Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 103

Văn bản gốc(Tây Tạng)

Trang 6 / 24 (50.000 ký tự/trang)
་ཡིན་ཏེ། འཚེ་བ་ཕལ་ཆེ་བའི་ཕྱིར་རོ། །དེ་ལ་རྒྱལ་པོ་བློ་དང་ལྡན་པ་ཞིག་
བརྩེ་བ་དང་ལྡན་པ་ལ་ཆོས་ཡོད་དོ་ཞེས་བྱ་བ་འདོད་པ་གང་ཡིན་པ་དེ་ནི་མ་ཡིན་ནོ། །གང་ཞིག་གླ་བླངས་བཞིན་དུ་ཡང་འགྲོ་བ་སྐྱོང་བར་མི་བྱེད་པ་དེ་ནི། ཞག་རེ་ཞིང་རྐུན་པོ་ཉིད་ཡིན་གྱི་རྒྱལ་པོ་མ་ཡིན་ཏེ། རྒྱལ་པོ་བརྩེ་བ་མེད་པ་དྲག་པོས་བྱིན་གྱི་བློན་པོ་བཞིན་ནོ། །
རྒྱལ་པོ་དྲག་པོས་བྱིན་གྱི་བློན་པོ་ཞིག་གིས་ཆད་པས་ཕོག་པའི་མི་གསེར་འཇལ་བར་བྱེད་དུ་གཞུག་པར་མ་ནུས་པར་གྱུར་པས། ཁྱོད་ཇི་ལྟར་མི་ནུས་ཞེས་དེ་ལ་རྒྱལ་པོ་དེ་ཁྲོས་པར་གྱུར་པ་དང་། དེ་ལ་གྲོགས་བཤེས་ཚན་དེ་ཞིག་ཡོད་པར་གྱུར་པས་དེ་ལ་
དེས་བཟླས་སོ། །དེས་སྨྲས་པ། འཇལ་དུ་གཞུག་གིས་ཞེས་སྨྲས་སོ། །དེ་ནས་དེས་ཇི་ལྟར་འཇལ་བར་བྱེད་པར་འགྱུར་བར་གཟིར་བ་དྲག་པོ་བརྩམས་ལ་རྒྱལ་པོ་དེས་ཀྱང་ཚན་དེ་ཉིད་བློན་པོར་གཞག་གོ། །དེས་ཀྱང་རྒྱལ་པོ་མཉེས་པར་བྱ་བར་འདོད་པས་སྡིག་
པའི་ལས་ཆེན་པོ་བྱས་ཏེ། མཐར་དེས་གང་གི་ཚེ་མཚོན་ཆས་གསོད་མ་ནུས་པ་དེའི་ཚེ་གནས་ཐམས་ཅད་མེས་བསྲེགས་ཤིང་དེར་སྲོག་ཆགས་འབུམ་ཕྲག་མང་པོ་གསད་པར་གྱུར་ལ། རྒྱལ་པོ་དེས་ཀྱང་དེ་ལ་རྗེས་སུ་ཡི་རང་བར་བྱས་སོ། །དེའི་ཕྱིར་དེ་ལྟར་ན་གང་ན་བླུན་པ་
ཉིད་ཡོད་པ་དེ་ན་བརྩེ་བ་ཡོད་པ་མ་ཡིན་ལ། གང་ན་བརྩེ་བ་མེད་པ་དེར་ཡང་བསོད་ནམས་དང་ཕྲད་པ་ལྟ་ག་ལ་ཡོད། རྒྱལ་པོ་རྣམས་ལ་ཡང་འདི་དག་ཐམས་ཅད་ཡོད་དེ་དེའི་ཕྱིར་སྲུང་བར་བྱེད་པ་པོ་ཡིན་ཡང་འདི་དག་ལ་ཆོས་ཡོད་པ་མ་ཡིན་ནོ། །འདིར་བཤད་པ། གང་ཕྱིར་
བརྩེ་བའི་བདག་ཅན་རྣམས། །ཆོས་རྩ་འཚེ་མེད་ཡིན་སྨྲ་བ། །དེ་ཡི་ཕྱིར་ན་མི་བདག་ནི། །བརྩེ་བ་མེད་ལ་ཆོས་ཡོད་མིན། །འདིར་སྨྲས་པ། དྲང་སྲོང་གིས་བྱས་པའི་རྒྱལ་རིགས་ཀྱི་ཆོས་ཀྱིས་འཚེ་བ་བྱས་ཀྱང་རྒྱལ་པོ་ལ་ཆོས་མ་ཡིན་པ་མེད་དོ། །བཤད་པར་བྱ་སྟེ། དྲང་

སྲོང་རྣམས་ཀྱི་སྤྱོད་པ་ཀུན། །མཁས་པས་བྱེད་པ་མ་ཡིན་ཏེ། །གང་གི་ཕྱིར་ན་དེ་དག་ལའང་། །དམན་འབྲིང་ཁྱད་འཕགས་ཡོད་ཕྱིར་རོ། །མཁས་པ་ནི་དྲང་སྲོང་རྣམས་ཀྱི་སྤྱོད་པ་ཐམས་ཅད་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ལ་ཡང་དམན་པ་དང་འབྲིང་དང་ཁྱད་པར་དུ་
འཕགས་པ་ཉིད་ཡོད་པའི་ཕྱིར་རོ། །འདིར་མཁས་པས་ནི་དྲང་སྲོང་རྣམས་ཀྱི་ལུས་དང་ངག་དང་ཡིད་དག་གི་གཡོ་བ་ཐམས་ཅད་ཁོ་ན་བྱ་བ་མ་ཡིན་ཏེ། འདི་ལྟར་དྲང་སྲོང་དེ་དག་ལ་ཡང་དམན་པ་དང་འབྲིང་དང་ཁྱད་པར་དུ་འཕགས་པ་ཉིད་ཡོད་པའི་ཕྱིར་རོ། །དེ་ལ་གང་གི་
བསྟན་བཅོས་ལས་འཚེ་བ་བྱེད་པའི་དབང་གིས་ཆོས་སུ་བཤད་པ་དེ་ནི་དམན་པའོ། །གང་ཞིག་འགྱུར་རམ་མི་འགྱུར་སྙམ་དུ་ཐེ་ཚོམ་ཟ་བ་དེ་ནི་འབྲིང་ངོ་། །གང་ཞིག་འཚེ་བ་ནི་ཆོས་མ་ཡིན་པ་ཁོ་ནའོ་ཞེས་བྱ་བར་འདོད་པ་དེ་ནི་ཁྱད་པར་དུ་འཕགས་པའོ། །དེའི་ཕྱིར་དྲང་སྲོང་ཕྱི་རོལ་པ་
ཐམས་ཅད་ཀྱི་བསྟན་བཅོས་ནི་ཚད་མ་མ་ཡིན་ནོ། །དེ་ལ་གང་དྲང་སྲོང་གིས་བྱས་པའི་རྒྱལ་རིགས་ཀྱི་ཆོས་ཀྱི་འཚེ་བ་བྱས་ཀྱང་། རྒྱལ་པོ་ལ་ཆོས་མ་ཡིན་པ་མེད་དོ་ཞེས་འདོད་པ་དེ་ནི་མ་ཡིན་ནོ། །སྣ་ཚོགས་སྒྲ་དང་གནས་འཇོག་དང་། །ཛ་མད་དག་ནི་འབུ་བཞིན་ཏེ། །སྣ་ཚོགས་
སྒྲ་དང་གནས་འཇོག་དང་། །ཛ་མད་དག་ནི་འབུ་རྣམས་ལ། །རྐུ་བ་དང་བཟའ་བར་བྱ་བ་མ་ཡིན་པ་ཟ་བ་དང་། བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པ་དང་། སྲོག་གཅོད་པ་ལ་སོགས་པ་གྲགས་པའི་ཕྱིར་རོ། །དེ་ལ་སྣ་ཚོགས་སྒྲས་འཇའུ་དང་བཟའ་བར་བྱ་བ་མ་ཡིན་
པ་ཟ་བར་གྲགས་ཏེ། ཁྱི་འཚེད་དག་ལས་ཁྱི་ཤ་འཕྲོག་པར་འདོད་ནས་དེས། །གསོན་པས་སྡིག་པའི་ལས་ནི་རྒལ་ནུས་ཏེ། །བདག་ཅག་ཁྱད་པར་ལས་འདི་ཆད་པ་ཞིག །ཁོ་བོ་ཤི་ནས་སྡིག་པ་འདི་རྒལ་བར། །མི་ནུས་དེ་ཕྱིར་ཁྱི་ཤ་འདི་བཟའོ། །ཞེས་སྨྲས་སོ། །གནས་འཇོག་
གདོལ་པ་མོ་དབང་མོ་ཕྲེང་བ་ཅན་ལ་ལོག་པར་ཞུགས་ཤིང་། དེ་ནས་བུ་དག་སྐྱེས་སོ་ཞེས་བྱ་བར་ཡང་ཐོས་ཤིང་གྲག་གོ། །ཛ་མད་དག་ནའི་བུས་ཀྱང་བེའུ་ཕྲོགས་པས་ཁྲོས་ནས་ཀྲི་ཏ་བིརྱའི་བུ་སྲིད་སྒྲུབ་ཀྱི་ལག་པ་སྟོང་ལྷུང་བར་བྱས་ཏེ། དུལ་ཞིང་བཟོད་དང་ལྡན་པར་

གྱུར་ཀྱང་གཤིས་ངན་སྐྱེ་བོ་རྣམས་ཀྱིས་དེ་དང་དེའི། །ཉེས་རྨ་དག་གིས་ནན་གྱིས་དྲང་སྲོང་གི་ཡིད་བརྟན་བྲལ་ཁོན་བཅས་བྱེད་འགྱུར་ཏེ། །བ་བེའུ་ཁྱེར་བས་འཇོ་བའི་དུས་ཀྱི་འབུ་སྒྲ་དག་གིས་ཤིན་ཏུ་ཉེས་བྲལ་བའི། །ར་མའི་དགྲ་སྟའི་སོ་ལ་མི་ཡི་བདག་
པོ་རྣམས་ཞུགས་གང་ཡིན་དེས་བྱས་སོ། །ཞེས་དེ་སྐད་དུ་ཡང་སྨྲས་སོ། །དེ་བཞིན་དུ་མས་སྦད་ནས་དེ་ཉིད་ཀྱིས་ལན་ཉི་ཤུ་རྩ་གཅིག་ཏུ་ས་སྟེངས་རྒྱལ་རིགས་མེད་པར་བྱས་སོ། །དེ་ལ་མས་འདི་སྐད་སྨྲས་པར་གྲག་སྟེ། རྣམ་བརྒྱར་དཀའ་ཐུབ་ཅན་དྲང་འཇམ་པའམ། །གང་རུང་བླ་སྟེ་ཕ་
རོལ་པོ་རྣམས་ཀྱི། །གཡུལ་ངོར་ཁྱོད་ཀྱིས་འགྲོས་ཚོམ་མེད་པའི་རྒྱུ། །གཅིག་ལའང་ལྟོས་པ་བྱས་པར་མ་གྱུར་ན། །གནོད་པར་འགྱུར་དང་མཉམ་པའི་ལས་ཀྱིས་སུ། །ནུས་ལྡན་མི་ནི་ཚིམ་པར་མི་འགྱུར་གྱི། །དཔའ་བོ་ཀླགས་ཏེ་གནོད་བྱོས་དགྲ་བོ་ནི། །སྡང་རྣམས་རྩ་བ་མ་ལུས་
འདོན་པར་གྱིས། །ཞེས་བྱ་བའོ། །དེ་ནས་དེ་གཡུལ་སྤྲོད་པར་འདོད་པས་འོངས་པའི་གཞུ་ཀློད་པའི་སྒྲ་ཐོས་པར་གྱུར་ཏེ། ཛ་མད་ངག་ནའི་བུ་ཡི་གཞུ་ཡི་སྒྲ། །རྒྱལ་པོ་རྣམས་ཀྱི་ཕོ་བྲང་འཇོམས་འཇོམས་ལྟར། །ར་བའི་རྩེ་ལས་འདས་པར་གྱུར་པ་ཡིས། །བཙོན་བྱས་བུ་ནི་སྐྲ་ནས་
བཟུང་ལྟར་གྱུར། །ཞེས་བྱ་བའོ། །འདིར་བཤད་པ། སྐྱེས་བུ་གང་གིས་དོན་བྱས་ནས། །ངེས་པར་ངན་འགྲོར་འགྲོ་འགྱུར་བའི། །བསྟན་བཅོས་དེ་ནི་བདག་དོན་ལ། །མཁས་པས་ཚད་མར་བྱ་བ་མིན། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་པོ་གནའ་རབས་རྣམས་ཀྱིས་བསྟན་
བཅོས་ཀྱི་དོན་ཚད་མར་བྱས་ནས། འབྱོར་པར་འགྱུར་བའི་ས་ཡང་དག་པར་བསྐྱངས་པ་དེའི་ཕྱིར་ཡང་བསྟན་བཅོས་ཚད་མ་ཡིན་ནོ། །བཤད་པར་བྱ་སྟེ། སྔར་གྱི་ས་བདག་དགེ་རྣམས་ཀྱིས། །འཇིག་རྟེན་བུ་ལྟར་བསྐྱངས་པ་དེ། །རྩོད་དུས་ཆོས་ལ་བརྟེན་རྣམས་ཀྱིས། །དེང་སོང་
རི་དགས་དགོན་པར་བྱས། །རྩོད་པའི་དུས་ཀྱི་སྔ་རོལ་དུ་འཁྲུངས་པའི་ས་བདག་འཁོར་ལོས་སྒྱུར་བ་ལ་སོགས་པ་དགེ་བ་སྟེ་རིགས་པ་དང་མི་རིགས་པ་ཡོངས་སུ་དཔྱོད་པ། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་ཤིང་། བུ་གཅིག་པ་སྡུག་པ་ལྟར་འགྲོ་བ་ལ་དགའ་བ་དང་།

རྗེས་སུ་འབྲེལ་བ་རྣམས་ཀྱིས་ནི་ཆོས་དང་མཐུན་པའི་བསྟན་བཅོས་ཚད་མར་བྱས་ཤིང་། ཆོས་མ་ཡིན་པ་དང་མཐུན་པ་ཡོངས་སུ་སྤངས་ཏེ། འཇིག་རྟེན་ཡོངས་སུ་བསྐྱངས་ན། ད་ལྟར་ནི་རྩོད་པའི་དུས་སུ་སྐྱེས་པའི་རྒྱལ་པོ་རང་གི་སེམས་ཀྱི་བདག་ཉིད་ངན་པའི་གཞན་གྱི་དབང་དུ་
གྱུར་པ་ནོར་ཙམ་གཙོ་བོར་གྱུར་པ་སྙིང་རྗེ་མེད་པ་རྣམས་ཀྱིས་ཆོས་མ་ཡིན་པ་དང་རྗེས་སུ་མཐུན་པའི་བསྟན་བཅོས་ཚད་མར་བྱས་ཤིང་། ཆོས་དང་མཐུན་པ་བོར་ནས་ཇི་ལྟར་རི་དགས་ཀྱི་དགོན་པར་གྱུར་པ་དེ་ལྟར་འཇིག་རྟེན་སྟོང་པར་བྱས་ཏེ། དེའི་ཕྱིར་ཡང་ཆོས་མ་ཡིན་པ་དང་ལྡན་པའི་བསྟན་
བཅོས་ཚད་མ་མ་ཡིན་ནོ། །ཀླ་ཀློ་བུ་རམ་གྱི་ཤིང་ཡོངས་སུ་རྫོགས་པར་མ་སྐྱེས་པ་འཚིར་བ་བཞིན་ནོ། །ཀླ་ཀློའི་རྐུན་པོ་གང་ཞིག་གཏི་མུག་པས་བུར་ཤིང་ཡོངས་སུ་རྫོགས་པར་མ་སྐྱེས་པ་འཚིར་བར་བྱེད་པ་དེ་ནི་དོན་མ་ཡིན་པ་ཁོ་ན་བྱེད་ཀྱི་དོན་ནི་མ་ཡིན་པ་དེ་བཞིན་དུ། གལ་ཏེ་རྒྱལ་
པོ་ཡང་བསྐྱང་བར་བྱ་བ་མི་སྐྱོང་ན་དེ་ལ་འདིའི་དོན་མེད་ཅིང་ཕ་རོལ་གྱི་དོན་མེད་དེ། བསོད་ནམས་མ་ཡིན་པ་མང་པོ་བྱེད་པའི་ཕྱིར་རོ། །འདིར་བཤད་པ། གང་ལས་རང་གཞན་ཡུལ་འཁོར་ལ། །རྣམ་པར་དབྱེ་བ་མ་བྱས་པའི། །སྐྱེ་དགུ་བདེར་འགྱུར་བསྟན་བཅོས་དེ། །མཁས་
པ་རྣམས་ཀྱིས་བསྟི་སྟང་བྱས། །འདིར་སྨྲས་པ། འདིར་རྒྱལ་པོ་གླགས་དག་ལ་བབ་ན་དགྲ་ལ་སྣུན་པ་ལ་ཆོས་མ་ཡིན་པ་མེད་དེ། བསྟན་བཅོས་ལས་མཐོང་བའི་ཕྱིར་རོ། །བཤད་པར་བྱ་སྟེ། གླགས་སུ་སྣུན་པའི་རྒྱལ་པོ་ལ། །གལ་ཏེ་སྡིག་པ་ཡོད་མིན་ན། །རྐུན་པོ་གཞན་
རྣམས་ལའང་དེ། །དང་པོ་ཉིད་དུ་ཡོད་མ་ཡིན། །གལ་ཏེ་དགྲ་བོ་དག་གམ་གཞན་མ་དག་ལའང་རུང་སྟེ། གླགས་དག་ལ་བབ་པ་ན་སྣུན་པའི་རྒྱལ་པོ་ལ་སྡིག་པ་ཡོད་པ་མ་ཡིན་ན། རྐུན་པོ་རྒྱལ་པོ་ལས་གཞན་པའི་རྐུན་པོ་ནོར་བསྲུང་བ་རྣམས་ལ་ཡང་གླགས་ཅུང་ཟད་
ཅིག་རྙེད་ནས། གཞན་གྱི་ནོར་འཕྲོགས་པ་རྣམས་ལ་ཡང་གླགས་སུ་སྣུན་པ་ཉིད་ཀྱིས་ཐོག་མར་སྡིག་པར་མི་འགྱུར་བ་བྱ་དགོས་ཏེ། དེ་རྣམས་གླགས་སུ་སྣུན་པ་ཉིད་དུ་ཐུ་བོར་གྱུར་པའི་ཕྱིར་རོ། །རྒྱལ་པོ་ལ་ནི་ཕྱིས་ཏེ། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་རྒྱལ་པོ་གླགས་

