Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 103

Văn bản gốc(Tây Tạng)

Trang 4 / 24 (50.000 ký tự/trang)
བྱེར་ལ།
སྡུག་བསྔལ་ནི་མདུན་ནས་མདུན་ནས་ཉེ་བར་འདུ་བའི་ཕྱིར་སྡུག་བསྔལ་ཁོ་ན་ལུས་འདིའི་བདག་གི་བ་ཡིན་པར་སྣང་ལ། བདེ་བ་ནི་གཞན་དུ་གྱུར་པ་སྟེ། ལམ་རིང་པོར་འགྲོ་བ་བཞིན་ནོ། །ཇི་ལྟར་ལམ་རིང་པོར་འགྲོ་བ་ལ་ཉིན་རེ་ཉིན་རེ་ཞིང་ངལ་བའི་སྡུག་བསྔལ་དང་ལམ་
རྒྱགས་ཟད་པའི་སྡུག་བསྔལ་ཆེས་དྲག་པོ་འབྱུང་བ་དེ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཇི་ལྟ་ཇི་ལྟར་ཤིན་ཏུ་ཡུན་རིང་པོར་འཚོ་བ་དེ་ལྟ་དེ་ལྟར་རྒ་བའི་སྡུག་བསྔལ་འཐོབ་ཅིང་འཆི་བ་ལ་ཡང་ཉེ་བར་འགྱུར་རོ། །འདིར། གང་ཕྱིར་ཆགས་པ་ལྟར་སྡུག་བསྔལ། །འདི་
ཡི་མདུན་དུ་མདུན་དུ་འགྲོ། །གཞན་བཞིན་ལུས་ཀྱི་བདེ་བ་ནི། །འདོར་བ་དེ་ཕྱིར་གཞན་དུ་འགྱུར། །ཞེས་བཤད་དོ། །འདིར་སྨྲས་པ། གང་གི་ཕྱིར་གལ་ཏེ་ཡང་ལུས་འདི་ལ་སྡུག་བསྔལ་རང་བཞིན་གྱིས་ཡོད་མོད་ཀྱི་དེ་ལྟ་ན་ཡང་བདེ་བའི་རྒྱུས་བཅོར་ཡོད་པ་དེའི་ཕྱིར་བདག་གི་ལུས་ལ་
སྐྱོ་བར་མི་བྱའོ། །བཤད་པར་བྱ་སྟེ། སྡུག་བསྔལ་གྱི་ནི་རྒྱུ་མང་པོ། །ནད་རྣམས་དང་གཞན་སྣང་འགྱུར་བ། །དེ་སྙེད་དུ་ནི་མི་རྣམས་ལ། །བདེ་བའི་རྒྱུ་དག་སྣང་མ་ཡིན། །འདི་ན་ལུས་ལ་སྡུག་བསྔལ་གྱི་རྒྱུ་ནང་གི་བདག་ཉིད་ལས་གྱུར་པ་ཁམས་མ་སྙོམས་པའི་རྒྱུ་ཅན་ནད་རྣམས་
དང་། གཞན་གྲང་བ་ལ་སོགས་པའི་ཕྱི་རོལ་གྱི་རྒྱུ་ལས་བྱུང་བ་རེག་པ་ཡིད་དུ་མི་འོང་བ་ཅན་རྣམས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བདེ་བའི་རྒྱུ་ནང་དང་ཕྱི་རོལ་གྱི་རྒྱུ་ཅན་དག་ནི་ལུས་འདི་ལ་མི་སྣང་ངོ་། །གང་གི་ཕྱིར་ལུས་ལ་བདེ་བའི་རྒྱུ་དག་ཉུང་ལ། སྡུག་བསྔལ་གྱི་རྒྱུ་དག་མང་བ་དེའི་ཕྱིར་བདེ་བའི་
རྒྱུ་ཡོད་པའི་ཕྱིར་སྡུག་བསྔལ་ལ་སྐྱོ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་དེ་མ་ཡིན་ཏེ་རྒྱལ་པོའི་བུ་མོ་ལ་རང་ཉིད་ཀྱི་ཁྱིམ་ཐབ་དོན་དུ་གཉེར་བ་དང་། རྣམ་ཐོས་ཀྱི་བུའི་བུ་མོས་ང་ལས་ནུ་བཞིན་ནོ། །གང་དག་རང་ཉིད་ཀྱི་ཁྱིམ་ཐབ་ལས་རྒྱལ་པོའི་བུ་མོ་དོན་དུ་གཉེར་བ་དེ་དག་ནི་སྡུག་བསྔལ་དང་འབྲེལ་

བར་འགྱུར་རོ། །དེ་ནི་གཅིག་ཁོ་ན་བདེ་བའི་རྒྱུར་འགྱུར་གྱི། ཐམས་ཅད་མ་ཡིན་ལ། མང་པོ་ཞིག་ཀྱང་དོན་དུ་གཉེར་བར་བྱེད་ཀྱི། ཐོབ་པ་ཡང་མ་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་རྣམས་ལ་སྡུག་བསྔལ་གྱི་རྒྱུ་དག་མང་ལ། བདེ་བའི་
རྒྱུ་དག་ནི་ཉུང་ངོ་། །དེ་བཞིན་དུ་རྣམ་ཐོས་ཀྱི་བུའི་བུ་མོ་འཕྲོགས་པས་ང་ལས་ནུ་ལ་སྡུག་བསྔལ་གྱི་རྒྱུ་དག་དུ་མ་ཡོད་པར་འགྱུར་ལ། བདེ་བའི་རྒྱུ་དག་དེ་ལྟ་མ་ཡིན་པ་ལྟ་བུ་སྟེ། གཉིས་ཆར་སྟོབས་དང་ལྡན་པའི་ཕྱིར་རོ། །འདིར་བཤད་པ། ལུས་བདེ་ཆུ་ཡི་ཐིགས་འདྲ་ཞིང་།
སྡུག་བསྔལ་རྒྱ་མཚོའི་ཆུ་བཞིན་དུ། །ཤེས་ནས་མཁས་པ་ཇི་ལྟ་བུར། །དེ་ལ་བདེ་བ་ཡོད་པར་སེམས། །འདིར་སྨྲས་པ། གལ་ཏེ་བདེ་བ་ཞེས་བྱ་བ་ཡོད་པར་མི་འགྱུར་ན་ནི། འདི་ལ་འཕེལ་བར་མི་སྣང་བར་འགྱུར་བ་དེ་ལྟ་ཞིག་ན། གང་གི་ཕྱིར་བདེ་བ་ལ་འཕེལ་བ་སྣང་བ་དེའི་ཕྱིར་བདེ་བ་
ཡོད་དོ། །བཤད་པར་བྱ་སྟེ། འཕེལ་བཞིན་པ་ཡི་བདེ་བ་ལ། །ཇི་ལྟར་ལྡོག་པ་མཐོང་འགྱུར་བ། །དེ་ལྟར་སྡུག་བསྔལ་འཕེལ་བཞིན་པ། །བཟློག་པ་ཡོད་པ་མ་ཡིན་ནོ། །བདེ་བ་ཇི་ལྟ་ཇི་ལྟར་འཕེལ་བར་འགྱུར་བ་ནི་དེ་ལྟ་དེ་ལྟར་འཕེལ་བཞིན་པ་དེ་ལས་བཟློག་པར་མཐོང་ངོ་། །གལ་ཏེ་རང་བཞིན་
གྱིས་བདེ་བར་འགྱུར་ན་ནི་དེ་ལས་བཟློག་པ་ཡོད་པར་མི་འགྱུར་བ་ཞིག་ན། བདེ་བ་འཕེལ་བཞིན་པ་ལ་ནི་དེ་ལྟར་བཟློག་པ་ཡོད་ཀྱི། སྡུག་བསྔལ་ནི་མ་ཡིན་ཏེ། འདི་ལྟར་བདེ་བ་ནི་མངོན་པར་འཕེལ་བ་ན་ཡུན་རིང་པོས་སྨད་པ་དང་མནོག་ཆུང་བར་འགྱུར་ལ། སྡུག་བསྔལ་མངོན་པར་
འཕེལ་བ་ནི་ཆེས་ལྷག་པར་གདུང་བས་རྩུབ་ཅིང་། ལུས་དང་སེམས་ཆེས་ཤིན་ཏུ་ཉེ་བར་འཇོམས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་འཕེལ་བ་ལ་བཟློག་པ་མེད་པའི་ཕྱིར་ལུས་སྡུག་བསྔལ་གྱི་རང་བཞིན་ཡིན་གྱི་རང་བཞིན་གྱིས་ནི་བདེ་བ་མེད་དེ་ང་ལས་ནུ་ལྷུང་བ་བཞིན་ནོ། །ཇི་ལྟར་བརྒྱ་
བྱིན་གྱི་སྟན་ཕྱེད་འདོད་པས་འོག་ཏུ་ལྷུང་བའི་ཕྱིར་ང་ལས་ནུའི་བདེ་བ་གཞལ་དུ་མེད་པར་འཕེལ་བཞིན་པ་ལ་ཡང་བཟློག་པ་མཐོང་བ་དེ་ལྟར་སྡུག་བསྔལ་ལ་མ་ཡིན་ནོ། །འདིར་བཤད་པ། གལ་ཏེ་བདེ་དེ་རང་བཞིན་གྱིས། །ཡོད་ན་བཟློག་ལས་སྡུག་མི་འགྱུར། །གང་ཕྱིར་བཟློག་

འགྱུར་དེ་ཡི་ཕྱིར། །འདི་ལ་རང་བཞིན་ཡོད་མ་ཡིན། །བདེ་བ་རང་གི་ངོ་བོས་ཉམ་ཆུང་བ་ཉིད་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་རྐྱེན་ཉམ་ཆུང་བ་ཉིད་ཀྱང་ཡིན་ཏེ། འདི་ལྟར། རྐྱེན་དང་ལྷན་ཅིག་བདེ་བ་ལ། །བཟློག་པ་
མཐོང་གི་སྡུག་བསྔལ་ལ། །རྐྱེན་རྣམས་ཉིད་དང་ལྷན་ཅིག་ཏུ། །བཟློག་པ་ཡོད་པ་མ་ཡིན་ནོ། །བདེ་བའི་རྒྱུ་དྲོ་བ་དང་བསིལ་བའི་རེག་པ་ལ་སོགས་པ་རྣམས་ནི་བསྟེན་པ་ན་མཐར་སྡུག་བསྔལ་རྒྱུ་ཉིད་དུ་རྣམ་པར་འགྱུར་གྱི་སྡུག་བསྔལ་གྱི་རྒྱུ་རྣམས་ནི་ཡུན་རིང་པོས་བསྟེན་པ་ན་
ཞེ་སྡང་དྲག་པོས་མིག་དམར་པོར་གྱུར་པའི་མི་སྲུན་པ་རྣམས་ལྟར་ཆེས་བསྲིང་བ་མེད་པར་འཇུག་པ་ལ་སྤྱོད་དོ། །དེའི་ཕྱིར་རྒྱུ་སྟོབས་ཆེ་བ་ཉིད་ཀྱི་ཕྱིར་སྡུག་བསྔལ་ནི་ཆེས་སྟོབས་དང་ལྡན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་སྡུག་བསྔལ་ཆེས་སྟོབས་དང་ལྡན་པས་ཡང་དག་པར་
མནན་པའི་ཕྱིར་ལུས་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་པས་བདེ་བ་མེད་དེ། རྒྱལ་པོ་མྱ་ངན་མེད་ཀྱི་བཙོན་ར་ཉམས་དགའ་བཞིན་ནོ། །རྒྱལ་པོ་མྱ་ངན་མེད་ལ་བཙོན་ར་ཉམས་དགའ་ཞེས་བྱ་བ་ཞིག་ཡོད་པར་གྱུར་ལ། དེར་ཐོག་མར་ཞུགས་པ་གང་ཞིག་རང་འདོད་
ཀྱིས་སྤྱོད་ལམ་བཞི་ལས་གང་ཡང་རུང་བ་ཞིག་གིས་གནས་པ་ནི་དེ་བདེ་བ་མཐོང་བར་གྱུར་པ་ཡིན་ལ། དེ་བདེ་བའི་རྐྱེན་དེ་ཡོད་ཀྱང་ཕྱིས་སྡུག་བསྔལ་བར་གྱུར་ཏེ། དེ་བཞིན་དུ་རྐྱེན་དག་ཡོད་བཞིན་དུ་བདེ་བ་ཁོ་ན་བཟློག་པར་འགྱུར་གྱི། སྡུག་བསྔལ་ནི་མ་ཡིན་ནོ། །འདིར་
སྨྲས་པ། གལ་ཏེ་བདེ་བ་མེད་ན་ནི། །ལྷ་སྦྱིན་བདེ་བ་དང་ལྡན་ནོ། །ཞེས་བྱ་བའི་བརྗོད་པར་མི་འགྱུར་བ་ཞིག་ན། བརྗོད་པ་འདི་ནི་ཡོད་པ་ཡང་ཡིན་ཏེ། དེའི་ཕྱིར་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། ཁྱོད་འཆི་བཞིན་ལ་དུས་སོང་ཞིང་། །འགྲོ་བ་དང་ནི་འགྲོ་འགྱུར་ན། །
འཆི་བཞིན་པ་ནི་བདེ་འགྱུར་ཞེས། །རྣམ་པ་ཀུན་ཏུའང་རིགས་མ་ཡིན། སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཅན་ཡིན་པའི་ཕྱིར་འདུ་བྱེད་རྣམས་སྐད་ཅིག་དང་སྐད་ཅིག་ལ་འཆི་བ་ཡིན་ལ། དེ་ཡང་དུས་གསུམ་ལ་མི་འཁྲུལ་བ་ཡིན་པས་འཆི་བཞིན་པ་ལ་ཁྱོད་ཀྱི་དུས་སོང་ཞིང་

འགྲོ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་དུས་གསུམ་ལ་ཁྱབ་པའི་འཆི་བས་འཆི་བཞིན་པ་ན་བདེ་བ་དང་ལྡན་པར་འགྱུར་རོ་ཞེས་རྣམ་པ་ཐམས་ཅད་དུ་མི་རིགས་སོ། །དེའི་ཕྱིར་བདེ་བ་དང་ལྡན་ནོ་ཞེས་བྱ་བའི་བརྗོད་པ་ལས་བདེ་བ་ཡོད་དོ་ཞེས་བྱ་བ་མི་རུང་སྟེ། བྲན་ངན་པ་ན་ལེ་ཤམ་ཟ་བ་
དང་། ཆང་འཐུང་བ་བཞིན་ནོ། །འབངས་གཞོན་ནུ་ཞིག་གིས་ཁྱིམ་བདག་འགའ་ཞིག་གི་མཆིལ་ལྷམ་བརླག་གོ། །དེ་ནས་ནི་ཁྲིའུའོ། །དེ་ནས་ནི་རྟའོ། །དེ་འཁམས་ནས་དེ་ན་ལེ་ཤམ་གྱི་མཛོད་དུ་བཅུག་གོ། །དེར་བཅུག་ནས་ཀྱང་ན་ལེ་ཤམ་ཟ་བ་དང་། ཆང་འཐུང་བ་ལ་གོམས་
པར་བྱས་སོ། །དེས་དེ་ནས་ཁྱིམ་བདག་དེ་སྟོང་ཕྲག་དང་ཕྲལ་ལོ། །དེ་ནས་སྟོང་ཕྲག་གཉིས་དང་ངོ་། །དེ་ནས་དེ་ལ་དེས་གང་ཁྱོད་བྱ་བ་མ་ཡིན་པ་བྱེད་ཀྱང་ངས་སླར་བསྐྱངས་བཞིན་དུ་ཡང་ནས་ཡང་དུ་གནོད་པ་བྱེད་པ། ཁྱོད་ནི་བྱས་པ་ཆུད་གཟོན་པ་དང་བྱས་པ་མི་ཤེས་པ་ཞིག་གོ་
ཞེས་བརྗོད་པ་དང་། དེས་གང་ཁྱོད་ཡང་ནས་ཡང་དུ་ཉེས་པ་བྱས་ཀྱང་ང་ལ་ཡིད་རྟོན་པར་འགྱུར་བ་ཁྱོད་ཉིད་བྱས་པ་ཆུད་གསོན་ཅིང་བྱས་པ་མི་ཤེས་པ་ཞིག་གོ་ཞེས་སྨྲས་ཏེ། དེ་བཞིན་དུ་བྱིས་པ་རྣམས་ཀྱང་ནུར་ནུར་པོ་ལ་སོགས་པ་ནས་འཆི་བཞིན་དུ་ཁོ་བོ་ཅག་ནི་བདེའོ་ཞེས་
སྨྲའོ། །འདིར་བཤད་པ། གང་ཞིག་ཡང་དང་ཡང་དུ་འཆི་དེ་བདེ་མིན་ཞིང་། །གང་ནས་རྟག་ཏུ་ནད་གཞི་ཡོད་དེ་རྣལ་མ་མིན། །གང་དུ་རྒུད་པ་མདུན་ན་རྟག་དེ་འབྱོར་མིན་ལ། །གང་ཞིག་ཚུལ་མ་ཡིན་པས་བསགས་དེ་ནོར་མ་ཡིན། །དུས་ཐམས་ཅད་འཁྲུལ་པ་མེད་
པའི་འཆི་བདག་གིས་བཟུང་བ་ལ་བདེ་བ་ཆ་ཙམ་གྱི་ཡང་གླགས་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་དེ་ལས་གཞན་པ་སྡུག་བསྔལ་གྱི་རྒྱུ་བར་མེད་པར་ལྷགས་པ་ལས་ཕལ་ཆེ་བ་ཉིད་ཀྱི་ཕྱིར་ཡང་སྡུག་བསྔལ་ལ་བདེ་བའི་འདུ་ཤེས་མི་རིགས་སོ། །འདི་ལྟར།
ལུས་ཅན་རྣམས་ལ་བཀྲེས་སོགས་ཀྱིས། །གནོད་པ་རྟག་ཏུ་ཡོད་འགྱུར་ན། །གནོད་བཞིན་པ་ནི་བདེའོ་ཞེས། །རྣམ་པ་ཀུན་ཏུའང་རིགས་མ་ཡིན། །སྡུག་བསྔལ་གྱི་རྒྱུ་ལུས་ལ་གནོད་པར་བྱེད་པ་བཀྲེས་པ་དང་། སྐོམ་པ་དང་། གྲང་བ་དང་། ཚ་བ་དང་། ནད་ལ་སོགས་

