན་མའི་བུ་ན་བ་ན་གྲོང་གཞན་ཞིག་ཏུ་སོང་ངོ་། །ཉི་མ་ཁ་ཅིག་ལོན་ནས་གྲོང་དེའི་འདབས་སུ་བསྙེན་པ་དང་། དེ་ནས་རོ་གཅིག་སྟོན་པར་གྱུར་ཏོ། །དེས་འདི་ལྟར་ཆུན་མའི་བུ་དེ་ཤིའོ་སྙམ་དུ་ཡོངས་སུ་བརྟགས་སོ། །དེ་ལྟར་ཡོངས་སུ་བརྟགས་
ནས་དེ་ལ་ཤིན་ཏུ་ཡིད་བདེ་བ་སྐྱེས་ལ། སྡིག་པས་ཡན་ལག་གི་ཆ་བརྡུངས་པ་དང་། དེའི་ཕྱིར་དེ་ལ་རྟོག་པའི་དབང་གིས་ཡིད་བདེ་བ་སྐྱེས་པ་དུག་གི་སྡུག་བསྔལ་གྱིས་ཟིལ་གྱིས་མནན་ཏེ། དེའི་ཕྱིར་གང་ན་ཡང་སྡུག་བསྔལ་ལས་ཆེས་སྟོབས་ཆེ་བ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །
འདི་ལྟར། གང་ཕྱིར་ཕྱིན་ལོག་ལས་སྐྱེས་པ། །དེ་ཕྱིར་བདེ་བ་ཤིན་ཏུ་དཀོན། །སྡུག་བསྔལ་ཡང་དག་ལས་སྐྱེས་པ། །དེ་ཕྱིར་དེ་ཆེས་སྟོབས་དང་ལྡན། །ཞེས་བཤད་དོ། །འདིར་སྨྲས་པ། གལ་ཏེ་ཡང་བདེ་བ་ཤིན་ཏུ་རྙེད་པར་དཀའ་མོད་ཀྱི། དེ་ལྟར་ཡང་གནོད་པ་མི་བྱེད་པའི་ཕྱིར་དེ་
ལུས་ཀྱི་བདག་གི་བ་ཡིན་ལ། སྡུག་བསྔལ་ནི་མང་ཡང་གནོད་པ་བྱེད་པའི་ཕྱིར་གཞན་ཉིད་དུ་འགྱུར་རོ། །བཤད་པར་བྱ་སྟེ། ཇི་ལྟ་ཇི་ལྟར་དུས་འགྲོ་བ། །དེ་ལྟ་དེ་ལྟར་སྡུག་བསྔལ་འཕེལ། །དེ་ཕྱིར་བདེ་བ་ལུས་འདི་ཡི། །གཞན་པ་ལྟ་བུར་སྣང་བར་འགྱུར། །ལུས་གང་གི་བྱིས་པ་

དང་གཞོན་ནུ་དང་དར་ལ་བབ་པ་དང་། རྒན་པོ་ཉིད་དག་ནི་ཇི་ལྟ་ཇི་ལྟར་དུས་འཕེལ་བ་དེ་ལྟ་དེ་ལྟར་སྡུག་བསྔལ་མངོན་པར་འཕེལ་བར་མཐོང་གི་བདེ་བ་ནི་མ་ཡིན་ནོ། །གང་གི་ཕྱིར་བདེ་བ་ནི་དེ་ལྟར་རྣམ་པར་འཕེལ་བའི་ལུས་ཀྱི་རྒྱབ་ནས་རྒྱབ་ནས་འ