དག་ཏུ་སྣུན་པ་ལ་སྡིག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གང་འདོད་པ་དེ་ནི་མ་ཡིན་ནོ། །རྒྱལ་བུ་མ་ཕམ་སྡེ་བཞིན་ནོ། །རྒྱལ་པོ་འགའ་ཞིག་གིས་གང་བླུན་པོ་ཞིག་ལ་གང་གི་ཚེ་ང་འཆི་བར་གྱུར་པ་དེའི་ཚེ་ངའི་སྤུན་ཟླ་རྒྱལ་བུ་གཞོན་ནུ་མ་ཕམ་སྡེ་རྒྱལ་སྲིད་ལ་
དབང་བསྐུར་ཅིག་ཅེས་སྨྲས་པར་གྱུར་ལ། དེ་ནས་བློན་པོ་དེས་རྒྱལ་པོ་དེ་ཤི་བ་དང་གླགས་སུ་སྣུན་ཏེ་རྒྱལ་པོ་གཞོན་ནུ་དེ་གསད་ཅིང་བདག་ཉིད་ཀྱིས་རྒྱལ་སྲིད་དེ་བཟུང་ངོ་། །སྡིག་པ་སྤྱོད་པའོ་ཞེས་དེ་ལ་འཇིག་རྟེན་དུ་གྲགས་པ་མ་ཡིན་པ་རབ་ཏུ་གནས་ཤིང་། ཕ་རོལ་དུ་ཡང་བསོད་ནམས་
མ་ཡིན་པས་ངན་འགྲོར་ལྷུང་བར་འགྱུར་རོ། །དེ་བཞིན་དུ་གླགས་སུ་སྣུན་པའི་རྒྱལ་པོ་རྣམས་ལ་ཡང་ཇི་ལྟར་གྲགས་པ་མ་ཡིན་པ་དང་སྡིག་པར་མི་འགྱུར། འདིར་བཤད་པ། ནག་པོའི་ལས་གང་དེས་བྱས་པ། །དེ་ལས་འབྲས་དཀར་མི་འབྱུང་སྟེ། །རུལ་བའི་ཤིང་གི་ས་བོན་
ལས། །ཙམ་པའི་ཤིང་གི་མྱུག་མི་འབྱུང་། །འདིར་སྨྲས་པ། གཡུལ་ངོར་དགྲ་བོ་དག་ཕམ་པར་བྱས་ཏེ། རང་གི་དཔའ་བོའི་རྣམ་པར་གནོན་པས་བསགས་པའི་ནོར་ཕུན་སུམ་ཚོགས་པ་མཐོང་བ་ན་རྒྱལ་པོ་ཡོངས་སུ་དགའ་བར་འགྱུར་ལ། ཅི་སྟེ་འདི་གཡུལ་ངོར་ཤི་བར་གྱུར་ན་ནི་
དེའི་ཚེ་འདིས་གཡུལ་དུ་བདག་ནི་ཡོངས་སུ་དོར་བས་གདོན་མི་ཟ་བར་མཐོ་རིས་སུ་འགྲོ་སྟེ། བསད་ན་མཐོ་རིས་ཐོབ་པ་འམ། །ཕབ་སྟེ་ས་བདག་སྤྱོད་འགྱུར་གྱིས། །དེ་ཡི་ཕྱིར་ན་ཀོན་ཏིའི་བུ། །འགྱེད་ལ་ངེས་བྱས་ལངས་པར་བྱོས། །ཞེས་ཀྱང་སྨྲའོ། །བཤད་པར་བྱ་སྟེ། ཆང་སོགས་
དག་ལ་བདོག་པ་ཀུན། །ཡོངས་གཏོང་མཆོད་པ་མ་ཡིན་ན། །གཡུལ་ངོར་བདག་ཀྱང་ཡང་གཏོང་བ། །མཆོད་པ་སྙམ་དུ་སེམས་སམ་ཅི། །ཆང་དང་རྒྱན་པོ་དང་བུད་མེད་སྨད་འཚོང་རྣམས་ལ་བདོག་པ་ཀུན་གསལ་བར་གཏོང་བ་རྣམས་ནི་བསོད་ནམས་ལ་གཏོང་བ་མ་ཡིན་ཞིང་། སྐྱེ་བོ་དམ་
པའི་ཐུགས་མཉེས་པར་བྱེད་པ་ཡང་མ་ཡིན་ཏེ། གཏོང་པ་དེ་ཆགས་པ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །དེ་བཞིན་དུ་གཡུལ་ངོར་བདག་ཉིད་དངོས་པོ་ཡོངས་སུ་གཏོང་བ་ཡང་མཆོད་པར་བྱ་བ་མ་ཡིན་པ་ཉིད་དེ། དེ་ནི་བསོད་ནམས་མ་ཡིན་པའི་གནས་ཡིན་པའི་ཕྱིར་རོ། །

འདི་ལྟར་གཡུལ་འགྱེད་པ་ན་རྔམ་པ་དང་བཅས་པར་རྒྱུག་ཅིང་། བརྩེ་བ་དང་བྲལ་བས་མི་གཞན་ལ་བརྩེ་བ་མེད་པའི་བསམ་པ་ཅན། གསད་པའི་ཕྱིར་གཞན་གྱི་མགོ་ལ་མིག་གཏད་པ་མཚོན་འཕྱར་བཞིན་པ་ཞིག་དགྲ་ཕ་རོལ་པོས་བསད་པ་ལ་མཐོ་རིས་སུ་འགྲོ་བ་སྲིད་པར་ཇི་ལྟར་རིགས།
དེ་ལ་གཡུལ་ངོར་ཤི་བ་གདོན་མི་ཟ་བར་མཐོ་རིས་སུ་འགྲོའོ་ཞེས་ཁྱོད་འདོད་པ་གང་ཡིན་པ་དེ་ནི་མ་ཡིན་ནོ། །གནག་རྫི་མོས་གྱོས་པོ་ལ་ལུས་སྟོབ་པ་བཞིན་ནོ། །གནག་རྫི་མོ་འགའ་ཞིག་གིས་ཁྱོ་འགྲོན་ལ་སོང་བ་དང་། གྱོས་པོ་ལ་ཆེས་ཁྱད་དུ་བསད་པར་གྱུར་ཏོ། །དེ་ནས་གནག་
རྫི་རྒན་པོ་དེས་དེ་འོངས་པ་ན་དོན་དེ་གོ་བར་བྱས་ཤིང་། གལ་ཏེ་ཁྱོད་ཀྱི་ཆུང་མ་ཕྱིས་ཡང་བདག་ཅག་ལ་ཁྱད་གསོད་བྱེད་ན་ནི་ཁྱོད་ཀྱི་ཁྱིམ་དུ་མི་འདུག་གོ་ཞེས་ཀྱང་སྨྲས་སོ། །དེ་ནི་བུད་མེད་བླ་མར་མི་བྱེད་ཅིང་ཕ་ལ་སྙིང་ཉེ་བ་ཞིག་སྟེ། དེས་དེ་ལ་སྤྱོས་ནས་ཡང་ངའི་ཕ་ལ་ཡང་ཁྱད་གསོད་
བྱེད་ན་ནི་ཁྱོད་བདག་གི་ཁྱིམ་དུ་བསྡད་དུ་མེད་ཀྱིས། འདིའི་བྱ་བར་དཀའ་བ་ཡང་གྱིས་ལ་སྦྱིན་པར་དཀའ་བ་ཡང་འདི་ལ་བྱིན་ཅིག་ཅེས་སྨྲས་ལ། དེས་ཀྱང་དེ་ཁོ་ན་ལྟར་ཁས་འཆེས་སོ། །དེ་ནས་ཡང་ཁྱོ་འགྲོན་ལ་སོང་བ་དང་། དེས་ལྡོག་ཅིང་ལྡོག་ཅིང་གྱོས་པོ་ལ་གུས་པ་དམ་པས་སྲིད་ཞུ་བྱས་
པར་གྱུར་ལ། ཁྲུས་དང་། བསྐུ་བྱུག་དང་། ཕྲེང་བ་སྦྱིན་པ་དང་། ཟས་དང་། སྐོམ་དང་། བཟའ་བ་གྱ་ནོམ་པས་ཉིན་པར་རིམ་གྲོ་བྱས་ཤིང་མཚན་མོ་ཆུ་དྲོན་པོས་དེའི་རྐང་པ་བཀྲུས་ཤིང་། ཏིལ་མར་བསྐུས་ནས་རང་གི་གོས་ཕུད་དེ་སྒྲེན་མོར་སྦྱོར་བ་ངན་པ་བྱེད་པའི་ཚུལ་གྱིས་དེའི་མལ་དུ་
ཉལ་བར་བརྩམས་སོ། །གནག་རྫི་རྒད་པོས་སྨྲས་པ། ཀྭའི་སྡིག་ཅན་མ་འདིས་ཅི་ཞིག་བརྩམས། གནག་རྫི་མོས་སྨྲས་པ། བདག་ལ་ཁྱོས་ཁྱོད་ཀྱིས་འདི་ལ་བྱ་དཀའ་བ་ཡང་གྱིས་ལ་སྦྱིན་པར་དཀའ་བ་ཡང་བྱིན་ཅིག་ཅེས་སྨྲས་ཀྱིས། འདི་ལས་ཆེས་བྱ་དཀའ་བ་དང་། སྦྱིན་པར་
དཀའ་བའི་ལས་སྦྱིན་དཀའ་བ་ཡང་མེད་དོ། །གནག་རྫི་རྒད་པོས་སྨྲས་པ། བདག་དབྱུང་བའི་ཕྱིར་ཐབས་བཤམས་ཀྱིས་དགའ་བར་སྡོད་ཅིག་ཕྱིན་ཆད་ཁྱིམ་འདིར་མི་འདུག་གོ་ཞེས་སྨྲས་ཏེ་ཕྱིར་བྱུང་བར་གྱུར་ཏོ། །དེའི་བུ་དེ་འོངས་པ་དང་ཕ་མ་མཐོང་སྟེ་ཆུང་མ་ལ་དེ་གར་སོང་ཞེས་

དྲིས་པས། དེས་རྗེ་བོ་བདག་ལ་མ་ཚང་བ་ཅི་ཡང་མེད་ཀྱི། བདག་གིས་མཆོག་ཏུ་གུས་པས་དེ་ལ་སྙིང་ཉེ་བ་དང་། ནམ་ཟླ་ལ་བསོད་པའི་ཁྲུས་དང་བྱུག་པ་དང་བཟའ་བ་ལ་སོགས་པས་ཞབས་འབྲིང་བྱས་ལ། ཇོ་བོས་ཇི་སྐད་བཀའ་སྩལ་པ་ལྟར་
བྱ་དཀའ་བ་ཡང་བྱས་ལ། སྦྱིན་པར་དཀའ་བ་ཡང་བྱིན་མོད་ཀྱི། དེ་ལྟར་བྱས་ཀྱང་བདག་ནན་གྱིས་བོར་ནས་སོང་ངོ་ཞེས་སྨྲས་སོ། །ཁྱོད་ཀྱིས་ཅི་བྱས་ཞེས་དྲིས་པས་ཡང་བྱུང་ཚུལ་སྔ་མ་བཤད་དོ། །དེ་ནས་ཕ་ལ་གུས་པས་དེས་དེ་བསྐྲད་དེ་ཁྱིམ་ནས་ཕྱུང་ལ། ཕ་ལ་སྤྲོ་བསྲིང་བྱས་
ནས་རང་གི་ཁྱིམ་དུ་བཅུག་གོ། །ཇི་ལྟར་ཆུང་མ་ངན་པ་གནག་རྫི་མོ་འདིའི་ལུས་གྱོས་པོ་ལ་སྦྱིན་པ་བྱིན་པ་མཆོད་པ་མ་ཡིན་པ་དེ་བཞིན་དུ། རྒྱལ་པོ་ངན་པ་སེམས་ཅན་རྣམས་ཀྱི་གཡུལ་ངོར་སྲོག་གཏོང་བ་ཡང་མཆོད་པ་མ་ཡིན་ནོ། །འཇིག་རྟེན་དུ་ཡང་སྐྱོན་ཅན་ཡིན་པའི་ཕྱིར་ཆང་ལ་
སོགས་པ་དག་ལ་བདོག་པ་ཐམས་ཅད་གཏོང་བ་མཆོད་པ་མ་ཡིན་ནོ། །འདིར་བཤད་པ། གལ་ཏེ་གཡུལ་ངོར་ཤི་བ་ནི། །ལྷུན་པོའི་རྩེ་མོར་ངེས་འགྲོ་ན། །སྐུ་ཚེ་ཤི་བ་རྣམས་ཀྱང་ནི། །དེ་ལྟར་འགྲོ་བར་ཅིས་མི་འགྱུར། །འདིར་སྨྲས་པ། འདི་ན་རྒྱལ་པོ་འཇིག་རྟེན་ཐམས་ཅད་ཀྱི་མགོན་
ཉིད་བྱེད་པ་གང་ཡིན་པ་དེ་ཉིད་དེའི་དགའ་བའི་རྒྱུ་ཚར་ཕྱིན་པ་ཡིན་ནོ། །བཤད་པར་བྱ་སྟེ། རྒྱལ་པོ་འཇིག་རྟེན་མགོན་ཁྱོད་ལ། །མགོན་འགའ་ཡོད་པ་མ་ཡིན་ན། །མགོན་མེད་དེ་ཡིས་བདག་ཉིད་ནི། །མ་བཏང་སུ་ཞིག་དགའ་བར་འགྱུར། །འདིར་རྒྱལ་པོ་ནི་འཇིག་རྟེན་ཐམས་ཅད་ཀྱི་
མགོན་ཡིན་ཏེ་འདི་ལྟར་འཇིག་རྟེན་ནི་དེའི་རྗེས་སུ་བསྟན་པས་རང་གི་སྲོག་དང་། ནོར་བསྲུང་བའི་དོན་དུ་མི་རིགས་པ་སྤངས་ནས་རིགས་པའི་ལས་ལ་འཇུག་གོ། །རྒྱལ་པོ་ལ་ནི་རང་དགར་སྤྱོད་པ་ཉིད་ཀྱི་ཕྱིར་ན་རྗེས་སུ་སྟོན་པ་པོ་མགོན་འགའ་ཡང་ཡོད་པ་མ་ཡིན་ལ། མགོན་མེད་པ་ཞེས་བྱ་བ་
ཡང་མཆོག་ཏུ་རྒུད་པ་རྣམས་ཀྱི་གཞི་ཡིན་ཏེ། རང་ཡན་དུ་འགྱུར་ཞིང་རྗེས་སུ་འཆོས་པ་པོ་དང་བྲལ་བ་ལ་རིགས་པར་རོ་གཅིག་པའི་འཇུག་པ་ག་ལ་ཡོད། དེའི་ཕྱིར་འདི་གྱ་རྒུད་ཀྱི་པང་ན་གནས་པ་ན་གལ་ཏེ་བདག་ཉིད་ཡོངས་སུ་བཏང་བར་གྱུར་པ་མ་ཡིན་ན་ནི་དེའི་ཚེ་མགོན་