པ་རྟག་ཏུ་ཉེ་བ་དེ་རྣམས་ཀྱིས། བར་མཚམས་མེད་པར་འཁོར་མོར་གནོད་པ་ཇི་ལྟར་བདེ་བར་འགྱུར་ཏེ། མནའ་མ་ཁྱིམ་གྱི་ཚིས་དོན་དུ་གཉེར་བ་བཞིན་ནོ། །མནའ་མ་ཁ་ཅིག་གིས་ཁྱིམ་གྱི་དབང་དོན་དུ་གཉེར་བར་གྱུར་ཏོ། །དེ་སྒྱུག་མོས་
དེ་དང་དེ་ལ་ངེས་པར་སྦྱར་བ་དང་དེ་ནས་གང་སྔར་ཆས་བདར་ལྷུར་བྱེད་པར་གྱུར་པ་ཞིག་བྱ་བ་བྱས་པ་དང་མ་བྱས་པ་དག་ལ་མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ། དེ་བཞིན་དུ་འཇིག་རྟེན་ཡང་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་བཅོ་བའི་རྒྱུར་བས་དང་སྐོམ་ལ་སོགས་
པ་ཚོལ་བས་རྟག་ཏུ་སྡུག་བསྔལ་ཏེ། བདེ་བའི་བློ་ནི་ཕྱིན་ཅི་ལོག་ལས་ཡིན་ནོ། །འདིར་བཤད་པ། རྒྱལ་པོའི་སྐྱེས་བུ་རྣམས་ཀྱིས་རྐུན་པོ་ལྟར། །སྡུག་བསྔལ་རྣམས་ཀྱིས་རྟག་ཏུ་ལུས་འཇོམས་ན། །དེ་འདིར་དམ་པ་རྣམས་ཀྱིས་བདེའོ་ཞེས། །བྱ་བར་ཇི་ལྟ་བུར་ན་
རིགས་པར་འགྱུར། །འདིར་སྨྲས་པ། གལ་ཏེ་ཡང་བདེ་བ་རང་བཞིན་གྱིས་མེད་མོད་ཀྱི། དེ་ལྟ་ན་ཡང་བདེ་བ་ནི་ཚོགས་པའི་སྒོ་ནས་ཡོད་དོ། །བཤད་པར་བྱ་སྟེ། ནུས་པ་མེད་པས་འབྱུང་ཀུན་ལ། །ཚོགས་པ་ཞེས་བྱ་སྐྱེ་འགྱུར་ཏེ། །འགལ་བ་རྣམས་ལ་བདེའོ་ཞེས། །རྣམ་
པ་ཀུན་ཏུ་མི་རིགས་སོ། །འདིར་བདེ་བ་དང་སྡུག་བསྔལ་དག་ནི་ལུས་ལ་རག་ལས་པ་ཡིན་ལ། ལུས་དེ་ཡང་ས་ལ་སོགས་པ་འབྱུང་བ་ཆེན་པོ་ཚོགས་པ་ལས་འབྱུང་ངོ་། །འབྱུང་བ་ཆེན་པོ་ཡང་རེ་རེ་ལ་ལུས་མངོན་པར་སྒྲུབ་པའི་ནུས་པ་མེད་པས་འཚོགས་པར་འགྱུར་རོ། །
འདི་ལྟར་གལ་ཏེ་ནུར་ནུར་པོའི་གནས་སྐབས་ན་ས་མེད་པར་གྱུར་ན་ནི་དེའི་ཚེ་འབྱུང་བ་གསུམ་འཛིན་པར་མི་འགྱུར་ཏེ། དེའི་ཕྱིར་ནུར་ནུར་པོའི་འོག་ཏུ་ལྷུང་བར་འགྱུར་བ་ཞིག་ན། སའི་ཁམས་ཀྱིས་ནི་བཟུང་བ་ཡང་ཡིན་ནོ། །གལ་ཏེ་ཆུའི་ཁམས་མེད་ན་ནི་དེའི་ཚེ་གོང་
བུའི་ངོ་བོར་མི་འགྱུར་བ་ཞིག་ན། ཆུའི་ཁམས་ཀྱིས་བསྡུས་པས་ན་གོང་བུའི་ངོ་བོར་འགྱུར་གྱི་བྱེ་མ་ལྟར་རྡུལ་ཕྲ་རབ་རེ་རེ་ནས་འཐོར་བའི་ངོ་བོར་མི་འགྱུར་རོ། །གལ་ཏེ་མེའི་ཁམས་མེད་པར་གྱུར་ན་ནི། དེའི་ཚེ་ནུར་ནུར་བོ་འདྲུལ་བར་འགྱུར་བ་ཞིག་ན། མེའི་ཁམས་ཀྱིས་སྐམ་

པས་ན་དེ་འདྲུལ་བར་ཡང་མི་འགྱུར་རོ། །གལ་ཏེ་རླུང་གི་ཁམས་མེད་པར་གྱུར་ན་ནི་ནུར་ནུར་པོ་དེ་འཕེལ་བ་དང་། རྒྱས་པ་དང་ཡངས་པ་ཉིད་དུ་མི་འགྱུར་བ་ཞིག་ན། རླུང་གི་ཁམས་ཀྱིས་འཕེལ་བར་འགྱུར་བ་ཡང་ཡིན་ནོ། །དེ་ལྟར་ན་རེ་རེ་མེད་པར་གཞན་རྣམས་ལ་ལུས་མངོན་པར་སྒྲུབ་
པའི་ནུས་པ་མེད་པའི་ཕྱིར་འབྱུང་བ་ཐམས་ཅད་འཚོགས་པར་འགྱུར་རོ། །འབྱུང་བ་ཆེན་པོ་དེ་དག་ནི་ཕན་ཚུན་གནོད་པར་ཞུགས་པ་ཡང་ཡིན་ཏེ། འདི་ལྟར། སའི་ཁམས་ནི་རླུང་གི་ཁམས་ཀྱི་འགྲོས་སྡུག་པར་བྱ་བའི་ཕྱིར་ཞུགས་ལ། རླུང་གི་ཁམས་ཀྱང་སའི་ཁམས་རྣམ་པར་འཐོར་
བ་ལ་མངོན་པར་བརྩོན་ནོ། །ཆུའི་ཁམས་ནི་མེའི་ཁམས་ལ་གནོད་པར་བྱ་བའི་ཕྱིར་ཡིན་ལ། མེའི་ཁམས་ཀྱང་ཆུའི་ཁམས་བསྐམ་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་སོ། །དེ་ལྟར་ན་འབྱུང་བ་ཆེན་པོ་འདི་རྣམས་ནི་ཕན་ཚུན་འགལ་བ་ཡིན་ལ། འགལ་བ་རྣམས་ཀྱང་ལུས་གཅིག་ལ་སྡུག་
བསྔལ་འབྱུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར། བདེ་བའི་གོ་སྐབས་མེད་པས་ལུས་ནི་སྡུག་བསྔལ་གྱི་བདག་ཉིད་ཅན་ཁོ་ན་ཞིག་སྟེ། ཐག་པ་གཅིག་གིས་བཅིངས་པའི་སྲོག་ཆགས་དྲུག་དང་། ཆུང་མ་བཞིས་བསྡུས་པའི་སྡུག་བསྔལ་བར་གྱུར་པ་བཞིན་ནོ། །ཇི་ལྟར་ཕན་ཚུན་འགལ་ཞིང་སྤྱོད་
ཡུལ་ཐ་དད་པ་ཐག་པ་གཅིག་ལ་བཏགས་པ་རྟ་དང་། ཅེ་སྤྱང་དང་། སྦྲུལ་དང་། འདབ་ཆགས་དང་། རི་དྭགས་དང་། ཆུ་སྲིན་བྱིས་པ་གསོད་རྣམས་ལ་ཚོགས་པ་ཡོད་ཀྱང་འགལ་བས་ཇི་ལྟར་བདེ་བ་མེད་པ་དེ་དང་འདྲའོ། །འདིར་བཤད་པ། འགལ་བ་ཁང་པ་གཅིག་
གནས་རྣམས། །བདེ་བར་མི་འགྱུར་ཇི་འདྲ་བ། །དེ་འདྲ་ཚོགས་ཀྱང་འགལ་བ་ཡི། །འབྱུང་བ་རྣམས་ལའང་བདེ་ཡོད་མིན། །ཇི་ལྟར་ཆུང་མ་ཕན་ཚུན་མི་མཐུན་པ་བཞི་ལས་དེར་གཅིག་ནི་རྟག་ཏུ་ཁེངས་པ་ཞིག་གོ། །གཞན་ཞིག་ནི་རྟག་ཏུ་ངུ་བ་ཞིག་གོ། །གཞན་ནི་རྟག་ཏུ་ཁྲོ་བ་ཞིག་
གོ། །བཞི་པ་ནི་རྟག་ཏུ་སྨྱོ་བ་ཞིག་སྟེ། དེ་དག་བདག་པོས་སྦྱར་བ་ལས་ལུས་རིམ་གྲོ་བྱ་བ་ལ་འཕྲོད་པར་མི་ནུས་ཤིང་། ཕན་ཚུན་མི་མཐུན་པས་རིམ་གྲོ་ཡང་དག་པར་ཡང་མི་བྱེད་པ་དེ་བཞིན་དུ་ལས་དང་ཡང་དག་པར་ལྡན་པས་ཁམས་བཞི་ལ་བདེ་བ་ག་ལ་ཡོད། །འདིར་སྨྲས་པ།

འབྱུང་བ་ཆེན་པོ་རྣམས་ཕན་ཚུན་འགལ་མོད་ཀྱི། དེ་ལྟ་ན་ཡང་དེའི་ཕྱིར་བཅོ་བ་ཡོད་དེ་དེ་ལས་བདེ་བར་འགྱུར་རོ། །འདི་ནི་མི་རིགས་ཏེ་གང་གི་ཕྱིར། །གྲང་སོགས་རྣམས་ལ་ཕྱིར་འཆོ་བ། །རྟག་ཏུ་ཡོད་པ་མ་ཡིན་ན། །བརླག་བཞིན་
པ་ནི་བདེའོ་ཞེས། །རྣམ་པ་ཀུན་ཏུ་རིགས་མ་ཡིན། །འདིར་སྐྱེས་བུ་འདི་གྲང་བའི་ཚེ་གྲང་བའི་འཇིགས་པ་ལས་འབྲོས་པ་ན་དེའི་གཉེན་པོ། དྲོ་བའི་ནུས་པ་ཅན་བགོ་བ་དང་གདིང་བ་ལ་སོགས་པ་རྣམས་བསྟེན་ལ། ཚ་བའི་ཚེ་ནི་གཉེན་པོ་བསིལ་བའི་ནུས་པ་ཅན་ཙན་དན་
དང་པུ་ཤེལ་ཙེ་དང་། པྲི་ཡང་ཀུ་ལ་སོགས་པ་རྣམས་ཏེ། དེ་བཞིན་དུ་རྒྱས་པར་རོ། །གང་ཞིག་གྲང་བ་ལ་སོགས་པས་ཉམས་པ་དེ་ནི་འཇིགས་པ་དེས་བཅོམ་བཞིན་པ་ན་དེའི་འཇིགས་པ་སྤང་བར་བྱ་བའི་ཕྱིར་གཉེན་པོ་ཀུན་ནས་བརྟེན་གྱི། བདེ་བའི་ཕྱིར་མ་ཡིན་ནོ། གལ་
ཏེ་དེ་རྣམས་རང་བཞིན་གྱིས་བདེ་བའི་རྒྱུར་འགྱུར་ན་ནི། ཐམས་ཅད་ཀྱི་ཚེ་ཡང་བདེ་བ་དག་བསྐྱེད་པར་འགྱུར་བ་ཞིག་ན་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་ཁྱོད་སྡུག་བསྔལ་གྱི་གཉེན་པོ་ལ་བདེ་བའི་བློར་འགྱུར་ཏ་རེ། ཞགས་པ་དང་དབྱུག་པ་ཅན་གྱིས་བདས་
པའི་རྐུན་པོའི་ཚོགས་བཞིན་ནོ། །ཇི་ལྟར་ཞགས་པ་དང་དབྱུག་པ་ཅན་སྟོབས་དང་ལྡན་པས་བདས་པའི་རྐུན་པོའི་ཚོགས་བདག་བསྲུང་བར་བྱ་བའི་དོན་དུ་དེ་དང་། དེར་རྒྱུག་པ་ན་བདེ་བར་མ་གྱུར་པ་དེ་བཞིན་དུ། འཇིག་རྟེན་སྡུག་བསྔལ་གྱིས་གཙེས་པ་ཡང་སྡུག་
བསྔལ་གྱི་གཉེན་པོ་དྲོ་བ་ལ་སོགས་པ་དེ་དང་དེ་ལ། རྒྱུག་པ་ན་བདེ་བ་དང་ལྡན་པ་མ་ཡིན་ནོ། །འདིར་བཤད་པ། རྐུན་པོ་འབྲོས་ལྟར་རྟག་འཇིགས་ཤིང་། །གྲང་སོགས་སྡུག་བསྔལ་ལ་འཇིགས་པས། །དེ་དང་དེར་ནི་རྒྱུག་པ་ཡི། །འཇིག་རྟེན་འདི་ལྟ་ག་ལ་བདེ། །
འདིར་སྨྲས་པ། གང་གི་ཕྱིར་འཇིག་རྟེན་ན་ལྷ་སྦྱིན་བདེ་བར་ཉལ་ལོ། །འདུག་གོ། །འགྲེའོ་ཞེས་བྱ་བའི་ཐ་སྙད་འདིར་འགྱུར་བ་དེའི་ཕྱིར་ན་བདེ་བའི་ཐ་སྙད་ཡོད་པ་ལས་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། འབད་རྩོལ་མེད་པ་སྤྱོད་པ་ཞེས། །བྱ་འགའ་འང་ས་སྟེང་ཡོད་མིན་