ཉིད་དེས་དགའ་བར་མི་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་གྱི་མགོན་ཉིད་ནི་འདིའི་དགའ་བའི་རྒྱུར་མི་རུང་ངོ་། །དེའི་ཕྱིར་བག་མེད་པའི་གནས་ན་གནས་པ་ཉིད་ཀྱི་ཕྱིར་སྐྱོ་བ་ཉིད་མཆོག་ཏུ་བཏུས་པར་འགྱུར་གྱི། ཡོངས་སུ་མགུ་བ་ནི་མ་ཡིན་ནོ། །དགེ་འདུན་གྱི་གནས་
བརྟན་སོ་སོའི་སྐྱེ་བོ་ལ་ཕྱག་འཚལ་བ་བཞིན་ནོ། །ཇི་ལྟར་དགེ་འདུན་གྱི་གནས་བརྟན་སོ་སོའི་སྐྱེ་བོ་མགོན་མེད་པ་ཞིག་ཕྱག་ལ་སོགས་པས་དགའ་བར་འགྱུར་བ་དེ་བཞིན་དུ། རྒྱལ་པོ་མགོན་མེད་པ་ཡང་རབ་ཏུ་འདུད་པ་དང་བཀུར་སྟི་ལ་སོགས་པས་དགའ་བར་འགྱུར་རོ། །
འདིར་བཤད་པ། མཁས་གང་གསོན་པའི་འཇིག་རྟེན་ན། །དངོས་པོ་འདི་ལས་སླར་ཡང་ནི། །འབྱུང་བས་གཞན་ལ་ཚོལ་བ་ཡིས། །མགོན་མེད་དངོས་པོས་དགའ་བར་འགྱུར། །འདིར་སྨྲས་པ། གང་གི་ཕྱིར་ཆད་པ་ཞན་པའི་རྒྱལ་པོ་ལ་གྲགས་པར་མི་འགྱུར་ལ། རྒྱལ་པོ་ཆད་པ་དྲག་
པོ་ཅན་ལ་ནི་ཤི་ཡང་གྲགས་པ་རྗེས་སུ་འཇུག་པ་ཡང་ཡིན་ཏེ། དེའི་ཕྱིར་རྒྱལ་པོས་ཆད་པ་དྲག་པོ་ཅན་དུ་བྱ་དགོས་སོ། །བཤད་པར་བྱ་སྟེ། རྒྱལ་པོ་ཤི་བར་གྱུར་པ་ལའང་། །གྲགས་པས་ཡོན་ཏན་དགའ་མི་འབྱུང་། །ཁྱོད་ཡོན་མེད་དང་ཁྱི་འཚེད་ལ། །གྲགས་པ་ཆེན་པོ་ཅི་སྟེ་མེད། །གལ་
ཏེ་ཤི་བར་གྱུར་ཀྱང་རྒྱལ་པོ་ལ་གྲགས་པའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་འབྱུང་བར་འགྱུར་ན་ནི། རྒྱལ་པོས་ཆད་པ་དྲག་པོ་ཅན་དུ་བྱ་བར་རིགས་པ་ཞིག་ན། གྲགས་པའི་སྒོ་ནས་དེ་ལ་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། གྲགས་པས་ནི་དེའི་སྡིག་པ་དེ་
རྣམ་པར་སེལ་བ་མ་ཡིན་ནོ། །ཅི་སྟེ་བདག་གི་གྲགས་པ་འཇིག་རྟེན་ཇི་སྲིད་གནས་པ་དེ་སྲིད་དུ་བདག་རྣམ་པར་ལྷུང་བ་མེད་པའི་ཆོས་ཅན་དུ་འགྱུར་བས་གྲགས་པས་ཡོན་ཏན་དུ་འགྱུར་རོ་སྙམ་ན། བཤད་པར་བྱ་སྟེ། བརྩེ་བ་མེད་པ་དང་། རྐུ་བ་ལ་སོགས་པ་ཡོན་ཏན་མེད་པའི་ཚོགས་
རྣམ་པ་སྣ་ཚོགས་པ་ཡང་ཁྱོད་ལ་ཅི་སྟེ་མེད། གང་གི་ཕྱིར་ཁྱོད་ལ་ཡོན་ཏན་མེད་པ་ཆེར་ཡོད་པ་དེའི་ཕྱིར་དེའི་རྒྱུ་ཅན་གྱི་གྲགས་པ་ཆེན་པོས་ངེས་པར་སྡིག་པ་བསགས་པ་ལས། ཁྱོད་ངན་འགྲོར་ལྟུང་བའི་མཐར་ཕྱིན་པ་གཅིག་པུར་བྱེད་པར་འགྱུར་རོ། །གལ་ཏེ་གྲགས་པས་ཁ་ན་མ་

ཐོ་བའི་དྲི་མ་འཁྲུ་བར་བྱེད་ན་ནི་དེའི་ཚེ་ཁྱི་འཚེད་དག་ལ་ཡང་ཁྱི་རྣམས་ལ་བརྗིད་དང་ལྡན་པ་ཉིད་ཀྱིས་གྲགས་པ་ཆེན་པོ་ཡོད་པས་ཁྱི་འཚེད་དག་ལ་ཡང་འཁྲུ་བར་བྱེད་པར་འགྱུར་བ་ཞིག་ན། འདི་ནི་དེ་ལྟར་ཡང་མ་ཡིན་པས་གྲགས་པས་དགོས་པ་ཅི་ཡང་
མེད་དེ། དེའི་ཕྱིར་བདག་ལེགས་སུ་འདོད་པའི་རྒྱལ་པོས་ཆད་པ་དྲག་པོ་ཅན་མ་ཡིན་པར་བྱ་དགོས་སོ། །བུ་མོ་ལྕེབས་པ་བཞིན་ནོ། །ཕྱུག་པོའི་བུ་མོ་ཞིག་ཤི་སྟེ། འབྱོར་པ་ཆེན་པོས་ཕྱིར་འབྱིན་པར་གྱུར་ཏོ། །བུ་མོ་གཞན་ཞིག་གིས་མཐོང་ལ་མཐོང་ནས་ཀྱང་བདག་ལ་ཡང་འདི་ལྟ་བུའི་
འབྱོར་པར་འགྱུར་རོ་སྙམ་སྟེ། བདག་ཉིད་འགེག་ཐག་ལ་ད་པྱངས་ཏེ་སྲོག་དང་བྲལ་བ་ཉིད་དུ་གྱུར་པ་དེ་བཞིན་དུ། རྒྱལ་པོ་ཡང་རྒྱལ་པོ་དེ་ཤི་བར་གྱུར་ཀྱང་དེ་ལྟར་རྗེས་སུ་བསྟན་པ་འབར་བར་གྱུར་ཏོ་ཞེས་གྲགས་པའི་ཆེད་དུ་སྡིག་པ་བྱེད་དོ། །འདིར་བཤད་པ། གལ་ཏེ་མ་རུངས་རྒྱལ་ཤི་ལ། །
གྲགས་པས་ཡོན་ཏན་འགྱུར་ན་ནི། །རྐུན་པོ་མ་རུངས་པ་ལ་ཡང་། །ཅི་ཕྱིར་དེ་ལྟར་འགྱུར་མ་ཡིན། །འདིར་སྨྲས་པ། རིགས་དང་ལྡན་པའི་རྒྱལ་པོ་གང་ཡིན་པ་དེ་ཉིད་རྒྱལ་ཐབས་ལ་འོས་ཀྱི་གཞན་ནི་མ་ཡིན་ཏེ། དེའི་ཕྱིར་འདིའི་རྒྱགས་པ་རིགས་སོ། །བཤད་པར་བྱ་སྟེ། གང་ཚེ་ཀུན་
གྱི་དབང་ཕྱུག་ཉིད། །བསོད་ནམས་ཀྱིས་བསྐྱེད་དེ་ཡི་ཚེ། །འདི་ནི་དབང་ཕྱུག་བརྟེན་མིན་ཞེས། །བརྗོད་པར་རྙེད་པ་མ་ཡིན་ནོ། །གང་དང་གང་ལ་ལོངས་སྤྱོད་ཡང་དག་པར་འགྲུབ་པར་འགྱུར་བའི་ལས་བསོད་ནམས་ཞེས་བྱ་བ་ཡོད་པ། དེ་དང་དེ་ལ་དབང་ཕྱུག་ཉིད་ཕུན་སུམ་ཚོགས་པར་འགྱུར་
ལ། ལས་དེ་ཡང་གཅིག་ལ་ངེས་པ་མ་ཡིན་ནོ། །གང་གི་ཚེ་སེམས་ཅན་འདི་ནི་དབང་ཕྱུག་ཉིད་ལ་བརྟེན་པ་མ་ཡིན་ནོ་ཞེས་བརྗོད་པར་མི་ནུས་ན་དེའི་ཚེ་འདི་ལ་འདིས་རྒྱགས་པ་བསྐྱེད་པར་མི་རིགས་ཏེ། བཟོ་སློབ་བ་བཞིན་ནོ། །ཇི་ལྟར་བཟོ་སློབ་པ་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་སྟེ། གང་
འགའ་ཞིག་འདོད་པ་དེ་ཐམས་ཅད་སློབ་པ་དེ་བཞིན་དུ་བསོད་ནམས་དག་བྱས་ན་རྒྱལ་སྲིད་འཐོབ་པོ། །འདིར་བཤད་པ། གང་ཚེ་ལས་བདག་འཇིག་རྟེན་ན། །རང་བྱས་འབྲས་བུ་ལ་སྤྱོད་པ། །དེ་ཚེ་མི་དབང་བདེ་ཐོབ་པས། །དེ་ལ་ཕྲག་དོག་མི་བྱའོ། །འདིར་སྨྲས་པ། གང་གི་ཕྱིར་

རྒྱལ་སྲིད་ཡོངས་སུ་སྐྱོང་བའི་ཆོས་ནི་རྒྱལ་རིགས་ཁོ་ན་ལ་བཤད་ཀྱི། གཞན་རིགས་གསུམ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རིགས་དང་ལྡན་པའི་རྒྱལ་རིགས་ཁོ་ནས་རྒྱལ་སྲིད་བྱ་དགོས་ཏེ། གཞན་དག་གིས་ནི་མ་ཡིན་ནོ། །དེའི་ཕྱིར་འདིའི་རྒྱགས་པ་རིགས་པ་ཉིད་དོ། །བཤད་པར་བྱ་སྟེ། འཚོ་
བའི་ཐབས་སོ་ཅོག་ལ་འང་། །འཇིག་རྟེན་ན་ནི་རིགས་ཞེས་བསྙད། །དེས་ན་སེམས་ཅན་ཐམས་ཅད་ལ། །རིགས་ལས་དབྱེ་བ་ཡོད་མ་ཡིན། །འདི་དག་ནི་འཚོ་བའི་ཐབས་ཤིག་སྟེ། འདི་ལྟ་སྟེ། རྒྱལ་རིགས་ལ་སོགས་པའི་རིགས་དག་གོ། །འདི་ལྟར་བསྐལ་པ་དང་པོར་ནི་སེམས་ཅན་ཐམས་
ཅད་ཕྱི་རོལ་གྱི་རྐྱེན་ས་བོན་ལ་མི་ལྟོས་པར་སྐྱེ་བ་ཉིད་ཀྱི་ཕྱིར་རྫུས་ཏེ་སྐྱེ་ཞིང་། ཡིད་ཙམ་ལས་སྐྱེས་པའི་ཕྱིར་ཡིད་ལས་བྱུང་བ་རང་གི་འོད་ཅན། རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ་དགའ་བ་ཟ་ཞིང་དགའ་བའི་ཆོས་ཅན་ཕོ་དང་མོའི་དབང་པོ་དང་བྲལ་བ་སྟེ། དེའི་ཕྱིར་འདི་
དག་ཐམས་ཅད་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ལས་བྱུང་བ་ཉིད་ཀྱི་ཕྱིར་རིགས་ལས་ཐ་དད་པ་ཉིད་མི་སྲིད་དོ། །དེའི་དུས་ཕྱིས་ནི་ཁམ་གྱི་ཟས་ལ་ཞུགས་ཤིང་ཟས་ཆེས་རགས་པ་ལ་གོམས་པར་བྱེད་པ་ན། དེའི་རྒྱུ་མཐུན་པ་དབྱུང་བར་བྱ་བའི་ཕྱིར་གཅིན་དང་ཕྱི་སའི་ལམ་བྱུང་བ། ཕན་ཚུན་ཕོ་དང་མོའི་
དབང་པོས་བྱས་པའི་དབྱིབས་ཐ་དད་པ་ལྟ་བ་ན། ཚེ་སྔ་མར་གོམས་པའི་དབང་གིས་འདོད་པའི་འདོད་ཆགས་སྐྱེ་བ་རྣམས་ལ་ཕན་ཚུན་ལོག་པར་ཞུགས་པས་མངལ་ནས་སྐྱེ་བའི་སྐྱེ་གནས་བྱུང་བར་གྱུར་ཏོ། །དེ་ནས་འཇིག་རྟེན་དུ་སོག་འཇོག་གི་སྐྱོན་གྱིས་མ་བྱིན་པར་ལེན་པ་ལ་
སོགས་པ་ལ་ཞུགས་པས་རང་གི་འཚོ་བའི་བྱ་བའི་ཁྱད་པར་ཁས་བླངས་པ་ལས་རིགས་ཐ་དད་པར་གྱུར་ཏོ། །འདི་ལྟར། སྐྱེ་བོའི་ཚོགས་ཕལ་པོ་ཆེས་ཞིང་བསྲུང་བའི་ཕྱིར་མི་སྤུས་ལ་བབ་པ་ཞིག་བསྒོས་པ་དང་། ལས་དེ་ཁས་བླངས་པས་དེ་ལ་རྒྱལ་རིགས་ཞེས་བྱ་བར་གྲགས་སོ། །
ཐུལ་བར་འདོད་པ་གང་དག་དཀའ་ཐུབ་བསྒྲུབ་པར་བྱ་བའི་ཕྱིར། གྲོང་ལས་ཡིད་ཕྱིར་ཕྱོགས་པར་གྱུར་པ་དེ་དག་ལ་ནི་བྲམ་ཟེ་ཞེས་བྱ་བར་གྲགས་སོ། །རྒྱལ་པོ་བཀའ་བཞིན་བྱེད་པ་རྣམས་ནི་རྗེའུ་རིགས་སོ། །རྨོ་བ་ལ་སོགས་པ་ལས་ངན་པ་ལ་སྦྱར་བ་རྣམས་ནི་དམངས་རིགས་ཏེ།

དེ་དག་ལ་ཡང་ལས་ཀྱི་ཁྱད་པར་གྱི་ནང་ཚན་ཐ་དད་པ་ལས་སྐྱེས་པ་ལ་སོགས་པའི་རིགས་ཐ་དད་པར་གྱུར་ཏོ། །དེ་ལྟ་ན་འཚོ་བའི་ཐབས་སོ་ཅོག་ལ་ཡང་། །འཇིག་རྟེན་ན་ནི་རིགས་ཞེས་བརྗོད། །གང་གི་ཕྱིར་འདི་དེ་ལྟ་ཡིན་པ་དེའི་ཕྱིར་སེམས་ཅན་རྣམས་
ལ་རིགས་ཀྱིས་བྱས་པའི་དབྱེ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཁྱད་པར་མེད་པས་རིགས་རྒྱགས་པའི་རྒྱུར་མི་རིགས་ཏེ། བུམ་པ་སར་པའི་རྣམ་གྲངས་བཞིན་ནོ། །ཇི་ལྟར་བུམ་པ་སར་པ་རྣམ་གྲངས་ཀྱིས་ཇི་ལྟར་འདོད་པ་བཞིན་བྱེད་དེ། འདོད་པའི་སྒོ་ནས་འབྲུ་མར་གྱི་བུམ་པ་དང་མར་
གྱི་བུམ་པའི་བར་དུ་འགྱུར་རོ། །བུམ་པ་ཇི་ལྟ་བ་དེ་བཞིན་དུ་བསྐལ་པ་དང་པོར་ལས་གང་བྱེད་པ་དེ་ལ་རིགས་ཞེས་བརྗོད་དོ། །འདིར་བཤད་པ། རིགས་ངན་ནམ་རིགས་ལྡན་ཡང་སླ། །ལས་གང་གིས་ནི་འཚོ་འགྱུར་བ། །དེ་ནས་བཟུང་སྟེ་དེ་དེ་ཡི། །རིགས་སུ་དུས་ཀྱིས་འགྱུར་
བའོ། །འདིར་སྨྲས་པ། གང་གི་ཕྱིར་རུས་བཞི་པོ་བྲམ་ཟེའི་རིགས་དང་། རྒྱལ་རིགས་དང་། རྗེའུའི་རིགས་དང་། དམངས་རིགས་དག་རྣམ་པར་གནས་ཏེ། རུས་རྣམ་པར་གནས་པ་དེའི་ཕྱིར་སེམས་ཅན་རྣམས་ལ་རིགས་ཐ་དད་པ་ཞེས་བྱ་བ་ཡོད་དོ། །བཤད་པར་བྱ་སྟེ། འདས་
དུས་ཤིན་ཏུ་རིང་བ་དང་། །མི་མོ་རྣམས་ཡིད་གཡོ་བ་སྟེ། །དེ་ཕྱིར་རྒྱལ་རིགས་ཞེས་བྱ་བ། །རིགས་ལས་འགའ་ཡང་ཡོད་མ་ཡིན། །འདི་ན་ཕ་དང་མ་དག་ཅིང་སྐྱེས་ཤིང་སྐྱེས་པ་ལ་རིགས་བརྒྱུད་ཅེས་བྱ་བར་བསྙད་ན་དེ་ནི་རྙེད་པར་དཀའ་སྟེ། བུད་མེད་རྣམས་ལ་འཁྲུལ་པ་མཐོང་བའི་
ཕྱིར་རོ། །དེ་ལ་འདས་པའི་དུས་རིང་བ་ཉིད་ཀྱི་ཕྱིར་ལ། བུད་མེད་རྣམས་ཀྱི་ཡིད་ཀྱང་གཡོ་བག་ཅན་ཡིན་པའི་ཕྱིར་དེ་རྣམས་ལ་རུས་གཞན་དང་ཕྲད་པ་ལ་བུ་ཚ་དག་སྐྱེ་སྟེ། དེའི་ཕྱིར་རིགས་ཡང་དག་པར་སུན་ཕྱུང་བར་འགྱུར་རོ། །དེའི་ཕྱིར་གཡེམ་མ་རྣམས་ཀྱིས་རིགས་སུན་ཕྱུང་
བ་རྣམས་ཀྱི་རིགས་ཀྱིས་བྱས་པའི་རིགས་བརྒྱུད་ཀྱི་ང་རྒྱལ་མི་རིགས་སོ། །དེའི་ཕྱིར་དེ་ལྟར་ན་རྒྱལ་རིགས་ཞེས་བྱ་བ་རིགས་ལས་ཡོད་པ་མ་ཡིན་ནོ། །དེང་སོང་གི་རྒྱལ་པོ་དག་ནི་ཕལ་ཆེར་དམངས་རིགས་ཀྱི་སྐྱེ་གནས་ཅན་ཏེ། དེ་དག་གི་རྒྱགས་པ་ཡང་མི་རིགས་སོ། །མར་ཀན་

དའི་བུས་རིལ་བ་སྤྱི་བླུགས་བཅོལ་བ་དང་། རྒྱས་པ་བཞིན་ནོ། །ཇི་སྐད་དུ་འཇིག་རྟེན་འཇིག་བཞིན་པ་ན་མར་ཀན་དའི་བུ་ཡོངས་སུ་འཁྱམ་པ་ན། ཁྱིམ་རྗེ་བ་དང་སྤྱི་བླུགས་རྗེ་བར་གྲགས་ཏེ། དེས་བྲམ་ཟེ་ཞིག་གི་ཁྱིམ་དུ་གསེར་གྱི་སྤྱི་བླུགས་ཞིག་གཏམས་ལ། དེས་དུས་ཡུན་རིང་པོ་
ཞིག་ན་ཁྱིམ་དེར་འོངས་ཏེ། བྲམ་ཟེའི་ཁྱིམ་འདི་ན་སུ་ཡོད་ཅེས་དྲིས་སོ། །དེ་དག་གིས་སྨྲས་པ། འདི་ནི་བྲམ་ཟེའི་ཁྱིམ་མ་ཡིན་གྱི་འདི་ནི་རྒྱལ་རིགས་ཀྱི་ཁྱིམ་ཞིག་གོ། །མར་ཀན་དའི་བུས་སྨྲས་པ། གཏམས་པ་ཞིག་ཡོད་དེ། བྲམ་ཟེ་འབའ་ཞིག་གིས་གསེར་གྱི་སྤྱི་བླུགས་བཞག་གོ། །དེ་དག་
གིས་གསེར་གྱི་ནི་མེད་ཀྱི། འོན་ཀྱང་དངུལ་གྱི་རང་བཞིན་ཅན་ཞིག་ཡོད་དོ་ཞེས་སྨྲས་སོ། །དེ་དེ་དག་གི་ལག་ཏུ་དེ་གཏམས་ཏེ་སླར་ཡང་དུས་ཡུན་རིང་པོ་ཞིག་ན་འོངས་ལ། རྗེའུའི་རིགས་ཀྱི་ཁྱིམ་དུ་གྱུར་ལ། སྤྱི་བླུགས་ཟངས་ཀྱི་རང་བཞིན་ཅན་དུའོ། །སླར་ཡང་དེ་དག་གི་ལག་ཏུ་བཅོལ་ནས་
དུས་གཞན་ཞིག་ན་འོངས་པ་དང་དེ་དམངས་རིགས་ཀྱི་ཁྱིམ་དུ་གྱུར་ལ། སྤྱི་བླུགས་ཀྱང་ལྕགས་ཀྱི་རང་བཞིན་ཅན་གྱི་བར་དུ་གྱུར་པར་གྲག་གོ། །ཇི་ལྟར་གསེར་གྱི་སྤྱི་བླུགས་འདི་དུས་གཞན་དུ་གནས་སྐབས་དེ་དང་དེར་གྱུར་ལ། ཁྱིམ་དེ་ཡང་གནས་སྐབས་ཐ་དད་པས་ཐ་དད་པར་གྱུར་
པ་དེ་བཞིན་དུ་འཇིག་རྟེན་གྱི་རིགས་རྗེ་བ་ཡང་ཡིན་ནོ། །དེའི་ཕྱིར་རྒྱལ་རིགས་ཞེས་བྱ་བའི་རིགས་ལས་འགའ་ཡང་ཡོད་པ་མ་ཡིན་ནོ། །རྒྱས་པ་ཡང་སྤོས་ལྡན་དུ་རྩིབ་ལོགས་སྐྱེས་ཀྱིས་སྔ་དྲོ་ཁུག་རྣ་དཀྲིགས་ནས་ཉ་པའི་བུ་མོ་ལས་བསྐྱེད་པར་གྲག་སྟེ། དེ་ནི་གླིང་དུ་སྐྱེས་
པས་གླིང་སྐྱེས་ཞེས་ཀྱང་བྱ་ལ། རིག་བྱེད་ལ་ཆགས་པས་རྒྱས་པ་ཞེས་བྱའོ། །འདིར་བཤད་པ། དུས་ལ་མཐའ་མེད་ཉིད་ཕྱིར་དང་། །བུད་མེད་ཚོགས་ནི་གཡོ་ཕྱིར་ཏེ། །དེ་ཡི་ཕྱིར་ན་མཁས་པས་འདིར། །རིགས་ཀྱི་ང་རྒྱལ་བྱ་མིན་ཉིད། །འདིར་སྨྲས་པ། གལ་ཏེ་རིགས་ཀྱིས་
རྒྱལ་རིགས་སུ་མི་འགྱུར་ན། དེའི་ཚེ་སྐྱེ་དགུ་སྐྱོང་བའི་ལས་ཀྱིས་རྒྱལ་རིགས་སུ་འགྱུར་རོ། །བཤད་པར་བྱ་སྟེ། གལ་ཏེ་ལས་ཀྱིས་དམངས་རིགས་ཀྱང་། །རྒྱལ་རིགས་ཞེས་བྱར་འགྱུར་ན་ནི། །ལས་ཀྱིས་དམངས་ཀྱང་བྲམ་ཟེར་ནི། །གང་གིས་འགྱུར་བ་མིན་པར་སེམས། །

གལ་ཏེ་དེ་ལྟ་རྒྱལ་རིགས་མ་ཡིན་པ་ཡང་རྒྱལ་རིགས་ཀྱི་ལས་བྱེད་པ་ན་རྒྱལ་རིགས་སུ་འགྱུར་ན། དམངས་རིགས་ཀྱང་བྲམ་ཟེའི་ལས་བྱེད་ཅིང་ལེན་པ་དང་འདོན་པ་ན་བྲམ་ཟེར་འགྱུར་རོ། །དེ་ལྟ་ཡིན་ན་ཡང་གཞན་ཡང་གཞན་གྱི་ལས་ལ་སྤྱོད་པ་ན་དེ་ཉིད་དུ་འགྱུར་རོ། །དེ་ལ་
ལས་ཀྱིས་རྒྱལ་རིགས་སུ་འགྱུར་རོ་ཞེས་བྱ་བར་གང་འདོད་པ་དེ་མ་ཡིན་ཏེ། གྲུ་ཕ་རོལ་དུ་འགྲོ་བ་བཞིན་ནོ། །ཇི་ལྟར་གྲུ་ཕ་རོལ་དུ་འགྲོ་བ་དང་འོང་བར་འགྱུར་ལ། དེར་ཀླུང་གི་འགྲམ་གཉིས་ན་འདུག་པ་དང་གྲུ་ཕ་རོལ་ཏུ་སོང་ངོ་ཞེས་སྨྲ་མོད་ཀྱི། རང་ལས་གྲུབ་པའི་ཕ་རོལ་ནི་ཅི་ཡང་
ཡོད་པ་མ་ཡིན་པ་དེ་བཞིན་དུ་བྲམ་ཟེའམ་རྒྱལ་རིགས་ཀྱང་མ་གྲུབ་བོ། །གལ་ཏེ་དམངས་རིགས་ལས་ཀྱིས་རྒྱལ་རིགས་སུ་འགྱུར་ན་ནི། དེ་བཞིན་དུ་བྲམ་ཟེ་ཡང་ལས་ཀྱིས་དམངས་རིགས་སུ་འགྱུར་ཏེ། རྒྱ་སྐྱེགས་དང་ནི་ལན་ཚྭ་དང་། །ཤ་ཡིས་འཕྲལ་དུ་ཉམས་པར་བྱེད། །འོ་མ་
འཚོང་བའི་བྲམ་ཟེ་གང་། །ཉི་མ་གསུམ་གྱིས་དམངས་རིགས་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡང་ཡིན་ནོ། །འདིར་བཤད་པ། གལ་ཏེ་ལས་ཀྱིས་རུས་འགྱུར་ན། །དེ་ལ་རིགས་ནི་རྒྱུ་མ་ཡིན། །དེ་དག་གཉིས་ལས་ཀྱང་མིན་ཏེ། །གང་ཕྱིར་རིགས་སྔར་སུན་ཕྱུང་ཟིན། །འདིར་སྨྲས་པ།
གང་གི་ཕྱིར་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོས་སྐྱེ་བོ་ཕལ་པོ་ཆེ་ལ་དུས་ལ་བབ་པར་དབང་ཕྱུག་བགེད་པར་བྱ་བར་ནུས་པ་དེའི་ཕྱིར། རྒྱལ་པོས་ཆེས་ཕྱུག་པར་འདོད་པར་བྱ་དགོས་སོ། །བཤད་པར་བྱ་སྟེ། རྒྱལ་པོ་སྡིག་ལ་དབང་ཕྱུག་ལྟར། །བགེད་པ་ཡོད་པ་མ་ཡིན་ན། །གཞན་
གྱི་དོན་དུ་མཁས་པ་ནི། །སུ་ཞིག་ཕྱི་མར་འཇོམས་པར་བྱེད། །རྒྱལ་པོས་དུས་རིང་པོར་བསགས་པའི་དབང་ཕྱུག་ཆེན་པོ་སྐྱེ་བོ་ཕལ་པོ་ཆེ་ལ་བགེད་པར་ནུས་པ་བདེན་མོད་ཀྱི། དེ་ནི་སྐྱེ་བོ་ཕལ་པོ་ཆེ་གཟིར་བ་མེད་པར་སྒྲུབ་པར་མི་ནུས་ཤིང་། སྐྱེ་བོ་ཕལ་པོ་ཆེ་གཟིར་བས་ཀྱང་
ངེས་པར་སྡིག་པ་ཆེན་པོར་འགྱུར་ལ། སྡིག་པ་ཆེན་པོ་ལས་ཀྱང་ཕྱི་མར་བདག་ཉིད་ལ་སྡུག་བསྔལ་ཆེན་པོར་འགྱུར་དགོས་སོ། །ཇི་ལྟར་དབང་ཕྱུག་བགེད་པ་དེ་ལྟར་དེའི་ཆེད་དུ་ཁ་ན་མ་ཐོ་བ་བསགས་པ་བགེད་པར་བྱ་བར་མི་ནུས་ཏེ། འོན་ཀྱང་གཅིག་པུ་ཁོ་ནས་སྡུག་

བསྔལ་དེ་ཉམས་སུ་མྱོང་བར་བྱ་དགོས་སོ། །དེའི་ཕྱིར་མཁས་པ་སུ་ཞིག་གཞན་ལ་ཕན་གདགས་པ་ཆུང་ངུའི་དོན་དུ་ནོར་བགེད་པར་བྱའོ་ཞེས་དོན་མ་ཡིན་པ་མི་ཆུང་བ་སྟོབ་པ་ལ་མཁས་པའི་ཁ་ན་མ་ཐོ་བ་ཐུན་མོང་མ་ཡིན་པ་ཉེ་བར་སོགས་ཤིང་ཕྱི་མར་བདག་ཉིད་འཇོམས་པར་བྱེད་པར་འགྱུར།
དེའི་ཕྱིར་འདི་ནི་ངོ་ཚ་བའི་གནས་ཡིན་གྱི་དྲེགས་པའི་ནི་མ་ཡིན་ནོ། །མ་ཧེའི་མཆོད་སྦྱིན་ལྟ་བུ་དང་། །ཤན་པའི་བུ་བཞིན་ནོ། །ཇི་ལྟར་མ་ཧེའི་མཆོད་སྦྱིན་བྱ་བའི་ཕྱིར་གཅིག་གིས་གསོད་ཅིང་མང་པོ་རྣམས་ཀྱིས་ཟ་བར་འགྱུར་ལ། སྡིག་པ་དེ་ཡང་གསོད་པ་པོ་དེ་ཁོ་ན་ལ་འགྱུར་བ་དེ་བཞིན་དུ།
རྒྱལ་པོ་རྒྱལ་སྲིད་ཀྱི་ཕྱིར་སྡིག་པའི་ལས་བྱེད་ཅིང་། ལོངས་སྤྱོད་ནི་མང་པོ་ཞིག་གིས་ལོངས་སྤྱོད་ལ། དེས་བྱས་པའི་སྡིག་པ་ངན་འགྲོར་འབྲས་བུ་ཤིན་ཏུ་མི་བཟད་པ་ཅན་ནི་རྒྱལ་པོ་དེ་ཉིད་ལ་འགྱུར་རོ། །ཡང་ཇི་ལྟར་ཤན་པའི་བུ་ཞིག་སྡིག་པ་ལ་འཇིགས་པས་རི་དགས་ལ་སོགས་པ་
རྣམས་གསོད་པར་མི་བྱེད་པས། དེ་ལ་གཉེན་འདབ་ཀྱིས་ཁྱོད་སོད་ཅིག །དེར་གང་ཆོས་མ་ཡིན་པར་འགྱུར་བ་དེ་ནི་འོ་སྐོལ་ཐམས་ཅད་ལ་ཐུན་མོང་ཉིད་དུ་འགྱུར་རོ་ཞེས་སྨྲས་པ་དང་། དེས་ཐབས་ཀྱིས་བདག་གི་མགོ་ལ་ཚོར་བའི་སྡུག་བསྔལ་ཆེན་པོ་ཞིག་ཡོད་ཀྱིས་དེ་བགོས་ཤིག་ཅེས་སྨྲས་སོ། །
དེ་དག་གིས་སྨྲས་པ་མི་ནུས་སོ། །དེས་སྨྲས་པ། དེའི་ཕྱིར་ཇི་ལྟར་ངན་འགྲོའི་ཚོར་བ་སྡུག་བསྔལ་ཐུན་མོང་ཉིད་དུ་འགྱུར། འདིར་བཤད་པ། གཞན་དུ་བདེ་བ་འདོད་པའི་མིས། །འཇིག་རྟེན་འདི་རུ་མ་སྨད་ཅིང་། །ཕ་རོལ་དུ་ཡང་བདེ་བ་ནི། །འདྲེན་པ་གང་ཡིན་དེ་བྱའོ། །འདིར་སྨྲས་པ།
འདི་ན་དབང་ཕྱུག་ཆེན་པོ་ལ་གནས་པའི་རྒྱལ་པོས་གདོན་མི་ཟ་བར་རློམ་པ་ཆེན་པོ་ཉིད་དུ་འགྱུར་བར་བྱ་དགོས་སོ། །བཤད་པར་བྱ་སྟེ། དབང་ཕྱུག་གིས་བསྐྱེད་ང་རྒྱལ་ནི། །མཉམ་དང་ཁྱད་པར་འཕགས་པ་ཡི། །ཕ་རོལ་ནུས་ལྡན་བལྟ་བྱ་སྟེ། །དམ་པའི་སྙིང་ལ་མི་གནས་སོ། །
བདག་ཉིད་ལ་གཞན་པས་མཆོག་ཏུ་བྱུང་བ་མཐོང་བ་ན་ང་རྒྱལ་དུ་འགྱུར་ན། དེ་ནི་གཞན་ལ་བལྟས་པས་མི་གནས་པའི་ཕྱིར་མཁས་པ་རྣམས་རློམ་པར་མི་འགྱུར་རོ། །དེའི་ཕྱིར་འགྲོ་བ་ལ་ཕན་པ་བསྐྱེད་པར་འདོད་པས་ང་རྒྱལ་སྤངས་ཏེ། བླ་མ་དག་ལྟ་བུའམ། རྗེ་བོ་བཞིན་

དུ་གཞན་ལ་ཁྱད་དུ་གསད་པར་མི་བྱའོ། །དེའི་ཕྱིར་དེ་ལྟར་བྱེད་པ་ན་དེ་དག་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྣོད་དུ་འགྱུར་ཏེ། འགྲོ་བ་རངས་པ་མགུ་བར་བྱེད་པར་ཞུགས་པ་ཉིད་ཀྱི་ཕྱིར་རོ། །ནོར་འཛིན་གྱི་ཆུང་མ་བཞིན་ནོ། །བྲམ་ཟེ་ནོར་འཛིན་ཞེས་བྱ་བ་
ལ་ཆུང་མས་བདག་དང་གཟུགས་མཉམ་པའི་བུད་མེད་ནི་ས་སྟེངས་ན་འགའ་ཡང་མེད་མོད་ཀྱི། ཁྱོད་ནི་ང་ལ་འཚམ་པའི་གོས་དང་རྒྱན་གྱིས་རྗེད་པར་མི་བྱེད་དོ་ཞེས་སྨྲས་སོ། །དེས་དེ་ཐབས་ཀྱིས་རྒྱལ་པོ་དྲག་པོ་ཞེས་བྱ་བའི་བཙུན་མོའི་འཁོར་དུ་བཅུག་གོ། །དེར་རིམ་གྲོ་མ་མཐོང་
ནས་དེའི་གཟུགས་ཀྱི་དྲེགས་པ་དེ་ཉམས་པར་གྱུར་ཏེ། རྒྱལ་པོའི་བཙུན་མོ་ལྟ་ཅི་སྨོས། །དེ་བཞིན་དུ་རྒྱལ་པོས་ཀྱང་བདག་དང་མཉམ་པ་དང་། ཁྱད་པར་དུ་འཕགས་པ་མཐོང་ནས་རྒྱགས་པ་དང་། བདག་ཏུ་འཛིན་པ་ཡོངས་སུ་དོར་བར་རིགས་སོ། །འདིར་བཤད་པ། རེ་ཞིག་
རྒྱལ་པོས་རྒྱལ་དམན་ལ། །ང་རྒྱལ་བྱ་བར་མི་རིགས་ན། །མཉམ་དང་ཕུལ་བྱུང་མི་བདག་ལ། །ང་རྒྱལ་གོ་སྐབས་ག་ལ་ཡོད། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདག་ཏུ་འཛིན་པ་སྤང་བའི་ཐབས་སྒོམ་པ་
བསྟན་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཞི་པའི་འགྲེལ་པའོ།། །།འདིར་སྨྲས་པ། ཡང་ལེགས་པར་བཤད་པའི་རིན་པོ་ཆེའི་ཁྱད་པར་འཇིག་རྟེན་པའི་དོན་གྱི་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་སྟོན་པར་བྱེད་པ་འདོད་ཆགས་དང་བྲལ་བའི་རྒྱུ་འདི་དག་གང་ལས་རྙེད།
བཤད་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱང་ཅི་འདྲ་བ་ཞིག་ཅེ་ན། ཐུགས་རྗེ་ཆེན་པོས་ནོན་པས་འགྲོ་བ་མ་ལུས་པའི་དོན་སྒྲུབ་པ་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་ལྷུར་མཛད་པ་རྣམས་སོ། །
འདི་ལྟར། སངས་རྒྱས་རྣམས་ཀྱི་གཡོ་བ་ནི། །རྒྱུ་མེད་འགའ་ཡང་ཡོད་མིན་ཏེ། །དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང་། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འགྲོ་བ་ཐམས་ཅད་རྗེས་སུ་གཟུང་བའི་དགོངས་པས་འཕངས་