ན། །ལས་བྱེད་བདེ་བ་ཡིན་ནོ་ཞེས། །རྣམ་པ་ཀུན་ཏུའང་མི་རིགས་སོ། །ས་སྟེང་ན་འབད་པ་མེད་པར་ཉལ་བ་ལ་སོགས་པའི་སྤྱོད་པ་ཡོད་པར་མ་མཐོང་ལ། གང་གི་ཚེ་འདི་ཉམ་ཆུང་བར་འགྱུར་ཞིང་འབད་རྩོལ་མེད་ལ་རང་གི་ལག་པ་ཡང་འདེགས་པར་མི་ནུས་པ་དེའི་ཚེ་གཞན་གྱིས་
འདེགས་ཤིང་། གང་གི་ཚེ་ན་ནུས་པ་དེའི་ཚེ་ནི་ཉལ་བ་དང་བརྐྱང་བ་དང་བསྐུམ་པ་ལ་སོགས་པའི་སྤྱོད་པ་དག་ལ་སྡུག་བསྔལ་བར་མི་ཤེས་པ་དེས་ན་དེ་རྣམས་བདེ་བར་རྟོག་པར་བྱེད་དོ། །གང་གི་ཕྱིར་འདི་ཉིན་རེ་ཞིང་ལངས་ཤིང་ལངས་ཏེ་ལུས་འཚོ་བར་བྱ་བའི་དོན་དུ་ལས་རྣམ་པ་དུ་མ་དག་བྱེད་
ཀྱི། བདེ་བའི་ཕྱིར་མ་ཡིན་པ་དེའི་ཕྱིར་ལས་བྱེད་པ་བདེ་བ་མ་ཡིན་ཏེ། མཁན་པོ་ལྔས་ཡོངས་སུ་ཉོན་མོངས་པའི་རྒྱལ་པོའི་བུ་བཞིན་ནོ། །ཇི་ལྟར་བརྡ་སྤྲོད་པ་དང་། གཏན་ཚིགས་དང་། ནོར་གྱི་བསྟན་བཅོས་དང་། འཕོང་དང་ས་འཛིན་བསླབ་པའི་ཕྱིར་
མཁན་པོ་ལྔ་དང་རྗེས་སུ་འབྲེལ་བའི་རྒྱལ་པོའི་སྲས་རྟག་ཏུ་སྡུག་པ་ཁོ་ན་སྟེ། གལ་ཏེ་གཅིག་གིས་བཏང་ན་ནི་གཉིས་པས་འཛིན་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྐུན་པོ་གཤེད་མ་ཕུང་པོ་ལྔ་དང་རྗེས་སུ་འབྲེལ་བའི་ལས་བྱེད་པའི་ཕྱིར་རྟག་ཏུ་སྡུག་པ་ཡིན་ནོ། །
འདིར་བཤད་པ། ལུས་འཚོའི་དོན་དུ་བྱ་བ་ལ། །རྟག་ཏུ་འབད་པར་རབ་ཞུགས་ཤིང་། །ལས་བྱེད་ལྟ་བུར་ལུས་འབངས་ལ། །བདེ་བ་དེ་ཀོ་ག་ལ་ཡོད། །འདིར་སྨྲས་པ། གང་གི་ཕྱིར་འཇིག་རྟེན་གྱི་དབང་པོའི་དོན་གྱི་བདེ་བའི་ཕྱིར། སྡུག་བསྔལ་དེ་དང་དེ་དག་ཉམས་སུ་མྱོང་བར་
འགྱུར་བ་དེའི་ཕྱིར་ཡང་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། འདི་དང་གཞན་དུ་བདག་ཉིད་ནི། །རྟག་ཏུ་སྡིག་ལས་བསྲུང་བར་བྱ། །ངན་འགྲོ་ཡོད་ན་བདེའོ་ཞེས། །རྣམ་པ་ཀུན་ཏུ་རིགས་མ་ཡིན། །གང་གི་ཕྱིར་ཡུལ་ལ་བརྐམ་པའི་སེམས་ཅན་རྣམས་ནི་དབང་པོའི་དོན་གྱི་
བདེ་བའི་ཕྱིར་སྡིག་པའི་ལས་དག་བྱེད་ཅིང་། འདི་དང་འཕོས་པར་དེའི་རྒྱུ་ཅན་གསོད་པ་དང་། བཅིང་བ་དང་། བསྡམ་པ་དང་། བརྡེག་པ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་རོ་སྙམ་དུ་བསམས་ཏེ་མཁས་པ་བདག་བདེ་བར་འདོད་པས་འཇིག་རྟེན་འདི་དང་

ཕ་རོལ་ཏུ་སྡིག་པའི་རྒྱུ་ཅན་གྱི་སྡུག་བསྔལ་ལས་རྟག་ཏུ་བདག་བསྲུང་བར་བྱ་དགོས་པ་དེའི་ཕྱིར་བདག་ཉིད་ལ་ངན་འགྲོ་ཡོད་བཞིན་དུ་འགའ་ཡང་བདེའོ་ཞེས་བྱ་བར་རྣམ་པ་ཐམས་ཅད་དུ་མི་རིགས་ཏེ། མ་ཚོར་བར་འཇུག་པའི་དགྲ་བཞིན་ནོ། །ཇི་
ལྟར་འདི་ནི་སུ་ཞིག་གམ་གང་ན་ཞེས་ཡོངས་སུ་མི་ཤེས་པར་འཇུག་པའི་དགྲ་ལས་རྟག་ཏུ་འཇིགས་པ་འབྱུང་བ་ལྟར། དེ་བཞིན་གང་དུའམ་ནམ་འགྲོ་བར་བྱ་བ་མི་ཤེས་པས་སྡིག་པ་དང་དམྱལ་བ་ལ་སོགས་པ་དག་ལས་བདག་ཉིད་རྟག་ཏུ་བསྲུང་བར་བྱའོ། །འདིར་བཤད་པ།
གང་ཕྱིར་འཇིག་རྟེན་འདི་འཇིགས་དང་། །དེ་བཞིན་འཇིག་རྟེན་ཕ་རོལ་གྱི། །འཇིགས་པས་བདག་རྟག་བསྲུང་བྱ་སྟེ། །དེ་ལ་བདེ་བ་ག་ལ་ཡོད། །འདིར་སྐྱེས་བུ་བདེ་བ་དོན་དུ་གཉེར་བ་རྣམས་རྐང་པ་གཉིས་ཀྱིས་འགྲོ་བ་ལ་སྡུག་བསྔལ་དམིགས་ནས་རྟ་དང་གླང་པོ་དང་ཤིང་རྟའི་
བཞོན་པ་དག་ལ་ཞོན་པར་བྱེད་དོ། །གལ་ཏེ་དེ་ན་བདེ་བ་མེད་ན་ནི་དེ་དག་དེ་ལ་མི་ཞོན་པ་ཞིག་སྟེ། དེའི་ཕྱིར་ཡང་བདེ་བ་ཡོད་དོ་ཞེས་སྨྲའོ། །བཤད་པར་བྱ་སྟེ། བཞོན་པ་སོགས་ལ་མི་རྣམས་ཀྱི། །བདེ་བ་རྟག་ཏུ་ཡོད་མིན་ཏེ། །དང་པོར་གང་ལ་རྩོམ་མེད་པ། །དེ་ལ་མཐར་འཕེལ་ག་
ལ་ཡོད། །བཞོན་པ་ལ་སོགས་པ་རྣམས་ལ་ནི་བདེ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་རྣམས་ལ་བདེ་བ་ཡོད་ན་ནི་མཐར་སྡུག་བསྔལ་བར་མི་འགྱུར་བ་ཞིག་ན། གང་ལ་མཐར་སྡུག་བསྔལ་དམིགས་པ་དེ་ལ་ཐོག་མ་ཁོ་ནར་སྡུག་བསྔལ་རྩོམ་པ་ཡོད་པར་འགྱུར་རོ། །གལ་ཏེ་
དང་པོ་ཁོ་ནར་སྡུག་བསྔལ་དེ་ཕྲ་བའི་ངོ་བོས་ཡོད་པར་མ་གྱུར་ན་ནི་ཕྱིས་དེ་འཕེལ་བ་ཡང་སྡུག་བསྔལ་བར་མི་འགྱུར་བ་ཞིག་གོ། །གང་གི་ཕྱིར་ཐོག་མ་དང་ཐ་མར་སྡུག་བསྔལ་ཁོ་ནར་འབྱུང་གི་བདེ་བ་ནི་མ་ཡིན་པ་དེའི་ཕྱིར། བཞོན་པ་ལ་སོགས་པ་རྣམས་ལ་བདེ་བ་ཡོད་པ་མ་ཡིན་ཏེ།
བླུན་པོ་ཁུར་སྐྱ་ཕྱེད་ཀྱིས་འགྲངས་པ་བཞིན་ནོ། །ཇི་ལྟར་སྐྱེས་བུ་བླུན་པོ་ཞིག་ཐ་མའི་ཁུར་སྐྱ་ཕྱེད་འཕྲོ་བཀྲེས་པ་སེལ་བའི་རྒྱུར་སེམས་པ་དེ་བཞིན་དུ་མི་མཁས་པ་རྣམས་བཞོན་པ་ལ་སོགས་པ་ལ་སྟེ། བཞོན་པ་དང་། བཟའ་བ་དང་། བཏུང་བ་དང་། ཉལ་བ་ལ་སོགས་པའི་སྤྱོད་

ལམ་དག་ལ་ཕྱིས་སྡུག་བསྔལ་བར་སེམས་སོ། །འདིར་བཤད་པ། བཞོན་པ་སོགས་ལ་རང་བཞིན་གྱིས། །གལ་ཏེ་ཅུང་ཟད་བདེ་ཡོད་ན། །མཐར་དེ་སྡུག་བསྔལ་མི་འགྱུར་ཏེ། །རང་བཞིན་རྣམ་པར་འཇིག་མི་འགྱུར། །འདིར་སྨྲས་པ། སྡུག་བསྔལ་ཕྱིར་བཅོས་པའི་
རྒྱུ་ཅན་གྱི་བདེ་བ་ནི་ཡོད་དེ། གལ་ཏེ་དེ་མེད་པར་གྱུར་ན་ནི་སྡུག་བསྔལ་ཕྱིར་འཆོས་པ་མི་བྱེད་པ་ཞིག་ན་བྱེད་པ་ཡང་ཡིན་ཏེ། དེའི་ཕྱིར་ཡང་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། གསེར་གྱི་སྣོད་དུ་སྐྱུགས་པ་ན། །ཇི་ལྟར་འགའ་ཞིག་དགར་འགྱུར་ལ། །དེ་བཞིན་སྡུག་བསྔལ་
ཕྱིར་བཅོས་ཏེ། །བདེའོ་སྙམ་དུ་སེམས་པར་བྱེད། །ཇི་ལྟར་ཕྱུག་པོ་འགའ་ཞིག་ལུས་ཀྱི་ཕྱིར་འཆོས་པར་བྱེད་པ་ན་གསེར་གྱི་སྣོད་དུ་སྐྱུག་ཅིང་། དེར་སྐྱུགས་པ་ན་བྲན་མོ་སའི་གྱོ་མོར་སྐྱུགས་པ་མཐོང་ནས་བདག་ཉིད་དབང་ཐང་ཕུན་སུམ་ཚོགས་པ་ལ་དགའ་ཞིང་མངོན་པར་རློམ་པ་
བསྐྱེད་ནས་བདག་ནི་ཕྱུག་པོའི་བདེ་བ་དང་ལྡན་པའོ་ཞེས་བདག་ཏུ་འཛིན་པ་སྐྱེད་པར་བྱེད་ལ། གསེར་གྱི་སྣོད་དམ་གྱོ་མོར་སྐྱུག་པར་བྱེད་པ་དེ་གཉིས་ཀྱི་སྐྱུག་པའི་སྡུག་བསྔལ་ནི་བདེ་བ་ཡོད་པ་མ་ཡིན་པ་དེ་བཞིན་དུ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དེ་ཡང་ཕྱིན་ཅི་ལོག་པ་ལས་སྡུག་
བསྔལ་ཕྱིར་བཅོས་པ་དེ་དང་དེ་ལ་བདེའོ་སྙམ་དུ་སེམས་ཏེ། རྟ་སྦངས་ཀྱིས་སྣུན་པ་ཟེད་པ་བཞིན་ནོ། །ཇི་ལྟར་འགའ་ཞིག་རྟ་སྦངས་སྣུན་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པ་ཡིན་ནོ་སྙམ་དུ་བསམས་ནས་ཆགས་པས་སྣུན་པ་ཟེད་པ་དེ་བཞིན་དུ། མི་མཁས་པ་རྣམས་སྡུག་བསྔལ་ཕྱིར་
བཅོས་པ་ལ་བདེ་བར་འདུ་ཤེས་སོ། །འདིར་སྨྲས་པ། དཔེར་ན་ཁུ་རུ་ཕྲག་པ་གཅིག་ནས་ཕྲག་པ་གཉིས་པར་ཁུར་སྤོ་ཞིང་དེས་འདི་ལ་བདེ་བའི་བློར་འགྱུར་བ་ལྟ་བུ་སྟེ། གལ་ཏེ་དེར་བདེ་བར་མ་གྱུར་ན་ནི་དེར་མི་སྤོ་བ་ཞིག་གོ། །དེའི་ཕྱིར་ཡང་བདེ་བ་ཡོད་དོ། །བཤད་
པར་བྱ་སྟེ། རྩོམ་པས་སྐྱེས་པ་ལྡོག་འགྱུར་ན། །སྡུག་བསྔལ་རྩོམ་ལའང་བདེ་ཅི་ཡོད། །དེ་ཕྱིར་ཐུབ་པས་སྐྱེ་འཇིག་དག །སྡུག་བསྔལ་ཡིན་ཞེས་གསུངས་པ་སྙམ། །བདེ་བ་འདོད་པ་ཡོངས་སུ་སྐྱོ་བ་བསྐྱེད་པའི་ཡུལ་ཧ་ཅང་བསྟེན་པས་སྡུག་བསྔལ་ཆེན་པོ་བྱུང་བ་

ཅན་ནི། དེ་ལྡོག་པའི་སྲེད་པས་བདེ་བ་མྱོང་བར་བྱ་བའི་ཡུལ་ལོངས་སྤྱོད་པར་རྩོམ་ལ། དེར་ཡང་འདི་ལ་མཐར་སྡུག་བསྔལ་ཆེན་པོ་སྐྱེ་བས་རྩོམ་པའི་དུས་ན་ཡང་སྡུག་བསྔལ་ཆུང་ངུ་སྐྱེས་པར་རྟོགས་སོ། །སྡུག་བསྔལ་ཆུང་ངུ་སྐྱེས་པ་
དེ་ཡང་སྔར་གྱི་གཡེར་པོ་ལྡོག་པའི་རྒྱུ་ཡིན་པས་སྡུག་བསྔལ་ཆུང་ངུ་རྩོམ་པ་ན། སྔར་གྱི་སྡུག་བསྔལ་སྐྱེས་པ་ལྡོག་པར་འགྱུར་རོ། །སྐྱེས་པའི་སྒྲ་ནི་འཕེལ་བའི་རབ་ཏུ་བརྗོད་པའོ། །དེའི་ཕྱིར་ངག་གི་དོན་ནི་སྡུག་བསྔལ་ཆུང་ངུ་སྐྱེས་པས་སྡུག་བསྔལ་ཆེན་པོ་འཇིགས་
པར་འགྱུར་རོ་ཞེས་བྱ་བའོ། །སྐྱེ་བ་དང་འགག་པའི་གནས་སྐབས་གཉི་གར་ཡང་བདེ་བ་མི་སྲིད་པར་བཤད་པ་ནི། སྡུག་བསྔལ་རྩོམ་ལའང་བདེ་ཅི་ཡོད། །ཅེས་བྱ་བ་སྟེ། སྡུག་བསྔལ་རྩོམ་པ་ནི་བདེ་བ་ཅི་ཡང་མེད་དོ། །འང་གི་སྒྲ་ནི་སྡུག་བསྔལ་འགག་པ་ན་ཡང་བདེ་བ་
ཅི་ཞིག་ཡོད་དེ་སྡུག་བསྔལ་ཙམ་ཞིག་ཁོ་ན་སྐྱེ་ཞིང་འགག་པའི་ཕྱིར་གནས་སྐབས་གཉི་གར་ཡང་རང་བཞིན་གྱིས་བདེ་བ་ཡོད་པ་མ་ཡིན་པ་ཁོ་ནའོ། །བདེ་བར་རྟོག་པ་ནི་ཕྱིན་ཅི་ལོག་ཚད་མར་བྱས་ནས་འགྱུར་རོ། །འདིས་ཁུ་རུ་པའི་དཔེ་ཡང་རྣམ་པར་བཤད་པ་ཡིན་ནོ། །གང་གི་
ཕྱིར་དེ་ལྟར་རྣམ་པར་དཔྱད་པ་ན་བདེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་རྒྱུ་དེ་ཉིད་ཀྱི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀཱ་ཏྱཱའི་བུ་སྐྱེ་བ་ན་ཡང་སྡུག་བསྔལ་ཁོ་ན་སྐྱེའོ། །འགག་པ་ན་ཡང་སྡུག་བསྔལ་ཁོ་ན་འགག་གོ་ཞེས་གསུངས་པར་སེམས་སོ། །འདིར་བཤད་པ།
བྱིས་པ་སྡུག་བསྔལ་རྩོམ་དེ་ལ། །བདེའོ་སྙམ་དུ་མངོན་པར་རློམ། །གལ་ཏེ་དེ་དེ་ལྟར་བདེ་ན། །དེ་སྡུག་བསྔལ་བར་མི་འགྱུར་ཉིད། །སྤའི་ཤུན་པའི་འཆིང་བས་བསྡམས་པ་བཞིན་ནོ། །ཇི་ལྟར་སྤའི་ཤུན་པས་བཀྱིགས་པ་ཆར་དང་ཉི་མ་དག་གིས་འཇོམས་པ་དེ་བཞིན་དུ།
སྡུག་བསྔལ་བཅོ་བ་བསྡུས་པ་ལས་སྡུག་བསྔལ་གཞན་རྩོམ་པས་སྡུག་བསྔལ་སྔ་མ་ལྡོག་གོ། །འདིར་སྨྲས་པ། གལ་ཏེ་ཡང་སྡུག་བསྔལ་རང་བཞིན་གྱིས་ཡོད་མོད་ཀྱི། དེ་ལྟ་ན་ཡང་བདེ་བས་བྱིབས་པས་མི་མངོན་ནོ། །བཤད་པར་བྱ་སྟེ། སོ་སོའི་སྐྱེ་བོས་སྡུག་