པའི་ཕྲིན་ལས་ཀྱི་སྤྲུལ་པ་ཉིད་ཀྱི་ཕྱིར་རྐྱེན་ཇི་ལྟ་བ་བཞིན་འབྲས་བུ་འབྱིན་ཞིང་འགྲོ་བ་ལ་དམན་པ་སྒྲུབ་པ་འབྱུང་བ་ལ། མཁས་པའི་གཡོ་བ་དག་གིས་འགྲོ་བ་ཁམས་གསུམ་པོ་ནམ་མཁའི་མཐར་ཐུག་པ་ན་གནས་པ་མཐའ་དག་ལ་སྨན་འདོགས་པར་མཛད་དོ། །སྐུ་ཡོངས་སུ་
བསྐྱོད་པའི་མཚན་ཉིད་ཅན་གྱི་གཡོ་བ་གང་ཞིག་སེམས་ཅན་མ་ལུས་པ་སྨན་མི་འདོགས་པ་དེ་ནི་འགའ་ཡང་མངའ་བ་མ་ཡིན་ཏེ། ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། འོད་ཟེར་བརྒྱ་སྟོང་དཔག་ཏུ་མེད་པ་དག །ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་མཐིལ་ནས་བྱུང་། །
སེམས་ཅན་དམྱལ་བ་ཐམས་ཅད་བསིལ་བར་གྱུར། །སྡུག་བསྔལ་མེད་པར་བྱས་ནས་བདེ་བ་མྱོང་། །དེར་ནི་སྟོབས་བཅུ་ལྡན་པས་ཆོས་བཤད་པས། །ལྷ་དང་མི་ཡི་མིག་ཀྱང་རྣམ་པར་དག །སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས། །ཐམས་ཅད་སངས་རྒྱས་ཡེ་
ཤེས་ངེས་པར་གྱུར། །ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ། རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་སྟེ། །དམུས་ལོང་གྱུར་པའི་མི་གང་ཅི་ཡོད་དང་། །རྣ་བས་མི་ཐོས་མགོན་མེད་བསོད་ནམས་ཆུང་། །དེ་དག་ཐམས་ཅད་མིག་དང་རྣ་བ་ཐོབ། །རྒྱལ་བས་སྒོ་ཡི་ཐེམ་སྟེང་
ཞབས་བཞག་ཚེ། །གཤིན་རྗེའི་ཡུལ་གྱི་ཡི་དགས་གང་ཡོད་པ། །ཤིན་ཏུ་སྡུག་བསྔལ་ངར་སྣབས་མཆིལ་མ་ཟ། །ཐམས་ཅད་འོད་ཀྱིས་རེག་པས་བདེ་བར་གྱུར། །ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །རེ་ཞིག་གཡོ་བ་ལྟར་ཞོག་ཤིག །སྐུལ་བར་བྱེད་པའི་སེམས་པའི་ཁྱད་པར་
ཅན་གྱི་འཕེན་པ་ལ་མི་ལྟོས་པར་རང་གི་ངང་གིས་འབྱུང་ཞིང་། བལྟམས་པ་ནས་བཟུང་སྟེ་མྱ་ངན་ལས་འདས་པའི་བར་དུ་ཉིན་མཚན་དུ་རྗེས་སུ་འཇུག་པའི་དབུགས་གང་ཡིན་པ་དེ་ཡང་སྐྱེ་བ་དང་ལྡན་པ་འདི་དག་ལ་སྨན་པའི་སླད་དུ་རབ་ཏུ་འཇུག་པ་ཁོ་ནའོ། །འདི་ལྟར་སངས་རྒྱས་བཅོམ་
ལྡན་འདས་རྣམས་ཀྱི་དབུགས་དག་ནི་བྱུང་ནས་སེམས་ཅན་དམྱལ་བའི་སྣོད་རྣམས་ཀྱི་སྟེང་དུ་སྤྲིན་ནག་པོ་ཆེན་པོའི་དུད་པའི་མིག་སྨན་གྱི་ཕུང་པོ་ཆེན་པོ་དང་འདྲ་ཞིང་། སེམས་ཅན་དམྱལ་བའི་སྐྱེ་བོའི་ཡིད་འཕྲོག་པ། དམྱལ་བའི་སྣོད་ཀྱི་དཀྱིལ་འཁོར་མ་ལུས་པར་ཁེབས་པ།

འབྲུག་སྒྲ་ཆེས་སྙན་ཞིང་གསལ་ལ་བར་མཚམས་མེད་པ་དག་གིས། སེམས་ཅན་དམྱལ་བའི་མེ་ལྕེའི་ཕྲེང་བས་ཀུན་ནས་བསྐོར་བའི་སེམས་ཅན་དམྱལ་བ་རྣམས་ཚིམ་པར་བྱེད་པ། ཆར་གྱི་ཚོགས་ཤིན་ཏུ་རོ་ཞིམ་ཞིང་བསིལ་བ་དག་གིས་སེམས་ཅན་
དམྱལ་བའི་མེའི་ཕུང་པོ་འཇིལ་བར་བྱེད་པ་དག་ཏུ་ཡོངས་སུ་འགྱུར་བ་ཡིན་ལ། དེའི་རྐྱེན་གྱིས་དེ་སྡུག་བསྔལ་བའི་སེམས་ཅན་དམྱལ་བ་ཁོ་བོ་ཅག་ལ་གང་གི་མཐུས་འདི་ཉེ་བར་ལྷགས་སྙམ་དུ་སྙིང་ལ་སྤྱོད་པར་གྱུར་ཅིང་། མདུན་དུ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་བསམ་གྱིས་
མི་ཁྱབ་པ་མཐོང་བས་སེམས་ཅན་གྱི་རྒྱུད་རངས་པ། སངས་རྒྱས་བཅོམ་ལྡན་འདས་ལ་མངོན་པར་དད་པའི་རྒྱུས་མི་དགེ་བའི་ལས་ཀྱི་ཕུང་པོ་མ་ལུས་པ་བསྲབས་ཤིང་དེའི་རྒྱུ་དད་པ་ཉིད་ཀྱི་ཐར་པའི་ཆ་དང་མཐུན་པའི་དགེ་བ་ཡང་དག་པར་འཕངས་པ་རྣམས་ལ་གཏན་དུ་ཕན་འདོགས་
པའི་ཕྱིར་ན། དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང་། །དེ་བཞིན་དུ་གཞན་འཆགས་པ་དང་བཞེངས་པ་དང་བཞུད་པ་དང་གཟིམས་པའི་སྤྱོད་ལམ་དག་ལ་ཡང་ལུང་ཇི་ལྟ་བ་བཞིན་སྦྱར་བར་བྱའོ། །དེའི་ཕྱིར་དེ་ལྟར་ན་བློ་གྲོས་དང་ལྡན་པ་འཁོར་
བའི་སྐྱོན་ངེས་ཤིང་དེ་ཟད་པར་བྱ་བའི་ཕྱིར་བརྩོན་པས་རྣམ་པ་ཐམས་ཅད་དུ་ཇི་སྐད་བསྙད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་རྟེན་ས་གསུམ་གྱི་བླ་མ། སངས་རྒྱས་བཅོམ་ལྡན་འདས་སྲིད་པ་གསུམ་གྱི་སྐྱེ་བོ་ཡོངས་ལ་བུ་གཅིག་པ་སྡུག་པ་ལྟར། འོ་བྱམས་པ་ལྷག་པར་ཉེ་
བར་བསྣམས་པ་ལ་དད་པ་སྔོན་དུ་བཏང་སྟེ་ཡིད་གཏད་པར་འོས་སོ། །རྩིབ་ལོགས་སྐྱེས་ཀྱི་དགེ་སློང་བཞིན་ནོ། །རྩིབ་ལོགས་སྐྱེས་ཀྱི་རིགས་སུ་གཏོགས་པའི་དགེ་སློང་འགའ་ཞིག་ཡོད་ལ་དེ་འཁྲུལ་འཁོར་གྱི་སློབ་དཔོན་ཞིག་བདག་གིས་ཁྱོད་ལ་བསོད་སྙོམས་སྦྱིན་གྱི། ཁྱོད་
ཀྱིས་བདག་གི་ཁྱིམ་དུ་དབྱར་བྱ་དགོས་སོ་ཞེས་མགྲོན་དུ་གཉེར་བར་གྱུར་ཅིང་། དེའི་ཁང་བཟངས་ཀྱི་འོག་ནས་འཁྲུལ་འཁོར་གྱི་བྱ་བ་བྱ་བའི་ཕྱིར་འཁྲུལ་འཁོར་དག་མང་དུ་ཡོད་པར་ཡང་གྱུར་ཏོ། །དེ་ནས་དེས་དགེ་སློང་དེ་འདི་ཇི་ལྟར་འདོད་པ་དེ་ལྟར་སྡོད་ཅིག་ཅེས་ཁང་བཟངས་ཁོ་ནར་

བཞག་གོ། །དབྱར་གྱི་དུས་སོང་བ་དང་བརྫང་བའི་ཕྱིར་དེ་ལ་ཆོས་གོས་ཀྱི་རིན་བྱིན་ཏེ་ལས་ཀྱི་གླ་བྱིན་པར་གྱུར་ཏོ། །དགེ་སློང་གིས་བདག་གིས་ཁྱོད་ཀྱི་ལས་ཅི་ཡང་མ་བྱས་པར་ཅིའི་ཕྱིར་གླ་བླང་བར་བྱ་ཞེས་སྨྲས་པ་དང་། དེ་ཁྱོད་ཀྱིས་ཡུད་ཙམ་ཡང་ཁྱིམ་འདིར་ལས་མེད་པར་སྤྱོད་
ལམ་གང་གིས་ཀྱང་མ་བསྡད་དོ། །ཞེས་སྨྲ་ཞིང་། དེ་ལ་འཁྲུལ་འཁོར་དང་དེ་སྒྲུབ་པའི་ཁེ་ཡང་སྟོན་པར་བྱེད་པར་གྱུར་ཏོ། །ཇི་ལྟར་དགེ་སློང་དེ་ལ་དེའི་འཁྲུལ་འཁོར་བསྐོར་བས་གང་ཞིག་དེ་ལ་མཁོ་བའི་ཕྱིར་བྱུང་བ་མ་ཡིན་པའི་སྤྱོད་ལམ་འགའ་ཡང་མེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་
འདས་ལ་ཡང་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་འགའ་ཞིག་འགྲོ་བ་ཐམས་ཅད་ལ་དོན་ཆུང་ངུ་མ་ཡིན་པའམ། དོན་མ་ཡིན་པ་སེལ་བར་མི་འགྱུར་བ་འགའ་ཡང་མི་མངའོ། །བཤད་པ། ཐུགས་རྗེ་ཆེས་དྲངས་རྣམ་དག་མཁྱེན་མངའ་བའི། །ཐུབ་ལ་རང་དོན་སྐུ་གསུང་ཐུགས་འཇུག་པ། །
མི་མངའ་དོན་མེད་པ་ཡང་མ་ཡིན་ཏེ། །གཞན་དགེ་ཉིད་ཀྱི་ཕྱིར་ནི་འཇུག་པར་འགྱུར། །དེ་ལ་ཉེ་བར་བསྙེན་པ་རྣམས་ནི་འཆི་བའི་འཇིགས་པ་ལ་ཐུག་པ་སྡུག་བསྔལ་ཐམས་ཅད་ལས་འདའ་བར་འགྱུར་རོ། །འདི་ལྟར། འཇིག་རྟེན་ཀུན་ལ་འཆི་བདག་སྒྲ། །ཇི་ལྟར་འཇིགས་པ་བསྐྱེད་འགྱུར་
བ། །དེ་བཞིན་ཀུན་མཁྱེན་སྒྲ་འདི་ནི། །འཆི་བདག་ལ་ཡང་འཇིགས་པ་བསྐྱེད། །གང་གི་ཕྱིར་དེ་བཞིན་གཤེགས་པའི་ལམ་ལ་ཡང་དག་པར་རྗེས་སུ་སྒྲུབ་པ་པོར་གྱུར་པ་རྣམས་དེའི་ཡུལ་གྱི་མཚམས་ལས་འདའ་ཞིང་། དེ་བཞིན་གཤེགས་པའི་མཚན་ཐོས་པ་ལས་དེ་ལྟར་རྗེས་སུ་སྒྲུབ་པའི་ས་
བོན་དགེ་བའི་རྩ་བ་རྣམས་ཀྱང་བསྐྲུན་པར་བྱེད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་གང་དག་ངའི་མཚན་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་བ་ཞིག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །
བཙོན་བཏང་བས་དབང་དུ་བྱས་པ་བཞིན་ནོ། །རྒྱལ་པོ་འགའ་ཞིག་གིས་བུ་སྐྱེས་པ་དང་བཙོན་རིལ་གྱིས་དོང་སྤྲུགས་པར་དྲིལ་བསྒྲགས་པར་གྱུར་ལ། སྒྲ་དེས་ཀྱང་འཇིག་རྟེན་ཐམས་ཅད་དགའ་བར་འགྱུར་རོ། །དེར་བཙོན་ལ་དབང་དུ་བྱས་པ་ནི་བཙོན་གཏོང་བའི་སྒྲ་ཐོས་ནས་འཇིགས་

ཤིང་རིམས་ནད་ཀྱིས་ཐེབས་པ་བཞིན་དུ། དེ་བཞིན་གཤེགས་པ་བྱུང་ན་བདུད་མ་གཏོགས་པའི་སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཉིད། །གང་དག་རྣ་བར་གྲག་འགྱུར་བ། །ཐམས་ཅད་རྣམ་པར་ཐར་
བྱའི་ཕྱིར། །དེ་ཉིད་རྒྱུ་རུ་འགྱུར་བའོ། །དེ་ནས་སངས་རྒྱས་ཞེས་བྱ་བ་འདི་ཅི་ཞིག །གང་དག་གིས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པས་ཤེས་བྱ་ཐམས་ཅད་ལ་བློ་ཁ་བྱེ་བས་རྣམ་པར་རྒྱས་པ་
པ་ལ་སངས་རྒྱས་ཞེས་བྱ་སྟེ། དཔེར་ན་པདྨ་རྒྱས་པ་བཞིན་ནོ། །ཡང་ན་ཉིད་ཀྱིས་ཐུགས་སུ་ཆུད་ཅིང་ལྷ་དང་མིས་མ་རྟོགས་པ་རྣམས་རྟོགས་པར་མཛད་པས་ན་སངས་རྒྱས་ཡིན་པའམ། མ་རིག་པའི་གཉིད་མ་ལུས་པ་དང་བྲལ་བས་རྣམ་པར་སད་པས་ན་སངས་རྒྱས་ཏེ། སྐྱེས་བུ་
གཉིད་སད་པ་བཞིན་ནོ། །ཡང་ན་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་སངས་རྒྱས་སོ། །དེ་ཉིད་ནི་བཅོམ་ལྡན་འདས་ཏེ། བདུད་བཞི་བཅོམ་པའི་ཕྱིར་རམ། ཆེན་པོ་རྣམ་པ་དྲུག་ཉིད་ལ་མངའ་བས་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རམ། སྐལ་བ་ཕུན་སུམ་ཚོགས་
པ་ཉིད་ཀྱི་ཕྱིར་རོ། །ཐུགས་ཐམས་ཅད་ལ་ཐོགས་པ་མི་མངའ་བ་ཉིད་ཀྱི་ཕྱིར་ནི་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །གལ་ཏེ་ལུང་དུ་མ་བསྟན་པའི་དངོས་པོ་བརྡ་མི་སྤྲོད་པའི་ཕྱིར་འདི་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་འགྱུར་བ་མ་ཡིན་ནམ། འདི་ལྟར་འཇིག་རྟེན་རྟག་
ཅེས་བྱ་བ་ལ་སོགས་པའི་དྲི་བ་བཅུ་བཞི་དེ་བཞིན་གཤེགས་པ་ལ་དྲིས་པ་ན་ཅང་མི་གསུང་བར་གྱུར་ཏོ་ཞེ་ན། བཤད་པར་བྱ་སྟེ། དེ་ལྟར་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་མི་འགྲུབ་སྟེ། གང་གི་ཕྱིར། ཐུབ་ལ་མཛད་དང་མཛད་མིན་དང་། །གསུང་བྱ་གསུང་བྱ་མིན་མངའ་
བ། །དེས་ན་ཀུན་མཁྱེན་ཀུན་མཁྱེན་ནི། །མིན་ཞེས་བྱ་ལ་རྒྱུ་ཅི་ཡོད། །དེ་ལ་མཛད་པ་ནི་མཛད་པར་འོས་པ་ཡིན་ཏེ། མཛད་མིན་ནི་མཛད་པར་མི་འོས་པ་སྟེ། འདི་གཉི་ག་ཡང་ཐུབ་པ་ལ་མངའོ། །དེ་ལ་མཛད་པ་ནི་སེམས་ཅན་རྣམས་བདེ་འགྲོ་དང་ཐར་པའི་རྒྱུ་ལ་ངེས་པར་