བསྔལ་ནི། །བདེ་བས་གཡོགས་ལྟར་མི་མཐོང་ན། །གང་གིས་སྡུག་བསྔལ་སྒྲིབ་འགྱུར་བ། །བདེ་བ་ཞེས་བྱ་ཅི་ཡང་མེད། །རྒྱུ་ཅིས་བྱིས་པ་སོ་སོའི་སྐྱེ་བོ་འདི་རྣམས་ཀྱིས་སྡུག་བསྔལ་དེ་མི་མཐོང་། གལ་ཏེ་བདེ་བ་ཞེས་བྱ་བ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཡོད་ན་ནི། དེའི་ཚེ་དེས་
གཡོགས་པའི་སྡུག་བསྔལ་མི་སྣང་ངོ་ཞེས་བྱ་བར་བརྗོད་པར་རིགས་པར་འགྱུར་བ་ཞིག་ན། གང་གི་ཕྱིར་ཡོངས་སུ་བརྟགས་པ་ན་བདེ་བ་ཞེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེའི་ཚེ་ཇི་ལྟར་ཡོད་པ་མ་ཡིན་པ་དེས་སྡུག་བསྔལ་སྒྲིབ་པར་འགྱུར། དེའི་ཕྱིར་བདེ་བས་སྡུག་བསྔལ་བསྒྲིབས་
སོ་ཞེས་བྱ་བར་མི་རིགས་ཏེ། ཁྲོན་པའི་ཕྱེད་དུ་ལྷུང་བ་སྦྲང་རྩི་མྱངས་པས་རྟོན་པ་དང་། གླང་པོ་ཆེའི་རོར་ཞུགས་པའི་བྱ་རོག་ཆུ་བོ་ཆེན་པོས་བདས་པ་བཞིན་ནོ། །ཇི་ལྟར་འབྲོག་ཏུ་གླང་པོ་ཆེས་བདས་པས་ཁྲོན་པ་རྙིང་པར་ལྷུང་ཞིང་ལམ་ཕྱེད་དུ་རྩྭ་དཱུར་བའི་རྩ་བ་བྱི་བས་ཟ་བཞིན་པ་ལ་འཇུས་
པས་ཐོགས་པ་འོག་ནས་སྦྲུལ་ཆེན་པོ་ཨརྫ་ཀ་རས་བསྙགས་པ་ངོས་ནས་ལྟོ་འཕྱེ་ཆེན་པོས་བསྙེགས་པ། སྟེང་ནས་སྦྲང་རྩིའི་ཐིགས་པ་བབས་པ་མྱངས་པས་རྟོན་པ་ཞིག་བདག་ཉིད་བདེ་བར་ཤེས་པ་དེ་བཞིན་དུ། བྱིས་པའི་སྐྱེ་བོ་འཁོར་བའི་དགོན་པར་འཆི་བའི་གླང་ཆེན་
གྱིས་བདས་པས་རྒ་བའི་ཁྲོན་པར་ལྷུང་ཞིང་མིའི་ལམ་ཕྱེད་དུ། དགེ་བ་བཅུའི་ལས་ཀྱི་ལམ་གྱི་རྩྭ་དཱུར་བའི་རྩ་བ་ལ་འཇུས་པས་ཐོགས་པ། འོག་ནས་ངན་སོང་གི་སྦྲུལ་ཆེན་པོ་ཨརྫ་ཀ་རས་བསྙགས་པ། ངོས་ནས་མི་དགེ་བའི་རྟོག་པའི་ཉོན་མོངས་པའི་ལྟོ་འཕྱེས་མངོན་པར་བསྙགས་པ།
ཚེའི་རྩྭ་དཱུར་བའི་རྣམ་པར་སྨིན་པའི་བྱི་བས་ཟ་བཞིན་པ་ཡུལ་ཡིད་དུ་འོང་བ་ལ། འདུན་པའི་འདོད་ཆགས་ཀྱི་སྦྲང་རྩིའི་ཐིགས་པ་ལྷུང་བ་རོ་མྱངས་པས་སེམས་རྟོན་པ་ཡང་བདག་ཉིད་བདེ་བར་སེམས་ཀྱི་བདེ་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཡང་ཇི་ལྟར་བྱ་རོག་ཞིག་གླང་པོ་ཆེའི་
ཐེད་དུ་ཞུགས་པ་དང་། ལྷས་ཆར་ཕབ་པས་ཐེད་དེ་ཆུ་བོ་ཆེན་པོས་གཡེངས་ཤིང་། དེ་ཡང་དེ་ཉིད་དུ་ཤི་བར་གྱུར་ལ། མནོག་ཆུང་བ་དང་ཉེས་དམིགས་ཆེ་བ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཡུལ་གྱི་བདེ་བའི་རོ་མྱང་བའི་ཐེད་དུ་ཞུགས་ཤིང་། དེའི་ཉེས་དམིགས་མ་མཐོང་

བ་རྣམས་ཀྱང་འཁོར་བའི་རྒྱ་མཚོ་ཆེན་པོར་འཆི་བར་འགྱུར་རོ། །འདིར་བཤད་པ། གང་ཕྱིར་རང་བཞིན་གྱིས་གང་དེར། །འགྱུར་ན་དེ་སྡུག་བསྔལ་འགེབས་ན། །དེ་རང་བཞིན་གྱིས་གང་མེད་པ། །དེ་ཡིས་སྡུག་བསྔལ་ཇི་ལྟར་སྒྲིབ། །འདིར་སྨྲས་པ།
གལ་ཏེ་སྡུག་བསྔལ་རང་བཞིན་གྱིས་གྲུབ་ན་འདིར་ཉེ་བར་བསྟན་པས་དགོས་པ་ཅི་ཞིག་ཡོད་དེ། ཉི་ཚན་དྲོའོ་ཞེས་སྨྲ་བའི་ཉེ་བར་སྟོན་པ་ནི་མཛེས་པ་མ་ཡིན་ནོ། །བཤད་པར་བྱ་སྟེ། ཁྱོད་སྡུག་ཆགས་བྲལ་མེད་དོ་ཞེས། །སོ་སོའི་སྐྱེ་བོ་བསྟན་བྱ་དེས། །ངེས་པར་དེ་བཞིན་
གཤེགས་རྣམས་ཀྱི། །གཏི་མུག་ཀུན་གྱི་ཐ་མར་གསུངས། །འདིར་བསྟན་པར་མི་བྱ་བ་ནི་མ་ཡིན་ཏེ། གང་གི་ཕྱིར་ལུས་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་ཡང་གཏི་མུག་གིས་སོ་སོའི་སྐྱེ་བོས་དེའི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་མི་རྟོག་པ་དེའི་ཕྱིར། ཁྱོད་ལ་ལུས་
སྡུག་བསྔལ་གྱི་རང་བཞིན་ཅན་ལ་འདོད་ཆགས་དང་བྲལ་བ་ཡོད་པ་མ་ཡིན་ནོ་ཞེས་ཉེ་བར་བསྟན་པར་བྱ་དགོས་སོ། །གང་གི་ཕྱིར་འདི་དེ་ཉིད་ལ་གནས་བཞིན་དུ་ཡང་དེ་ཉིད་མི་མཐོང་བ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ཆེ་ཞེ་འདི་ནི་སྒྲིབ་པ་རྣམས་ཀྱི་མཆོག་སྟེ། གང་འདི་
མ་རིག་པའི་སྒྲིབ་པའོ་ཞེས་གསུངས་སོ། །བོང་མཇུག་ནས་འཛིན་པ་བཟློག་པ་བཞིན་ནོ། །གླ་བྲན་ཁ་ཅིག་གིས་གླ་བླངས་ཏེ་ལས་ཕྱེད་བྱས་ནས་བོར་བར་གྱུར་ཏོ། །དེ་ལ་མས་གང་འཛིན་པ་དེ་ལེགས་པར་འཛིན་པར་བྱོས་ཤིག་ཅེས་སྨྲས་པ་དང་། དེས་ནམ་ཞིག་གི་ཚེ་བོང་མཇུག་
ནས་བཟུང་ལ། དེས་བརྡེགས་སུ་ཟིན་ཀྱང་། ཐམས་ཅད་ལ་ལེགས་པར་གཟུང་བར་བྱའོ་ཞེས་མི་གཏོང་བར་གྱུར་ཏོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་སྡུག་བསྔལ་ལས་ཡིད་བྱུང་བར་གྱིས་ཤིག་ཅེས་སྐྱེ་བོ་གཏི་མུག་གིས་གཟུང་བ་ལ་སློབ་པར་མཛད་དོ། །འདིར་སྨྲས་
པ། གལ་ཏེ་དེ་ལྟར་ལུས་མི་རྟག་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་འདི་ལ་བདེ་བ་ཡོད་པ་ཉིད་དོ། །བཤད་པར་བྱ་སྟེ། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། །དེ་ཕྱིར་མི་རྟག་གང་ཡིན་དེ། །ཐམས་ཅད་སྡུག་བསྔལ་ཞེས་བྱར་འགྱུར། །གདོན་

མི་ཟ་བར་མི་རྟག་པས་གནོད་པར་བྱ་བཞིན་པའི་དངོས་པོ་མི་རྟག་པ་ལ་ནི་གནོད་པར་འགྱུར་ལ། གང་ལ་གནོད་པ་ཡོད་པ་དེ་ཡང་བདེ་བ་མ་ཡིན་ཏེ། དེའི་ཕྱིར་གང་ཅུང་ཟད་མི་རྟག་པ་དེ་ཐམས་ཅད་ཁོ་ན་སྡུག་བསྔལ་བར་འགྱུར་ཏེ། སྡུག་བསྔལ་ནི་གནོད་པའི་མཚན་ཉིད་ཅན་ཡིན་
པའི་ཕྱིར་ཏེ། ལན་ཚྭའི་བྱུང་ཁུངས་སུ་ལྷུང་བ་བཞིན་ནོ། །ཇི་ལྟར་ལན་ཚྭའི་བྱུང་ཁུངས་སུ་གང་ལྷུང་བ་དེ་ཐམས་ཅད་ལན་ཚྭ་ཅན་དུ་འགྱུར་བ་དེ་བཞིན་དུ་གང་མི་རྟག་པ་དེ་ཐམས་ཅད་སྡུག་བསྔལ་བ་ཁོ་ན་ཡིན་པས་འདུ་བྱེད་རྣམས་ནི་སྡུག་བསྔལ་གྱི་བདག་ཉིད་ཅན་ཁོ་ནའོ། །འདིར་
འགྱུར་ཏེ། གང་ཕྱིར་འདུས་བྱས་གང་དེ་ཀུན། །མི་རྟག་ཉིད་ཀྱིས་འདིར་གནོད་པ། །དེ་ཕྱིར་བྱས་པ་ཐམས་ཅད་ནི། །སྡུག་བསྔལ་འབའ་ཞིག་ཁོ་ནར་འགྱུར། །སྐྱེ་བ་དང་རྒ་བ་དང་ན་བ་དང་། འཆི་བ་ལ་སོགས་པའི་འཁོར་བའི་དགོན་པ་སེལ་བར་མཁས་པའི་ཐབས་འདོད་ཆགས་
དང་བྲལ་བ་སྐྱེད་པར་བྱེད་པ། རབ་ཏུ་བྱེད་པ་འདིས་ནི་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་ཁམས་གསུམ་གྱི་སྲིད་པར་སྐྱེ་བ་ནམ་མཁའ་ལྟར་མཐའ་ཡས་པ་དག་ལ་གདུལ་བྱའི་སྐྱེ་བོ་སྐྱོ་བར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་
རྒྱུ་ཅན། གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཀྱིས་སྦྱངས་པ་ལ་རབ་ཏུ་དགོད་པར་བྱ་བའི་ཕྱིར་དོན་ཇི་ལྟ་བ་བཞིན་བཅོམ་ལྡན་འདས་ཀྱི་གསུང་ཉིད་ཉེ་བར་སྦྱར་བ་ཡིན་ཏེ། སྐྱེ་བ་སྡུག་བསྔལ་ལོ། །རྒ་བ་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་བ་སྡུག་བསྔལ་ལོ། །མི་སྡུག་པ་དང་ཕྲད་
པ་སྡུག་བསྔལ་ལོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ལོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་བྱ་བ་དང་། དེ་བཞིན་དུ་དགེ་སློང་དག་དེ་ནི་སྐད་ཅིག་མ་ཡང་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་སྟོན་པས་ཆོས་མངོན་པའི་བསྟན་
བཅོས་ལས་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུངས་ཏེ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཞེས་བྱ་བ་དང་། སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅིའི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་བྱ་བ་

དང་། ཡིད་འོང་ཡིད་དུ་མི་འོང་དང་། །དེ་ལས་གཞན་ཟག་མེད་རྣམས་ཉིད། །ཅེས་བྱ་བས་སོ། །དེ་ལྟར་ན་འཁོར་བའི་ཉེས་དམིགས་བཤད་པས། ཡིད་སྐྲག་ཅིང་གྲོལ་བར་འདོད་པ་རྣམས་ཐེག་པ་ཆེན་པོ་ལ་ངེས་པར་སྦྱར་བའི་དོན་དུ་བཅོམ་ལྡན་འདས་
ཀྱིས་དགེ་སློང་དག་ཡུན་རིང་མོར་འཁོར་བར་འཁོར་བ་རྣམས་ལ། གང་ཕའམ། མའམ། བུའམ། བུ་མོའམ། ཉེ་དུའམ། སྣག་གི་གཉེན་མཚམས་གང་ཡང་རུང་བའི་གནས་དང་འདྲ་བར་མི་སྨྲ་བ་ནི་སེམས་ཅན་གྱི་རིས་ན་སེམས་ཅན་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་
གསུངས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་གསུང་རིག་པར་བྱས་ནས་འཁོར་བའི་རྒྱ་མཚོ་སྡུག་བསྔལ་དང་རོ་གཅིག་པ། སྐྱེ་བ་དང་རྒ་བ་དང་ན་བ་དང་། འཆི་བ་ལ་སོགས་པའི་ཆུ་སྲིན་དང་ཆུ་སྲིན་ཛ་ཤ་དང་། ཆུ་གླང་དང་། ཆུ་སྲིན་ཀུཾ་བྷི་རའི་
འབྱུང་གནས། དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་ཀློང་འཁོར་རྔ་བོ་ཆེའི་སྦུབས་འདྲ་བ་བརྒྱ་ཕྲག་གཅིག་གིས་དཀྲུགས་པ་ལས། འཁོར་བ་བརྒྱུད་པ་ཐོག་མ་མེད་པ་ནས་ཕ་དང་མ་ལ་སོགས་པའི་རྩ་ལག་ཏུ་གྱུར་པའི་འགྲོ་བ་གྱི་ཞིང་
མགོན་མེད་པ་མཐའ་དག་ཐེག་པ་ཆེན་པོའི་ཚུལ་གྱི་གཟིངས་ཀྱིས་བསྒྲལ་བར་བྱ་བའི་ཕྱིར་མཆོད་པར་བཟོད་པ་ཡིན་ཏེ། འདི་ལྟར། ལ་ལའི་སློབ་མར་འགྱུར་བ་སྟེ། །ལ་ལ་ཡི་ནི་བླ་མར་འགྱུར། །ཐབས་རིག་སྣ་ཚོགས་ཐབས་རྣམས་ཀྱིས། །མ་རྟོགས་སེམས་ཅན་
རྟོགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་འདི་ཉིད་ལས་འཆད་པ་རྒྱས་པར་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་ཁམས་གསུམ་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་བརྒྱ་ཕྲག་མཐའ་ཡས་པར་བདེ་བ་སྐྱེད་པར་བྱེད་པའི་ལས་བསམ་གཏན་དང་
ཏིང་ངེ་འཛིན་དང་འཚམ་པ། དགེ་ལེགས་ཡངས་ཤིང་དྲི་མ་མེད་པའི་ཚོགས་ལ་མཁས་པ་དེ་དང་དེ་བྱེད་ཅིང་། སེམས་ཅན་མཐའ་དག་ལ་བདེ་བ་བསྐྱེད་པའི་ཆེད་དུ་མཐོ་རིས་དང་བྱང་གྲོལ་གྱི་དཔལ་ཕུན་སུམ་ཚོགས་པའི་ཕྱིར། འགྲོ་བ་མ་ལུས་པ་རྣམས་ལ་ཡོངས་