སྦྱར་བ་ཡིན་ལ། མཛད་མིན་ནི་གཞན་དག་ལ་གནོད་པའོ། །གསུང་བར་བྱ་བ་དང་གསུང་བར་བྱ་བ་མ་ཡིན་པ་ཡང་མངའ་སྟེ། གསུང་བྱ་ནི་གཞན་ལ་ཕན་པར་སྒྲུབ་པར་བྱེད་པའི་བཀའོ། །གསུང་བྱ་མ་ཡིན་པ་ནི་གནོད་པ་སྒྲུབ་པར་བྱེད་པའོ། །འདི་ཡང་ཐུབ་པ་ལ་མངའོ། །མཛད་
བ་དང་མཛད་བྱ་མ་ཡིན་པ་དང་། གསུང་བར་བྱ་བ་དང་གསུང་བར་བྱ་བ་མ་ཡིན་པ་འདི་སུས་ཡོངས་སུ་གཅོད་པར་ནུས་ཤེ་ན། གང་གི་ཡེ་ཤེས་སྤྱོད་པ་མཐའ་ཡས་པའི་དབྱེ་བས་ཕྱེ་བའི་སེམས་ཅན་གྱི་ཕུང་པོ་ལ་ཐོགས་པ་མི་མངའ་བར་ཇི་ལྟ་བ་བཞིན་འཇུག་པས་སོ། །དེ་ནི་རྣམ་པ་དེ་ལྟ་
བུའི་ཡེ་ཤེས་དང་ལྡན་པས་མཛད་པ་མཛད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ལ། མཛད་པ་མ་ཡིན་པ་ནི་མཛད་པ་མ་ཡིན་པར་རོ། །གསུང་བར་བྱ་བ་ཡང་གསུང་བར་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ལ། གསུང་བར་བྱ་བ་མ་ཡིན་པ་ཡང་གསུང་བར་
བྱ་བ་མ་ཡིན་པར་རོ། །དེའི་ཕྱིར་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གཟིགས་པ་དེའི་སེམས་ཅན་རྣམས་ཇི་ལྟར་འདོད་པ་བཞིན་བདེ་འགྲོ་དང་ཐར་པའི་རྒྱུ་ལ་འགོད་པ་དོན་ཡོད་པར་འགྱུར་རོ། །དེ་མངོན་པར་མི་ཤེས་པ་ནི་མ་ཤེས་པ་དང་ཕྱིན་ཅི་ལོག་ཏུ་ཤེས་པ་དང་། ཐེ་ཚོམ་གྱི་
ཤེས་པ་དག་གིས་འདོད་པའི་དོན་སྒྲུབ་པར་མི་བྱེད་དོ། །དེའི་ཕྱིར་གསུང་བར་བྱ་བ་མ་ཡིན་པའི་དོན་བཀའ་མ་སྩལ་པ་ཉིད་ལས་འདི་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་ངེས་པར་མི་ནུས་སོ། །དོན་ཟབ་མོར་གྱུར་པ་དྲི་བ་ནི་ཇི་ལྟའམ་དེ་ལྟ་ཡང་རུང་སྟེ། དྲི་བར་བྱ་བ་ལ་འདྲི་ན། དྲི་བར་
བྱ་བར་གྱུར་པས་དྲི་བ་པོའི་ཉམས་དང་ཉམས་མེད་པ་ཤེས་པར་བྱ་སྟེ་དྲི་བའི་ལན་གདབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ནི་དྲི་བ་པོའི་དོན་ཟབ་མོ་ཁོང་དུ་ཆུད་པའི་མཐུ་མེད་པ་ལས་དྲི་བའི་དོན་རྟོགས་པར་མི་ནུས་པ་ཉིད་གཟིགས་པ་ཡང་ཡིན་ཏེ། དེ་ལ་ནི་ལུང་དུ་མ་བསྟན་
པ་ཁོ་ན་མཛེས་སོ། །ཟབ་མོའི་ཆོས་ལ་ལྷག་པར་མོས་པ་ལ་ནི་ལུང་སྟོན་པ་ཡང་ཡིན་ཏེ། དེ་ལ་དེས་ཕན་འདོགས་པ་ཉིད་ཀྱི་ཕྱིར་རོ། །གང་སྐྱེ་བོ་སྣོད་དུ་མ་གྱུར་པ་ལ་ཟབ་མོའི་ཆོས་མི་གསུང་བ་འདི་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཁ་ཅིག་

གིས། དུས་དང་བསམས་པ་མཁྱེན་ཁྱོད་ཀྱིས། །ལ་ལར་དྲིས་ཀྱང་མི་གསུང་ལ། །ཉེར་བྱོན་ནས་ཀྱང་གསུང་མཛད་ཅིང་། །གཞན་དུ་བཀུག་ནས་གསུང་བར་མཛད། །ཅེས་བཤད་དོ། །ཐམས་ཅད་མཁྱེན་པ་ཉིད་ལ་རྒྱུར་གྱུར་པ་གང་ཡིན་པ་དེ་ཉིད་
བློ་བླུན་པ་ལ་དེའི་ཐམས་ཅད་མཁྱེན་པ་མ་ཡིན་པའི་རྒྱུར་འགྱུར་བས། རྨོངས་པས་མ་བྱས་པ་ཅི་ཞིག་ཡོད། །རྒྱལ་བུ་བསྙེངས་བྲལ་དང་ཁྲོན་པ་འགུགས་པ་བཞིན་ནོ། །ཇི་ལྟར་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་རྒྱལ་བུ་གཞོན་ནུ་བསྙེངས་བྲལ་གྱིས་གཅེར་བུ་པས་སྦད་ནས་
བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་གང་གིས་གཞན་དག་ཁྲོ་བར་འགྱུར་སྡང་བར་འགྱུར་འཁྲུག་པར་འགྱུར་ཞིང་། ཁྲོ་བའམ་ཞེ་སྡང་ངམ་ང་རྒྱལ་ལམ་གཏི་མུག་གིས་ཡིད་མི་ཆེས་པར་བྱེད་པར་འགྱུར་བ། གཞན་ལ་མི་སྙན་པ་དང་མི་འདོད་པ་དང་མི་མཛེས་པ་དང་
ཡིད་དུ་མི་འོང་བར་འགྱུར་བའི་ཚིག་གང་ཡིན་པ་དེ་གསུང་ངམ་ཞེས་ཞུས་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་ལ་ནི་མགོ་གཅིག་ཏུ་མ་ཡིན་ཏེ། གང་ཕན་པ་བྱེད་པ་དེ་ནི་རེས་འགའ་གསུང་ངོ་ཞེས་རྒྱ་ཆེར་གསུངས་སོ། །གལ་ཏེ་ཐམས་ཅད་མཁྱེན་པ་གསུང་བར་བྱ་བ་མ་ཡིན་པ་མི་
གསུང་ན། དེའི་ཕྱིར་ཇི་ལྟར་ལྷ་སྦྱིན་ལས་བརྩམས་ཏེ། དེའི་ཚེ་གོས་དུམ་ཅན་གྱི་བུ་མཆིལ་ཟན་ལ་ཅི་ཞེས་བྱ་བ་ལ་སོགས་པ་འདི་གསུངས་པར་འགྱུར་ཞེ་ན། བཤད་པར་བྱ་སྟེ། འདི་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་དགོངས་པ་བཙལ་བར་བྱ་དགོས་སོ། །འདི་ནི་གཞན་ལ་དོན་
མ་ཡིན་པ་སྒྲུབ་པར་བྱེད་པའི་གསུང་མ་ཡིན་ཏེ། དེ་ལྟར་མི་དགོངས་པའི་ཕྱིར་རོ། །གལ་ཏེ་མི་སྙན་པ་ཐོས་པས་སྡུག་བསྔལ་ཉེ་བར་སྒྲུབ་པ་ཙམ་གྱི་དགོངས་པ་ཁོ་ནས་དེ་སྐད་གསུངས་པར་གྱུར་ན་ནི་དེ་ལྟ་ཡིན་པ་ཞིག་ན། འདི་ནི་དགོངས་པ་དེས་གསུངས་པ་མ་ཡིན་གྱི། འོན་
ཀྱང་སྡིག་པ་ལ་འཇུག་པ་བསྐྱུང་བའི་ཕྱིར་གསུངས་སོ། །འདི་ལྟར་གལ་ཏེ་མཐོང་བའི་དུག་དྲག་པོ་སྤྲོ་བའི་སྦྲུལ་དག་ལྟར་འགྲོ་བའི་དགེ་བའི་ཕྱོགས་ཟད་པ་ལ་མཁས་ཤིང་། མངོན་པར་རློམ་པས་འགྱིང་ཚུལ་དྲག་པོ་བསྟན་པ་འགྲོ་བ་ཡང་དག་པའི་ལམ་ལས་སྐྲག་པར་བྱེད་པ་

འཁོར་བའི་འབྲོག་དགོན་པ་ཆེན་པོ་མུ་མཐའ་མེད་པ་སྟོན་པར་བྱེད་པ་དག་ལ་དེ་སྐད་མ་གསུངས་ན་ནི་དེའི་ཚེ། དེ་དག་གི་ཁ་ན་ལས་པའི་འཇིག་རྟེན་ཕུང་བར་འགྱུར་ལ། གང་གི་ཚེ་གཞན་ལ་སྨན་པའི་མཛད་པ་ལ་འབབ་པ་ཐུགས་རྗེ་མངའ་བ་རྣམས་ཀྱིས་ཆོས་དང་མཐུན་པའི་རྒོལ་བས་
ཞུམ་པར་མཛད་པ་དེའི་ཚེ་ན་ཤིན་ཏུ་སྨན་བཏགས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་སྨན་གདགས་པའི་དགོངས་པས་ཀུན་ནས་སློང་བ་ཉིད་ཀྱི་ཕྱིར་དེ་དོན་མ་ཡིན་པ་འདྲེན་པའི་གསུང་མ་ཡིན་ནོ། །རྒྱལ་པོ་འགའ་ཞིག་བྲམ་ཟེ་ནོར་འབྱོར་པ་ཞིག་ཆད་པས་གཅད་པར་འདོད་པས། ཁྱོད་ཀྱི་
ཁྱིམ་ན་ཁྲོན་པ་ལེགས་མོ་ཞིག་འདུག་པས་དེ་ངེད་ཅག་ལ་དགོས་ཀྱིས། དེ་མྱུར་དུ་ཐོང་ཤིག །དེ་ལྟ་མ་ཡིན་ན་ཁྱོད་ལ་ཆད་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་ནས་བྲམ་ཟེ་དེའི་བུ་མོ་ཞིག་གིས། ནོར་གྱིས་ནོར་རྣམས་འགུགས་བྱེད་ཅིང་། །གླང་པོ་ཆེས་ཀྱང་གླང་ཆེན་ཏེ། །རྒྱལ་དབང་ཁྲོན་པ་
མངག་འཚལ་ལོ། །དེ་ནས་ཁྲོན་པ་འོང་བར་འགྱུར། །ཞེས་གསོལ་ཏོ། །ཇི་ལྟར་ཐབས་འདིས་ཁྲོན་པ་བཏང་བར་མི་ནུས་པར་བྱས་པས་ཆད་པ་དང་བྲལ་བར་བྱས་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཐབས་མཁས་པས་འགྲོ་བའི་དོན་མ་ཡིན་པ་བསལ་བའི་ཕྱིར་རེས་འགའ་མི་
སྙན་པའི་གསུང་ཡང་བཀའ་སྩོལ་བར་མཛད་ལ། དེར་ཁ་ན་མ་ཐོ་བ་ཡང་མི་མངའ་སྟེ། འགྲོ་བ་ལ་སྨན་པའི་དགོངས་པ་ཉིད་ཀྱི་ཕྱིར་རོ། །འདིའི་ཕྱིར་ཡང་འདི་ནི་དེ་ལྟར་ཡིན་ཏེ། སེམས་མ་རྟོགས་པར་འགྲོ་སོགས་ལ། །གང་ཕྱིར་བསོད་ནམས་ལ་སོགས་པ། །མ་མཐོང་དེ་ཕྱིར་ལས་
ཀུན་ལ། །ཡིད་ནི་དོན་པོར་བསྒྲུབ་པར་བྱ། །སེམས་ཇི་ལྟ་བ་མ་རྟོགས་པར་འགྲོ་བ་དང་འོང་བ་དང་ལངས་པ་དང་འཆག་པ་དང་། སྨྲ་བ་དང་སྦྱིན་སྲེག་ལ་སོགས་པའི་བྱ་བ་དག་ལ་རང་གི་བསོད་ནམས་སམ། བསོད་ནམས་མ་ཡིན་པ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། གལ་ཏེ་འགྲོ་བ་ལ་
སོགས་པ་དེ་སྲོག་གཅོད་པ་རྫོགས་པར་བྱ་བའི་ཕྱིར་བརྩམས་ན་ནི། དེའི་ཚེ་འགྲོ་བ་ལ་སོགས་པ་དེ་བསོད་ནམས་མ་ཡིན་པར་འགྱུར་ལ། འོན་ཏེ་དེ་སྤང་བའི་དོན་དུ་རྩོམ་ན་ནི། དེའི་ཚེ་དེ་ལས་བསོད་ནམས་སུ་འགྱུར་རོ། །གང་གི་ཚེ་དེ་ཙམ་གྱི་སེམས་པས་རྩོམ་ན་ནི་དེའི་ཚེ་ལུང་དུ་

མ་བསྟན་པར་འགྱུར་རོ། །གང་གི་ཕྱིར་འདི་དེ་ལྟ་ཡིན་པ་དེའི་ཕྱིར་ལས་གཞན་དག་ལ་ཡང་ཡིད་གཙོ་བོར་རྣམ་པར་གཞག་སྟེ། སེམས་ཇི་ལྟ་བ་བཞིན་དུ་དེས་འཕངས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱི་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར་རོ། །
གང་གི་ཚེ་འདི་དེ་ལྟ་ཡིན་པ་དེའི་ཚེ་དེ་བཞིན་གཤེགས་པ་ཐུགས་ཀྱི་རྒྱུད་ཐུགས་རྗེ་ཆེན་པོའི་ཐབས་དང་། གཉིས་སུ་མེད་པའི་ཡེ་ཤེས་དྲི་མ་མེད་པ་དང་རྗེས་སུ་འབྲེལ་པ། དོན་མ་ཡིན་པའི་རྒྱུ་མ་ལུས་པ་གཅོད་ཅིང་ཀུན་ནས་མཛེས་པ་རྣམས་ལ་འགྲོ་བའི་དོན་མ་ཡིན་པ་ལ་འཇུག་པ་དོགས་པར་མི་
བྱའོ། །གཅེར་བུ་པ་སྐུ་གཟུགས་ལ་ཕྱག་འཚལ་བ་བཞིན་ནོ། །གཅེར་བུ་པ་འགའ་ཞིག་ལྷ་ཁང་དུ་ཞུགས་ཏེ་སྐུ་གཟུགས་ལ་ཕྱག་འཚལ་བར་གྱུར་ལ། དེ་ན་སྐུ་གཟུགས་དག་ཀྱང་ཀུན་ནས་རྣམ་པར་གནས་པས་གང་གི་ཚེ་སྐུ་གཟུགས་གཅིག་ལ་ཕྱག་བྱེད་པ་དེའི་ཚེ་
གཞན་རྣམས་ལ་མཇུག་མས་རེག་པར་བྱེད་པ་དང་། དེ་ལ་འགའ་ཞིག་གིས་གང་ཁྱོད་སྐུ་གཟུགས་གཅིག་ལ་ཕྱག་བྱེད་ཅིང་གཞན་དག་ལ་རྐུབ་ཀྱིས་རེག་པར་བྱེད་པ་ནི་མི་ལེགས་པ་བྱེད་པ་ཞིག་གོ་ཞེས་སྨྲས་སོ། །དེ་བཞིན་དུ་གང་དག་གི་ལྟར་ན་སེམས་མ་རྟོགས་ཤིང་སེམས་མེད་པར་
བསོད་ནམས་འཐོབ་པ་དེ་དག་ལ་རྣམ་པ་དེ་ལྟ་བུའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་སེམས་མ་རྟོགས་པར་བསོད་ནམས་ལ་སོགས་པའི་ལས་རྣམས་རྣམ་པར་གཞག་པར་མི་འགྱུར་རོ། །འདིར་བཤད་པ། གལ་ཏེ་སེམས་རབ་དང་འགྱུར་ན། །ལས་རྣམས་ཤིན་ཏུ་དང་བར་འགྱུར། །
དེ་ཡི་ཕྱིར་ན་མཁས་པ་ཡིས། །སེམས་དག་པ་ཡིས་ལས་རྣམས་བྱ། །དེ་ཉིད་ཀྱི་ཕྱིར། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་འམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེའི་དབང་འགྱུར་ཕྱིར། །མི་དགེ་བ་ནི་སྡུག་
བསྔལ་དང་ངན་སོང་གི་རྣམ་པར་སྨིན་པ་ཅན་ཡིན་པ་ཉིད་ཀྱི་ཕྱིར་མི་དགེ་བའོ། །དགེ་བ་ཡང་བདེ་བ་དང་བདེ་འགྲོའི་རྣམ་པར་སྨིན་པའི་འབྲས་བུ་ཅན་ཡིན་དུ་ཟིན་ཀྱང་སྐྱེ་བ་དང་། རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་ན་དགེ་ལེགས་མ་ཡིན་ནོ། །