སུ་སྔོ་བར་བྱེད་ལ། འཁོར་བའོ་ཅོག་གི་སྡུག་བསྔལ་མ་ལུས་པ་ལ་སྐྱོ་ཞིང་གྲོལ་བར་འདོད་པས་འདི་དག་གི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར། ཉིན་མཚན་ཕྱད་པར་སྦྱོར་བར་ཡང་འགྱུར་ཏེ། ཇི་སྐད་དུ་འཕགས་པ་རིན་པོ་ཆེའི་ཕྲེང་བ་ལས། དེ་ལྟར་བྱང་ཆུབ་
སེམས་དཔས་ཀྱང་། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་བྱ་བ་དང་། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་
ཡུན་རིང་གནས། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། ཡེ་ཤེས་ཀྱིས་ནི་ཕུང་པོ་སྟོང་པར་ཤེས། །ཤེས་ནས་ཉོན་མོངས་རྣམས་དང་ང་མི་འགྲོགས། །ཐ་སྙད་ཙམ་གྱིས་རྣམ་པར་སྤྱོད་བྱེད་ཅིང་། །འཇིག་རྟེན་འདི་
ན་མྱ་ངན་འདས་པར་གནས། །ཞེས་འབྱུང་ངོ་། །དེའི་ཕྱིར་ཁམས་གསུམ་མཐའ་དག་གི་སྐྱེ་བ་དང་། འཆི་བའི་སྡུག་བསྔལ་གྱི་གཏམ་གྱིས་གདུལ་བའི་སྐྱེ་བོ་རྣམས་འཁོར་བའི་བཙོན་རའི་ཚོགས་ལ་སྐྱོ་བར་བྱ་བའི་ཕྱིར། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཅན་ལ་སློབ་དཔོན་
འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། །དེ་ཕྱིར་མི་རྟག་གང་ཡིན་དེ། །ཐམས་ཅད་སྡུག་བསྔལ་ཞེས་བྱར་འགྱུར། །ཞེས་བྱ་བ་དང་། བདེ་བ་རྟོག་པའི་དབང་གྱུར་ཅིང་། །རྟོག་པ་སྡུག་བསྔལ་དབང་གྱུར་པ། །དེ་ཕྱིར་ཀུན་
ལ་སྡུག་བསྔལ་ལས། །ཤིན་ཏུ་སྟོབས་ལྡན་ཅི་ཡང་མེད། །ཅེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེའི་ཕྱིར་ལྷ་དང་། མི་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་དང་། གྲུབ་པ་དང་། རིག་པ་འཛིན་པ་ལ་སོགས་པའི་གནས་ཀྱི་འགྲོ་བ་དག །དེ་དག་གི་རྟོགས་
པ་ཚད་མ་ཉིད་ལས་བྱིས་པ་སོ་སོའི་སྐྱེ་བོ་མ་རིག་པའི་མུན་པས་བློའི་མིག་ལྡོངས་པར་བྱས་པ་རྣམས་ལ་རང་བཞིན་དང་བཅས་པ་དང་བྲལ་ཞིང་བདེན་པ་མ་ཡིན་པའི་ཕྱིན་ཅི་ལོག་ཙམ་གྱིས་ཡོད་པར་བསྒྲུབ་པའི་བདེ་བ་དང་། ཡིད་བདེ་བ་ཡོད་པ་མ་ཡིན་པའི་རང་གི་ངོ་བོ་ཅན་ཡོད་པ་ཉིད་

དེ། རྨི་ལམ་གྱི་གནས་སྐབས་ན་མངོན་པར་འདོད་པའི་ཡུལ་ཉེ་བར་ལོངས་སྤྱད་པའི་བདེ་བ་དང་ཡིད་བདེ་བ་བཞིན་ནོ། །དེའི་ཕྱིར་ཁམས་གསུམ་འདི་ན་བདེ་བ་ལ་སོགས་པའི་དངོས་པོ་རྫས་སུ་ཡོད་པ་རྣམས་འབྱུང་བར་ལྟ་ག་ལ་འགྱུར་ཏེ། ཇི་སྐད་དུ།
གང་གི་ལྟར་ན་རྫས་སྐྱེ་བ། །དེ་ལ་ཆད་ལྟ་སོགས་འགྱུར་ཞིང་། །འཇིག་རྟེན་མཐའ་དང་ལྡན་པ་དང་། མཐའ་མི་ལྡན་པའང་དེ་ལ་འགལ། །ཞེས་བཤད་དོ། །གལ་ཏེ་རྫས་དེ་སྐྱེས་མ་ཐག་ཏུ་འཇིག་པ་ཞིག་ཡིན་ན་ནི་དེའི་ཚེ་ཆད་པར་འགྱུར་ཏེ། ས་བོན་མེས་ཚིག་པ་ལས་མྱུ་གུ་དག་
འབྱུང་བ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་རྒྱུ་དང་རྐྱེན་ལས་སྐྱེས་པའི་དངོས་པོ་ནང་དང་ཕྱི་རོལ་གྱི་དབྱེ་བས་ཐ་དད་ཅིང་དངོས་པོ་ཡོད་པའི་ངོ་བོས་སྟོང་པ་རྫས་སུ་ཡོད་པ་མ་ཡིན་པ། རྣམ་རྟོག་ལོག་པའི་དྲ་བའི་ཕྲེང་བའི་འཇོ་བག་གིས་དགའ་བར་བྱ་བ་རྣམས་འབྱུང་བར་ངེས་
པར་བྱའོ། །མགལ་མེའི་འཁོར་ལོ་སྤྲུལ་པ་དང་། །རྨི་ལམ་སྒྱུ་མ་ཆུ་ཟླ་དང་། །ཁུག་རྣ་ནང་གི་བྲག་ཅ་དང་། །སྨིག་རྒྱུ་སྤྲིན་དང་སྲིད་པ་མཚུངས། །ཞེས་བྱ་བའི་ལུང་ལས་ན། །གང་གིས་ན་སློབ་དཔོན་དབྱིག་གཉེན་གྱིས་འདི་སྐད་དུ་རེ་ཞིག་བདེ་བ་ལ་སྐུར་བ་འདེབས་པ་དེ་ལ་འདི་དྲི་
བར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུང་བ། སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་དེ་ལ་དངོས་པོ་རང་བཞིན་དུ་གསུངས་པ་ཉིད་ག་ལ་ཡོད། དེའི་ཕྱིར་ཡོད་པ་དང་མེད་པའི་དངོས་པོར་འཛིན་པ་སེལ་བར་ཞུགས་པ་གཉིས་སུ་མེད་པའི་ཆོས་ལ་ལྷག་པར་མོས་པ་དང་བྲལ་བ། རྫས་
སུ་ཡོད་པའི་རང་བཞིན་སྨྲ་བ་འདི་དག་ནི་ཤིན་ཏུ་བབ་ཅོལ་ཡིན་ཏེ་གཉིས་སུ་མེད་པའི་བློའི་ཆོས་ཉིད་མཆོག་ཏུ་ཟབ་པ་དང་རྒྱ་ཆེ་བ་ལ་ལོག་པར་རྟོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དབང་པོ་ཡིས་ནི་དམིགས་གྱུར་པ། །འདས་པའི་ཡུལ་གྱི་རྣམ་པ་ལ། །ཡིད་ཀྱིས་དམིགས་ནས་རྟོགས་
པས་ན། །བདེའོ་སྙམ་དུ་རློམ་པར་བྱེད། །ཅེས་གསུངས་སོ། །རྣམ་པར་རྟོག་པ་ལོག་པ་ཙམ་ལས་འབྱུང་བའི་ཕྱིར་དང་། སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་བདེ་བ་སྡུག་བསྔལ་ཉིད་དོ་ཞེས་བྱ་བར་རིག་ནས་གདུལ་བ་རྣམས་སྡུག་བསྔལ་མ་ལུས་པའི་འབྱུང་གནས་ཁམས་གསུམ་པོ་མཐའ་

དག་ལ་ཆགས་པ་དང་བྲལ་བར་འགྱུར་རོ། །འདིར་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། ཕྱི་རོལ་གྱུར་པ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་གྲུབ་ཡོད་མིན། །ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་
ཐབས་བྱུང་གྱུར་པ་དང་། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་བཤད་དོ། །ཅི་སྟེ་དབང་པོ་ལྔའི་དམིགས་པའི་ཡུལ་གྱི་རྗེས་སུ་བྱེད་པ་ཚོར་བ་ཡིད་དུ་མི་འོང་བ་མི་འདོད་པ་གང་ཡིན་པ་དེ་སྡུག་བསྔལ་ཏེ། གནོད་པར་བྱེད་པ་ཡིན་
ན། འོ་ན་ནི་གང་གནོད་པར་བྱེད་པ་མ་ཡིན་པ། དབང་པོ་གཟུགས་ཅན་གྱི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པའི་བདེ་བ་རང་བཞིན་དང་བཅས་པ་དང་། ཡིད་ལས་བྱུང་བའི་བདེ་བ་རྫས་སུ་གྲུབ་པོ་སྙམ་དུ་འདོད་ན། འདི་ནི་ཁྱེད་ཅག་གི་འདོད་པ་ཙམ་ཞིག་ཏུ་འགྱུར་ཏེ། འདི་
ལྟར་དངོས་པོ་གང་ཞིག་རང་གི་བདག་ཉིད་ཀྱིས་ཡོད་པ་དེ་ནི་སྐྱེ་བ་མ་ཡིན་ཏེ། ཡང་སྐྱེ་བ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། མདུན་ན་གནས་པའི་བུམ་པ་དང་སྣམ་བུ་དང་ཟློས་གར་བཞིན་ནོ། །ཅི་སྟེ་ཡོད་པ་ཉིད་སྐྱེ་ན་ནི། ནམ་ཡང་མི་སྐྱེ་བར་མི་འགྱུར་བས་བདེ་བ་ཁོ་ན་
སྐྱེ་བར་འགྱུར་གྱི། དེའི་མཇུག་ཐོགས་སུ་གཞན་སེམས་ལས་བྱུང་བ་སྡུག་བསྔལ་ལ་སོགས་པ་ནི་མ་ཡིན་པ་ཞིག་ན། འདི་ནི་མཐོང་བའམ་འདོད་པ་ཡང་མ་ཡིན་ནོ། །ཚོར་བ་སྡུག་བསྔལ་ལ་བརྟེན་ནས་ཚོར་བ་བདེ་བ་འབྱུང་བར་ཡང་མི་འགྱུར་ཏེ། དེ་ནི་རང་གི་མཚན་ཉིད་ཁོ་
ནས་ཡོད་པའི་ཕྱིར་རོ། །གལ་ཏེ་བདེ་བ་སྡུག་བསྔལ་ལས་གཞན་དུ་འགྱུར་ན་ནི་སྡུག་བསྔལ་དེ་ལ་མ་བརྟེན་པར་འགྱུར་ཞིང་། ཁྱོད་ཀྱི་ལུགས་ཀྱིས་བདེ་བར་ཡང་འགྱུར་བ་ཞིག་ན། མ་བརྟེན་པར་དངོས་པོ་འགར་ཡང་མི་འགྱུར་ཏེ། གང་ཞིག་གང་ན་ནམ་གྱི་ཚེའང་། །
མ་བརྟེན་པར་ནི་ཡོད་ཉིད་མེད། །དེས་ན་ནམ་ཡང་གང་ཞིག་ཏུ། །རྟག་པ་འགའ་ཡང་ཡོད་མ་ཡིན། །ཞེས་བྱ་བའི་ལུང་ལས་དང་། །བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་སུ་གཤེགས་པའི་མདོ་ལས། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་འགྱུར་ཞིང་། །

མཐར་ལྟ་བ་ལ་རྟེན་པར་བྱེད་པའང་མིན། །རྒྱུ་དང་རྐྱེན་དང་བཅས་པའི་ཆོས་ཤེས་ཤིང་། །རྒྱུ་རྐྱེན་མེད་པའི་ཆོས་ཉིད་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཅི་སྟེ་མྱུ་གུ་དང་འདུ་བྱེད་ལ་སོགས་པའི་དངོས་པོ་གང་མ་རིག་པ་དང་
ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་འགྱུར་ན། ཅི་སྟེ་བདེན་པར་ཡོད་པ་ཅན་ཞིག་གམ། འོན་ཏེ་དངོས་པོ་ཡོད་པ་མ་ཡིན་པར་བདེན་པ་ཅན་ཞིག་འགྱུར་གྲང་། དེ་ལ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་ཡོད་པ་ལ་ས་བོན་དང་མ་རིག་པ་ལ་སོགས་པས་དགོས་པ་
ཅི་ཞིག་ཡོད་དེ། དེ་རང་གི་ངོ་བོས་ཡོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་ཡོད་པ་མ་ཡིན་པའི་རང་བཞིན་ཡིན་ན་ནི་མོ་གཤམ་གྱི་བུ་ལྟར་འདི་རྟག་ཏུ་འབྱུང་བར་མི་འགྱུར་བ་ཞིག་ན། མྱུ་གུ་དང་འདུ་བྱེད་ལ་སོགས་པའི་དངོས་པོ་ནི་རྨི་ལམ་དང་། སྒྱུ་མ་དང་ཆུ་ཟླ་ལ་
སོགས་པ་ལྟར་ཡོད་པ་དང་མེད་པའི་རྟོག་པ་འཇོམས་ཤིང་། རང་གི་རྒྱུ་དང་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་འབྱུང་བ་ཡང་ཡིན་ནོ། །ཇི་སྲིད་དུ་སེམས་ལ་ཡིད་ཀྱི་ཚོར་བ་བདེ་བ་ཡོད་པ་དེ་སྲིད་དུ་ཚོར་བ་སྡུག་བསྔལ་གྱི་སྐབས་མེད་ལ། ཡང་ན་བདེ་བའོ། །སེམས་ཀྱི་སྐད་ཅིག་གཅིག་ལ་
ཚོར་བ་གཉིས་ཅིག་ཅར་སྲིད་པ་ནི་མ་ཡིན་ཏེ། ཐེ་ཚོམ་དང་གཏན་ལ་ཕེབས་པའི་སེམས་བཞིན་དང་འདོད་ཆགས་དང་བྲལ་བ་བཞིན་དང་། འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་བཞིན་དང་། སྣང་བ་དང་། མུན་པ་བཞིན་ཕན་ཚུན་འགལ་བའི་ཕྱིར་རོ། །ཅི་སྟེ་ཚོར་བ་སྡུག་བསྔལ་འགག་
པ་དང་དུས་མཉམ་པ་ཁོ་ནར་ཚོར་བ་བདེ་བ་སྐྱེ་ན། དེ་དག་གི་སྐྱེ་བ་དང་འགག་པ་གཉིས་སྐད་ཅིག་གཅིག་ལ་སྲིད་པར་འགྱུར་ན། སྐྱེ་བ་དང་འགག་པ་ཕན་ཚུན་འགལ་བ་འདི་གཉིས་ནི་ལྷན་ཅིག་འབྱུང་བར་རིགས་པ་ཡང་མ་ཡིན་ཏེ། བདེ་འགྲོ་དང་ངན་འགྲོའི་དོན་མཐའ་དག་འབྱུང་བའི་ཚེ་
བརླག་པས་སངས་རྒྱས་པ་རྣམས་ལ། རྒྱུ་མེད་པའི་ཉེས་པའི་དུག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ས་བོན་འགགས་དང་མ་འགགས་ལས། །མྱུ་གུ་འབྱུང་བ་མ་ཡིན་ཏེ། །ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་སྐྱེ་བ་བཞིན་དུ་གསུངས། །ཞེས་

བྱ་བ་དང་། ཀུན་ལ་མི་རྟག་སྨྲ་བ་རྣམས། །སངས་རྒྱས་ལམ་ལ་གནས་ནས་སུ། །དངོས་པོ་དཔྱད་དེ་རྩོད་པ་ཡིས། །གནས་པ་གང་ཡིན་དེ་རྨད་དོ། །འདི་འམ་དེའོ་ཞེས་གང་དུ། །རྣམ་པར་དཔྱད་ན་མི་དམིགས་ན། །རྩོད་པ་འདི་དང་དེ་བདེན་ཞེས། །མཁས་པ་སུ་ཞིག་སྨྲ་བར་འགྱུར། །
ཞེས་བཤད་དོ། །གལ་ཏེ་ཚོར་བ་བདེ་བ་རང་གི་བདག་ཉིད་ཀྱིས་རྫས་སུ་ཡོད་པ་ཞིག་སྡུག་བསྔལ་ལ་བརྟེན་ནས་འགྱུར་ན་ནི། དེ་ལྟ་ན་འོ་ན་དེ་ཡོད་པ་ཉིད་ཀྱི་ཕྱིར་བདེ་བར་འཛིན་པ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ཕྱིན་ཅི་ལོག་ཅེས་བྱ་བ་ནི་དངོས་པོ་རྣམ་པ་གཞན་དུ་གནས་པ་ལ་དངོས་པོ་གཞན་
དུ་འཛིན་པ་སྟེ། དཔེར་ན་གཏི་མུག་གི་དྲ་བས་བློ་གྲོས་ཀྱི་མིག་གཡོགས་པའི་འཇིག་རྟེན་འཁོར་བའི་བཙོན་རའི་གྲོང་ཁྱེར་གྱི་ཁང་པ་ལ་ཆགས་ཤིང་། གཙང་བར་མངོན་པར་རློམ་པའི་མུན་པ་མཐུག་པོའི་དྲ་བས་བློ་གྲོས་ཀྱི་མིག་བསྒྲིབས་པས་ན། ན་ཆུང་མའི་ལུས་མི་གཙང་བ་རྣམ་པ་དུ་མའི་
འབྱུང་གནས་རྣམ་པར་བསལ་ཏེ། འདི་ནི་མངོན་པར་དགའ་བར་བྱ་ཞིང་། མིག་དང་ཡིད་དུ་འཐད་པ་ཞིག་གོ་སྙམ་དུ་རྟོགས་ནས་རང་གི་རྣམ་པར་རྟོག་པ་བདེན་པའི་རྣམ་པས་མངོན་པར་དགའ་བར་བྱེད་པ་བཞིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ལ་གཙང་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །
དེ་ཉིད་ཀྱི་ཕྱིར། བུད་མེད་ཆགས་པ་ཕལ་ཆེར་ནི། །བུད་མེད་གཟུགས་གཙང་སེམས་ལས་བྱུང་། །བུད་མེད་ལུས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། །ཁ་ནི་ཁ་ཆུ་རུལ་བ་དང་། །སོ་རྐྱག་མི་གཙང་སྣོད་ཡིན་ཏེ། །སྣ་ནི་རྣག་སྣབས་སྣ་ཆུའི་སྣོད། །མིག་གཉིས་མིག་
རྡུལ་མཆི་མའི་སྣོད། །ལྟོ་བའི་ཁོང་ནི་བཤང་གཅི་དང་། །གློ་བ་མཆིན་པའི་སྣོད་ཡིན་པར། །རྨོངས་པས་བུད་མེད་མ་མཐོང་བས། །དེ་ཡི་ལུས་ལ་ཆགས་པར་བྱེད། །ལུས་ཡུལ་ཤིན་ཏུ་དྲི་ང་བ། །ཆགས་བྲལ་རྒྱུ་ནི་གང་ཡིན་པ། །དེ་ལའང་འཇིག་རྟེན་ཆེས་ཆགས་ན། །གང་
གིས་འདོད་ཆགས་བྲལ་བར་དཀྲི། །གཟུགས་བཟང་བ་དང་གཟུགས་ངན་ནམ། །རྒན་ནམ་ཡང་ན་གཞོན་ཡང་རུང་། །བུད་མེད་གཟུགས་ཀུན་མི་གཙང་ན། །ཁྱོད་ཆགས་ཁྱད་པར་ག་ལ་སྐྱེས། །གལ་ཏེ་མི་གཙང་ཁ་དོག་བཟང་། །ཤིན་ཏུ་གསར་ལ་དབྱིབས་ལེགས་