དགེ་ལེགས་མ་ཡིན་པའི་ལས་གཉིས་པོ་འདི་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་ལ་དབང་ཐོབ་པ་རྣམས་ལ་དགེ་ལེགས་ཉིད་དུ་འགྱུར་ཏེ། སྐྱེ་བ་ཅན་རྣམས་ཀྱི་འཁོར་བ་ལྡོག་པའི་རྒྱུར་གནས་སོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ནི་སེམས་མ་དུལ་བ་ཉིད་ཀྱི་ཕྱིར་སེམས་
ལ་རག་ལས་པ་ན། སེམས་ཇི་ལྟ་བ་བཞིན་དུ་འཇུག་གི། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་དབང་དུ་གྱུར་པས། དེ་དག་གི་ལུས་དང་ངག་དང་ཡིད་ཀྱི་གཡོ་བ་ཐམས་ཅད་དགེ་ལེགས་སུ་རོ་གཅིག་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ན་གང་སེང་གེས་དོན་མཐུན་
བཏང་བ་ལ་སོགས་པ་དག་ལས་བྱང་ཆུབ་སེམས་དཔའ་རྣམས་སྲོག་ཆགས་གསོད་པར་འདོད་པ་དེ་ཡང་ཇི་སྐད་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་མི་སྙན་པའི་གསུང་ལ་སོགས་པ་ལྟར་བསོད་ནམས་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་སེམས་ཅན་ཕན་
འདོགས་པར་ཞུགས་པ་ཉིད་ཀྱི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཉིད་ལ་བརྟེན་ཏོ། །སྦྲུལ་གྱིས་བཟུང་བའི་སོར་མོ་གཅོད་པ་སྡུག་བསྔལ་ཆེས་རྒྱ་ཆེ་བ་རྒྱུན་གཅོད་པའི་རྒྱུ་ཡིན་ཞིང་། སྡུག་བསྔལ་དེ་ཙམ་ཞིག་འབྱུང་བའི་རྒྱུར་གྱུར་པ་ནི་སྨན་པ་རྣམས་
ལ་བསོད་ནམས་མ་ཡིན་པའམ། དགེ་ལེགས་མ་ཡིན་པར་མི་འགྱུར་བ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་འདི་ཡང་དེ་དང་འདྲའོ། །གཞན་དག་ལ་ཡང་དེ་ལྟར་ཅིའི་ཕྱིར་མི་འགྱུར་ཞེ་ན། སེམས་ལ་དབང་ཐོབ་པ་མེད་པའི་ཕྱིར་དང་། སེམས་ཀྱི་རྒྱུད་ཉོན་མོངས་པ་མཁྲང་
ཞིང་ཉེ་བར་སད་པས་བཟུང་བ་ཉིད་ཀྱི་ཕྱིར་རོ། །རྔོན་པས་བུ་བསད་པ་དང་། བྱེས་སུ་ཡུན་རིང་མོར་གནས་པའི་བུ་གཅིག་པ་ལ་ཡོངས་སུ་འཁྱུད་པ་དང་། སེང་གེས་དོན་མཐུན་བཏང་བ་དང་། རྐུན་པོ་ལ་མདུང་ཐུང་གིས་སྣུན་པ་དང་། དེ་བཞིན་གཤེགས་པ་ལ་མི་སྙན་པའི་ཚིག་
བཞིན་ནོ། །རྔོན་པ་ལ་ལ་ཞིག་གི་བུ་གཉིས་རིའི་གཡང་ས་ལ་ཉེ་བ་ཞིག་ཏུ་འཐབས་པར་གྱུར་ལ། དེར་གཅིག་གིས་སྤུན་ཟླ་བཟུང་ནས་གཡང་ས་དེ་ལ་མཆོང་བར་བརྩམས་པ་དང་། རྔོན་པ་དེས་བཤུག་པར་མ་ནུས་ནས་གཉིས་ཆར་འཆི་བར་འགྱུར་དུ་འོང་ངོ་སྙམ་སྟེ་བུ་དེ་མདས་བསད་

པར་གྱུར་ཏོ། །ཡང་ཉམས་ཤེད་དང་ལྡན་པ་འགའ་ཞིག་གིས་བུ་སྡུག་པ་ཡུན་རིང་པོར་འགྲོན་ལ་བསྡད་པ་ཉམ་ཆུང་བ་ཆེས་ཡོངས་སུ་འཁྱུད་པས་དེ་དུས་བྱས་པར་གྱུར་ཏོ། །ཡང་བྱང་ཆུབ་སེམས་དཔའ་སེང་གེ་དག་གི་ནང་དུ་སྐྱེས་པ་ཞིག་གི་སྦྲུལ་ཆེན་པོས་ཡོངས་སུ་
བསྐོར་བའི་སྐྱེ་བོའི་ཚོགས་ཆེན་པོ་ཐར་བར་བྱ་བའི་ཕྱིར་གླང་པོ་ཆེའི་སྤྱི་བོར་བསྡད་ནས་སེང་གེའི་ང་རོ་ཆེན་པོ་བསྒྲགས་པས་སྒྲ་དེ་ཐོས་ནས་སྦྲུལ་ཆེན་པོ་འཇིགས་པས་ལུས་བསྐྱིལ་བ་བཤིག་སྟེ་སྐྱེ་བོའི་ཚོགས་ཕལ་པོ་ཆེ་བཏང་བར་གྱུར་ཏོ། །ཡང་བྱང་ཆུབ་སེམས་དཔའ་གཞན་ཞིག་
གིས་སེང་གེས་བཀག་པའི་དོན་མཐུན་གྱི་དཔུང་ཡོངས་སུ་ཐར་བར་བྱ་བའི་ཕྱིར། སེང་གེ་དང་དོན་མཐུན་གཉི་ག་ལ་སྙིང་རྗེ་བསྐྱེད་ནས་སེང་གེའི་མགོ་ལ་མདས་བསྣུན་ལ། དོན་མཐུན་ཐར་ཏེ་དོང་བར་གྱུར་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཞེས་བྱ་བ་དེད་དཔོན་དུ་གྱུར་པ་
ཞིག་གིས་འདི་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཚང་བར་གྱུར་ཅིང་བཞོན་པ་ལ་ཞོན་པ་རྣམས་བསད་པར་བྱས་ཏེ་རྫས་ཁྱེར་བར་འདོད་པ་ཞིག་གོ་སྙམ་དུ། བཞོན་པ་ལ་ཞོན་པ་འཐབ་མོ་པ་སྟོང་ཕྲག་དང་ལྡན་པ་བསལ་གྱི་ཕྱིར་གླས་པའི་བསམ་པ་ཤེས་པར་བྱས་ཏེ། དེ་ནས་
བདག་ངན་འགྲོར་འགྲོ་བ་ནི་བླའི། འདི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་བསད་ནས་བསྐལ་པ་ལྔ་བརྒྱར་མནར་མེད་པར་གནས་པར་འགྱུར་དུ་འོང་ངོ་སྙམ་དུ་སྙིང་རྗེ་ཆེན་པོ་བསྐྱེད་ནས། དེ་དག་ལ་བདེ་བ་བསྐྱེད་དེ། དེད་དཔོན་རྐུན་པོ་དེ་གཅིག་པུ་མདུང་ཐུང་གིས་བསད་པར་གྱུར་
ལ། དགེ་བའི་རྩ་བ་དེས་ཀྱང་བསྐལ་པ་སྟོང་ཕྲག་བརྒྱར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་སོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་ཀྱི་ཚོགས་ལས། སྡུག་བསྔལ་གཞན་ལྟ་ཡར་འདུག་ཤིག །གང་ཞིག་སེམས་ཅན་ཕན་བདེའི་ཕྱིར། །དམྱལ་བའི་
སྡུག་བསྔལ་ཆེ་བཟོད་པ། །དེའི་ལག་གཡས་ན་བྱང་ཆུབ་པོ། །ཞེས་གསུངས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་འོད་སྲུངས་ལ་རྫ་མཁན་བུ་མ་བྱེད་ཅེས་བྱ་བས་བསྔགས་པ་བརྗོད་པ་ན་བྱང་ཆུབ་སེམས་དཔའ་སྣང་སྐྱོང་བྲམ་ཟེར་གྱུར་པས། མུ་སྟེགས་ཅན་དུ་གྱུར་པའི་བྱང་

ཆུབ་སེམས་དཔའ་སེམས་རངས་པ་ལྔ་པོ་རྗེས་སུ་བསྲུང་བའི་ཕྱིར་བྱང་ཆུབ་ཆེན་པོ་ཐོབ་པར་དཀའ་ཞིང་། བཅོམ་ལྡན་འདས་ལ་བསམ་གྱིས་མི་ཁྱབ་པ་ཉིད་ལ་བསམས་ནས། དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད་དེ། བྱང་ཆུབ་ནི་མཆོག་ཏུ་དཀོན་ནོ་ཞེས་སྨྲས་སོ། །དེའི་ཕྱིར་དེ་ལྟར་ན་
བྱང་ཆུབ་སེམས་དཔའ་ཉམ་ང་བ་འགའ་ཞིག་ཏུ་ཆུད་པ་རྣམས་སེམས་ཅན་ལ་ལྟོས་ནས་མི་དགེ་བ་ཡང་བྱེད་ལ། མི་དགེ་བ་དེ་ཡང་སེམས་ཀྱི་དབང་གིས་དགེ་ལེགས་ཉིད་དུ་འགྱུར་རོ། །འདིར་བཤད་པ། གདུག་ལ་སྙིང་རྗེ་ཆེན་པོ་དང་། །གདུག་མིན་བྱམས་པ་ཆེ་སྐྱེ་བ། །དེ་ཕྱིར་སྐྱེས་བུ་
མཆོག་རྣམས་ལ། །སྡིག་ཏོའི་སྒོ་མོ་ཡོད་མ་ཡིན། །བྱང་ཆུབ་སེམས་དཔའ་འདི་རྣམས་ལ་གང་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞེ་ན། རབ་ཏུ་དགའ་བ་ཞེས་བྱ་བ་སེམས་བསྐྱེད་པ་དང་པོ་ནས་བཟུང་ནས་སོ། །འདིར་བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ། གཅིག་
ནི་མངོན་པར་འདོད་པའོ། །གཉིས་པ་ནི་དོན་དམ་པའོ། །དེ་ལ་མངོན་པར་འདོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ནས་བཟུང་སྟེ། སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་ཡོད་དོ། །དོན་དམ་པ་ནི་རྣམ་པ་བཅུར་འགྱུར་ཏེ། ས་རབ་ཏུ་དགའ་བ་སེམས་བསྐྱེད་པ་
དང་པོ་ནས་ས་ཆོས་ཀྱི་སྤྲིན་སེམས་བསྐྱེད་པ་བཅུ་པའི་བར་རོ། །དེ་ལ་རེ་ཞིག་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བ་དེ་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཕྱིར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དང་པོ། །ས་སྟེངས་སྐྱེ་བོ་
ཐམས་ཅད་ནི། །འཁོར་ལོས་སྒྱུར་བ་ཉིད་འགྱུར་བ། །དེ་དག་བསོད་ནམས་ལས་ཁྱད་འཕགས། །བསོད་ནམས་གང་ཞིག་ཉེ་བར་བསགས་པས་གླིང་བཞི་པའི་བདག་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དེ་ཉིད་རེ་ཞིག་ཆེས་མང་ན། གང་ས་སྟེངས་ཀྱི་སེམས་ཅན་རྣམས་
འཁོར་ལོས་སྒྱུར་བར་འགྱུར་བའི་ལས་ལ་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་ཐམས་ཅད་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་སྒྱུར་བར་འགྱུར་བའི་ལས་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་པ་དང་པོའི་བསོད་ནམས་ཀྱི་ཆ་འམ་ཟླར་ཡང་ཉེ་བར་མི་

འགྲོའོ། །འདི་ལྟར་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བའི་ཚོགས་ཐམས་ཅད་འབྱུང་བའི་ས་བོན་གྱི་ངོ་བོར་གནས་པས་འཁོར་བ་ཇི་སྲིད་པའི་མཐའ་གཏུགས་པའི་འགྲོ་བ་རྗེས་སུ་གཟུང་བའི་ཕྱིར་གནས་ལ། འཁོར་ལོས་སྒྱུར་བའི་
བསོད་ནམས་ནི་དུས་ཉུང་ཟད་ཅིག་ཁ་ཅིག་དག་གི་མངོན་པར་མཐོ་བའི་བདེ་བ་ཙམ་གྱི་རྒྱུ་ཡིན་པས་ཤིན་ཏུ་ཁྱད་པར་ཆེ་སྟེ། གསད་བྱའི་ཐར་པ་དང་། ལྟད་མོ་པ་ཕམ་པར་བྱས་པ་དང་། ཁྱེའུས་ཕམ་པར་བྱས་པ་དང་། རྒྱལ་པོའི་དྲིལ་འདུ་བའི་སྒོ་ཡིན་པ་བཞིན་ནོ། །ཇི་ལྟར་
གསད་པར་བྱ་བ་ལ་ཐར་པ་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱ་བ་དང་། དགའ་བར་བྱ་བའི་ཆོས་རྣམ་པ་དེ་ལྟ་བུ་གཞན་འགའ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ལ་ཡང་སེམས་བསྐྱེད་པ་དང་པོ་ཉེ་བར་བཟུང་སྟེ། སེམས་ཅན་ཐམས་ཅད་འཁོར་བར་བཅིངས་
པ་ཐར་པར་བྱེད་པ་ཇི་ལྟ་བ་དེ་ལྟར་ཆོས་གཞན་མངོན་པར་འདོད་པར་བྱ་བ་མེད་དེ། དེའི་ཕྱིར་འཁོར་ལོས་སྒྱུར་བའི་བསོད་ནམས་དང་མཉམ་པར་ག་ལ་འགྱུར། ཡང་ཇི་ལྟར་གྱད་རྒན་རབས་ལྟད་ས་པ་ཐམས་ཅད་ཕམ་པར་བྱས་ཏེ་དོན་པོའི་བ་དན་བཟུང་ནས་ཁྱེའུས་ཕམ་པར་བྱེད་པ་དེ་
བཞིན་དུ། འཁོར་ལོས་སྒྱུར་བ་དག་ཀྱང་གླིང་བཞིའི་གནས་ཐམས་ཅད་ཕེབས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པས་ཟིལ་གྱིས་གནོན་ཏོ། །ཡང་ཇི་ལྟར་རྒྱལ་པོའི་དྲིལ་ནི་དེའི་སྒོ་ནས་བདེ་བླག་ཏུ་རིགས་པ་དང་། མི་རིགས་པ་རྣམ་པར་སྤྱོད་པའི་ཕྱིར་རྒྱལ་པོ་ལ་
ནོར་མང་པོ་འདུ་བ་དང་འགྲོ་བ་ཡོངས་སུ་བསྲུང་བའི་རྒྱུར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དང་པོ་ཡང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཉིད་ཐོབ་པའི་བར་གྱི་རྒྱུ་ཡིན་པའི་ཕྱིར་འགྲོ་བའི་དོན་ཆེན་པོ་འབྱུང་བའི་སྒོར་འགྱུར་རོ། །བྱང་ཆུབ་སེམས་དཔའ་
ནི་འཁོར་ལོས་སྒྱུར་བའི་བསོད་ནམས་འབྱུང་བའི་སྒོར་ཡང་འགྱུར་ཏེ། དེས་མཆོད་པས་འཁོར་ལོས་སྒྱུར་བ་ཉིད་འཐོབ་པའི་ཕྱིར་རོ། །འདིར་བཤད་པ། རེ་ཞིག་བྱང་ཆུབ་སེམས་དཔའ་ནི། །གཅིག་གི་བསོད་ནམས་གང་ཡིན་པ། །དེ་འདིར་གལ་ཏེ་གཟུགས་ཅན་ན། །འགྲོ་ཡོངས་ཁྱབ་

ནས་གནས་གྱུར་ཏེ། །སེམས་ཅན་རྣམས་མཐའ་ཡས་ཕྱིར་དང་། །སངས་རྒྱས་མཁྱེན་པ་ཚད་མེད་དང་། །དེར་ནི་ཡོངས་སུ་བསྔོས་པའི་ཕྱིར། །བསོད་ནམས་དེ་ནི་མཐའ་ཡས་འགྱུར། །འདིར་སྨྲས་པ། སེམས་བསྐྱེད་པ་དང་པོའི་བསོད་ནམས་ནི་བཤད་ན་གང་གཞན་དག་ལ་བྱང་
ཆུབ་ཀྱི་སེམས་སྐྱེད་པར་བྱེད་པ་དེའི་བསོད་ནམས་ཅི་ཙམ་ཞིག་ཏུ་འགྱུར། བཤད་པར་བྱ་སྟེ། རིན་ཆེན་རང་བཞིན་མཆོད་རྟེན་ནི། །འཇིག་རྟེན་རྙེད་མཐོ་འགས་བྱས་པ། །དེ་བས་སེམས་ཅན་གཅིག་འདུལ་པོ། །མཆོག་ཏུ་བཀྲབས་པར་བརྗོད་པ་ཡིན། །འཇིག་རྟེན་གསུམ་གྱི་
སྟོན་པ་གཅིག་པུ། བསོད་ནམས་ཀྱི་གཞི་དམ་པ། དམ་པའི་ཆོས་ཀྱི་འཁོར་ལོ་སྒྱུར་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སླད་དུ་དེའི་རིང་བསྲེལ་གྱི་སྙིང་པོ་ཅན་གསེར་དང་བཻ་ཌཱུརྱ་ལ་སོགས་པ་རིན་པོ་ཆེའི་རང་བཞིན་གྱི་མཆོད་རྟེན་ཆེན་པོ་འཕང་དུ་འོག་མིན་གྱི་གནས་ཀྱི་
མཐའ་གཏུགས་པ། རྒྱར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་ལྡན་པ་ཞིག་བྱས་ཏེ། དེ་ལ་རྗེས་སུ་མཐུན་པའི་གདུགས་ཟླུམ་བརྩེགས་མ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་གྱི་ཐེམ་སྐས་བྲེས་ཤིང་བསྐལ་པ་རྫོགས་པར་དེ་ལ་མེ་ཏོག་དང་།
བདུག་པ་དང་། མར་མེ་དང་། ཞལ་ཟས་དང་། རོལ་མོའི་སྒྲ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་མཆོད་པའི་བྱེ་བྲག་ཐམས་ཅད་དང་། གར་དང་། གླུ་དབྱངས་དང་། རོལ་ཆ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་མཆོད་པ་བྱེད་ལ། ཡང་གང་ཞིག་
སེམས་ཅན་གཞན་གཅིག་པུ་ཞིག་བྱང་ཆུབ་ཀྱི་ཕྱིར་འདུལ་བར་བྱེད་ཅིང་། ཡང་དག་པར་འཛུད་པར་བྱེད་ན། མཆོད་རྟེན་བཞེངས་ཤིང་མཆོད་པ་བྱེད་པའི་མི་དེ་བས་ཡང་དག་པར་འཛུད་པར་བྱེད་པ་འདི་ཆེས་མཆོག་ཏུ་འགྱུར་ཏེ། བསོད་ནམས་ཆེས་མང་པོ་འབྱུང་བའི་ཕྱིར་རོ། །ཤི་བ་
སྦྱོང་བ་དང་། བུ་སྨད་གསོ་བ་བཞིན་ནོ། །སྐྱེས་བུ་འགའ་ཞིག་དུས་བྱས་པ་དང་། དེ་ལ་མཛའ་བཤེས་གཉིས་ཡོད་པར་གྱུར་ལ། དེ་གཉིས་ལས་གཅིག་གིས་ནི་ཤི་བའི་རོ་འབྱིན་ཞིང་སྦྱོང་བ་ཙམ་ཞིག་བྱས་ལ། གཞན་གྱི་བུ་སྨད་ལ་སོགས་པ་གསོ་བ་དང་། སྐྱོང་