ཀྱང་། །དེ་ལ་ཆགས་པར་མི་འོས་ལྟར། །བུད་མེད་གཟུགས་ལའང་དེ་དེ་བཞིན། །ཞེས་བཤད་དོ། །དེ་ལྟ་བུ་ལ་སོགས་པ་འབྱུང་བ་ལས་ན་བུད་མེད་ཀྱི་ལུས་མི་གཙང་བའི་རང་བཞིན་ཡིན་ལ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་བློའི་མིག་ཡང་དག་པ་མ་
ཡིན་པར་ཕྱིན་ཅི་ལོག་ཏུ་གྱུར་པས། གཙང་བ་ཉིད་དུ་ལྷག་པར་སྒྲོ་བཏགས་ནས་ཡུལ་གྱི་བདེ་བ་ཉམས་སུ་མྱོང་སྟེ། དེ་ལས་གཙང་བར་ཕྱིན་ཅི་ལོག་ཏུ་འགྱུར་རོ། །རྒྱུ་གཙང་བ་མེད་པ་དེ་ཉིད་ཀྱི་ཕྱིར་ན། རྒྱུ་མེད་པ་ལས་འཇུག་རྣམས་ཀྱི། །ལྡོག་པ་རྒྱུ་ལས་ག་ལ་ཞིག །ཅེས་
བྱ་བ་འཕགས་པ་ལྷའི་གསུང་བདེན་པ་མ་ཡིན་པར་ཕྱིན་ཅི་ལོག་པ་ཉིད་བསལ་བར་སྣང་སྟེ། ཉི་མ་སྤྲིན་དང་བྲལ་ཞིང་ནུབ་པར་མ་གྱུར་པ་བཞིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་རྟག་པར་ལྟ་བ་ཕྱིན་ཅི་ལོག་བསལ་ནས་མི་རྟག་པ་ཉིད་བསྒོམ་པ་གོམས་པའི་བག་ཆགས་གོམས་
པར་བྱེད་དོ། །ཇི་ལྟར་གནོད་པར་བྱེད་པ་ཡིད་དུ་མི་འོང་བ་སྡུག་བསྔལ་ཡིན་ན། འོ་ན་ནི་གང་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པ་རང་བཞིན་གྱིས་བདེ་བར་གྲུབ་པོ་ཞེས་བྱ་བར་འདོད་པ་དེ་བཞིན་དུ་རྟག་པར་ལྟ་བ་དོན་མེད་པ་ཅན་མཐོང་བ་དང་། མ་མཐོང་བའི་འབྲས་བུ་ཡིད་དུ་འོང་བ་ལ་
སྨྱོན་པ་རྟག་ཏུ་དོན་ཡོད་པ་མ་ཡིན་པ་བརྒྱ་ཕྲག་གི་འབྱུང་གནས་སུ་གྱུར་པ་ཕྱིན་ཅི་ལོག་ཡིན་ནོ་སྙམ་དུ་རིག་པར་བྱས་ནས་མི་རྟག་པར་ལྟ་བ་དེ་ཡང་རྟག་པར་ལྟ་བ་ལྟར་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེའི་གཉེན་པོར་གྱུར་པ་ཉིད་ཀྱི་ཕྱིར་གཙང་བར་ལྟ་བ་བཞིན་ནོ། །མ་རིག་ལྡོངས་པའི་བློ་ཅན་
རྣམས། །ནང་གི་བདག་ཏུ་གང་འདོད་པ། །རྣམ་ཤེས་དོར་བ་མུ་སྟེགས་ཀྱི། །རྨོངས་བྱེད་དེ་ནི་གང་དུ་སོང་། །གང་ཚེ་ནང་བདག་བུད་མེད་མིན། །སྐྱེས་མིན་མ་ནིང་མ་ཡིན་པ། །དེ་ཚེ་མི་ཤེས་འབའ་ཞིག་ལས། །ཁྱོད་བདག་ཕོའོ་སྙམ་དུ་སེམས། །རེག་དང་མི་ལྡན་དངོས་པོ་
ལས། །བསྐུལ་བ་ཞེས་བྱ་མི་སྐྱེ་སྟེ། །དེ་ཕྱིར་ལུས་ཀྱི་གཡོ་བ་ལ། །སྲོག་ནི་བྱེད་པ་པོར་མི་འགྱུར། །ཞེས་བྱ་བ་ལ་སོགས་པས་མུ་སྟེགས་བྱེད་ཀྱིས་བརྟགས་པའི་བདག་ཡོད་པ་མ་ཡིན་པ་ཉིད་དོ། །རྒྱུ་མེད་པའི་ཕྱིར་དང་ནམ་མཁའི་མེ་ཏོག་བཞིན་དང་། བྱ་རོག་དང་།

ཆུ་སྐྱར་དང་། ནེ་ཙོ་དང་། སྤྱང་ཀིའི་མགོའི་ནོར་བུ་བཞིན་ནོ། །དེ་ལྟར་ན་ནང་གི་བདག་བདེན་པར་ཡོད་པ་མ་ཡིན་པ་ལ་ཡོད་པ་ཉིད་དུ་མཐོང་བ་གང་ཡིན་པ་དེ་ནི། ཡོད་པ་མ་ཡིན་པའི་དངོས་པོ་ཡོད་ཅིང་རྟག་པ་ཉིད་དུ་སྒྲོ་བཏགས་པས་ཕྱིན་ཅི་ལོག་སྟེ། དེ་ནི་འཁོར་བའི་བཙོན་རའི་
འཆིང་བ་ཡིན་ནོ། །དེའི་གཉེན་པོར་རྟག་པར་ལྟ་བ་ཕྱིན་ཅི་ལོག་གི་གཉེན་པོར་གྱུར་པ་བདག་མེད་པ་ལྟ་བ་སྒོམ་པ་ཡིན་ལ། གང་སྡུག་བསྔལ་གྱི་འགལ་ཟླར་གྲུབ་པ་བདེ་བའི་དངོས་པོ་རང་བཞིན་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་བདག་མེད་པར་ལྟ་བ། ཡོད་པ་མ་ཡིན་པའི་བདག་ཏུ་ལྟ་བ་
ཕྱིན་ཅི་ལོག་གི་གཉེན་པོར་གྲུབ་པོ། །དེའི་ཕྱིར་ཕྱིན་ཅི་ལོག་བཞིའི་ཚོགས་བསལ་བ་གྲུབ་པའི་ཕྱིར། དངོས་པོའི་ངོ་བོ་བདེན་པར་སྨྲ་བ་རྣམས་ལ་བདག་ལ་སོགས་པར་ལྟ་བ་ཕྱིན་ཅི་ལོག་བཞི་ལྟར་ཕྱིན་ཅི་ལོག་ཁོ་ནར་འགྱུར་ན། འདི་ནི་ཁྱེད་ཅག་གིས་འདོད་པའམ་མཐོང་བ་
ཡང་མ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གསུང་རབ་མཐའ་དག་ལ་མཁས་པའི་བློ་གྲོས་མངའ་བ་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ལ་འགར་ཡང་བདེ་བ་ལ་སྐུར་བ་འདེབས་པ་ཉིད་དུ་ཅུང་ཟད་ཀྱང་མ་རྟོགས་ཀྱི། ཁྱེད་ཅག་དངོས་པོ་རང་བཞིན་དུ་སྨྲ་
བ་རྣམས་ཁོ་ན་བདེ་བ་ལ་སྐུར་པ་འདེབས་པ་ཉིད་དུ་ཆེས་གསལ་བར་རྟོགས་ཏེ། གསུང་རབ་ཇི་ལྟ་བ་བཞིན་ངེས་པར་མ་ཟིན་པའི་ཕྱིར་ལ། དྲང་བ་དང་ངེས་པའི་དོན་གྱི་མདོ་སྡེ་རྣམས་ཀྱི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་མ་ངེས་པའི་ཕྱིར་རོ། །ཡང་དགེ་སློང་དག་འདས་པའི་གཟུགས་
ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དང་འདས་པའི་གཟུགས་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར། འཕགས་པ་ཉན་ཐོས་འདས་པའི་གཟུགས་ལ་མངོན་པར་མི་དགའོ། །
དགེ་སློང་དག་མ་འོངས་པའི་གཟུགས་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་མ་འོངས་

པའི་གཟུགས་ལ་མངོན་པར་མི་དགའོ། །དགེ་སློང་དག་འདས་པའི་ཚོར་བ་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་ཚོར་བ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་
ཚོར་བ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་འདས་པའི་ཚོར་བ་ལ་མངོན་པར་མི་དགའོ། །དགེ་སློང་དག་མ་འོངས་པའི་ཚོར་བ་ཡོད་པར་མ་གྱུར་ན་ནི། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་ཚོར་བ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་
དག་གང་གི་ཕྱིར་མ་འོངས་པའི་ཚོར་བ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་མ་འོངས་པའི་ཚོར་བ་ལ་མངོན་པར་མི་དགའོ། །དེ་བཞིན་དུ་ཇི་སྲིད་དུ་དགེ་སློང་དག་འདས་པའི་རྣམ་པར་ཤེས་པ་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་འདས་པའི་རྣམ་པར་
ཤེས་པ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་རྣམ་པར་ཤེས་པ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་འདས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའོ། །དགེ་སློང་དག་མ་འོངས་པའི་རྣམ་པར་ཤེས་པ་ཡོད་པར་མ་གྱུར་
ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་མ་འོངས་པའི་རྣམ་པར་ཤེས་པ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའོ་
ཞེས་བྱ་བའི་བར་གྱིས་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་བརྒྱ་ཕྲག་མངའ་བ་རྣམས་ཀྱིས་འདས་པ་དང་མ་འོངས་པ་ལ་སོགས་པ་ཡོད་པ་ཉིད་དུ་བསྟན་པ་ནི་བྱིས་པའི་འཇིག་རྟེན་གྱི་རྟོག་པའི་ངོར་རབ་ཏུ་འཇུག་པ་ཁོ་ན་སྟེ། གདུལ་བྱའི་སྐྱེ་བོ་ལ་སྨན་འདོགས་པར་
མཛད་པ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་རྫས་དང་ལྡན་པ་ཁོ་ན་ལུང་དང་མདོ་གཞན་དག་ལས་ཉེ་བར་བསྟན་ཏོ། །གལ་ཏེ་འདས་པ་དང་མ་འོངས་པའི་དངོས་པོ་རང་བཞིན་གྱིས་ཡོད་ན་ནི་དེ་ད་ལྟར་བ་ཉིད་དུ་འགྱུར་ཏེ། ཡོད་

པའི་ཕྱིར་མདུན་ན་གནས་པའི་བུམ་པ་དང་སྣམ་བུ་དང་རེ་ལྡེ་དང་ཅོད་པན་ལ་སོགས་པ་བཞིན་ནོ། །ཅི་སྟེ་དེ་འདས་པའི་ངོ་བོར་ཡོད་ན་ནི། དེ་ནི་རྟག་པའམ་འོན་ཏེ་མི་རྟག་པ་ཞིག་ཡིན། རེ་ཞིག་རྟག་པ་ནི་མི་འདོད་དེ། མུ་སྟེགས་བྱེད་ཀྱི་ལྟ་བར་ཐལ་བར་འགྱུར་བའི་ཕྱིར་
ལ། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་ཉིད་ཀྱིས་བོང་བུའི་རྭ་ལ་སོགས་པ་བཞིན་ཡོད་པ་མ་ཡིན་པའི་ཕྱིར་རོ། །མངོན་པར་གསལ་བར་སྨྲ་བ་རྣམས་ལ་ཡང་སྐྱོན་རྣམ་པ་གཉིས་ཐོག་ཏུ་འབབ་པའི་ཕྱིར་རོ། །ཅི་སྟེ་དེ་མི་རྟག་པ་ཉིད་དུ་ཡོད་ན་ནི་དེ་མི་རིགས་སོ། །
གང་ལས་ཤེ་ན། འགག་པ་དང་ཡོད་པ་དག་འདས་པ་དང་མ་འོངས་པའི་དུས་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདས་པ་དང་ད་ལྟར་བྱུང་བ་འདི་གཉིས་ནི་དུས་གཅིག་ཏུ་དངོས་པོ་གཅིག་ལ་སྲིད་པ་ཡང་མ་ཡིན་ཏེ། འཇིག་པ་དང་སྐྱེ་བ་འདི་དག་ཕན་ཚུན་འགལ་བའི་
ཕྱིར་རོ། །ཡིད་གཅིག་ལ་ཐེ་ཚོམ་དང་གཏན་ལ་ཕེབས་པ་དག་གམ་འཆི་བའི་སྲིད་པ་དང་། སྐྱེ་བའི་སྲིད་པ་དག་ཅིག་ཅར་འབྱུང་བར་ནི་ཁྱེད་ཅག་གིས་མི་འདོད་དོ། །སྐད་ཅིག་ལ་ས་བོན་དང་མྱུ་གུ་གཉིས་སྲིད་པ་ནི་མེད་དེ། རྒྱུ་མེད་པ་ཅན་གྱི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་
རོ། །འཇིག་རྟེན་ན་སཱ་ལུ་དང་ཏིལ་དང་ནས་དང་གྲོ་ལ་སོགས་པའི་ས་བོན་ལ་སོགས་པ་རྣམས་སྡུད་པར་ཡང་མི་འགྱུར་རོ། །ཇི་སྐད་དུ། འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་བཤད་དོ། །
རྒྱུ་མེད་པར་སྨྲ་བ་ཤིན་ཏུ་ཐ་ཆད་འདི་རྒྱང་བསྲིངས་ཏེ་ཡོངས་སུ་སྤང་བར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་དགེ་སློང་དག་ལྔ་པོ་འདི་དག་ནི་མིང་ཙམ་ཁས་འཆེས་པ་ཙམ། ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། འདས་པའི་དུས་དང་། མ་འོངས་པའི་
དུས་དང་། ནམ་མཁའ་དང་མྱ་ངན་ལས་འདས་པ་དང་། གང་ཟག་གོ་ཞེས་འདས་པ་དང་མ་འོངས་པ་ལ་སོགས་པའི་དངོས་པོ་ནང་དང་ཕྱི་རོལ་དུ་གྱུར་པ་ཐམས་ཅད་འཇིག་རྟེན་གྱི་ཐ་སྙད་ཙམ་ཉིད་དུ་གསུངས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་གཟུགས་

ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །དེ་ལྟར་ཆོས་རྣམས་རྟོག་པ་ཡི། །དགེ་སློང་
བརྩོན་འགྲུས་བརྩམས་ལྡན་ཞིང་། །ཉིན་ནམ་གལ་ཏེ་མཚན་མོའང་རུང་། །ཤེས་བཞིན་སོ་སོར་དྲན་ལྡན་པ། །འདུ་བྱེད་ཉེར་ཞི་ཞི་བ་ཡི། །གོ་འཕང་ཞི་བ་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་དབུ་བ་མང་
པོ་རྡོས་པ་དག །ཆུ་བོས་ཁྱེར་བ་སྐྱེས་བུ་དེས་མཐོང་སྟེ། །དེ་ལ་བརྟགས་ན་སྙིང་པོ་ཡོང་མི་སྣང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆར་པ་ཐིགས་ཆེན་བབ་པ་ན། །ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང་། །བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད།
ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོ་གའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་ཆུ་ནི་ཡོང་མེད་ན། །
སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་བཏུང་བར་ཡོང་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤེགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་
རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་འབྱུང་ངོ་། །དེའི་ཕྱིར་དངོས་པོ་བདེན་
པའི་ངོ་བོར་སྨྲ་བ་ལ། རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་ལྟར་མི་རྟག་པ་དང་སྡུག་བསྔལ་བ་དང་མི་གཙང་བ་དང་བདག་མེད་པར་ལྟ་བ་ལ་ཕྱིན་ཅི་ལོག་ཏུ་འགྱུར་ན། འདི་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཡོད་པར་སྨྲ་བ་ཁས་