བ་བྱས་ན། དེའི་རོ་སྦྱངས་པ་ཙམ་གྱིས་ནི་ཅི་ཞིག་བྱ་སྟེ། རིགས་བརྒྱུད་བསྲལ་བ་བྱས་པ་མཆོག་ཡིན་ནོ། །དེ་བཞིན་དུ་འགའ་ཞིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་པུར་ཡོངས་སུ་སྦྱངས་པ་ལ་འཇུག་
ལ། དེ་བཞིན་དུ་ཁ་ཅིག་གིས་ནི་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གདུང་བརྒྱུད་རྒྱུན་མི་འཆད་པར་བྱ་བའི་དོན་དུ། སྲོག་ཆགས་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལའོ། །དེ་བཞིན་གཤེགས་པའི་པུར་སྦྱོང་བ་པོས་ནི་སངས་རྒྱས་ཀྱི་གདུང་བརྒྱུད་
རྗེས་སུ་འཇུག་པར་བྱེད་པ་ཇི་ལྟ་བ་བཞིན་དུ། བསོད་ནམས་ཀྱི་ཕུང་པོ་རྣམ་པ་དེ་ལྟ་བུ་བསྐྲུན་པ་མ་ཡིན་ནོ། །འདིར་བཤད་པ། གང་ཕྱིར་འཇིག་རྟེན་མཐར་ཐུག་པར། །དཀོན་མཆོག་གསུམ་རྒྱུན་མི་གཅད་ཕྱིར། །རྒྱུད་ཀྱི་ས་བོན་བཏབ་གྱུར་པ། །དེ་ཕྱིར་དེ་ཡི་བསོད་ནམས་ཆེ། །
བྱང་ཆུབ་སེམས་དཔའ་འདིས་ཇི་ལྟར་སེམས་ཅན་རྣམས་ཀྱི་དོན་བྱ་ཞེ་ན། དེ་དག་གི་བསམ་པ་དང་རྗེས་སུ་མཐུན་པར་ཐ་སྙད་བྱེད་པས་སོ། །དེ་ཡི་ཕྱིར་དེས་ཆེས་ཐོག་མར། །དེ་ལ་ཕན་འདོད་བླ་མ་ཡིས། །སློབ་མ་ལ་ནི་སྲི་ཞུ་བྱ། །གང་ཕྱིར་དེས་ཕན་མི་ཤེས་པ། །དེ་ཕྱིར་སློབ་མ་
ཞེས་བྱའོ། །དེས་བློ་འཆལ་བའི་ཕྱིར་བླ་མ་དག་ལ་བསྙེན་བཀུར་བྱའོ་སྙམ་དུ་མི་ཤེས་སོ། །དེ་ནི་དུལ་བ་ཞེས་བྱ་བའི་འཛོལ་དུ་གཞུག་པར་འདོད་པས་ཧྭགས་ཀྱི་ལ་དུ་དང་བུར་ཤིང་དུམ་བུ་ལ་སོགས་པ་དག་གིས་གླང་པོ་ཆེ་སྨྱོན་པ་ལྟར་རིམ་གྲོས་གཞུག་པར་བྱ་ཞིང་། །དེ་ནས་དེ་ལ་
ཉེ་བར་བཀྲི་བའི་ཞགས་པས་བཏབ་ནས་བསྡམས་པའི་སྐམ་ཁས་ཡོངས་སུ་སྐྱོང་བར་བྱེད་པས་དུལ་བའི་ལྕགས་ཀྱུས་བསྡམ་པར་བྱ་སྟེ་དེ་ལྟར་བྱེད་པ་ན་ཕན་པར་འདོད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འདི་བདག་ལ་ཕན་པ་མི་ཤེས་པའི་ཕྱིར་རྗེས་སུ་བསྟན་པར་བྱ་བ་ཡིན་ཏེ་དེའི་
ཕྱིར་སློབ་མ་ཞེས་བརྗོད་དོ། །ལྟེང་རྒྱས་འོད་སྲུངས་བཞིན་ཏེ། ཆོ་འཕྲུལ་དག་རྒྱས་པར་ལྟེང་རྒྱས་འོད་སྲུངས་ཀྱི་མདོ་ལས་བརྗོད་པར་བྱའོ། །འདིར་བཤད་པ། ཚིག་སྙན་དག་གིས་སྲི་ཞུར་ཡང་། །བྱས་ཏེ་ཡིད་རྗེས་བཟུང་ནས་ནི། །དེ་འོག་བླ་མས་སློབ་མ་ལ། །བྱང་ཆུབ་

སེམས་ནི་བསྐྱེད་པར་བྱ། །བྱང་ཆུབ་སེམས་ནི་བསྐྱེད་ནས་དེ། །ཁད་ཀྱིས་ཁད་ཀྱིས་རྒྱ་ཆེ་ཡི། །ཆོས་རྣམས་དང་ནི་ཟབ་མོ་ཡི། །ཆོས་ཀྱི་ཚུལ་ལ་ཡང་དག་དགོད། །ཅི་སྟེ་སློབ་མ་གནོང་མི་བཀུར་བར་འགྱུར་ན། དེ་ལྟར་ན་ཡང་དེས་དེ་ལ་སྐྱོ་བར་མི་བྱའི། དེའི་གཤིས་ངན་
གང་དག་གིས་བྱས་པའི་ཉོན་མོངས་པ་དེ་དག་གཞོམ་པར་བྱ་སྟེ། དཔེར་ན། ཁྲོ་ཡང་འབྱུང་པོས་བཟུང་བ་ལ། །སྨན་པ་འཁྲུག་པ་མིན་དེ་ལྟར། །ཐུབ་པ་ཉོན་མོངས་དག་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །འདི་ལྟར་གང་ཞིག་གང་ལ་འཁྲུགས་པ་དེས་
ནི་དེ་ལ་ཕན་པ་བསྒྲུབ་པར་མི་ནུས་སོ། །དེའི་ཕྱིར་རྗེ་དཔོན་ཁྲོས་པར་གྱུར་པ་ལྟར་དེ་ལ་རིམ་གྲོ་བྱས་ནས་མགུ་བར་བྱེད་ལ། དེ་ནས་ཉམས་ཇི་ལྟ་བ་དང་། ཇི་ལྟར་བསྟེན་པ་ལྟར་ཕན་པར་བྱེད་དེ། དཔེར་ན་སྨན་པ་སྐྱེ་བོ་གདོན་གྱིས་བརླམས་པས་གཤེས་ཀྱང་དེ་ལ་སྐྱོན་དུ་མི་ལྟ་
བ་ནི་དེ་ལ་མི་ཁྲོ་བར། ཤིན་ཏུ་ཆེས་འབྱུང་པོས་བཅོས་པ་ལ་རབ་ཏུ་སྦྱོར་ཞིང་འབྱུང་པོས་ཟིན་པ་ལ་ཕན་པའི་བསམ་པ་སྐྱེད་པར་བྱེད་པ་དེ་བཞིན་དུ། ཉོན་མོངས་པ་དག་ཁོ་ན་གནོད་པ་དྲག་ཅིང་རྩུབ་པ་ཅན་དུ་རིག་ནས་དེ་དག་ཁོ་ནའི་རྩ་བ་གཅད་པར་བྱ་བའི་ཕྱིར་ཆེས་ཚབས་ཆེར་གོ་
གྱོན་ཏོ། །གང་དུ་བདག་ཉིད་ཁྲོས་པ་དག་ཀྱང་མགུ་བར་བྱ་དགོས་པ་དེར་དེས་གཞན་ཁྲོ་བར་བྱེད་པ་ཞེས་བྱ་བ་འདི་ལ་སྐབས་མེད་པ་ཉིད་དོ། །སེང་གེ་མཚོན་འཕེན་པ་པོ་ལ་བསྣུན་པ་བཞིན་ནོ། །ཇི་ལྟར་རི་དགས་ཀྱི་རྒྱལ་པོ་སེང་གེ་འཕེན་པ་པོ་ལ་བསྣུན་གྱི་འཕངས་པ་ལ་མ་
ཡིན་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉོན་མོངས་པ་དག་ལ་བསྣུན་གྱི། ཉོན་མོངས་པ་དང་འབྲེལ་བ་དག་ལ་ནི་མ་ཡིན་ཏེ། དེའི་ཕྱིར་གཞན་དག་གིས་ཀྱང་དེ་ཁོ་ན་ལྟར་རྗེས་སུ་བསླབ་པར་བྱའོ། །འདིར་བཤད་པ།
འདི་འདིར་སེམས་ཅན་སྐྱོན་མིན་གྱི། །འདི་ནི་ཉོན་མོངས་རྣམས་སྐྱོན་ཞེས། །རྣམ་པར་དཔྱད་ནས་མཁས་པ་རྣམས། །སེམས་ཅན་དག་ལ་འཁྲུག་མི་བྱེད། །དེའི་ཕྱིར་དེ་ལྟར་ན་སློབ་མ་ལ་རྗེས་སུ་སྟོན་པའི་སློབ་དཔོན་གྱིས། གང་ཞིག་གང་གང་ལ་དགའ་བའི། །དེ་ཡིས་དེ་དེ་

སྔར་དཔྱད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཕན་པ་ཉེ་བར་འདོམས་ཤིང་གཞན་གྱི་བསམ་པ་ཡང་དག་པར་སུན་འབྱིན་པར་མི་བྱེད་པ། དང་བ་ཆེས་འཕེལ་བར་བྱེད་པ། གཞན་གྱི་བསམ་པ་དང་མཐུན་པར་བསྒྲུབས་པས་
ནི་དེ་ཉེ་བར་ལུང་དཔོག་པར་བྱའོ། །འདི་ལྟར་སེར་སྣ་ཅན་ནི་སྦྱིན་པའི་གཏམ་གྱིས་མི་དགའ་ལ། ཚུལ་ཁྲིམས་འཆལ་པ། ཚུལ་ཁྲིམས་ཀྱི་གཏམ་གྱིས་སོ། །ཁྲོ་བ་ཅན་བཟོད་པའི་གཏམ་གྱིས་སོ། །ལོངས་སྤྱོད་འདོད་པ་སྦྱིན་པའི་གཏམ་གྱིས་དགའ་ལ། མཐོ་རིས་འདོད་པ་ཚུལ་ཁྲིམས་
ཀྱི་གཏམ་དང་། གཟུགས་བཟང་བར་འདོད་པ་བཟོད་པའི་གཏམ་གྱིས་སོ། །དེའི་ཕྱིར་དེ་ལྟ་བུ་ལ་སོགས་པའི་གཏམ་དག་སྔར་ཉེ་བར་བསྟན་ནས་ཕྱིས་སྣོད་དུ་གྱུར་པར་ཤེས་པར་བྱས་ནས། ཟབ་མོའི་གཏམ་དག་གླེང་བར་བྱ་སྟེ། དང་པོ་ཁོ་ནར་རྗེས་སུ་མི་མཐུན་པའི་གཏམ་གྱིས་མི་
དགའ་བར་གྱུར་པ་དེ་ནི་དེ་ལས་འབྱོལ་བ་ན་ཕན་པ་ཉེ་བར་སྟོན་པའི་སྣོད་ཉིད་དུ་མི་འགྱུར་རོ། །སྐྲ་མཛེས་ཀྱི་སྐྱེས་རབས་དང་། མཁན་པོ་སློབ་མའི་རྗེས་སུ་འཇུག་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སྐྲ་མཛེས་ཞེས་བྱ་བ་སྨན་པར་གྱུར་པས་ཚོང་པའི་བུད་མེད་འདོད་ཆགས་
ཀྱིས་སྨྱོས་ཤིང་ཁྱོ་ཤི་བའི་རོ་ཕྲག་པས་ཁུར་བ་དབུགས་དབྱུང་བའི་ཕྱིར་བུད་མེད་ཤི་བའི་རོ་ཟླ་བ་དྲུག་ཏུ་ཕྲག་པས་ཁུར་བ་ཇི་ལྟ་བ་དང་། དགྲ་བཅོམ་པས་ཟས་ལ་ཞེན་པས་བདག་ཉིད་ལ་སེམས་སྣད་པའི་ཉེས་པ་ལས་སློབ་མས་བདེན་པ་དག་མི་མཐོང་བར་ཤེས་ནས་དེ་དང་བསྟུན་པའི་
ཕྱིར་ཟས་བསྲེས་ཏེ་སྣོད་གཅིག་གིས་བླངས་པ་གང་ཡིན་པ་དེ་ཉིད་ཕྱིས་སོ་སོར་སྣོད་མང་པོས་ཁྱེར་དུ་བཅུག་པར་གྱུར་ལ། དེ་ནས་དེས་རབ་ཏུ་དང་བར་གྱུར་ནས་མཁན་པོའི་ཐད་དུ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་ཇི་ལྟ་བ་བཞིན་ནོ། །འདིར་བཤད་པ། རེ་ཞིག་ཐོག་
མར་ཉན་པ་པོ། །སྦྱིན་གཏམ་སོགས་ལ་ཡང་དག་སྦྱར། །སྣོད་དུ་ཤེས་ནས་ཕྱིས་དེ་ལ། །ཟམ་མོའི་གཏམ་ནི་བསྙད་པར་བྱ། །ཡང་གང་དག་ལན་བརྒྱར་བཟློག་ཏུ་ཟིན་ཀྱང་ཡང་དང་ཡང་དུ་མི་རིགས་པའི་ལམ་དེ་ཉིད་བསྟེན་པ་དེ་དག་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་

ཀྱི་ཡོན་ཏན་དང་ལྡན་པ་རྣམས་པས་ཆེས་ཤིན་ཏུ་སྙིང་བརྩེ་བར་བྱ་བ་ཡིན་ཏེ། དེའི་ཕྱིར། ཇི་ལྟར་མ་ནི་ཁྱད་པར་དུ། །ནད་ཐེབས་བུ་ལ་གདུང་འགྱུར་བ། །དེ་བཞིན་བྱང་ཆུབ་སེམས་དཔའི་བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། །སྙིང་རྗེ་ནི་གཞན་དག་གི་སྡུག་བསྔལ་སེལ་བའི་རྣམ་
པ་ཅན་ནོ། །དེ་ནི་དེ་ལ་དམིགས་པའི་ཁྱད་པར་གྱིས་ཕུལ་དུ་བྱུང་བ་དང་ལྡན་པར་སྐྱ་སྟེ། ཇི་སྐད་བཤད་པའི་རང་བཞིན་ཅན་གྱི་སེམས་ཅན་མཐའ་ཡས་པ་རྣམས་ད་ལྟར་བྱུང་བའི་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་དང་། འབྱུང་བར་འགྱུར་བའི་ངན་འགྲོ་ལ་སོགས་པ་མྱོང་བར་འགྱུར་
བའི་སྡུག་བསྔལ་གྱིས་ཤིན་ཏུ་སྡུག་བསྔལ་བ་དེའི་ཕྱིར་དེ་རྣམས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཁྱད་པར་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་སྤྲོ་བར་འགྱུར་ཞིང་གཞན་ལ་ཕན་པའི་བྱ་བ་ལྷུར་ལེན་པ་རྣམས་ཇི་ལྟར་དེ་དག་ལ་བཏང་
སྙོམས་སུ་འགྱུར་ཏེ། སྤོང་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ནི་བུ་ལ་བྱམས་པའི་མ་བུ་ནད་ཀྱིས་ཐེབས་པ་ལ་ཆེས་ཤིན་ཏུ་གུས་པར་བྱ་སྟེ་རིམ་གྲོ་བྱེད་པ་ཇི་ལྟ་བ་དེ་ལྟར་རྣལ་མར་གནས་པའི་ངོ་བོ་ལ་མ་ཡིན་པ་དེ་དང་འདྲའོ། །གདོལ་པ་མོས་བུ་དྲུག་པ་སོ་སོའི་སྐྱེ་བོ་ལ་བྱ་བ་མ་ཡིན་པ་དོགས་
པ་བཞིན་ནོ། །ཇི་ལྟར་གདོལ་པ་མོ་དེ་དག་ལ་བྱ་བ་མ་ཡིན་པ་མི་དོགས་པས་བུ་འཕགས་པའི་གང་ཟག་ལྔ་པོ་བྱ་བ་མ་ཡིན་པ་བྱེད་པ་གསད་པར་བྱའོ་ཞེས་རྒྱལ་པོའི་བཀས་སྦྲན་པ་ན་ཉེན་པར་མ་གྱུར་ལ། དེ་ལ་བྱ་བ་མ་ཡིན་པ་དོགས་པས་དྲུག་པ་སྦྲན་པ་ན་ཤིན་ཏུ་ཉེན་པར་མ་གྱུར་
པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་དམ་པ་མ་ཡིན་པ་དག་ལ་ལྷག་པར་སྙིང་བརྩེ་བའོ། །འདིར་བཤད་པ། བརྩེ་བའི་བདག་ཉིད་ཅན་འདི་རྣམས། །སེམས་ཅན་ཀུན་ལ་སེམས་སྙོམས་མོད། །དེ་ལྟའང་དེ་རྣམས་སྙིང་རྗེ་ནི། །སྡིག་བདག་ཅན་ལ་ཁྱད་པར་དུའོ། །
གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་དམ་པ་མ་ཡིན་པ་དག་ལ་ཀླགས་པར་འགྱུར་བ་དེ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་ཕུང་པོ