བླངས་ནས། རེ་ཞིག་བདེ་བ་ལ་སྐུར་པ་འདེབས་པར་བྱེད་པ་འདི་ལ་འདྲི་བར་བྱ་སྟེ། སྡུག་བསྔལ་དེ་ཅི་ཞིག །གང་གནོད་པར་བྱེད་པའོ་ཞེ་ན། གནོད་པར་བྱེད་པ་མ་ཡིན་པ་བདེ་བ་ཞེས་བྱ་བར་འགྲུབ་པོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་མི་རིགས་ཏེ། རང་གིས་ཁས་བླངས་
པ་དང་འགལ་བའི་ཕྱིར་རོ། །ཅི་སྟེ་བྱིས་པའི་འཇིག་རྟེན་གྱི་རྟོགས་པ་དང་བསྟུན་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཁོ་ན་ལྟར་སློབ་དཔོན་འདིས་ཀྱང་གསུངས་པ་ཡིན་ནོ་ཞེ་ན། འོ་ན་ནི་དེ་ལྟ་ན་ཡང་། གང་གིས་ན་འདི་སློབ་དཔོན་འཕགས་པ་ལྷ་ལ་མ་རངས་
པའི་ཚིག་འདི་སྨྲ་བ། སློབ་དཔོན་ལ་དྲང་བ་དང་ངེས་པའི་དོན་གྱི་མདོ་སྡེ་རྣམས་ཇི་ལྟ་བ་བཞིན་མ་རྟོགས་པ་ཡོངས་སུ་བསལ་བར་བྱས་པར་མི་འགྱུར་རོ། །དེའི་ཕྱིར་བྱིས་པའི་སྐྱེ་བོ་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་བྱས་པ་རྣམས་ཀྱི་རྟོགས་པའི་དབང་གིས། སངས་
རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཚུལ་ལ་མཁས་པ་རྣམས་ཀྱིས་ཕྱིན་ཅི་ལོག་བཞི་པོ་རྟག་པ་དང་བདེ་བ་དང་གཙང་བ་དང་། བདག་ཏུ་ལྟ་བ་རྣམས་ཀྱི་གཉེན་པོར་མི་རྟག་པ་དང་མི་བདེ་བ་དང་། མི་གཙང་བ་དང་། བདག་མེད་པར་ལྟ་བ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་
ཐབས་སུ་གྱུར་པ་གསུངས་པ་ཡིན་ནོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདེ་བར་ཕྱིན་ཅི་ལོག་སྤང་བའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།ད་ནི་གཙང་བར་ཕྱིན་
ཅི་ལོག་སྤང་བའི་ཐབས་ཀྱི་དབང་དུ་བྱས་ནས་བརྗོད་པར་བྱ་སྟེ། འདིར་སྨྲས་པ། གལ་ཏེ་ཡང་དེ་ལྟར་འདུ་བྱེད་རྣམས་སྡུག་བསྔལ་གྱི་བདག་ཉིད་ཅན་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཡུལ་ཡིད་དུ་འོང་བ་ལ་ལོངས་སྤྱོད་པའི་རོས་ཚིམ་པས་བདེ་བར་གྱུར་པ་དེའི་ཕྱིར་ཡུལ་རྣམས་ཉེ་བར་བསྟེན་
པར་བྱའོ། །བཤད་པར་བྱ་སྟེ། ཡུན་ནི་ཤིན་ཏུ་རིང་པོས་ཀྱང་། །ཡུལ་ལ་མུ་ཐུག་ཡོད་མིན་ཏེ། །སྨན་པ་ངན་ལྟར་ཁྱོད་ལུས་ལ། །ངལ་བ་འབྲས་བུ་མེད་པ་འབྱུང་། །ཡུལ་གྱི་བདེ་བའི་ལོངས་སྤྱོད་ལ་བརྐམ་པའི་ཡིད་ཅན་གང་ཞིག །ན་ཚོད་དང་པོ་ལ་ཡུལ་ཉེ་བར་ལོངས་

སྤྱོད་པར་བྱས་ལ། བར་དུ་ནོར་བསག་ཅིང་ཐ་མར་ཆོས་བསྟེན་ནོ་ཞེས་འདི་སྙམ་དུ་སེམས་པ་དེ་ལ་བརྗོད་པར་བྱ་སྟེ། གལ་ཏེ་ཡུལ་རྣམས་ཚད་ཉུང་ཟད་ཅིག་ཏུ་འགྱུར་ན་ནི། ན་ཚོད་དང་པོར་འདི་རྣམས་ཟད་པར་ཐོབ་པར་བྱས་ནས་བདེ་བ་སྲིད་པ་
ཞིག་ན། དུས་ཡུན་རིང་པོར་ཉེ་བར་བསྟེན་པས་ཀྱང་འདི་རྣམས་ཡོངས་སུ་ཆད་པར་སྒྲུབ་པར་མི་བྱེད་དོ། །ཡོངས་སུ་ཆད་པ་མེད་ན་ནི་གང་ཞིག་འདི་རྣམས་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱིས་མཐར་བྱེད་པར་འདོད་པས། དེའི་ངལ་བ་ནི་སྨན་པ་ངན་པ་ནད་ཀྱི་མཚན་ཉིད་
མངོན་པར་མི་ཤེས་པའི་ཕྱིར་ནད་བཅོ་བ་དག་ལ་ནུས་པ་མེད་པའི་ལུས་ཀྱི་གསོ་དཔྱད་ཀྱི། འབད་པ་མཐར་མ་ཕྱིན་པས་ཚེགས་ཙམ་གྱི་འབྲས་བུ་ཅན་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་འབྲས་བུ་མེད་པར་འགྱུར་རོ། །གཟིག་ལྤགས་བསྐོན་པའི་སྤྲེའུ་བཞིན་ནོ། །ཇི་ལྟར་གཟིག་ལྤགས་
གཡོགས་པའི་སྤྲེའུ་རྟག་ཏུ་སྤྲེའུ་རྣམས་ཀྱི་སྐྱོ་བ་བསྐྱེད་པའི་རྒྱུར་གྱུར་ཅིང་སྐྱོ་བར་བྱ་བ་དེ་ལ་དུས་ངེས་པ་ཡོད་པ་མ་ཡིན་ཞིང་རྣམ་པར་གཞག་པ་མེད་པ་དེ་བཞིན་དུ། ཡུལ་ཉེ་བར་ལོངས་སྤྱོད་པ་དག་ལ་ཡང་འདི་ཙམ་གྱིས་ཚིམ་པར་འགྱུར་རོ་སྙམ་དུ་མུ་ཐུག་པ་ཡོད་པ་མ་ཡིན་ནོ། །
འདིར་བཤད་པ། གཤེར་བ་གཤེར་བས་མི་སྐེམས་ཤིང་། །ཚ་བ་ཚ་བས་ཉམས་མིན་ལྟར། །དེ་བཞིན་འདོད་པ་ཉེར་སྤྱད་པས། །འདོད་པའི་རེ་བ་སྤོང་མི་བྱེད། །འདིར་སྨྲས་པ། ཇི་ལྟར་ཆུ་དག་གིས་ངོམས་པ་ལ་སྐོམ་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ། འདོད་པ་དག་གིས་
ཚིམ་པ་ལ་འདོད་པ་དག་ལ་སྲེད་པར་མི་འགྱུར་རོ། །བཤད་པར་བྱ་སྟེ། སྟེན་པར་བྱེད་པ་འགའ་ཞིག་ལ། །ས་སྲེད་ལྡོག་པ་མེད་ཇི་བཞིན། །བསྟེན་བཞིན་པ་ཡི་མི་རྣམས་ལ། །འདོད་རེ་འཕེལ་བའང་དེ་བཞིན་ནོ། །ཇི་ལྟར་ས་ཟ་བ་བསྟེན་པ་ལས་སའི་སྲེད་པ་འཕེལ་བ་ཁོ་ནར་
འགྱུར་བ་དེ་བཞིན་དུ། འདོད་པ་ཉེ་བར་ལོངས་སྤྱོད་ཅིང་འདོད་པ་དག་བསྟེན་པ་རྣམས་ལ་ཡང་འདོད་པའི་རེ་བ་འཕེལ་བ་ཉིད་དུ་འགྱུར་བས་འདོད་པའི་སྲེད་པ་མཐར་དབྱུང་བར་བྱ་བར་མི་ནུས་སོ། །འདི་ལྟར་འདོད་པ་དག་ཉེ་བར་བསྟེན་པས་ནི་ཇི་ལྟར་གོང་དུ་མངོན་པར་བརྩོན་པ་ལས་ཆ་

རྐྱེན་སྦྱོར་བ་དང་། ཉེ་བར་ལོངས་སྤྱོད་པ་ལས་མཁས་པ་འཐོབ་ཅིང་། རིགས་མཚུངས་པའི་རྐྱེན་གྱིས་གསོས་བཏབ་པའི་འདོད་ཆགས་སྟོབས་དང་ལྡན་པ་སྐྱེད་པར་ཡང་བྱེད་དོ། །དེའི་ཕྱིར་དེ་ལྟར་སྐད་ཅིག་རེ་རེ་ཞིང་ཉེ་བར་འཕེལ་བའི་ཤུགས་ཅན་འདོད་པའི་སྲེད་པའི་ཆུ་
ཀླུང་གིས་གཡེངས་པའི་མི་ལ་ཚིམ་པ་ལྟ་ག་ལ་ཡོད་དེ། གཉིད་ལ་སོགས་པའི་འཕེལ་བ་བཞིན་དང་། སྐོམ་པས་ཉེན་པའི་རི་དགས་བཞིན་ནོ། །ཇི་ལྟར་གཉིད་དང་ལེ་ལོ་དང་འཁྲིག་པ་རྣམས་ཇི་ལྟ་ཇི་ལྟར་བསྟེན་པ་དེ་ལྟ་དེ་ལྟར་འཕེལ་བ་བཞིན་དུ་ཉོན་མོངས་པ་རྣམས་
ཀྱང་ཡིན་ནོ། །ཡང་ཇི་ལྟར་རི་དགས་སྐོམ་པར་གྱུར་པ་རྣམས་ས་སྐམ་པོ་ཆེས་རྩུབ་པ་སྤྲིན་དང་བྲལ་བའི་ཉི་མའི་གུང་གི་ཉི་མའི་འོད་ཀྱིས་ཡོངས་སུ་གདུངས་ཤིང་། ཆུ་ལྟར་གྱུར་པ་སྨིག་རྒྱུའི་ཀླུང་ལྟ་བུ་ཅན་མཐོང་ནས་ཆུར་འདུ་ཤེས་ཤིང་རབ་ཏུ་རྒྱུག་ལ། སྐོམ་པ་སེལ་བ་ཡང་
མི་ཐོབ་པ་དེ་བཞིན་དུ་འདོད་པ་སྨིག་རྒྱུ་དང་འདྲ་བ་དག་མ་ཤེས་ཏེ། དེའི་རང་བཞིན་ལ་མངོན་པར་ཞེན་པ་གང་དག་ཡུལ་རྣམས་དོན་དུ་གཉེར་བར་བྱེད་པ་དེ་དག་ལ་ཉོན་མོངས་པ་ལྡོག་པ་ལྟ་ཡོད་པར་ག་ལ་འགྱུར་ཏེ། ཡུལ་ཉེ་བར་ལོངས་སྤྱོད་པས་ཚིམ་པ་ཡོད་པ་ལས་ཉོན་མོངས་
པའི་གདུང་བ་ལྡོག་པའི་ཕྱིར་རོ། །འདིར་བཤད་པ། བུད་ཤིང་དག་གི་མེ་ལྕེ་དང་། །ཆུ་འབོག་པ་ཡི་ཀླུང་ཇི་བཞིན། །དེ་བཞིན་འདོད་པ་ཉེར་སྤྱད་པས། །མི་རྣམས་འདོད་པའི་རེ་བ་འཕེལ། །འདིར་སྨྲས་པ། རེ་ཞིག་ཉེ་བར་བསྟན་པ་འདིས་སྐྱེ་བོ་བུད་མེད་ཐུན་མོང་བ་ལས་བཟློག་
པར་ནུས་ཀྱི། གང་དག་གཟུགས་བཟང་ཞིང་རེག་པ་དང་ལྡན་པ། ཡན་ལག་ཐམས་ཅད་དགའ་བར་བྱ་བ། སྙིང་དང་མིག་ཏུ་སྡུག་པ། སྙིང་ནས་ཆགས་པའི་མིག་རས་ཀྱིས་བལྟས་པ་དག་གིས་མེ་དང་ཕྲད་པས་མར་སར་ལྟར་ཆགས་པ་ཅན་རྣམས་ཀྱི་སྙིང་དག་འཇུ་བར་བྱེད་པ་ཡོངས་སུ་
ལོངས་སྤྱོད་པ་ཐུན་མོང་མ་ཡིན་པ་ཅན་དེ་དག་ལས་བདག་གིས་ཡིད་བཟློག་པར་ཇི་ལྟར་ནུས། དེ་ལ་ཡང་ཆགས་པ་བཟློག་པའི་ཕྱིར་བཤད་པ། བུད་མེད་ཀུན་ལ་འཁྲིག་པ་ལ། །ཐ་དད་ཅུང་ཟད་ཡོད་མིན་ཞིང་། །གཟུགས་གཞན་གྱི་ཡང་ལོངས་སྤྱོད་ན། །ཁྱོད་ལ་མོ་མཆོག་གིས་ཅི་བྱེད། །

རྟགས་པ་འདི་བདེན་པ་མ་ཡིན་པའི་དོན་གྱི་རྟོགས་པ་ཁོ་ནས་ཡུལ་མཆོག་ཏུ་བྱུང་བ་ཉིད་དུ་སྒྲོ་བཏགས་ཤིང་། བདག་ཉིད་དམའ་བར་བྱས་ནས་ཡོངས་སུ་སྐྱོ་བར་བྱེད་པ་འབའ་ཞིག་ཏུ་ཟད་དེ། འདི་ནི་འཐད་པ་འདིས་ཡུལ་དམའ་བར་བྱས་ཏེ་དེ་ལ་ཆགས་པ་བྲལ་བ་
ཉིད་ཀྱིས་བདག་ཁོ་ན་བསྟོད་པར་རིགས་སོ། །རེ་ཞིག་བུད་མེད་ཐམས་ཅད་ཀྱི་མི་གཙང་བའི་ཕྱོགས། དབང་པོའི་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན། རང་གི་ངང་གིས་དྲི་ང་ཞིང་། རྟག་ཏུ་འཛག་པ་མི་གཙང་བའི་ལུས་ཀྱི་གྲོང་ཁྱེར་གྱི་མི་གཙང་བའི་སྟོར་ཁུང་དུ་གྱུར་པ། བཤང་
ཁང་ལྟར་སྐྱེ་བོ་མང་པོས་བླུགས་པའི་མི་གཙང་བ་ནོད་པ་ལྷུར་བྱེད་པ་བཤང་དོང་ལྟར་མུན་ནག་གི་མི་གཙང་བ་དྲི་ཚབས་ཆེར་ང་བའི་སྲིན་བུའི་ཚོགས་འཁྲིག་ཆགས་པ། བཤང་ཕུང་ཅུང་ཟད་རད་ཅིང་གས་པ་ལྟར་ནང་མྱགས་ཤིང་། མྱགས་པ་དེས་བདས་པའི་པགས་པ་ཙམ་གྱིས་ཕྱི་
གཏུམས་པ། སྔོན་གྱི་ལས་ཀྱིས་ཐོབ་ཅིང་བཅོར་མེད་པ། །ལུས་ཀྱི་སྦུབས་ཀྱི་རྨ་ཐ་ཆད་ཤིན་ཏུ་ཆེན་པོ། །དེའི་རང་བཞིན་ཡོངས་སུ་རྟོག་པ་སྣམ་ངས་དང་ལྡན་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བའི་རྒྱུའི་ཚོགས་ཆེན་པོ་གཉིས་མེད་པ་དེ་ལ་རང་གི་སེམས་ཕྱིན་ཅི་ལོག་ལས་མ་
གཏོགས་པར་འཁྲིག་པའི་རེག་པ་ཐ་དད་པ་ཉིད་མི་སྲིད་ལ། དེ་དག་གི་གཟུགས་གང་ཡིན་པ་དེ་ཡང་ལྟ་བའི་དབང་པོའི་ཡུལ་ཡིན་པ་ཉིད་ཀྱི་ཕྱིར། མིག་དང་ལྡན་པ་གཟུགས་དེ་སྤྱོད་ཡུལ་དུ་གྱུར་པར་གནས་པ་ཐམས་ཅད་ཀྱི་ལོངས་སྤྱོད་ཐུང་མོང་བ་ཉིད་ཡིན་པའི་ཕྱིར་ལ། ཐ་ན་ཁྱི་
དང་བྱ་རོག་ལ་སོགས་པ་རྣམས་ཀྱི་ཡང་ཉེ་བར་ལོངས་སྤྱད་པར་བྱ་བ་ཡིན་པ་ཉིད་ཀྱིས་ན། དངོས་པོ་ཐུན་མོང་བ་ལ་མངོན་པར་ཞེན་པ་བསྐྱེད་པར་མི་རིགས་ཏེ། བུད་མེད་ཀྱི་ཁོག་པ་ལ་བརྐམ་པ་ཁྱོད་ལ་ད་ལྟ་བུད་མེད་མཆོག་གི་ཡོན་ཏན་ལྷག་པ། ཅི་ཞིག་བསྐྱེད་པ་སྨྲོས་ཤིག །
<ཤིག །དེའི་,དེའི་>ཕྱིར་བུད་མེད་མཆོག་དག་ལ་མངོན་པར་ཞེན་པ་དོར་བར་བྱ་སྟེ། བུད་མེད་གཟུགས་ངན་པ་དང་། གཞན་གྱི་བུད་མེད་ཀྱི་བློས་མུན་ཁུང་དུ་རང་གི་ཆུང་མ་དང་དུས་བཏབ་སྟེ་ཕྲད་པ་བཞིན་ནོ། །བུད་མེད་གཟུགས་ངན་པ་འགའ་ཞིག་ལ་ཁྱིམ་ཐབ་ཀྱིས་ཁྱོད་གཟུགས་ངན་

ནོ་ཞེས་སྤྱོས་ལ། དེས་ཀྱང་རྗེ་བོ་ལ་གཟུགས་ངན་ནམ་གཟུགས་བཟང་ཡང་རུང་སྟེ་འཁྲིག་པ་བསྟེན་པ་ལ་འདིར་ཁྱད་པར་འགའ་ཡང་མེད་དོ་ཞེས་ཞུས་ཀྱང་དེས་རྟོགས་པར་མ་གྱུར་ཏོ། །དེ་ནས་དེས་སྣོད་སྣ་ཚོགས་དག་ཏུ་སྲན་ཚོད་བཞག་ནས་ཟས་ཀྱི་དུས་སུ་སྐྱེས་བུ་དེ་ལ་དྲངས་
པ་དང་། དེས་འདི་ཅི་ཞིག་ཅེས་སྨྲས་སོ། །དེས་སྨྲས་པ་འདི་ནི་སྲན་ཚོད་དེ། འོན་ཀྱང་སྣོད་ལྟ་བར་འོས་པ་དག་ཏུ་གཞག་པ་ཡིན་ནོ། །དེས་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་སྨྲས་པ་དང་། དེས་འཁྲིག་པ་ལ་ཡང་ངེས་པར་འདི་ཉིད་ཡིན་ནོ་ཞེས་སྨྲས་སོ། །ཡང་སྐྱེས་བུ་
འགའ་ཞིག་གཞན་གྱི་བུད་མེད་མཐོང་ནས་ནམ་ཞིག་ན་འདི་དང་ཕྲད་པར་འགྱུར་ཞེས་བརྐམ་པར་གྱུར་ལ། དེར་གྲོགས་བཤེས་ཞིག་གིས་གང་ཞིག་དོན་དུ་གཉེར་བ་དེ་ནི་འདི་ཡིན་གྱི། འོན་ཀྱང་ཁྱོད་ཀྱིས་དེ་ལ་ཅི་ཡང་སྨྲ་བར་མི་བྱ་སྟེ། དེ་ནི་ངོ་ཚ་དང་ལྡན་པ་རིགས་ཀྱི་
མནའ་མ་ཞིག་གོ་ཞེས་དེ་ལ་མུན་ཁུང་དུ་རང་གི་ཆུང་མ་དང་སྤྲད་པ་དང་། དེ་ཡང་ཤིན་ཏུ་དགའ་ཞིང་རྣམ་པ་འདི་ལྟ་བུའི་བུད་མེད་ནི་མེད་དོ་ཞེས་སྨྲའོ། །ཨེ་མ་གང་གིས་འགྲོ་འདི་སྣ་ཚོགས་ཆེར། །བསྒྲིབས་ཤིང་རྨི་འདྲའི་རེག་དེས་རྣམ་བལྟས་ལ། །ཆགས་རྨོངས་འདི་དག་གཞན་
དུ་རྒྱུག་གྱུར་པ། །འདི་ནི་མུན་པའི་རང་བཞིན་དྲ་བ་ཆེ། །བུད་མེད་མཆོག་ནི་བླུན་པོའི་འདོད་ཆགས་ཀྱི་རྒྱུ་ཡང་མ་ཡིན་པ་ཉིད་དེ། འདི་ལྟར། གང་ལ་གང་ཡིད་འོང་འགྱུར་བ། །དེ་ནི་དེ་ཡིས་འཚེངས་པར་རློམ། །ཁྱི་སོགས་རྣམས་ལའང་ཐུན་མོང་བས། །བློ་གྲོས་ངན་པ་
ཁྱོད་ཅིས་ཆགས། །གང་ཞིག་གཟུགས་ངན་ཡང་གང་ལ་ཡིད་དུ་འོང་བར་འགྱུར་བ་དེས་དེ་བདག་ཉིད་འཚེངས་པར་སེམས་སོ། །གལ་ཏེ་འདོད་པར་འོས་པ་ཉིད་འདོད་ཆགས་ཀྱི་རྒྱུ་ཡིན་ན་ནི་དེ་དང་ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཚེ་དེ་ལ་ཆགས་པར་འགྱུར་བ་ཞིག་ན། འདི་
ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་ཡང་འདོད་ཆགས་ཀྱི་རྒྱུ་ནི་འདོད་པར་བྱ་བར་འོས་པ་ཉིད་མ་ཡིན་གྱི། ཆགས་པ་ཁོ་ན་རྒྱུ་ཡིན་ནོ། །ཆགས་པ་ཡང་རྒྱུ་མེད་པར་ཁྱི་དང་བོང་བུ་དང་རྔ་མོ་དང་ཕག་པ་ལ་སོགས་པ་རྣམས་ལ་ཡང་། རང་རང་གི་མོ་དག་ལ་ཡོད་པ་ཉིད་དེ། དེའི་ཕྱིར་

ཆགས་པ་ཐུན་མོང་བ་ཁོ་ནའོ། །དེའི་ཕྱིར་མཁས་པས་རྒྱུ་གང་གིས་ཀྱང་དེར་འདོད་ཆགས་པར་མི་བྱ་སྟེ། གནོད་སྦྱིན་རང་གི་ཆུང་མ་ལ་སྡུག་པ་ཕྱོགས་སུ་ལྷུང་བ་བཞིན་ནོ། །གནོད་སྦྱིན་གཉིས་རང་གི་ཆུང་མ་ལ་སྡུག་པ་ཕྱོགས་སུ་ལྷུང་བར་གྱུར་ལ། དེ་
གཉིས་ཀྱང་རྩོད་པ་ན་གང་གི་ཆུང་མ་བལྟ་ན་སྡུག་ཅེས་དགེ་སློང་གི་གན་དུ་སོན་པ་དང་། དེས་གང་ཞིག་གང་སྡུག་པར་གྱུར་པ་དེའི་དེ་ནི་བལྟ་ན་སྡུག་པ་ཡིན་ནོ་ཞེས་སྨྲས་སོ། །འདིར་གལ་ཏེ་གཏི་མུག་འདོད་ཆགས་རྒྱུ་ཡིན་ཏེ། །གཟུགས་ནི་འདོད་ཆགས་རྒྱུ་མ་ཡིན། །ཀུན་ཀྱང་དེ་
ལ་ཆགས་འགྱུར་བས། །དེ་ཕྱིར་འདོད་ཆགས་ཀྱི་རྒྱུ་མིན། །ཞེས་བཤད་དོ། །འདིར་སྨྲས་པ། བུ་མོ་ཡན་ལག་ཐམས་ཅད་ཡིད་འཕྲོག་པ་ནི་རྙེད་པར་དཀའ་སྟེ། སུ་ཞིག་དེ་རྙེད་པ་ངོ་མཚར་བ་ལྟར་རྩི་བ་ན་དེ་ལ་ཀུན་ཏུ་ཆགས་པར་མི་བྱེད་ཅེའོ། །བཤད་པར་བྱ་སྟེ། ཁྱོད་
ལ་ཡན་ལག་ཀུན་མཛེས་མོ། །གལ་ཏེ་སྔར་ཀུན་ཐུན་མོང་ན། །དེ་ཉིད་ཁྱོད་ལ་ངོ་མཚར་ལྟར། །ཇི་ལྟར་ཡང་ནི་འགྱུར་བ་མིན། །བུ་མོ་རྣམས་ནི་ཁྱོའི་དོན་དུ་ཡིན་ལ། ཁྱོ་ལ་ཡང་ངེས་པ་མེད་པས་ཐམས་ཅད་ལ་སྲིད་པར་བྱ་དགོས་སོ། །དེའི་ཕྱིར་གང་འདི་འདི་ལས་ཆགས་པར་
འགྱུར་བ་དངོས་པོ་ཐུན་མོང་བ་རྙེད་པ་ལ་ངོ་མཚར་ཅི་ཡོད། དེའི་ཕྱིར་ལམ་པོ་ཆེ་ན་ཡོད་པའི་ཟོང་དང་འདྲ་བ་རྙེད་པས་ཡ་མཚན་པར་མི་རིགས་ཏེ། བད་སའི་རྒྱལ་པོས་དབང་པོས་བྱིན་རྙེད་པ་བཞིན་ནོ། །བད་སའི་རྒྱལ་པོ་འཆར་བྱེད་ཅེས་བྱ་བས་བུད་མེད་ཐུན་མོང་བ་དབང་པོས་
བྱིན་རྙེད་ནས་ངོ་མཚར་ཐོབ་པར་གྱུར་ལ། དེ་ཡང་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་ཞིག་ཡིན་པ་དེ་བཞིན་དུ། བུད་མེད་གཞོན་ནུ་མར་གནས་པ་ནི་ཐམས་ཅད་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་རིལ་གྱིས་ཐུན་མོང་བར་འགྱུར་ལ། ཕྱིས་གཅིག་ཁོ་ནའི་ཡིན་པར་འགྱུར་རོ། །
འདིར་བཤད་པ། ལམ་ཆེན་ཟོང་ལྟའི་བུད་མེད་ནི། །རི་བའི་རིན་གྱིས་འདིར་རྙེད་ནས། །དེ་རྙེད་པ་ལ་མཁས་པས་འདིར། །ངོ་མཚར་སྙམ་དུ་མི་བྱའོ། །འདིར་སྨྲས་པ། གང་གི་ཕྱིར་ཆགས་པ་སྐྱེ་བ་ནི་ཡོན་ཏན་སྔོན་དུ་འགྲོ་བ་ཅན་ཡིན་པར་འཇིག་རྟེན་ན་མཐོང་སྟེ།

དེའི་ཕྱིར་བུད་མེད་ཡོན་ཏན་དང་ལྡན་པ་ལ་ཆགས་པར་མི་རིགས་སོ། །བཤད་པར་བྱ་སྟེ། ཡོན་ཏན་ལྡན་པ་སྡུག་པ་དང་། །བཟློག་པ་ལ་ནི་བཟློག་མཐོང་ན། །རྣམ་པར་གནས་མེད་སྔ་མའམ། །ཅིག་ཤོས་ལས་ནི་གང་ཞིག་བདེན། །གལ་ཏེ་ཡོན་ཏན་དང་ལྡན་པ་ལ་འདོད་ཆགས་ཤིང་། བཟློག་
པ་ལ་ཞེ་སྡང་ན། འོ་ན་དེའི་སྐྱོན་དང་ཡོན་ཏན་འཆོལ་བའི་ཕྱིར། བུད་མེད་མཆོག་འདོད་ཆགས་ཀྱི་རྒྱུ་མ་ཡིན་ལ། ཡོན་ཏན་དང་སྐྱོན་དག་ཀྱང་དེས་པས་ཡུལ་གཅིག་ལ་ཡང་རིམ་གྱིས་གཉིས་ཆར་ཡང་ཡང་དག་པར་འབྱུང་ངོ་། །དེའི་ཕྱིར་དེ་ལྟར་ན་ཡོན་ཏན་དང་སྐྱོན་གཉིས་ངེས་
པར་མི་གནས་པས་དེ་དག་ལ་རག་ལས་པ་ཉིད་ཀྱིས། རྣམ་པར་གནས་པ་མེད་པ་ཀོ། །སྔ་མ་ཡོན་ཏན་དང་ལྡན་པ་ཉིད་དང་། དུས་ཕྱིས་འབྱུང་བའི་སྐྱོན་དང་ལྡན་པ་ལྟ་གང་ཞིག་བདེན་པར་འགྱུར། གལ་ཏེ་ཡོན་ཏན་དང་ལྡན་པ་ཉིད་བདེན་ན་ནི། དེ་ཉིད་ལ་སྐྱོན་མཐོང་བས་དེ་མི་
བདེན་པ་ཡིན་ནམ། ཅི་སྟེ་སྐྱོན་དང་ལྡན་པ་ཉིད་བདེན་ན། དེ་ལྟ་ན་ཡང་དེ་ཉིད་ལས་ཡོན་ཏན་མཐོང་བས་དེ་བདེན་པ་མ་ཡིན་ནོ། །དེའི་ཕྱིར་གང་རུང་ཞིག་ལ་ཡང་བདེན་པའི་དོན་ཉིད་མེད་པའི་ཕྱིར་འདོད་ཆགས་དང་ཞེ་སྡང་གཉི་ག་ཡང་མི་འཇུག་པར་རིགས་སོ། །དེའི་ཕྱིར་ཡོན་ཏན་དང་
ལྡན་པ་ལ་འདིའི་འདོད་ཆགས་མི་རིགས་ཏེ། འཆག་ཏུ་འགྲོ་བ་དང་། བཤང་ཁང་མཐོང་བ་བཞིན་ནོ། །ཇི་ལྟར་ཁ་ཟས་ལེགས་པར་འདུས་བྱས་པ་ནི་ཡོངས་སུ་ལོངས་སྤྱོད་པ་ན་དགའ་བར་འགྱུར་ལ། གང་གི་ཚེ་དེའི་སྐྱོན་གྱིས་འཆག་ཏུ་འགྲོ་བ་སྟེ་འཆག་ཁང་དུ་འཇུག་པ་དེའི་ཚེ་མི་དགའ་བ་
དང་། ཡང་ཇི་ལྟར་བཟློག་ཏུ་ཟིན་ཀྱང་གྲོགས་བཤེས་ཀྱི་ཁྱིམ་གྱི་བཤང་ཁང་བལྟ་བར་འདོད་ཅིང་། གང་གི་ཚེ་མཐོང་བ་དེའི་ཚེ་དེ་ཉིད་ལ་ཡོན་ཏན་མཐོང་བའི་ཕྱིར་དང་། ཡོན་ཏན་མ་ཡིན་པ་མཐོང་བའི་ཕྱིར་ཤིན་ཏུ་ཆགས་པ་དང་བྲལ་བར་འགྱུར་བ་དེ་བཞིན་དུ་བུད་མེད་ཀྱི་རང་བཞིན་
མཐོང་བས་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདིར་འགྱུར་ཏེ། གལ་ཏེ་ཡོན་ཏན་ལྡན་ཉིད་ཕྱིར། །དངོས་པོ་ལ་ལར་ཆགས་འགྱུར་ན། །བླུན་པོ་ཡོན་ཏན་འབྱོར་པ་དེ། །སྤངས་ནས་གཞན་ལ་ཆགས་མི་འགྱུར། །འདིར་སྨྲས་པ། ཡོན་ཏན་མེད་པ་རྣམས་ལ་ནི་རྗེས་སུ་མི་མཐུན་པས་

འདོད་ཆགས་པར་མི་འགྱུར་གྱི། རྗེས་སུ་མཐུན་པའི་ཕྱིར་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་འདོད་ཆགས་སོ། །བཤད་པར་བྱ་སྟེ། བླུན་པོའི་འདོད་ཆགས་ཡོན་ཏན་དང་། །ལྡན་པ་འབའ་ཞིག་ལ་མི་སྐྱེ། །རྒྱུ་མེད་པ་ལ་འཇུག་རྣམས་ཀྱི། །ལྡོག་
པ་རྒྱུ་ལས་ག་ལ་ཞིག །འདིར་སེམས་ཅན་གང་དག་འདོད་ཆགས་ཀྱིས་ཀུན་ཏུ་རྨོངས་ཤིང་འདོད་པས་ཟིལ་གྱིས་མནན་པ་ངོ་ཚ་དང་། ཁྲེལ་དང་བྲལ་བ་དེ་དག
Luận tạng Tây Tạng (Tengyur) — Tập 103 | Tra cứu Kinh điển | Tàng Kinh Việt