Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 103
Văn bản gốc(Tây Tạng)
Trang 2 / 24 (50.000 ký tự/trang)
ི་ལོག་ཏུ་སྒྲོ་བཏགས་པས་རང་གི་སེམས་ཀྱིས་བསླུས་ཏེ་བྲིད་ཅེས་བྱ་བའི་ཐ་ཚིག་གོ། །སུ་དག་དགེ་བའི་བཤེས་གཉེན་གྱིས་སྟོང་པ་ཉིད་བསྟན་པ་ལ་གཡང་ས་ལྟ་བུར་མི་སེམས་ཤིང་། འདི་ནི་ ཆོས་རྣམས་ཀྱི་དོན་དམ་པ། འདི་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ཡིན་པར་ཤེས་པ་སླུ་བའི་སེམས་ལ་སླུ་བ་ཉིད་དུ་ཡང་དག་པར་རྟོགས་ནས་སྐད་ཅིག་ཙམ་ཡང་ཡིད་མི་རྟོན་པ་དེ་དག་ནི་ངེས་པར་འཕགས་པར་གྱུར་པར་བལྟ་སྟེ། དངོས་ལ་མཁས་པ་རྣམས་ཀྱིས་ནི། དངོས་པོ་མི་རྟག་སླུ་བའི་ཆོས། །གསོག་དང་སྟོང་པ་བདག་མེད་པ། །རྣམ་པར་དབེན་པར་རབ་ཏུ་མཐོང་། །བྱུང་བས་དངོས་པོ་ཞེས་བྱ་སྟེ། །དངོས་པོ་ཞེས་བྱ་བའི་སྒྲ་ནི་འདུས་པ་ལ་བྱའོ། །དངོས་པོ་དེ་ཡང་སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཅན་ ཡིན་པས་མི་རྟག་པའོ། །དངོས་པོའི་རང་བཞིན་ནི་ངོ་བོ་ཉིད་མེད་པ་ཡིན་ན་གང་གི་ཕྱིར་བྱིས་པ་རྣམས་ལ་ངོ་བོ་ཉིད་ཡོད་པར་སྣང་བ་དེའི་ཕྱིར་སྒྱུ་མ་ལ་སོགས་པ་བཞིན་དུ་སླུ་བས་ན་དངོས་པོ་དེ་ཉིད་སླུ་བའི་ཆོས་སོ། །རིང་དུ་གནས་པའི་མཐུ་མེད་ལ་རང་བཞིན་གྱིས་ཉམ་ཆུང་བས་ གསོག་གོ། །ངོ་བོ་ཉིད་མེད་པའི་ཕྱིར་སྟོང་པའོ། །བདག་གིས་སྟོང་པའི་ཕྱིར་བདག་མེད་པ་སྟེ། མི་རྟག་པ་ལ་སོགས་པས་དངོས་པོའི་རང་གི་ངོ་བོ་བསྙད་དོ། །དེ་བས་ན་དངོས་པོ་འདི་དེ་ལྟར་མཐོང་བས་མཁས་པ་དེ་དག་གིས་དབེན་པར་མཐོང་ངོ་། །དབེན་ཞེས་བྱ་བ་ནི་ སྟོང་པའོ། །དེ་ལྟར་ན་དབེན་པ་མཐུན་པའི་ཕྱིར་སྐྱེ་བ་མེད་པའི་དགོན་པ་རྣམས་ལ་དབེན་པ་ཞེས་བྱ་སྟེ། དེ་བཞིན་དུ་འདིར་ཡང་རྣལ་འབྱོར་པས་དངོས་པོ་དབེན་པར་མཐོང་ཞེས་བྱ་བ་ནི་སྟོང་པར་མཐོང་བའི་བར་ལ་བྱའོ། །དེ་དག་དངོས་པོ་ཉིད་སྐུར་ཏེ་དབེན་པར་མཐོང་བ་མ་ཡིན་གྱི། དངོས་པོ་སྟོང་པར་གྱུར་པ་ལ་སྟོང་པར་མཐོང་ངོ་། །སྟོང་པ་ཉིད་བསྟན་པའི་ཕྱིར་མི་རྟག་པ་ལ་སོགས་པ་བྱེ་བྲག་རྣམས་སྨོས་སོ། །ཡང་ན་དབེན་པ་ནི་དྲི་མ་མེད་པ་ཡིན་ན་འདི་ལྟར་སོ་སོའི་སྐྱེ་བོ་རྣམས་ཕྱིན་ཅི་ལོག་ཏུ་གྱུར་པ་རང་བཞིན་གྱིས་ཡོངས་སུ་དག་པའི་དངོས་པོ་ཡང་རང་གི་ རྟོག་པའི་དྲི་མས་སྦགས་པའི་ཕྱིར་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་ཀྱི་འཕགས་པ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་དག་ནི་མེད་པ་ལ་སྒྲོ་མི་འདོགས་པར་དབེན་པར་དྲི་མ་མེད་པ་ཉིད་དུ་གཟིགས་སོ། །ཡང་ན་འཕགས་པ་རྣམས་དེ་ཁོ་ནའི་ཡེ་ཤེས་ལས་བཞེངས་ནས་དངོས་པོ་ལ་ གཟིགས་ན་དབེན་པར་གཟིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འཕགས་པ་མཛད་པ་མཐར་ཕྱིན་པ་ཉི་ཚེས་འདི་ལྟར་གཟིགས་པར་ཡང་མ་ཟད་དེ། སློབ་དཔོན་ཡང་རང་གི་ཤེས་པ་ལ་བརྟེན་ནས། རིགས་པ་དང་བཅས་པའི་ཆོས་ཉིད་རབ་ཏུ་རྟོགས་པས་ཆོས་ཉིད་ལ་གཅེས་ པར་འཛིན་པ་ཡང་དག་པར་སྐྱེས་ཏེ། རང་གིས་རིགས་པ་སྟོན་པ་ན། །གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་གནས་པ་མེད། །མ་རིག་རྒྱུ་ལས་ཤིན་ཏུ་བྱུང་། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །དྲི་ཟའི་གྲོང་ཁྱེར་ འདྲ་བ་སྟེ། །རྨོངས་པའི་གྲོང་ཁྱེར་མི་བཟད་པ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །ཞེས་བྱ་བ་སྨོས་སོ། །འདི་ལ་བརྟེན་པས་གནས་ཏེ། ལོ་ཏོག་རྣམས་ཀྱི་རྒྱུར་གྱུར་པ། །ས་གཞི་བཞིན་དུ་གཞི་བྱེད་པའོ། །འདིའི་གནས་མེད་པས་གནས་མེད་པའོ། །བརྟེན་པར་བྱ་བས་དམིགས་ པ་སྟེ། ལྡང་མི་ནུས་པ་རྣམས་ལྡང་བར་བྱེད་པའི་འཁོར་བ་བཞིན་ནོ། །འདིའི་དམིགས་པ་ཡོད་པ་མ་ཡིན་ནོ། །རྩ་བ་ནི་རྒྱུའི་གཙོ་བོ་སྟེ་དེ་ཡང་དེ་ལས་འབྱུང་བ་རྣམས་ཀྱི་སྐྱེ་བ་དང་། འདས་པ་དང་འཕེལ་བའི་རྒྱུ་སྟེ། དཔེར་ན། ཤིང་རྣམས་ཀྱི་རྩ་བ་ལྟ་བུའོ། །གནས་པ་ཡོད་ པ་མ་ཡིན་པས་གནས་པ་མེད་པའོ། །གནས་པ་དང་དམིགས་པ་དང་སྐྱེ་བའི་རྒྱུ་དང་གནས་པ་མེད་པ་འདིས་འགྲོ་བ་མ་གྲུབ་པ་ཉིད་དུ་བརྗོད་དོ། །དེ་དག་ནི་དངོས་པོ་རྣམས་འགྲུབ་པའི་རྒྱུ་ཡིན་ན་དེ་དག་ཀྱང་འགྲོ་བ་མེད་པས། དེའི་ཕྱིར་འགྲོ་བ་ནི་ལོག་པའོ། །དེ་ལ་གནས་ ནི་སྐྱེ་མཆེད་དྲུག་གོ། །དམིགས་པ་ནི་ཆོས་ཐམས་ཅད་དེ་མཐུན་མཐུན་དུ་སྦྱར་རོ། །རྩ་བ་ནི་ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་རྒྱུའི་རྐྱེན་ཏོ། །འདིས་གནས་པར་བྱེད་པས་གནས་པ་སྟེ། དེས་སྐྱེས་པ་གནས་པའི་ཕྱིར་རོ། །དེ་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བས་ངོ་བོ་ ཉིད་མེད་དེ། དེ་དང་དེ་བརྟེན་གང་བྱུང་བ། །རང་གི་དངོས་པོར་དེ་མ་སྐྱེས། །ཞེས་གོང་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་གནས་ལ་སོགས་པ་དང་བྲལ་བའི་འགྲོ་བ་ནི་ཡོད་པར་མི་རུང་ངོ་། །གལ་ཏེ་དེ་ལྟར་འགྲོ་བ་མེད་ན་ཇི་ལྟར་དེའི་རང་གི་ངོ་བོ་རྣམ་པ་སྣ་ཚོགས་སུ་དམིགས་ ཞེ་ན། འཕགས་པ་རྣམས་ནི་འགྲོ་བ་རྣམ་པ་སྣ་ཚོགས་སུ་མི་དམིགས་ཏེ། དེ་དག་ལ་འགྲོ་བ་སྟོང་པ་ཉིད་དུ་རོ་གཅིག་པས་སྟོང་པ་ཉིད་ལ་རྣམ་པ་སྣ་ཚོགས་ཡོད་པ་མ་ཡིན་ནོ། །དེ་བས་ན་བྱིས་པ་མ་རིག་པའི་གཉིད་ཀྱིས་ལོག་པ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ནི་མ་སད་དེ་རྨི་ལམ་རྨི་ བ་བཞིན་དུ་སྣ་ཚོགས་སུ་དམིགས་པར་བསྟན་པའི་ཕྱིར། མ་རིག་རྒྱུ་ལས་ཤིན་ཏུ་བྱུང་། །ཞེས་བྱ་བ་སྨོས་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དང་། མ་རིག་པ་ཡོད་པས་འགྲོ་བ་ངོ་བོ་ཉིད་ཀྱིས་མ་གྲུབ་སྟེ། མ་རིག་པའི་ས་བོན་གྱི་རྒྱུ་ལས་གྱུར་པ་ ངེས་སོ། །ཇི་ལྟར་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དེ་ལྟར་བསྟན་པའི་ཕྱིར། ཐོག་མ་དབུས་མཐའ་རྣམ་པར་སྤངས། །ཞེས་བྱ་བ་སྟོན་ཏེ་སྐྱེ་བ་དང་གནས་པ་དང་འཇིག་པ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་ཕྱིར་ཡང་མ་རིག་པའི་ས་བོན་ལས་བྱུང་བ་སྟེ། འདི་ལྟར་ཆུ་ཤིང་བཞིན་དུ་སྙིང་ པོ་མེད་པའོ། །གལ་ཏེ་མ་རིག་པའི་ས་བོན་ལས་བྱུང་བ་མ་ཡིན་ན། དེའི་ཚེ་བརྟགས་ན་སྙིང་པོ་དམིགས་པར་འགྱུར་བའི་རིགས་ན་འདུས་བྱས་ནི་བརྟགས་ན་ཆུ་ཤིང་གི་ཕུང་པོ་བཞིན་དུ་སྙིང་པོ་མེད་དོ། །གང་སྙིང་པོ་མེད་ཀྱང་སྙིང་པོ་ཅན་དུ་སྣང་བ་དེ་གཏི་མུག་གི་མཐུ་ལས་བྱུང་ བ་སྟེ། དེ་ལྟར་ན་འགྲོ་བ་ནི་མ་རིག་པའི་ས་བོན་ལས་བྱུང་བའོ། །འདིའི་ཕྱིར་ཡང་མ་རིག་པའི་ས་བོན་ལས་བྱུང་བ་སྟེ། འདི་ལྟར་དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡིན་པའི་ཕྱིར་ཏེ། འདི་ལྟར་དྲི་ཟའི་གྲོང་ཁྱེར་ཡང་དག་པ་བཞིན་དུ་སྣང་ཡང་བརྟགས་ན་དེ་བཞིན་མ་ཡིན་པས་གྲོང་ཁྱེར་ཡང་དག་པ་ མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་བརྟགས་ན་མ་རིག་པའི་ས་བོན་གྱི་རྒྱུ་ལས་བྱུང་བའི་འགྲོ་བ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དེའི་ཕྱིར་འདི་ནི་ངེས་པར་རྨོངས་པའི་གྲོང་ཁྱེར་མི་བཟད་པ། འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །གནོད་པར་བྱེད་པ་བཟློག་པར་དཀའ་བ་དང་། མུན་པས་བསྒྲིབས་པས་རང་གི་ངོ་བོ་ རྟོགས་པར་དཀའ་བའི་ཕྱིར། འགྲོ་བ་མི་བཟད་པ་ཞེས་བྱ་བ་སྟེ། མ་རུངས་པ་དང་དབུགས་འབྱིན་པ་མེད་པའི་གནས་དང་འཇིགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་འདི་ནི་ཕྱིན་ཅི་མ་ལོག་པ་རྣམས་ཀྱིས་སྒྱུ་མ་བཞིན་དུ་གཟིགས་སོ། །བྱིས་པ་རྣམས་ཀྱི་རྨོངས་པའི་ གྲོང་ཁྱེར་གང་ཡིན་པ་དེ་འཕགས་པ་རྣམས་ཀྱིས་སྒྱུ་མ་བཞིན་དུ་གཟིགས་ཏེ། མ་རིག་པའི་མུན་པ་དང་བྲལ་བའི་ཕྱིར་རོ། །འདིའི་ཕྱིར་ཡང་འདི་ལྟར་འགྲོ་བ་དེ་དངོས་པོ་མེད་དེ་འདི་ལྟར། ཚངས་པ་ལ་སོགས་འཇིག་རྟེན་འདི། །བདེན་པར་རབ་ཏུ་གང་བརྗོད་པ། །འཕགས་ལ་ དེ་ཡང་བརྫུན་ཞེས་གསུངས། །དེ་ལས་གཞན་ན་ཅི་ཞིག་ལུས། །སྒྱུ་མ་ལྟ་བུར་མ་གྱུར་པ་གང་ཡང་ཡོད་དམ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དབང་པོ་ཡུལ་ལས་འདས་པའི་དོན་ཡོངས་སུ་གཅོད་པ་ནི་འཇིག་རྟེན་ན་ཚངས་པ་ནི་ཚད་མའོ། །དེ་ལྟར་ཚད་མར་གྱུར་པ་དེ་ལ་ དངོས་པོ་རྣམས་ཀྱི་རང་གི་ངོ་བོ་བདེན་པར་སྣང་བ་གང་ཡིན་པ་དེ་ཡང་འཕགས་པ་རྣམས་ལ་བརྫུན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པ་ཉིད་བདེན་པ་གཅིག་པུའོ། །ཞེས་བསྟན་པ་ནི་གསུངས་ཏེ། འདུས་བྱས་ནི་བརྫུན་པ་སླུ་བའི་ཆོས་ཅན་ཡིན་ན་གཞན་དག་ལ་ སྣང་བ་གང་ཡིན་པ་དེ་བརྫུན་པར་ཅིའི་ཕྱིར་མི་འགྱུར། གང་ལ་བརྫུན་པ་ཉིད་དུ་ཐེ་ཚོམ་མེད་པ་དེ་ལས་གཞན་ཅི་ཞིག་ལུས་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུར་མ་གྱུར་པ་གང་ཡང་མེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ། །གཞན་དུ་ན་གལ་ཏེ་ཚངས་པ་ལ་སོགས་ པ་དང་། འཕགས་པ་རྣམས་འཇིག་རྟེན་འདི་ལ་ལྟ་བ་མཚུངས་པར་གྱུར་ན་ནི་དེའི་ཚེ་འཕགས་པ་རྣམས་དང་འཕགས་པ་མ་ཡིན་པ་རྣམས་མཚུངས་པ་ཉིད་དུ་འགྱུར་རོ། །དེ་དག་མཚུངས་པར་མི་སྲིད་པར་བསྟན་པའི་ཕྱིར། འཇིག་རྟེན་མ་རིག་ལྡོངས་གྱུར་པ། །སྲིད་པའི་ རྒྱུན་གྱི་རྗེས་འབྲང་དང་། །མཁས་པ་སྲེད་དང་བྲལ་བ་ཡི། །དགེ་བ་རྣམས་ལྟ་ག་ལ་མཉམ། །ཞེས་བྱ་བ་སྨོས་ཏེ་མ་རིག་པའི་ལིང་ཏོག་གིས་ཁེབས་ནས། བློའི་མིག་ལྡོངས་པར་གྱུར་པ་ཚངས་པ་ལ་སོགས་པ་འགྲོ་བ་མ་ལུས་པ་ཡང་དག་པར་མཐོང་བ་དང་བྲལ་བའི་ ཕྱིར། རང་དབང་མེད་པར་འགྲོ་བ་ཐོག་མ་མེད་པའི་འཁོར་བས་འཁོར་བར་འཕངས་པས་བྲུབ་པ་ན་ཤུགས་ཀྱིས་ལྦུ་བ་འཁོར་བ་ལྟ་བུའི་འཁོར་བའི་འཁོར་ལོ་ཆུ་ཀླུང་ཆེན་པོར་ཕྱིན་ཅི་ལོག་གི་རླུང་གིས་དཀྲུགས་ཏེ། འཁྲུགས་པས་དགེ་བའི་ཕྱོགས་ཀྱི་གྲུ་ཆག་པ་དགེ་བའི་ལས་ཀྱི་རྣམ་ པར་སྨིན་པའི་འབྲས་བུ་མཐར་ཐུག་པའི་ལྟོང་ཅན་སྲེད་པའི་རྒྱུན་གྱི་རྗེས་སུ་འགྲོ་བ་སོ་སོའི་སྐྱེ་བོ་དང་། མཁས་པ་ཤེས་རབ་ཀྱིས་དག་པ་བློའི་མིང་ཅན་དམ་པའི་ཆོས་བདུད་རྩིའི་ཁུ་བའི་རྒྱུན་གྱི་བཏུང་བས་ངོམས་པ་གཅིག་ཏུ་ཆོས་ཀྱི་ངང་ཚུལ་ཅན་གྱི་དགེ་བ་རྣམས་དང་། གོང་དུ་སྨོས་པའི་འཇིག་རྟེན་དུ་མཚུངས་པར་བརྟག་ཏུ་ག་ལ་རུང་སྟེ། སྣང་བ་དང་། མུན་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་མཚུངས་པར་བརྟག་པ་ནི་མི་རིགས་སོ། །དེ་བས་ན་ཚངས་པ་ལ་སོགས་པའི་འཇིག་རྟེན་འཁོར་བའི་ རྗེས་སུ་མཐུན་པར་འགྲོ་བ་འདི་ནི་བདེན་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་འཕགས་པ་རྣམས་ལ་བརྫུན་པ་ཡིན་ནོ། །གང་གི་ཕྱིར་དེ་དེ་ལྟར་འཕགས་པ་རྣམས་ཀྱིས་འདི་སྐད་ཅེས། །རྨོངས་པའི་གྲོང་ཁྱེར་མི་བཟད་པ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །ཞེས་སྨོས་པ་ གང་ཡིན་པ་དེ་ལ་མཁས་པ་རྣམས་དོགས་པ་སྤངས་ཏེ་མོས་པར་བྱའོ། །འདིར་སྨྲས་པ། གལ་ཏེ་འགྲོ་བ་སྒྱུ་མ་བཞིན་དུ་རང་བཞིན་གྱིས་སྟོང་ན་འདི་ལ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་གང་ཡིན་པ་དེ་མི་བསྟན་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡོད་དོ་ཞེས་བསྟན་པ་ བདེན་པ་མ་ཡིན་པ་འདིས་ཅི་ཞིག་བྱ། བཤད་པ། བདེན་པ་ཉིད་ནི་བསྟན་གྱི་བརྫུན་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་འོངས། འཇིག་རྟེན་བདེན་ཡང་མི་དགོས་ན་ནི་ཁ་ཅིག་མི་བསྟན་ཏོ། །བརྫུན་ཡང་དགོས་པ་ཡོད་ན་ནི་ལ་ལ་བསྟན་དགོས་ཏེ་འདི་ལ་ནི་དོན་དམ་པ་ལ་ འཇུག་པའི་ཐབས་སུ་དགོས་པ་ཡོད་པས་ཕུང་པོ་དང་ཁམས་ལ་སོགས་པ་བདེན་པ་མ་ཡིན་ཡང་ཡོད་དོ། །ཞེས་ཐོག་མ་ཉིད་དུ་བསྟན་པའི་དབང་དུ་བྱས་ཀྱི། དེ་ཁོ་ན་ཡང་དག་པ་སྟོང་པ་ཉིད་ནི་མ་ཡིན་ཏེ། དེ་ལ་ཐོག་མར་བསྟན་ན་དོན་མེད་པར་འགྱུར་བའི་ཕྱིར་རོ། །མཐའ་ གཉིས་ཀྱི་གཡང་ས་མེད་པའི་ཆོས་འདི་སྐྱེ་བོ་བློ་གྲོས་མ་བྱང་བ་ལ་ཐོག་མ་ཉིད་དུ་བསྟན་མི་བཟོད་དེ། དེ་བས་འགྲོ་བའི་དོན་སྒྲུབ་པ་ལ་མཁས་པ་ཐབས་ལ་ཁོང་བཟོ་བས། དེ་ཉིད་ཚུལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ ཆགས་པ་ནས། །དེ་ཡི་འོག་ཏུ་དབེན་པའོ། །སྐྱེ་བོ་བློ་གྲོས་མ་བྱང་བ་དག་ཐོག་མ་ཁོ་ནར་སྟོང་པ་ཉིད་དུ་ལྟ་བ་ལ་བཙུད་ན་ཤིན་ཏུ་མགོ་རྨོངས་པར་འགྱུར་ཏེ། དེ་བས་ན་འཕགས་པ་རྣམས་སྟོང་པ་ཉིད་ཐོག་མ་ཁོ་ནར་མི་སྟོན་ཏེ། དངོས་པོ་ལ་ཆགས་པ་དང་ལྡན་པ་དངོས་པོའི་ངོ་བོ་ ཉིད་རབ་ཏུ་དབྱེ་བ་ལ་དགའ་བ་རྣམས་ཀྱི་འདོད་པའི་དོན་ཡང་དག་པར་བརྗོད་པས་བདག་ལ་གཅེས་པར་འཛིན་པར་བྱ་བའི་ཕྱིར་དེ་ཁོ་ན་ཚོལ་བ་ལ་ཐོག་མར་ཐམས་ཅད་ཡོད་དོ་ཞེས་བརྗོད་པར་བྱའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །བརྗོད་པར་འདོད་པའི་དོན་སྤྱིའི་དངོས་པོ་དང་འབྲེལ་པ་ ཅན་དེའི་ཞེས་བྱ་བ་འདི་དང་སྦྱར་རོ། །དངོས་པོ་ནི་རང་གི་ངོ་བོ་སྟེ། གང་གི་རང་གི་ངོ་བོ་གང་ཡིན་པ་དེ་ནི་དེའི་དངོས་པོ་སྟེ། དེ་ཁོ་ནའོ། །རང་གི་ངོ་བོའོ། །ངོ་བོ་ཉིད་དོ། །དེ་བཞིན་ཉིད་དོ། །གཞན་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཁོ་ན་ཚོལ་བའི་ངང་ཚུལ་ཅན་ཡིན་པས་ ན་དེ་ཁོ་ན་ཚོལ་བའོ། །དེ་ཁོ་ན་ཚོལ་བར་འདོད་པ་དེ་ལ་བླ་མ་ཕན་པར་འདོད་པས་ཇི་སྐད་བརྗོད་པར་བྱ་ཞེ་ན། ཐམས་ཅད་ཡོད་དོ་ཞེས་བརྗོད་པར་བྱའོ། །བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་ཀྱི་བར་དག་གོ་ཞེས་གསུངས་ སོ། །དེའི་ཤེས་པ་དང་སྦྱར་ཏེ་ཕུང་པོ་ལ་སོགས་པ་དེ་དང་འདི་ཡོད་པར་བརྗོད་པར་བྱའོ། །ཕུང་པོ་ལ་སོགས་པ་དེ་དག་ཀྱང་ཉེ་བར་བཟུང་སྟེ་དེ་དང་འདིའི་ཡོད་པ་གང་ཡིན་པ་དེ་ཉེ་བར་བཟུང་ནས་རིང་པོ་དང་། ཐུང་ངུ་བཞིན་དུའམ། མར་མེའི་འོད་བཞིན་དུ་བསྟན་ཏེ་གྱུར་པ་དེ་ལས་ གཞན་དུ་མ་ཡིན་ཏེ། དེ་ལྟར་ན་ཉེ་བར་བཟུང་བའམ་བརྟེན་པར་ཟད་དོ། །དོན་རྟོགས་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། འབྲས་བུ་རྣམས་ཀྱི་མཐའ་མེད་པའི་ཕྱིར་དང་། འབྲས་བུ་རེ་རེའི་རྐྱེན་ཀྱང་དུ་མ་ཡོད་པའི་ཕྱིར་དང་། རྐྱེན་རེ་རེ་ལ་ཡང་བརྟགས་ན་ཐོག་མ་མེད་པའི་འཁོར་བ་བཞིན་དུ་ རྒྱུའི་ཚོགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐའ་མི་མཐོང་བའི་ཕྱིར་འབྲས་བུའི་རྩོམ་པ་ལ་འཇིག་པར་ལྟ་བས་རྒྱུའི་ཚོགས་པ་གཅིག་བརྒྱུད་པས་བསྒྲུབས་པའི་འབྲས་བུ་རྐྱེན་དུ་མ་ལས་བྱུང་བ་གྲུབ་མ་ཐག་ཏུ་འཇིག་པར་རྟོགས་ཤིང་། སྐྱེ་བ་ནི་ཤིན་ཏུ་འབད་པས་བསྒྲུབ་པར་ བྱ་བ་ཡིན་ལ། ཤིན་ཏུ་འབད་པས་བསྒྲུབས་པ་འཇིག་པ་ནི་འབད་པ་མེད་པར་ཡང་འབྱུང་བར་རྟོགས་ནས་འདུས་བྱས་ཀྱི་ཆོས་ཉིད་ལ་སྒྱིད་ལུག་པ། བྱིས་པ་སྐྱེ་བོའི་སྤྱོད་པ་ལ་མངོན་པར་མི་བསྟོད་པ། སྐྱེ་བ་ལ་མངོན་པར་མི་དགའ་བ། འཇིག་པ་ལ་མི་འཕྲོད་པར་འཛིན་པ། འཁོར་ བ་རྣམས་ལ་ཆགས་པ་འདོར་བར་འདོད་པ། འཁོར་བ་སྤོང་བར་འདོད་པ། བདག་ལ་ཆགས་པ་ལྷོད་པར་གྱུར་པས་དེ་ལྟར་དོན་ཁོང་དུ་ཆུད་པ་ལ་དེའི་འོག་ཏུ་དབེན་པ་ནི་རིགས་ཀྱི་སྔ་རོལ་དུ་ནི་མ་ཡིན་ནོ། །དེ་ལྟར་བྱས་ན་སློབ་དཔོན་གྱིས་སྟོང་པ་ཉིད་ བསྟན་པ་ཡང་འབྲས་བུ་མེད་པར་མི་འགྱུར། སློབ་མ་རྣམས་ཀྱང་སྤོང་བ་དང་། ཕྱིན་ཅི་ལོག་ཏུ་འཛིན་པས་ལོག་པར་ལྟུང་བར་མི་འགྱུར་རོ། །དེ་ལྟར་མ་བྱས་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་རྣམ་པར་གནས་པ་དང་། མི་མཐུན་པར་གྱུར་པའི་ཕྱིར་སྟོང་པ་ཉིད་བསྟན་ པས་ལོག་པར་ལྟུང་བར་འགྱུར་རོ། །དེ་ལྟར་གྱུར་ན་མི་དགེ་བ་སྤང་མི་ནུས་སོ། །མི་མཁས་པའི་བློ་ཅན་དག་འགྲོ་བ་འདིའི་སྟོང་པའོ། །སྙམ་དུ་འཛིན་ཞིང་འདི་ནི་སྟོང་པ་ཉིད་ན་འདིས་ཅི་ཞིག་བྱ་ཞེས་ངེས་པར་བསྒྲུབ་པར་བྱ་བའི་དགེ་བའི་ལས་ལ་མི་སྤྲོ་བར་འགྱུར་ཏེ། དེ་བས་ན་ འདི་ཡང་སྒྲོ་གཤོག་མ་སྐྱེས་པའི་བྱ་རང་གི་ཚང་བོར་ནས་འཕུར་བ་བཞིན་དུ་བརླག་པར་འགྱུར་ཏེ། འདི་ལྟར་སོ་སོ་རང་གིས་རྟོགས་པ་དང་བྲལ་བའི་ཕྱིར། རྣམ་པར་དབེན་དོན་མི་ཤེས་ལ། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང་། །གང་རྣམས་བསོད་ནམས་མི་བྱེད་པ། །སྐྱེས་ བུ་ཐ་ཤལ་དེ་དག་བརླག །འཇིག་རྟེན་པ་ཉིད་ཀྱི་དོན་དམ་པ་ལ་གནས་ཏེ་ཕྱིན་ཅི་མ་ལོག་པ་རྣམ་པར་བྱང་བའི་ཕྱོགས་ཕུན་སུམ་ཚོགས་ཤིང་སྟོང་པ་ཉིད་ཀྱི་དེ་ཁོ་ན་སོ་སོ་རང་གིས་རྟོགས་པ་ན་བསོད་ནམས་དང་བསོད་ནམས་མ་ཡིན་པ་མི་བྱ་བ་ནི་རིགས་སོ། །གང་དག་སྟོང་པ་ཉིད་ སོ་སོ་རང་གིས་རྟོགས་པ་མེད་པར་སྟོང་པ་ཉིད་ཀྱི་སྒྲ་ཐོས་པ་ཙམ་གྱིས་བྱ་བ་བྱས་པ་རྣམས་ཀྱི་སྤྱོད་པ་ལྟར་རྗེས་སུ་འཆོས་པ་ནི་མི་དགེ་བའི་ལས་ཉིད་ལ་ཞུགས་པ་ཡིན་གྱི། དགེ་བ་ལ་ནི་མ་ཡིན་ཏེ། དེ་དག་གདོན་མི་ཟ་བར་སྒྲོ་གཤོག་རྫོགས་པའི་བྱའི་ཚུལ་བྱིའུ་ཕྲུག་སྒྲོ་གཤོག་ མ་སྐྱེས་པས་བྱ་བ་བཞིན་དུ་ཉོན་མོངས་པའི་མཐར་འགྱུར་རོ། །ཆུ་ཐོས་པ་ཙམ་གྱིས་སྐོམ་པ་མི་ཕྱེད་ལ། ཟས་ཐོས་པ་ཙམ་གྱིས་ཀྱང་བཀྲེས་པ་མི་ཕྱེད་དེ། དེ་བསྟན་ན་དེ་དག་ཕྱེད་པ་བཞིན་དུ་འདི་རྟོགས་ནས་སྐྱེས་བུ་ཐ་ཤལ་དེ་དག་བརླག་གོ་ཞེས་བརྗོད་དོ། །གཅིག་ཏུ་མི་དགེ་བ་ ལ་འཇུག་པས་དེ་དག་ནི་སྐྱེས་བུ་ཐ་ཤལ་ལོ། །དེ་ལྟར་དེའི་ཉེས་པ་ཡོངས་སུ་སྤང་བར་བཞེད་ནས། བཅོམ་ལྡན་འདས་ཀྱིས་ཉན་པ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་ལས་ཡོངས་སུ་མ་ཉམས་པའི་དོན་རེ་ཞིག་ཐོག་མ་ཉིད་དུ། ལུས་ཀྱི་འབྲས་བུ་ཡོད་པ་དང་། །འགྲོ་བ་རྣམས་ཀྱང་ ཤིན་ཏུ་བརྗོད། །སེམས་ཅན་རྣམས་གང་ལ་གནས་ནས་ལས་རྣམས་བྱེད་ཅིང་དེའི་འབྲས་བུ་ཡང་ཟ་བའི་འགྲོ་བ་ལྔ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་འོག་ཏུ་དེ་དག་གི་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་འདིའི་གཉེན་པོར། དེ་ཡི་རང་ བཞིན་ཡོངས་ཤེས་དང་། །སྐྱེ་བ་མེད་པ་དག་ཀྱང་བསྟན། །འགྲོ་བ་ལ་སོགས་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །དེའི་རང་བཞིན་ཡོངས་སུ་ཤེས་པ་ལམ་དང་འགྲོ་བ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་མེད་པ་ལམ་གྱི་ཡེ་ཤེས་ཐོབ་པར་བྱ་ བ་ཡང་བསྟན་ཏོ། །དེ་བས་ན་འདི་ལྟར་གཉི་གའི་བདག་ཉིད་བསྟན་པ་རྣམ་པར་གཞག་པ་འདི་ལ་དགོས་པའི་ཆེད་དུ་བསྟན་པ་ནི་གང་དོན་གྱི་ཆེད་དུ་བསྟན་པ་ནི་གང་ཞེ་ན། འདི་ལ་དཔྱད་ན་གཏན་ལ་དབབ་ཏུ་རུང་སྟེ། དགོས་པའི་དབང་དུ་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་ གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །སངས་རྒྱས་བཅོམ་ལྡན་འདས་ནི་ང་དང་ང་ཡིར་འཛིན་པ་སྤངས་པ་ཡིན། ཡང་བརྗོད་པར་བཞེད་པའི་དོན་གྱི་སྒོ་ནས་བསྟན་པའི་ཕྱིར་འཇིག་རྟེན་གྱི་ཆེད་དུ་ང་དང་ ངའི་ཞེས་གསུངས་པ་དེ་བཞིན་དུ་དགོས་པའི་དབང་གིས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་གསུངས་ཏེ། དེའི་རྣམ་པར་དབྱེ་བ་བསྟན་པ་མེད་པར་འཇིག་རྟེན་དེ་ཁོ་ན་ལ་ཞུགས་པའི་ཐབས་མེད་པའི་ཕྱིར་རོ། །ཇི་ལྟར་དགོས་པའི་དབང་དུ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་བཤད་ ཀྱི་དེ་ཁོ་ནའི་དོན་དུ་ནི་མ་ཡིན་པར་འདི་ཇི་ལྟར་ཤེས་པར་ནུས་པ་འདི་ནི་འཐད་པ་དང་ལུང་གིས་ངེས་པར་རུང་སྟེ། དེ་ལ་རེ་ཞིག་འཐད་པའི་དབང་དུ་བྱས་ནས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་ བརྟགས་མ་ཡིན་ནམ། །ཞེས་བྱ་བ་སྨོས་སོ། །རྣམ་པར་ཤེས་པས་དམིགས་པ་གང་གི་རྣམ་པ་འཛིན་ཅིང་སྐྱེ་བའི་དམིགས་པ་དེ། རྣམ་པར་ཤེས་པ་ལ་རྣམ་པ་ཉེ་བར་བསྒྲུབས་པའི་རང་གི་དངོས་པོ་ཐོབ་ནས་དངོས་པོའི་དོན་གྱི་ངོ་བོ་ཉིད་ཀྱིས་འབྱུང་བ་ཆེན་ པོ་ལ་སོགས་པར་ཡོངས་སུ་བརྟགས་སོ། །རྣམ་པར་ཤེས་པ་ལ་འགའ་ཞིག་གི་རྣམ་པར་མ་བཞག་པ་ལ་ནི་འཇིག་རྟེན་གྱིས་ཡོད་པ་ཉིད་དུ་རྣམ་པར་གཞག་མི་ནུས་ཏེ། མོ་གཤམ་གྱི་བུ་ལ་སོགས་པ་ཡང་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་འབྱུང་བ་དང་འབྱུང་ བ་ལས་གྱུར་པ་དང་། སེམས་དང་སེམས་ལས་བྱུང་བ་དང་། སེམས་དང་ལྡན་པ་མ་ཡིན་པ་རྣམས་ནི་རྣམ་པར་ཤེས་པའི་རྣམ་པའི་རྒྱུ་ཅན་ཡིན་པའི་ཕྱིར་འབྱུང་བ་ཆེན་པོ་ལ་སོགས་པ་གང་དང་གང་བཤད་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པར་ཡང་དག་ པར་འདུ་ཞིང་ཁོངས་སུ་ཆུད་དོ། །གང་གི་ཚེ་རྣལ་འབྱོར་པས་ཡོད་པ་མེད་པ་ཡིན་པའི་དོན་སྒྲོ་འདོགས་པའི་རྣམ་པར་ཤེས་པའི་ཚངས་པ་དེ་བརྫུན་པ་སླུ་བའི་ཆོས་ཅན་དུ་མཐོང་ཞིང་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་བ་དེའི་ཚེ་ངེས་པར་དེ་ཤེས་ཏེ། ཇི་ལྟར་གནས་པའི་ སེམས་རང་གི་ངོ་བོས་སྐྱེ་བ་མེད་པར་ཤེས་པས་དེས་བསྐྱེད་པ་འབྱུང་བ་ཆེན་པོ་ལ་སོགས་པ་མ་ལུས་པ་དག་ཀྱང་གཟུགས་འགགས་ན་གཟུགས་བརྙན་འགགས་པ་བཞིན་དུ་འབྲལ་བར་འགྱུར་ན། དེ་ལྟ་བུ་གང་ཡིན་པ་དེ་གཟུགས་བརྙན་བཞིན་དུ་ལོག་པར་རྣམ་པར་བརྟགས་ པ་ཉིད་མ་ཡིན་ནམ། དེའི་ཕྱིར་དེ་ལྟར་ཕུང་པོ་ལ་སོགས་པ་དེ་དག་ནི་རྣམ་པར་ཤེས་པའི་རྒྱུས་ཡོད་པ་ཉིད་དེ་མེད་ན་ཡོད་པས་ངོ་བོ་ཉིད་དུ་གྲུབ་པ་མེད་པ་ཁོ་ན་ཡིན་པ་ལ་ངར་འཛིན་པ་དང་ང་ཡིར་འཛིན་པའི་མངོན་པའི་ང་རྒྱལ་ཅན་གྱི་དབང་དུ་བསྟན་པར་ངེས་སོ། །རེ་ཞིག་དེ་ལྟར་ རིགས་པས་ཕུང་པོ་ལ་སོགས་པ་དགོས་པའི་དབང་དུ་བསྟན་པར་ཤེས་པར་བྱས་ནས། ད་ནི་ལུང་གིས་ཕུང་པོ་ལ་སོགས་པ་བརྫུན་པ་ཉིད་དུ་བསྟན་པས་དགོས་པའི་ཆེད་དུ་བརྗོད་པར་བསྟན་པའི་ཕྱིར། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་རྣམས་ གསུངས་པ། །དེའི་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཅེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་འདི་ནི་བདེན་པའི་མཆོག་གཅིག་ཏུའོ་ཞེས་གསུངས་ཏེ་ལུང་འདིས་དོན་གྱིས་ན་ ཤེས་རབ་ཅན་སུ་ཞིག་ཕུང་པོ་ལ་སོགས་པ་བརྫུན་པའི་དོན་ཁོང་དུ་ཆུད་པར་མི་འགྱུར། གང་གི་ཕྱིར་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དེ་དག་རྣམ་པ་དེ་ལྟར་རིགས་པ་དང་། ལུང་གིས་རྣམ་པར་དཔྱད་ན་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དེའི་ཕྱིར་ངེས་པར། ཇི་སྲིད་ཡིད་ཀྱིས་རྣམ་ གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ། །འཕགས་པའི་ཤེས་རབ་ཀྱི་དབང་པོའི་སྲོག་གི་བར་ཆད་བྱེད་པས་བདུད་དེ་དེ་ཡང་ཁམས་གསུམ་གྱིས་ཆེན་པོ་པ་ཕྱིན་ཅི་ལོག་བཞིའི་བློན་པོ་ཆེན་པོ་དང་ལྡན་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་འཁོར་གྱིས་རྟག་ཏུ་འཁོར་བ། འཕགས་པ་མ་ ཡིན་པ་སྐྱེ་བོ་མཐའ་དག་གིས་སྨ་མ་ཕབ་པ། སྤྱོད་པ་བཟང་པོ་མ་ཡིན་པ་ཞུགས་པའི་རྗེས་སུ་སོང་བ། འཁོར་བ་པའི་སེམས་ཅན་མ་ལུས་པ་འཕེལ་བར་བྱེད་པ་མ་རིག་པ་ཞེས་བྱ་བ་ཡིན་ཏེ་ཚུལ་བཞིན་མ་ཡིན་པས་དངོས་པོ་ལ་རྣམ་པར་རྟོག་ན་མ་རིག་པའི་ཡུལ་ལས་མི་འདའ་བ་ཉིད་ དུ་མངོན་ནོ། །གང་གི་ཚེ་དེ་བདུད་ཀྱི་སྤྱོད་ཡུལ་ཡིན་པ་དེའི་ཚེ་དེ་སྐྱེ་བ་མེད་ན་ཡིད་འཇུག་པ་མི་འབྱུང་བའི་ཕྱིར་བདུད་ཀྱི་ཡུལ་ཉིད་མེད་པར་འགྱུར་བས། དེ་ལྟ་ཡིན་ན་འདི་ལ་ཡང་། །ཉེས་པ་མེད་པར་ཅིས་མི་འཐད། །འདི་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་སྐྱེ་བ་མེད་པ་ཡོངས་སུ་ཤེས་པ་ ཡིན་པར་སྟོན་ཏེ། དེའི་དབང་དུ་བྱས་པའི་ཕྱིར་ཉེ་བར་གྱུར་པས་ཉེ་བ་མངོན་སུམ་གྱི་ཚིག་འདིས་འདི་ལ་ཞེས་བྱ་བ་བསྟན་ཏོ། །འདིའི་ཕྱིར་ཡང་ངོ་བོ་ཉིད་སྐྱེ་བ་མེད་པ་ཡོངས་སུ་ཤེས་པ་ན་ངོ་བོ་ཉིད་ཡོངས་སུ་ཤེས་པ་ནི་མ་ཡིན་ནོ། །དེའི་ཕྱིན་ཅི་ལོག་ཡོད་ན་ནི་ཡོད་ལ་མེད་ན་ནི་མེད་པའི་ཕྱིར་ རོ། །དེ་ལྟར་བསྟན་པའི་ཕྱིར། མ་རིག་རྐྱེན་གྱིས་འཇིག་རྟེན་ཞེས། །འདི་ལྟར་རྫོགས་པའི་སངས་རྒྱས་གསུང་། །དེའི་ཕྱིར་འཇིག་རྟེན་འདི་དག་ཀྱང་། །རྣམ་པར་རྟོག་པ་ཅིས་མི་འཐད། །ཅེས་བྱ་བ་སྨོས་སོ། །གང་གི་རྐྱེན་མ་རིག་པ་ཡིན་པ་དེ་མ་རིག་པའི་རྐྱེན་ ལས་བྱུང་བ་སྟེ་འཇིག་རྟེན་ནོ། །འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་འདིས་འདི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ འདིའི་རྐྱེན་ནི་མ་རིག་པའོ་ཞེས་བསྟན་པ་དེའི་ཕྱིར། རང་གི་ངོ་བོ་གྲུབ་པ་མེད། །རང་གི་ངོ་བོ་གྲུབ་པ་རྫས་ལ་སོགས་པའི་རྐྱེན་ནི་མུན་པ་མ་ཡིན་ནོ། །དེ་བས་ན་མ་རིག་པ་རྐྱེན་དུ་གྱུར་པའི་ཕྱིར། འཇིག་རྟེན་རྣམ་པར་རྟོག་པ་ཅིའི་ཕྱིར་འཐད་དེ། འཇིག་རྟེན་རྣམ་པར་རྟོག་པ་ ཙམ་དུ་འཐད་པ་ཉིད་དོ་ཞེས་བྱ་བར་དགོངས་སོ། །རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་ཙམ་དུ་ཟད་པས་ན་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ངོ་བོ་གྲུབ་པ་མེད་པས་མུན་ཁུང་ན་མིའི་ཚུལ་དུ་ཡོངས་སུ་རྟོག་པ་ འབྱུང་བ་ལྟར་འཇིག་རྟེན་ཡང་རྣམ་པར་རྟོག་པ་ཙམ་དུ་རྣམ་པར་གཞག་གོ། །དེ་ལྟར་ཕྱིན་ཅི་ལོག་ཡོད་ན་འཇིག་རྟེན་ཡོད་པར་ཅི་བསྟན་ནས། ད་ནི་ཕྱིན་ཅི་ལོག་མེད་ན་མེད་པར་བསྟན་པའི་ཕྱིར། མ་རིག་འགགས་པར་གྱུར་ན་ནི། །གང་རྣམས་འགག་པར་འགྱུར་བ་རྣམས། ། དེ་དག་མི་ཤེས་ཀུན་བརྟགས་པར། །ཅི་ཡི་ཕྱིར་ན་གསལ་མི་འགྱུར། །ཞེས་བྱ་བ་སྨོས་སོ། །སྣང་བ་བྱུང་ན་མུན་ཁུང་ན་མེའི་ཚུལ་དུ་སྣང་བ་མི་དམིགས་པ་བཞིན་དུ་རིག་པ་བྱུང་ན། གང་ལོག་པ་དེ་ངེས་པར་མི་ཤེས་པས་ཡོངས་སུ་བརྟགས་པའི་ཕྱིར་ངོ་བོ་ཉིད་དུ་གྲུབ་པ་ མེད་པར་གནས་སོ། །འདིའི་ཕྱིར་ཡང་འཇིག་རྟེན་དངོས་པོ་མེད་དེ། གཟུགས་བརྙན་བཞིན་དུ་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། རྒྱུ་ཡོད་པ་ལས་གང་བྱུང་ཞིང་། །རྐྱེན་མེད་པར་ནི་གནས་པ་མེད། །རྐྱེན་མེད་ཕྱིར་ཡང་འཇིག་འགྱུར་བ། ། དེ་ནི་ཡོད་པར་ཇི་ལྟར་ཤེས། །ཞེས་བྱ་བ་སྨོས་སོ། །གལ་ཏེ་འཇིག་རྟེན་ངོ་བོ་ཉིད་དུ་གྲུབ་ན་ནི་དེའི་ཚེ་རང་བཞིན་གྱི་ངོ་བོར་གྲུབ་པ་ཡོད་པས་རྒྱུ་དང་རྐྱེན་ལ་ལྟོས་ཏེ་འབྱུང་བར་མི་འགྱུར་ཞིང་། རྒྱུ་དང་བཅས་ལས་འབྱུང་བར་ཡང་མི་འགྱུར་ཏེ། ངོ་བོ་ཉིད་ནི་བྱས་པ་མེད་པའི་ ཕྱིར་རོ། །གནས་པ་ཡང་རྐྱེན་ལ་རག་ལས་པར་མི་འགྱུར་རོ། །ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་ན་གཞན་དུ་འགྱུར་མི་སྲིད་དེ། འདི་ལྟར་གཞན་དུ་འགྱུར་བ་སྤང་བའི་ཕྱིར་གནས་པའི་རྐྱེན་བཙལ་བ་ནི་རིགས་པར་འགྱུར་རོ། །གང་གནས་པའི་རྐྱེན་ལ་རག་ལས་པ་དེ་གཟུགས་ བརྙན་བཞིན་དུ་ངོ་བོ་ཉིད་མེད་པར་གྲུབ་པ་ཡང་རིགས་སོ། །གང་ངོ་བོ་ཉིད་དུ་གྲུབ་པ་དེ་ནི་རང་བཞིན་གྱིས་མི་འགྱུར་བས་གནས་པའི་རྐྱེན་མེད་ཀྱང་ལྡོག་པ་མི་རིགས་སོ། །གང་གནས་པའི་རྐྱེན་མེད་ན་ལྡོག་པ་དེ་ནི་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པར་འོས་ སོ། །གང་དེ་ལྟར་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དེ་གཞན་གྱིས་ཇི་ལྟར་ཡོད་པར་ཁོང་དུ་ཆུད་པའི་རྒྱུ་མེད་པས་དེ་ཡོད་པ་ཉིད་དུ་མི་རིགས་སོ་ཞེས་བྱ་བར་དགོངས་སོ། །མུ་སྟེགས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་མི་སྨྲ་བ་རྣམས་ཀྱི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པར་མངོན་ པར་ཞེན་པ་གང་ཡིན་པ་དེ་ནི་རང་གི་གྲུབ་པའི་མཐའ་ལས་བྱུང་བ་དང་མི་འགལ་བས། གལ་ཏེ་ཡོད་པར་སྨྲ་བ་རྣམས། །དངོས་ལ་ཞེན་པར་གནས་པ་ནི། །ལམ་དེ་ཉིད་ལ་གནས་པ་སྟེ། །དེ་ལ་ངོ་མཚར་ཅུང་ཟད་མེད། །གྲངས་ཅན་གྱིས་རང་གི་གྲུབ་པའི་མཐའ་ལས་ ཡོན་ཏན་སྙིང་སྟོབས་དང་། རྡུལ་དང་མུན་པ་གསུམ་རྟག་པར་ལོབས་ལ། བྱེ་བྲག་པས་ཀྱང་རང་གི་གྲུབ་པའི་མཐའ་ལས་ས་དང་། ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་ཡན་ལག་ཅན་མ་ལུས་པའི་དངོས་པོ་རྩོམ་པ་རྟག་པ་ཉིད་དུ་ལོབས་ནས་རྟག་པའི་དངོས་པོར་སྨྲ་བའི་ཕྱིར་གལ་ཏེ་ དངོས་པོ་ལ་ཞེན་པར་གནས་པ་དང་ངོ་བོ་ཉིད་བཟུང་ནས་གནས་པ་དེ་ལ་ནི་བློ་མཆོག་དང་ལྡན་པ་དག་ངོ་མཚར་དུ་འཛིན་པ་ཅུང་ཟད་ཀྱང་མེད་དེ་ཡ་མཚན་དུ་བྱ་བ་ཅུང་ཟད་ཀྱང་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མི་སྲིད་པའི་དངོས་པོ་ལ་བརྟེན་པ་ནི་འཇིག་རྟེན་ ན་ངོ་མཚར་གྱི་རྒྱུ་ཡིན་ནོ། །སྲིད་པའི་དངོས་པོ་ལ་བརྟེན་པ་ནི་དེ་ལྟ་མ་ཡིན་ཏེ། དེ་རིགས་པའི་ཕྱིར་རོ། །རང་གི་གྲུབ་པའི་མཐའ་ལས་ཡོད་པར་བསྟན་པ་སྟོན་ཞིང་ཁོང་དུ་ཆུད་པ་ལ་ནི་ངོ་མཚར་གྱི་རྒྱུ་མེད་པས་ངོ་མཚར་ཅུང་ཟད་ཀྱང་མེད་པར་རིགས་སོ། །བྱེ་བྲག་ཏུ་ སྨྲ་བ་དང་། མདོ་སྡེ་པ་དང་། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་གྲུབ་པས་མཐའ་ལས་ཡོད་པ་མི་སྲིད་པ་ཡོངས་སུ་སྟོན་པ་ནི་བློ་མཆོག་དང་ལྡན་པ་དག་ལ་མཆོག་ཏུ་ངོ་མཚར་བསྐྱེད་པ་ཡིན་ནོ། །དེ་དག་ལ། སངས་རྒྱས་ལམ་ལ་བརྟེན་ནས་ནི། ། ཐམས་ཅད་མི་རྟག་སྨྲ་བ་རྣམས། །རྩོད་པ་ཡིས་ནི་དངོས་པོ་ལ། །ཆགས་གནས་གང་ཡིན་དེ་སྨད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སངས་རྒྱས་པའི་ལམ་ཡིན་ཏེ། དེ་ལ་བརྟེན་ནས་འདུ་བྱེད་དེ་དག་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་མི་རྟག་པའོ། །ཞེས་དེ་སྐད་ ཁས་ལེན་ཀྱང་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་གྲུབ་པར་སྟོན་པར་འདོད་པ་དེ་སྟོང་པ་ཉིད་དུ་སྨྲ་བ་ལ་རྩོད་པར་བྱེད་ཅིང་དེ་མི་སྲིད་པའི་དངོས་པོ་ལ་བརྟེན་པ་ནི་ངོ་མཚར་ཆེ་བས་དེ་རྨད་དུ་གྱུར་པའོ། །ངོ་མཚར་ཆེ་བ་དེ་ཡང་འཇིག་རྟེན་ན་ཡ་མཚན་དུ་གྱུར་པས་རྨད་དུ་བྱུང་བ་ཞེས་བྱའོ། ། དེ་ལྟར་ཐམས་ཅད་ཀྱང་མི་རྟག་པར་སྨྲ་བ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ཁས་ལེན་པར་གྱུར་ཀྱང་དངོས་པོའི་ངོ་བོ་ཉིད་སྟོན་ཅིང་རློམ་པར་གནས་པ་ནི་རྟ་དམུ་རྒོད་བོང་བུའི་སྤྱོད་པ་ལྟར་བཅོས་པ་བཞིན་དུ་མཁས་པ་དག་ལ་རབ་ཏུ་ངོ་མཚར་དུ་འགྱུར་རོ། །ཕྱག་བྱ་བར་འོས་པ་ མ་ཡིན་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་ཚིག་བཞིན་དུ་རྨད་དུ་བྱུང་བའི་སྒྲ་བསྟོད་པའི་ཚིག་འདི་ཡང་བསྟིང་བ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་པ་སངས་རྒྱས་པའི་ལམ་ལ་བརྟེན་པ་དག །དེ་ནི་འདི་ཞེས་གང་དག་ལ། །བརྟགས་ན་རབ་ཏུ་མི་དམིགས་ན། ། བདེན་པ་དེ་ནི་འདིའོ་ཞེས། །རྩོད་པས་མཁས་པ་སུ་ཞིག་སྨྲ། །འདི་ལྟར་གཟུགས་དང་ཚོར་བ་དང་། རྣམ་པར་ཤེས་པ་དང་། འདུས་བྱས་གཞན་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །གང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེའི་མཚན་ མ་དམིགས་སུ་མེད་པའི་ཕྱིར་གཟུགས་དེ་ནི་འདིའོ། །ཚོར་བ་དེ་ནི་འདིའོ། །རྣམ་པར་ཤེས་པ་དེ་ནི་འདིའོ། །འདུས་བྱས་གཞན་དེ་ནི་འདིའོ་ཞེས་བློ་ལ་རྣམ་པ་ཐམས་ཅད་དུ་མི་སྣང་སྟེ། དེ་ལྟར་གང་གིས་ཀྱང་བྱེ་བྲག་ཏུ་མི་སྣང་བ་གང་ཡིན་པ་དེ་ནི་འདིའོ་ཞེས་གཞན་ལ་བསྟན་ པར་མི་ནུས་སོ། །གང་བསྟན་པར་མི་ནུས་པ་དེ་ལ་ཤེས་རབ་ཅན་དག་རྩོད་པ་སྨྲ་བ་ནི་མི་རིགས་སོ། །རྩོད་པ་ཞེས་བྱ་བ་ནི་གང་ལ་བདག་གི་ཕྱོགས་སྒྲུབ་པ་དང་། གཞན་གྱི་ཕྱོགས་གཞིག་པའོ། །དེ་ལྟར་དངོས་པོ་གང་ཡང་མི་དམིགས་ན་རང་གིས་ཁས་བླངས་པ་དངོས་པོ་བདེན་ པ་གང་ཡིན་པ་དེ་ནི་འདིའོ་ཞེས་བསྟན་པར་བྱ་བ་དེ་ཅུང་ཟད་ཀྱང་ཡོད་པར་ག་ལ་འགྱུར། གཞན་གྱིས་ཁས་བླངས་པའི་དངོས་པོ་བརྫུན་པ་གང་ཡིན་པ་དེ་ནི་འདིའོ་ཞེས་བསྟན་པར་བྱ་བ་དེ་ཡང་ཅུང་ཟད་ཀྱང་ཡོད་པར་ག་ལ་འགྱུར། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རང་བཞིན་ གྱིས་སྐྱེ་བ་མེད་པའི་དོན་དུ་ཁོང་དུ་མ་ཆུད་པ་ཤིན་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་གིས། མ་བརྟན་པར་ནི་གང་དག་གིས། །བདག་གམ་འཇིག་རྟེན་མངོན་ཆགས་པ། །རྟག་དང་མི་རྟག་སོགས་ལྟ་བས། །ཀྱེ་མ་དེ་དག་འཕྲོགས་པ་ཡིན། །གང་དག་ཕུང་པོ་ལྔ་གཟུགས་བརྙན་ལྟ་ བུ་རང་བཞིན་མེད་པ་ལ་བརྟེན་ནས་བདག་ཏུ་མི་འདོགས་ཀྱི། སེམས་རང་གི་མཚན་ཉིད་དུ་གྲུབ་པ་ལ་བདག་གོ་ཞེས་རྣམ་པར་འཇོག་པ་དེ་དག་གདོན་མི་ཟ་བར་ལྟ་བའི་ཆུ་བོ་ཆེན་པོས་མྱ་ངན་ལས་འདས་པའི་ལམ་ལས་དེད་ཅིང་ཁྱེར་བར་འགྱུར་རོ། །ཇི་ལྟ་ཞེ་ན། དེ་ལ་སེམས་ངོ་བོ་ཉིད་ དུ་གྲུབ་པར་འདོད་ན་ཡང་ན་ནི་རྟག་པར་འགྱུར། ཡང་ན་ནི་མི་རྟག་པར་འགྱུར་རོ། །གལ་ཏེ་རྟག་པར་འགྱུར་ན་དེའི་ཚེ་ཐེར་ཟུག་ཏུ་སྨྲ་བ་ཡིན་ནོ། །འོན་ཏེ་མི་རྟག་ན་དེའི་ཚེ་ཆད་པར་སྨྲ་བ་ཡིན་ཏེ། བྱུང་ནས་མེད་པར་གྱུར་པ་ནི་ཆད་པར་ལྟ་བ་ཡིན་ནོ། །དེ་ལྟར་དེ་དག་ཀྱེ་མ་ལྟ་བས་ འཕྲོགས་པ་ཡིན་ནོ། །ཀྱེ་མ་ཞེས་བྱ་བའི་སྒྲ་ནི་སྨྲེ་སྔགས་འདོན་པའམ་ངེས་པར་རིག་པར་བྱའོ། །དེ་ལྟར་འཇིག་རྟེན་ཞེས་བྱ་བ་ཕུང་པོ་ལྔ་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ན་ཡང་མཐུན་པར་སྐྱོན་དུ་འགྱུར་བར་སྦྱར་རོ། །ཡང་ན་འདི་ནི་དོན་གཞན་ཏེ། གངས་ཅན་ལ་ སོགས་པ་གང་དག་མ་བརྟེན་པར་བདག་རྟག་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པ་དང་། འཇིག་རྟེན་ཡང་རང་བཞིན་གྱི་བདག་ཉིད་དང་། རང་བཞིན་ཡང་འགྱུར་བ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པར་ཞེན་ལ་འགྱུར་བའི་ཚོགས་ནི་ ལྡོག་པར་འདོད་དོ། །གཞན་དག་ནི་གཞན་དུ་འདོད། ཀྱེ་མ་དེ་དག་ནི་གདོན་མི་ཟ་བར་རྟག་པ་དང་མི་རྟག་པ་ལ་སོགས་པའི་ལྟ་བ་རྣམས་ཀྱིས་འཕྲོགས་པར་འགྱུར་རོ། །རང་གི་སྡེ་པ་གང་དག་ཕུང་པོ་ལྔ་དང་བདག་བརྟེན་པར་ཁས་ལེན་ཀྱང་རྫས་སུ་ཡོད་ པ་ཉིད་དུ་ཞུགས་པ་དང་གང་དག་མ་རིག་པ་དང་འདུ་བྱེད་ལ་སོགས་པ་རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བ་ཡིན་ཡང་རྣམ་པར་ཤེས་པ་ལ་སོགས་པ་རྫས་སུ་ཡོད་པ་ཉིད་དུ་བརྗོད་པ་དེ་དག་ཀྱང་དེ་བཞིན་དུ་ལྟ་བ་ལོག་པར་ཞུགས་པ་ཡིན་པར་བསྟན་པའི་ཕྱིར། གང་དག་བརྟེན་ནས་ དངོས་པོ་རྣམས། །ཡང་དག་ཉིད་དུ་འགྲུབ་འདོད་པ། །དེ་དག་ལ་ཡང་རྟག་སྩོགས་ཀྱི། །སྐྱོན་དེ་ཇི་ལྟར་འབྱུང་མི་འགྱུར། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་བདག་དང་ཆོས་ཀྱི་ངོ་བོ་ཉིད་ཀྱི་དོན་ཡོད་པ་དང་། མེད་པར་ཁས་བླངས་པ་ལ་རྟག་པ་དང་། ཆད་པའི་ སྐྱོན་དུ་འགྱུར་བ་དང་མཚུངས་པའི་ཕྱིར་རོ། །ཇི་སྐད་སྨོས་པའི་ལྟ་བ་དག་བསལ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་གནས་པའི་དོན་ཁོང་དུ་ཆུད་ན། གང་དག་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ ལྟས་མི་འཕྲོགས། །གལ་ཏེ་གཟུགས་ལ་སོགས་པ་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ན། དེ་དག་ངོ་བོ་ཉིད་ཀྱིས་མེད་པས་ངོ་བོ་ཉིད་གཞན་དུ་འགྱུར་མི་སྲིད་དེ། ངོ་བོ་ཉིད་ཀྱིས་མེད་པ་ནི་ཕྱིས་ཡོད་པར་མི་རུང་ངོ་། །རྒྱུ་དང་རྐྱེན་ཡོད་དུ་ཟིན་ཀྱང་གང་ཡང་སྐྱེ་མི་སྲིད་པ་དང་ རྒྱུ་དང་རྐྱེན་རྣམས་ཀྱང་དེ་ལྟ་བུའི་རང་བཞིན་ཡིན་པས་མི་སྲིད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་དང་འགལ་བར་འགྱུར་རོ། །འོན་ཏེ་ཉེས་པ་དེ་ཡོངས་སུ་སྤང་བར་འདོད་དེ། ངོ་བོ་ཉིད་ཀྱིས་ཡོད་པར་ཁས་ལེན་ན་ཡང་དེའི་ཚེ་དེ་ལྟར་བྱུང་བ་བཞིན་དུ་རྒྱུ་དང་རྐྱེན་ རྣམས་ཀྱིས་ཀྱང་འབྱུང་བར་མི་འགྱུར་ཏེ། རྒྱུ་དང་རྐྱེན་རྣམས་ཀྱང་དགོས་པ་མེད་པས་ཡོད་པར་མི་འགྱུར་རོ། །དེ་ལྟ་ན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་འགལ་བར་འགྱུར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་འགལ་ན་རྣམ་པར་གཞག་པ་ཐམས་ཅད་ཞིག་ པར་འགྱུར་རོ། །བོང་བུའི་རྭ་ལ་སོགས་པ་བཞིན་དུ་འགྲོ་བ་ཡང་མི་དམིགས་པར་འགྱུར་རོ། །དེ་བས་ན་ཁམས་དང་འགྲོ་བ་དང་། སྐྱེ་གནས་དང་། རིགས་དང་། རུས་དང་། ཆོ་རིགས་དང་། ཁ་དོག་དང་། གཟུགས་དང་། སྟོབས་དང་། བློ་དང་། དབང་པོ་སོ་སོ་ཐ་དད་ པའི་འགྲོ་བ་དང་། འགྲོ་བ་མ་ལུས་པའི་རྟེན་ཕྱི་རོལ་གྱི་རླུང་གི་དཀྱིལ་འཁོར་ལ་སོགས་པ་དང་། གསེར་དང་། དངུལ་དང་། ཨནྡ་རྙིལ་དང་། ཤེལ་དང་། པདྨ་རཱ་ག་ལ་སོགས་པ་དང་། ཀུ་མུ་ད་དང་། པདྨ་དང་། ཤིང་དང་། རི་དང་། སྨན་དང་། བུམ་པ་དང་། ཤིང་རྟ་ ལ་སོགས་པ་དམིགས་སུ་མེད་པ་སྣ་ཚོགས་ཀྱང་མེད་པ་ཉིད་དུ་འགྱུར་རོ། །དེ་དམིགས་སུ་ཡོད་བཞིན་དུ་མེད་པར་ཁས་བླང་བ་ནི་མི་རིགས་སོ། །དེ་བས་ན་གང་བརྟེན་ཏེ་འབྱུང་བའི་ངོ་བོ་ཉིད་ཀྱིས་ཡོད་པ་དང་མེད་པ་སྤངས་པ་སྟེ། རྐྱེན་འདི་ཙམ་གྱིས་གྲུབ་པས་གཟུགས་བརྙན་བཞིན་དུ་དེ་ངོ་བོ་ ཉིད་ཀྱིས་གྲུབ་པ་མེད་པར་ཁས་བླང་བར་བྱ་སྟེ། ཇི་ལྟར་འཕགས་པ་ལྷས། འབྲས་བུ་ཡོད་པར་གང་འདོད་དང་། །འབྲས་བུ་མེད་པར་གང་འདོད་ལ། །ཀ་བ་ལ་སོགས་ཁྱིམ་དོན་དུ། །བརྒྱན་པའི་དོན་ཀྱང་མེད་པར་འགྱུར། །ཞེས་སྨོས་པ་ལྟ་བུའོ། །དེ་ལྟར་རྟག་པ་དང་ཆད་པ་སྤངས་ ནས་རྟེན་ཅིང་འབྲེལ་པར་འབྱུང་བ་གཟུགས་བརྙན་ལྟ་བུ་བློ་ཕྱིན་ཅི་ལོག་གི་སྤྱོད་ཡུལ་དུ་གྱུར་པ་དང་འགལ་བ་མེད་པས་ཇི་སྐད་སྨོས་པའི་འགྲོ་བ་སྣ་ཚོགས་མི་སྲིད་པ་མ་ཡིན་ནོ། །འཕགས་པ་རྣམས་ཀྱང་ཕྱིན་ཅི་ལོག་སྤངས་ཏེ། བརྫུན་དུ་སྒྲོ་མི་འདོགས་པས་རྣམ་པར་གྲོལ་བ་མི་སྲིད་པ་མ་ ཡིན་ནོ། །གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ལྟར་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་དེའི་ཕྱིར་རིགས་པ་འདིས་དངོས་པོ་རྣམས་ལ་གང་དག་བརྟེན་ནས་དངོས་པོ་རྣམས་ཆུའི་ཟླ་བ་ལྟ་བུར་ནི་འདོད་པ་དེ་དག་རང་གི་ངོ་བོར་གྲུབ་པ་མེད་པས་གཟུགས་བརྙན་བཞིན་དུ་རང་གི་ངོ་བོ་ཉིད་ཀྱི་བདེན་པ་ ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པར་འདོད་དེ། འདི་ལྟར་བསམ་པ་འདི་ནི་དངོས་པོར་གྱུར་པ་ལ་བརྟེན་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དངོས་པོ་ཡོད་པ་མ་ཡིན་ལ། གཟུགས་བརྙན་ལྟ་བུར་གྱུར་པ་དེའི་ཕྱིར་དེ་ཡང་དག་པ་མ་ཡིན་ནོ། །ཡང་དག་པར་ཡོད་ན་གཞན་དུ་འགྱུར་ མི་སྲིད་པར་ཐལ་བར་འགྱུར་རོ། །འཇིག་རྟེན་ན་ཡང་དག་པ་དང་འདྲ་བར་སྣང་བས་ལོག་པ་ཡང་མ་ཡིན་ནོ། །ཡང་དག་པ་མ་ཡིན་པ་ཞེས་བྱ་བ་ཡང་ལ་ལ་ལ་བསྟན་པ་དང་དགོས་པ་འགྲུབ་པའི་ཕྱིར་རོ། །གང་གི་ཕྱིར་ཡང་དག་པ་མ་ཡིན་པ་དེའི་ཕྱིར་རྟག་ པར་སྨྲ་བ་མ་ཡིན་ནོ། །གང་གི་ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་དེའི་ཕྱིར་ཆད་པར་སྨྲ་བའམ་ལོག་པར་སྨྲ་བ་མ་ཡིན་ནོ། །དེ་ལྟར་གཟུགས་བརྙན་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་མེད་པར་ཁོང་དུ་ཆུད་ན་གདོན་མི་ཟ་བར་ཚུལ་བཞིན་མ་ཡིན་པར་རྣམ་པའི་རླུང་གིས་ དཀྲུགས་ཏེ་འཁྲུགས་པར་གྱུར་པའི་རྦ་རླབས་ཆེན་པོ་བརྟག་པ་དང་མི་རྟག་པ་ལ་སོགས་པའི་ལྟ་བའི་ཆུ་བོ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའི་གྲུས་བརྒལ་ནས་མྱ་ངན་ལས་འདས་པའི་སྐྱེད་མོས་ཚལ་གྱི་ཐང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ཤིང་གི་ཚལ་གྱིས་མཛེས་པར་བྱས་ པ། བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་སྣ་ཚོགས་ཡིད་འཕྲོག་པ་ཡོད་པ། སྟོབས་བཅུ་དང་ལྡན་པས་དྲི་མ་མེད་པ། ཟད་པ་དང་མི་སྐྱེ་བ་ཤེས་པས་དབེན་པར་བདེ་བར་ཕྱིན་ཏེ། གཞན་དག་ལ་ཡང་དེའི་རྗེས་སུ་འགྲོ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་གསང་བསྟོད་དེ་ སྟོན་པས་བསྒོ་བ་དེ་བསྒྲུབ་པ་ལ་བརྩོན་པ་འཁོར་བའི་རྒྱ་མཚོ་ཆེན་པོའི་ནང་ན་འདུག་པ་རྟག་པ་ལ་སོགས་པའི་ལྟ་བའི་ཆུ་བོ་རྣམས་ཀྱིས་མགོ་རྨོངས་པ་དེ་དག་ངེས་པར་སྒྲོལ་ལོ། །གང་དག་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་འདི་ཁོང་དུ་མ་ཆུད་དེ། དངོས་པོ་རྣམས་ཀྱི་རང་གི་ མཚན་ཉིད་ཡོངས་སུ་རྟོག་པ་དེ་དག་ནི་གདོན་མི་ཟ་བར་དངོས་པོར་ཁས་ལེན་ཡོད་ན་ནི། འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུངས་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ལ་འདོད་ཆགས་ནི་རང་གི་ཕྱོགས་ལ་མངོན་པར་ཞེན་པའི་མཚན་ཉིད་དོ། ། ཞེ་སྡང་ནི་གཞན་གྱི་ཕྱོགས་ལ་རྒྱབ་ཀྱིས་བལྟས་པའི་མཚན་ཉིད་དོ། །འདོད་ཆགས་དང་ཞེ་སྡང་གང་ལས་འབྱུང་བ་དེ་འདོད་ཆགས་དང་ཞེ་སྡང་འབྱུང་བའོ། །རྣམ་པར་སྨིན་པ་ཤིན་ཏུ་མི་བདེ་བ་དང་ཤིན་ཏུ་བཟོད་པར་དཀའ་བའི་ཕྱིར་མི་བཟོད་པའོ། །སེམས་ཀྱི་རྒྱུད་ ལ་གནོད་པ་སྐྱེད་པར་བྱེད་པ་དང་། འདའ་བར་དཀའ་བའི་ཕྱིར་མ་རུངས་པ་སྟེ། དེ་ཡང་གང་ཞེ་ན། ལྟ་བ་ཡོངས་སུ་འཛིན་པའོ། །ལྟ་བ་ལ་གནས་པ་འདི་ལྟ་བུ་འདི་ཡང་དངོས་པོར་ལེན་པ་ལས་སྐྱེའོ། །ལྟ་བ་ཡོངས་སུ་འཛིན་པ་ཡོད་ན་རང་གིས་ཁས་བླངས་པའི་དོན་བསྟན་པར་འདོད་ པ་དང་། གཞན་གྱིས་ཁས་བླངས་པ་ཞིག་འདོད་པའི་ཕྱིར་ལྟ་བ་ཁས་ལེན་པ་ལས་བྱུང་བའི་རྩོད་པ་དངོས་པོ་ལ་མངོན་པར་ཞེན་པའི་རྩ་བ་ལས་བྱུང་བ་གཞན་དག་ཀྱང་འབྱུང་ངོ་། །གང་གི་ཕྱིར་དེ་དེ་ལྟར་གྱུར་པའི་ཕྱིར། དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། ། དེ་བས་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱང་། །དངོས་པོར་ཁས་ལེན་པ་ཡོད་ན་དེ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་ཡོངས་སུ་རྟོག་པས་དེ་ལ་དམིགས་པ་ལྟ་བར་གྱུར་པ་རྣམས་སུ་ལྟུང་བ་ཡོད་པས་ན་དངོས་པོར་འཛིན་པ་དེ་ལྟ་བར་གྱུར་པ་ ཐམས་ཅད་ཀྱི་རྒྱུ་ཡིན་ནོ། །ལྟ་བར་གྱུར་པ་ཡོད་ན་རྒྱུ་དེ་ལས་བྱུང་བའི་ཉོན་མོངས་པ་འབྱུང་སྟེ། རང་གི་ལྟ་བ་ལ་འདོད་ཆགས་འབྱུང་བ་དང་། དེས་ང་རྒྱལ་དུ་འགྱུར་བ་དང་། གཞན་གྱི་ལྟ་བ་ལ་ཞེ་སྡང་འབྱུང་བའི་ཕྱིར་དང་། ཐམས་ཅད་དུ་གཏི་མུག་འབྱུང་བས་ལྟ་བར་ གྱུར་པ་ལས་ཉོན་མོངས་པ་རྣམས་འབྱུང་ངོ་། །གང་གི་ཕྱིར་དེ་ལྟར་ལྟ་བ་དང་། ཉོན་མོངས་པ་ཐམས་ཅད་དངོས་པོར་དམིགས་པའི་རྒྱུ་ལས་བྱུང་བ་དེའི་ཕྱིར་དངོས་པོ་དེ་ཡོངས་སུ་ཤེས་ཏེ། དངོས་པོའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ན་དམིགས་པ་མེད་པས་ལྟ་བ་རྣམས་ལྡོག་ གོ། །དེ་ལོག་ན་ཉོན་མོངས་པ་རྣམས་སྤོང་ངོ་། །གལ་ཏེ་འདི་སྙམ་དུ། གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྱུང་བ་མཐོང་བ་སྟེ། །རྟེན་ཅིང་སྐྱེས་པ་མ་སྐྱེས་ཤེས། །ཡང་དག་མཁྱེན་པ་མཆོག་གིས་གསུངས། །རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ནས་དངོས་པོ་ རྣམས་ལ་ངོ་བོ་ཉིད་དུ་དམིགས་པར་མི་འགྱུར། གང་བརྟེན་ནས་སྐྱེས་པ་དེ་ནི་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་རོ། །བརྟེན་ནས་བྱུང་བ་གང་ཡིན་པ་དེ་ནི་བྱུང་བ་ཉིད་དུ་ངེས་ཏེ། དེ་ལ་མ་བྱུང་ཞེས་བྱ་བའི་སྒྲར་ཇི་སྐད་དུ་གདགས། གལ་ཏེ་མ་སྐྱེས་པ་ཞེས་བྱ་བ་ན་ནི་དེ་ བརྟེན་ནས་སྐྱེས་པ་ཞེས་བྱར་མི་རུང་སྟེ། དེ་བས་ན་ནང་འགལ་བའི་ཕྱིར་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་ན། ཀྱེ་མ་ཀྱི་ཧུད་རྣ་བ་དང་སྙིང་མེད་པས་ཀྱང་བདག་ལ་ཀླན་ཀ་བཙལ་བ་གང་ཡིན་པ་དེ་ནི་བདག་མ་རུངས་པ་ཞེས་བབ་བོ། །གང་བརྟེན་ ནས་སྐྱེས་པ་དེ་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་ཀྱིས་སྐྱེས་པ་མ་ཡིན་ནོ་ཞེས་ཁོ་བོས་གང་གི་ཚེ་སྨྲས་པ་དེའི་ཚེ་དེ་ལ་ཀླན་ཀ་བཙལ་བའི་སྐབས་ག་ལ་ཡོད། བརྟེན་ནས་འབྱུང་བའི་རྣམ་པ་གང་གི་གཟུགས་བརྙན་དམིགས་པ་དེའི་བརྫུན་པར་གྱུར་པ་དམིགས་པ་ཁོ་བོ་མ་སྐྱེས་པའོ་ཞེས་ སྨྲའི། བདག་ཉིད་གང་གིས་དེའི་བྱུང་བ་མེད་པ་རྣམ་པར་གཞག་པ་དེ་ཉིད་ཀྱིས་དེའི་སྐྱེ་བ་མེད་པར་བརྗོད་དོ། །བདག་ཉིད་གང་གིས་དེའི་སྐྱེ་བ་མེད་པར་རྣམ་པར་གཞག་ཅེ་ན། ཡང་དག་པར་འདོད་པའི་ངོ་བོ་ཉིད་ཀྱིས་འདོད་ཀྱི། བརྫུན་པའི་ངོ་བོས་ནི་མ་ཡིན་ཏེ། དེ་ནི་ངོ་བོ་དེས་ རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྐྱེ་བ་དང་མི་སྐྱེ་བ་འདི་གཉིས་ཡུལ་མ་ཡིན་པའི་ཕྱིར་གཅིག་གི་ཡུལ་དུ་ག་ལ་འགྱུར། གལ་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་དམིགས་པ་དེ་ལ་སྐྱེ་བ་མེད་པ་ཞེས་མི་སྟོན་གྱི། ངོ་བོ་ཉིད་ལ་སྐྱེ་བ་མེད་ པ་ཞེས་སྟོན་ན་འདི་ལ་ཁྱོད་ཀྱིས་དེ་སྐད་སྨྲས་པ་ལྟ་བུ་སྔོན་མ་ཐོས་པ་ཅི་ཞིག་བསྟན་པར་འགྱུར། ཁོ་བོ་ནི་སྔོན་མ་ཐོས་པ་ཅུང་ཟད་ཀྱང་མི་སྟོན་ཏེ། ངེད་ཀྱི་བསྟན་བཅོས་ནི་ཇི་ལྟར་གནས་པའི་ཆོས་ཉིད་བསྟན་པ་ཆེད་ཆེ་བར་བྱ་བ་ཡིན་ན་ཇི་ལྟར་གནས་པའི་ཆོས་ཉིད་དེ་ལ་ཡང་ ཕྱིན་ཅི་ལོག་གི་རྗེས་སུ་འབྲང་བ་འདྲོན་པོ་ཕྱོགས་བསླད་པ་ལྟ་བུ་དག་རྣམ་པ་གཞན་དུ་ཡོངས་སུ་རྟོག་གོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་སྟེ། ཕྱིན་ཅི་ལོག་པའི་བདག་ཉིད་དུ་མ་བྱུང་བ་ཡིན་ན་སོ་སོའི་སྐྱེ་བོ་དག་དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བར་ཡོངས་སུ་རྟོག་སྟེ། དེ་ལ་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་སོ། །ཀུན་ནས་ཉོན་མོངས་དེ་སྤང་བའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དག་པར་རིག་པ་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ། བརྟེན་ནས་སྐྱེས་པ་མ་ སྐྱེས་ཤེའོ། །སྒྱུ་མ་མཁན་ནི་སྒྱུ་མའི་ན་ཆུང་ཡང་དག་པ་སྙམ་དུ་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་པར་མི་འགྱུར་གྱི། ན་ཆུང་ཡང་དག་པ་སྙམ་དུ་མངོན་པའི་ང་རྒྱལ་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ལ་ནི་ཀུན་ནས་ཉོན་མོངས་པ་འབྱུང་ངོ་། །དེ་བཞིན་དུ་འདི་ལ་ཡང་ བརྟེན་ནས་བྱུང་བ་ངོ་བོ་ཉིད་ཀྱིས་མ་སྐྱེས་སོ་ཞེས་བཅོམ་ལྡན་འདས་གསུངས་པས་དངོས་པོ་རྣམས་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་བཟློག་པ་ཡིན་ནོ། །འདི་ལྟར། ལོག་པའི་ཤེས་པས་ཟིལ་གནོན་པ། །བདེན་པ་མིན་ལ་བདེན་འཛིན་པའི། །ཡོངས་སུ་འཛིན་དང་རྩོད་སོགས་ཀྱི། ། རིམ་པ་ཆགས་ལས་ཤིན་ཏུ་བྱུང་། །དེ་ལྟ་བས་ན་དངོས་པོ་བདེན་པ་མ་ཡིན་པ་བདེན་པར་འདུ་ཤེས་པ་དེ་བཟློག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སླུ་བའི་ཕྱིར་བདེན་པ་མ་ཡིན་ནོ། །དེ་བདེན་པ་མ་ཡིན་པར་ རྟོགས་ན་དངོས་པོ་ལ་ཆགས་པ་ལྡོག་གོ། །དངོས་པོ་ལ་ཆགས་པ་ལོག་ན་དངོས་པོ་ཡོངས་སུ་འཛིན་པ་ལྡོག་གོ། །ཡོངས་སུ་འཛིན་པ་ནི་བདག་གིར་བྱེད་པ་སྟེ། དེ་ནི་དེ་ལྟར་ལྡོག་གོ། །དེ་ལོག་ལ་འདོད་པ་ལ་ཆགས་པར་གྱུར་པ་དང་། ལྟ་བ་ལ་ཆགས་པར་འགྱུར་བའི་རྩོད་ པ་ཡང་ལྡོག་གོ། །རྩོད་པ་ལོག་ན་འཐབ་པ་ལ་སོགས་པ་ཡང་ལྡོག་གོ། །དེ་བས་ན་དངོས་པོ་བརྟེན་ནས་གྲུབ་པ་གང་ཡང་མི་དམིགས་ན་གདོན་མི་ཟ་བར། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །རང་གི་ཕྱོགས་ཁས་ལེན་པ་ཡོད་ན་ནི་དེའི་ཚེ་དེ་གཟུགས་ པའི་ཕྱིར་གཞན་རྣམས་དང་རྩོད་པར་གྱུར་ན་དེ་དག་ལ་ནི་དེ་ལྟ་བུ་ཡང་མེད་པས་དེ་བས་ན་རྩོད་མེད་ཆེ་བའི་བདག་ཉིད་ཅན་ནོ། །གལ་ཏེ་དེ་དག་ལ་རང་གི་ཕྱོགས་མེད་དུ་ཟིན་ཀྱང་གཞན་གྱི་ཕྱོགས་གཞིག་པ་མེད་མི་སྲིད་དེ། དེ་བས་ན་གཞན་གྱི་ཕྱོགས་ཡོད་དང་། །བདག་གི་ཕྱོགས་ཀྱང་ མེད་དུ་མི་རུང་ངོ་། །ཕྱོགས་ཤིག་ཡོད་ན་ནི་བདག་གི་ཕྱོགས་སམ་གཞན་གྱི་ཕྱོགས་མེད་པར་ཡང་འགྱུར་ན། གང་གི་ཚེ་ཕྱོགས་ཡེ་མེད་དེའི་ཚེ། གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །གང་གི་ཚེ་དེ་ལྟར་དངོས་པོ་མེད་པས་བདག་དང་ གཞན་གྱི་ཕྱོགས་མེད་པ་དེའི་ཚེ་དེ་ལྟར་མཐོང་བ་རྣམས་ཀྱི་ཉོན་མོངས་པ་རྣམས་ངེས་པར་འགག་པར་འགྱུར་རོ། །ཇི་ལྟ་ཞེ་ན། དེ་དག་འདི་ལྟར། གང་ཡང་རུང་བའི་གནས་རྙེད་ནས། །ཉོན་མོངས་སྦྲུལ་གདུག་གཡོན་ཅན་གྱིས། ། ཟིན་པར་འགྱུར་རོ་གང་གི་སེམས། །གནས་མེད་དེ་དག་ཟིན་མི་འགྱུར། །འདོད་ཆགས་ལ་སོགས་པ་ནི་རང་བཞིན་གྱིས་འདུ་བྱེད་ཀྱི་ནགས་ཐིབས་པོ་ན་རྒྱུ་བ་དགེ་བའི་ཕྱོགས་ཀྱི་སྲོག་གི་བར་ཆད་བྱེད་པ་ལྟ་བ་ལ་སོགས་པའི་མིག་གི་དབང་པོའི་ཕུག་ཏུ་གནས་བཅས་པ་ ཡུལ་གྱི་རླུང་ལ་ཡིད་ཆགས་པ་ཡུན་རིང་པོ་ནས་རྗེས་སུ་འབྲང་བའོ། །གཡོན་ཅན་ནི་གྱ་གྱུ་ལྟར་འགྲོ་བ་སྟེ། །འཛིན་པ་ལ་བརྩོན་པས་དེ་དག་ནི་སྦྲུལ་ལོ། །གནས་བརྟེན་པར་བྱ་བ་རྒྱུ་འགའ་ཞིག་རྙེད་ནས་འགའ་ཞིག་ལ་འཛིན་ཏོ། །གང་དག་དངོས་པོ་ཐམས་ཅད་དུ་མི་ དམིགས་པས་ཉོན་མོངས་པའི་སྦྲུལ་གྱིས་གནས་པའི་རྒྱུ་མ་ལུས་པར་བསྲེགས་ཤིང་དྲན་པ་དང་ཤེས་བཞིན་གྱི་དབང་པོའི་ཕུག་རྣམས་བཀག་པ་དེ་དག་ཉོན་མོངས་པའི་སྦྲུལ་གྱིས་ཟིན་པར་འགྱུར་བའི་གནས་མེད་པར་བྱས་པས་གང་དག་གི་སེམས་ལ་གནས་པ་མེད་པ་ནི་ཟིན་པར་ འགྱུར་ཏེ། དངོས་པོར་དམིགས་པ་མེད་ན་སེམས་ཀྱི་ཕྱོགས་ཡོངས་སུ་མི་འཛིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་གང་དག་གིས་སེམས་ལ་དམིགས་པ་མེད་པ་དེ་དག་ཉོན་མོངས་པའི་སྦྲུལ་གདུག་པ་གཡོན་ཅན་གྱིས་ཀྱང་མི་ཚུགས་ཤིང་ཟིན་པར་མི་འགྱུར་རོ། །གང་དག་ གཟུགས་ལ་སོགས་པའི་རང་བཞིན་དམིགས་ཀྱང་ཉོན་མོངས་པ་རྣམས་སྤང་དུ་རུང་བར་འདོད་པ་དེ་དག་ལ་ནི་ཉོན་མོངས་པ་རྣམས་སྤང་བར་འགྱུར་བ་མེད་དོ་ཞེས་བསྟན་པའི་ཕྱིར། གནས་དང་བཅས་པའི་སེམས་ཡོད་ལ། །ཉོན་མོངས་དུག་ཆེན་ཅིས་མི་འབྱུང་། །ཞེས་བྱ་བ་ སྨོས་སོ། །དངོས་པོར་དམིགས་ན་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་འབྱུང་བ་གདོན་མི་ཟ་བར་མི་ཟློག་སྟེ་འབྱུང་ངོ་། །ཇི་ལྟ་ཞེ་ན། གལ་ཏེ་དངོས་པོ་དེ་ཡིད་དང་མཐུན་པར་གནས་ན་ནི་དེའི་ཚེ་དེ་ལ་རྗེས་སུ་ཆགས་པ་བཟློག་པར་དཀའ་བར་འགྱུར་རོ། ། ཅི་སྟེ་མི་མཐུན་ན་ཡང་དེའི་ཚེ་དེ་ལ་ཁོང་ཁྲོ་བ་དང་། ཚིག་པ་ཟ་བ་བཟློག་དཀའ་བར་འགྱུར་རོ། །འོན་ཏེ་རྟོག་པ་དེ་གཉིས་ཀ་བསྩལ་ཀྱང་དེའི་ཚེ་རང་གི་ངོ་བོ་ལ་སྒྲོ་འདོགས་ཤིང་དམིགས་པ་ལས་བྱུང་བ་བཏང་སྙོམས་སུ་འགྱུར་བའི་ཡུལ་ལ་མ་རིག་པའི་བག་ལ་ཉལ་བ་བཟློག་དཀའ་བར་ འགྱུར་རོ། །ཐ་མལ་པར་འདུག་པའི་གནས་ན་ཀུན་ཏུ་འབྱུང་བའི་མ་རིག་པའི་བག་ལ་ཉལ་འཁོར་བའི་སྡུག་བསྔལ་འབྱུང་བ་དང་མཐུན་པ་གནོད་པའི་བདག་ཉིད་ཉོན་མོངས་པའི་སྦྲུལ་འབྱུང་བར་དམིགས་ནས། གང་ཚེ་ཐ་མལ་འདུག་པ་ཡང་། །ཉོན་མོངས་སྦྲུལ་གྱིས་ཟིན་པར་ འགྱུར། །ཞེས་བྱ་བ་སྨོས་སོ། །གང་གི་ཚེ་གཏི་མུག་དེ་རྟག་ཏུ་འབྱུང་བར་གྱུར་པ་དེ་ནི་ཀུན་ཏུ་རྨོངས་པ་དེ་ཁོ་ན་མཐོང་བ་བསྒྲིབས་པའི་སོ་སོའི་སྐྱེ་བོ་དག་གཏི་མུག་གི་མཐུས་གྲུབ་པའི་དངོས་པོའི་རང་གི་མཚན་ཉིད་ལ་གདོན་མི་ཟ་བར། བྱིས་པ་བདེན་པར་འདུ་ཤེས་པས། ། གཟུགས་བརྙན་ལ་ནི་ཆགས་པ་བཞིན། །དེ་ལྟར་འཇིག་རྟེན་རྨོངས་པའི་ཕྱིར། །ཡུལ་གྱི་གཟེབ་ལ་ཐོགས་པར་འགྱུར། །ཇི་ལྟར་བྱིས་པ་འཇིག་རྟེན་གྱི་ཐ་སྙད་མི་ཤེས་པ་རང་བཞིན་གྱིས་རྣམ་པར་ཤེས་པ་བླུན་པ་དག་གཟུགས་བརྙན་དམིགས་པ་ན་དེ་ལ་དངོས་པོ་ཡོད་ པར་འཛིན་ཞིང་ཆགས་པར་འགྱུར་ཏེ་ཅི་ཡང་བྱེད་ཅིང་དེ་དང་རྩེ་བ་དེ་བཞིན་དུ་བྱིས་པ་མ་རིག་པ་དང་ལྡན་པ་གཏི་མུག་གི་མཐུས་སྐྱེས་པ་ལ། དངོས་པོ་ཡོད་པ་ཡང་དག་པར་རྩོད་པ་ལ་མངོན་པར་ཞེན་པ་ལུས་དང་ངག་ཡིད་ཀྱིས་འཇུག་པས། དེ་དང་དེ་ལ་མངོན་པར་ཞེན་པས། རྗེས་ སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་ལ་སོགས་པས་རང་དབང་མེད་པར་འཇུག་པ་བྱིས་པ་བཞིན་དུ་ཅི་དང་ཅི་ཡང་བྱེད་ཅིང་འཁོར་བའི་གཟེབ་ལ་ཐོགས་པ་འཁོར་བའི་ངོ་བོ་ཉིད་མི་ཤེས་པ་དག་མི་འཕགས་པ་རྣམས་ལ་སྙིང་བརྩེ་བའི་ཡུལ་དུ་སྣང་ངོ་། །ཤེས་རབ་ཀྱི་དྲག་པའི་སྤྱན་ དང་ལྡན་པ་འཕགས་པ་དག་ནི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟིགས་པས། དངོས་པོ་གཟུགས་བརྙན་ལྟ་བུར་ནི། །ཡེ་ཤེས་མིག་གིས་རབ་མཐོང་ན། །བདག་ཉིད་ཆེན་པོ་དེ་དག་ནི། །ཡུལ་གྱི་འདམ་ལ་མི་ཆགས་སོ། །ཆགས་པ་མེད་ན་དངོས་པོ་རྣམས་ལ་ དེའི་བདག་ཉིད་དུ་ཆགས་ཤིང་འཇུག་པ་མེད་པས་ཡུལ་གྱི་འདམ་ལ་ཆགས་པར་མི་འགྱུར་ཏེ། འཕགས་པ་རྣམས་ནི་གཟུགས་བརྙན་ལ་བློ་བྱང་བ་དང་འདྲ་ཞིང་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་ལྟར་ཤིན་ཏུ་བྱིས་པའི་བློ་ཅན་དག་ནི་གཟུགས་ བརྙན་ལ་བྱིས་པ་བཞིན་དུ་གདོན་མི་ཟ་བར། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་དག་ནི་འདོད་ཆགས་བྲལ། །གཟུགས་ཀྱི་རང་བཞིན་ཤེས་པ་ཡི། །བློ་མཆོག་དག་ནི་རྣམ་པར་གྲོལ། །དེ་ལ་བྱིས་པའི་མཚན་ཉིད་དང་ལྡན་པ་ནི་བྱིས་པ་སྟེ། དེ་ཡང་ཉེས་པར་སེམས་ པ་སེམས་པ་དང་། ཉེས་པར་སྨྲ་བ་སྨྲ་བ་དང་། ཉེས་པར་བྱེད་པའི་ལས་བྱེད་པའོ། །དེ་ལ་ཉེས་པར་སེམས་པ་སེམས་པ་ནི་གང་དག་ལུས་མི་གཙང་བ་དང་སྐད་ཅིག་ཅིང་འཇིག་པའི་ངང་ཅན་ལ་གཙང་བ་དང་། མི་འཇིག་པའི་ངང་ཅན་དུ་སེམས་པའོ། །ཉེས་པར་སྨྲ་བ་སྨྲ་བ་ ཞེས་བྱ་བ་ནི་བསྔགས་པར་མི་འོས་པ་རྟག་ཏུ་ཕན་གདགས་དགོས་པ་སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་ལུས་ལ་མིང་དང་ཚིག་དང་ཡི་གེའི་ཚོགས་སྣ་ཚོགས་ཀྱིས་བསྔགས་པ་བརྗོད་པའོ། །ཉེས་པར་བྱེད་པའི་ལས་བྱེད་པ་ཞེས་བྱ་བ་ནི་མི་དགེ་བའི་རྣམ་པར་སྨིན་པ་སྡུག་བསྔལ་ དུ་འགྱུར་བའི་ལས་རྩོམ་པའོ། །དེ་ལྟར་བྱིས་པ་དེ་དག་མི་གཙང་བཞིན་དུ་གཟུགས་ལ་ཆགས་སོ། །བར་མ་ནི་གང་དག་མི་གཙང་བ་ལ་ཇི་ལྟར་གནས་པ་བཞིན་དུ་སྨོད་ཅིང་གཟུགས་ལ་སྡུག་བསྔལ་བརྒྱ་ཕྲག་དུ་མ་བསྩགས་པར་མཐོང་སྟེ། གཟུགས་ལ་འདོད་ཆགས་དང་བྲལ་ བར་གྱུར་ནས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་འཐོབ་སྟེ། འདོད་པའི་ཁམས་ལས་ཤིན་ཏུ་འདས་པ་དེ་དག་ནི་བར་མའོ། །གང་དག་གཟུགས་ཀྱང་ངོ་བོ་ཉིད་ཀྱིས་མེད་དེ། གཟུགས་བརྙན་བཞིན་དུ་ཁོང་དུ་ཆུད་པ་དེ་དག་ནི་གཟུགས་ལ་ སོགས་པའི་རྣམ་པར་རྟོག་པ་རྣམས་ལས་གདོན་མི་ཟ་བར། གཟུགས་ཀྱི་རང་བཞིན་ཤེས་པ་ཡིས། །བློ་མཆོག་རྣམས་ནི་རྣམ་པར་གྲོལ། །དོན་དེ་ཉིད་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། སྡུག་ཆེས་པ་ལ་ཆགས་པར་འགྱུར། །དེ་ལས་ལྡོག་པས་འདོད་ ཆགས་བྲལ། །སྒྱུ་མའི་སྐྱེས་བུ་ལྟར་དབེན་པར། །མཐོང་བས་མྱ་ངན་འདས་པར་འགྱུར། །ཞེས་བྱ་བ་སྨོས་སོ། །སྒྱུ་མའི་སྐྱེས་བུ་བཞིན་དུ་འགྲོ་བ་དབེན་ཞིང་སྟོང་སྟེ། མྱ་ངན་ལས་འདས་པ་མཐོང་ནས་གང་དག་མྱ་ངན་ལས་འདས་པར་གྱུར་པ་དེ་དག་ནི་བློའི་མཆོག་དང་ལྡན་ པ་སྟེ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་བཅོམ་ལྡན་འདས་སུ་ཤེས་པར་བྱའོ། །བར་མ་དག་ནི་འཇིག་རྟེན་པ་རྣམས་ཏེ། འདོད་པའི་འདོད་ཆགས་དང་བྲལ་བའོ། །བྱིས་པ་རྣམས་ནི་འདོད་པ་ལ་ཆགས་པར་ཤེས་པར་བྱའོ། །སྒྱུ་མའི་སྐྱེས་བུ་བཞིན་དུ་འགྲོ་བ་དབེན་ པར་མཐོང་ནས་མྱ་ངན་ལས་འདས་པ་ཇི་ལྟར་འགྱུར་ཞེ་ན། ལོག་པའི་ཤེས་པས་མངོན་གདུང་བའི། །ཉོན་མོངས་སྐྱོན་རྣམས་གང་ཡིན་ཏེ། །དངོས་དང་དངོས་མེད་རྣམ་རྟོག་པ། །དོན་ཤེས་གྱུར་ལ་མི་འབྱུང་ངོ་། །ཞེས་བྱ་བ་སྨོས་སོ། །གང་གིས་འགྲོ་བ་སྒྱུ་མ་བཞིན་དུ་དམིགས་ པ་དེས་དངོས་པོ་དང་དངོས་པོ་མེད་པའི་རང་གི་མཚན་ཉིད་ངོ་བོར་མི་དམིགས་པས་དངོས་པོ་དང་དངོས་པོ་མེད་པར་ཡོངས་སུ་ཤེས་ཏེ། དེ་གཉིས་ལ་ཡོངས་སུ་མི་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་རྣམས་རྣམ་པར་བཤིག་པ་དོན་ཤེས་པ་ དེ་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གང་ཡིན་པ་དེ་དག་གདོན་མི་ཟ་བར་འཁོར་བའི་རྒྱུར་མི་འགྱུར་རོ། །ཉོན་མོངས་པ་དེ་དག་ནི་ལོག་པའི་ཤེས་པས་མངོན་པར་གདུང་བ་རྣམས་ལ་འབྱུང་ངོ་། །མངོན་དུ་གདུང་བའི་ངང་ཚུལ་ཅན་ནི་མངོན་པར་གདུང་བ་ཅན་ནོ། །ལོག་ པའི་ཤེས་པས་མངོན་པར་གདུང་བས་ལོག་པའི་ཤེས་པས་མངོན་པར་གདུང་བའོ། །ཕྱིན་ཅི་ལོག་པ་དག་ཡུལ་ལ་དམིགས་པ་རྙེད་ནས་ཉོན་མོངས་པ་རྣམས་ཀྱིས་གདུང་བར་བྱེད་དོ། །དོན་རྟོགས་པ་ལ་ནི་དེ་དག་མེད་པས་གདོན་མི་ཟ་བར་མྱ་ངན་ལས་འདའོ། །བྱིས་པ་ རྣམས་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་མྱ་ངན་ལས་འདས་པར་མི་འཐད་དོ། །དེ་དག་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བའི་གནས་ལ་ཡོངས་སུ་རྟོག་པས་ཇི་ལྟར་དམིགས་པའི་ཡུལ་ལ་ཆགས་པ་དང་། མི་ཆགས་པ་ཡོད་པར་འགྱུར། འཕགས་པ་དག་ནི་འཁོར་བ་འདི་ལ། གནས་ཡོད་ན་ནི་འདོད་ཆགས་དང་། །འདོད་ཆགས་བྲལ་བ་དམིགས་འགྱུར་ན། །གནས་མེད་བདག་ཉིད་ཆེན་པོ་རྣམས། །ཆགས་པ་མེད་ཅིང་ཆགས་བྲལ་མིན། །གང་ལ་ཆགས་པ་དེ་ཡང་དམིགས་ལ་གང་ལ་མི་ཆགས་པ་དེ་ཡང་དམིགས་ན་ནི་ ཆགས་པ་དང་མི་ཆགས་པ་གཉིས་སུ་རུང་ངོ་། །དངོས་པོ་ལ་རང་གི་ངོ་བོར་སྒྲོ་མི་འདོགས་ན་འདོད་ཆགས་དང་བྲལ་བ་དག་མི་འབྱུང་ངོ་། །འཕགས་པ་རྣམས་ནི་དངོས་པོའི་རང་གི་ངོ་བོ་མི་དམིགས་པས་དེ་བས་ན་དེ་དག་གནས་མེད་དེ། དམིགས་པ་མེད་པས་ངེས་པར་མྱ་ངན་ ལས་འདའོ། །དེའི་ཕྱིར་དེ་ལྟར་རྣམ་པར་དཔྱད་ན། གང་དག་རྣམ་པར་དབེན་པ་ལ། །གཡོ་བའི་ཡིད་ཀྱང་མི་གཡོ་སྟེ། །ཉོན་མོངས་སྦྲུལ་གྱིས་དཀྲུགས་པ་ཡི། །མི་བཟད་སྲིད་པའི་རྒྱ་མཚོ་རྒལ། །རང་བཞིན་གྱིས་རྒོད་པའི་ཕྱིར་སེམས་སྤྲེའུ་ལྟ་བུ་དབེན་ པ་འགྲོ་བ་སྟོང་པ་ཞེས་དམིགས་པ་འདི་ལ་གང་དག་བསྟན་པར་གནས་པ་དག་ནི་སྲིད་པའི་རྒྱ་མཚོ་ཉོན་མོངས་པའི་སྦྲུལ་གྱིས་གང་བ་དམིགས་པ་རྒལ་བའོ། །ད་ནི་རབ་ཏུ་བྱེད་པའི་དགེ་བ་ཡོངས་སུ་བསྔོ་བའི་ཕྱིར། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་བྱ་བ་སྨོས་སོ། །ཤེས་རབ་མ་གཏོགས་པ་དང་ཤེས་རབ་ཀྱི་རྒྱུ་མ་གཏོགས་པ་སེམས་ཅན་གྱི་ཁམས་མཐའ་དག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བསྒྲུབས་པ་དགེ་བ་ དཔག་ཏུ་མེད་པ་ཐམས་ཅད་ནི་བསོད་ནམས་ཀྱི་ཚོགས་ཤེས་པ་བསྟན་ཏེ། ཤེས་རབ་དང་ཤེས་རབ་ཀྱི་རྒྱུ་སངས་རྒྱས་སུ་འགྲུབ་པར་ཡོངས་སུ་བསྔོ་བ་ཐམས་ཅད་ནི་ཡེ་ཤེས་ཀྱི་ཚོགས་སོ། །སྐྱེ་བོ་ཐམས་ཅད་ཀྱིས་ཚོགས་དེ་གཉིས་བསགས་ཏེ་ཉེ་བར་བསྒྲུབས་ ནས་བསོད་ནམས་ཡེ་ཤེས་ལས་བྱུང་བའི་དམ་པ་བླ་ན་མེད་པ་ཐོབ་པར་ཤོག་ཤིག །བྱུང་བ་ནི་སྐྱེས་པའོ། །བསོད་ནམས་དང་ཡེ་ཤེས་ལས་བྱུང་བ་དེ་དག་ནི་བསོད་ནམས་དང་ཡེ་ཤེས་ལས་བྱུང་བ་སྟེ། དེ་གཉིས་གང་ཞེ་ན། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའོ། །དགེ་བ་ འདིས་དེ་གཉིས་ཐོབ་པར་ཤོག་ཤིག །ཀླུ་ཡི་རྐྱེན་ཡིན་འཇིགས་དང་བཅས་པས་ཡོངས་སྤངས་པ། །རིགས་པའི་ཀུ་མུ་ད་འདི་ཁ་འབྱེད་ཟླ་བ་ནི། །ཉེས་པའི་འབྱུང་གནས་རབ་རིབ་རྣམ་པ་རབ་བཅོམ་ནས། །བློ་གྲོས་མི་ལྡན་སྐྱེ་བོ་རྣམས་ལ་གྲགས་པས་མཛེས། ། ཆོས་ཉིད་དང་ནི་མི་འགལ་གང་འཇུག་པ། །དོན་དེ་གལ་ཏེ་ཇི་སྐད་ཅེས་བརྗོད་ཀྱང་། །དེ་ལ་ཉེས་ཞེས་སངས་རྒྱས་མི་གསུང་ཕྱིར། །བདག་གིས་ཡང་དག་རྟོགས་ལ་དོགས་པ་མེད། །དེ་ཕྱིར་བདག་གིས་འཛེམ་སྤངས་གུས་བྱས་ཏེ། །རིགས་པ་དྲུག་ཅུ་པ་འདི་ རྣམ་པར་ཕྱེ། །རྣམ་པར་ཕྱེ་བའི་བསོད་ནམས་གང་ཡིན་འདིས། །འགྲོ་བ་མ་ལུས་ཐུབ་དབང་མྱུར་གྱུར་ཅིག །རིགས་པ་དྲུག་ཅུ་པའི་འགྲེལ་པ་འདི་ནི་སློབ་དཔོན་ཟླ་བ་གྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་ཡུལ་ས་མ་ཏ་ནས་སྐྱེས་པ། མུ་སྟེགས་ ཅན་རྟོག་གེ་ངན་པར་སྨྲ་བའི་ཚོགས་ཐམས་ཅད་ཀྱི་མུན་པ་མང་པོ་རྣམ་པར་འཇོམས་པ། དེ་བཞིན་གཤེགས་པ་བཀའ་མཐའ་གཉིས་རྣམ་པར་སྤངས་པའི་ནམ་མཁའི་དཀྱིལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཡེ་ཤེས་ཀྱིས་སྣང་བར་གྱུར་ན། གནས་པ་ཡང་དག་པ་མ་ ཡིན་པའི་ཕྱིན་ཅི་ལོག་རྣམ་པ་སྣ་ཚོགས་ཀྱི་ཚ་བས་གདུངས་པའི་འགྲོ་བ་མཐའ་དག་བསིལ་བར་མཛད་པའི་ཟླ་བ་འོད་ཟེར་དྲི་མ་མེད་པ་དཔག་ཏུ་མེད་པར་གྲགས་པ་ཡིན་ཏེ། དེས་མཛད་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་ཡོ་ག་ཙ་ར་ཙ་ཏུ་ཤ་ཏ་ ཀ་ཊཱི་ཀཱ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདིར་སློབ་དཔོན་འཕགས་པ་ལྷས་ཉེ་བར་སྦྱར་བ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ བསྟན་བཅོས་ཀྱི་རབ་ཏུ་བྱེད་པ་བཅུ་དྲུག་གི་ཚིག་ལེའུར་བྱས་པའི་དོན་འགྲེལ་པ་གཅིག་གིས་རྣམ་པར་དབྱེ་བར་འདོད་པས་དེའི་སྤྱི་དོན་ཉེ་བར་བསྟན་པའི་ཕྱིར་བཤད་པ། གང་ལས་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་བཞིན། །རྣམ་པར་ཕྱེ་ནས་རིམ་ གྱིས་དོན་དམ་སྟོན་གྱུར་པ། །དེ་ལ་རབ་ཏུ་བྱེད་པ་དང་པོ་བཞིས་ནི་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་ཡོངས་སུ་གསལ་བར་བྱ་སྟེ། འདི་ལྟར་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དག་ནི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བ་ཡིན་ལ་དེ་དག་ཀྱང་སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་ན་མི་རྟག་པའོ། ། གང་དག་མི་རྟག་པ་དེ་དག་གདོན་མི་ཟ་བར་མི་རྟག་པ་ཉིད་ཀྱིས་གནོད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །གང་དག་སྡུག་བསྔལ་བ་དེ་དག་ནི་རྟག་ཏུ་སྐྱོ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་མི་གཙང་བའོ། །གང་དག་མི་གཙང་བ་དེ་དག་ནི་དོར་བར་བྱ་བ་ཉིད་ཀྱིས་ བདག་ཏུ་འཛིན་པ་དང་བདག་གིར་འཛིན་པས་ཡོངས་སུ་གཟུང་བར་མི་འོས་པ་ཉིད་ཀྱིས་ང་དང་ངའི་འབྱུང་བར་མི་འོས་པ་ཉིད་ཀྱི་ཕྱིར་ན་བདག་མེད་པའོ། །དེའི་ཕྱིར་འཇིག་རྟེན་པའི་དངོས་པོ་དེ་ལྟ་བུ་འདི་ཕྱིན་ཅི་ལོག་ལས་རྣམ་པ་གཞན་དུ་སྣང་བས་གདོན་མི་ཟ་བར་འདི་སྤང་བར་བྱ་བ་ཉིད་ དུ་མངོན་པར་གསལ་བར་བྱས་ནས་སངས་རྒྱས་ཉིད་བླང་བར་བྱ་བ་ཉིད་ཡིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་བསྟན་པས་འཐོབ་པའི་ཕྱིར་ལྔ་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་ཏོ། །ཉོན་མོངས་པས་ཟིལ་གྱིས་མནན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ པའི་བར་དུ་གཅོད་པར་བྱེད་པ་ཡིན་པས་ན་དྲུག་པས་ཉོན་མོངས་པ་དཔྱད་དོ། །བདུན་པས་ནི་ཡུལ་རྣམས་ཉོན་མོངས་པ་རྣམས་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྒྱུ་ཡིན་པས་ཡུལ་དཔྱད་དོ། །ཡུལ་དེ་དག་ཀྱང་སེམས་ཅན་ཆོས་ཀྱི་རང་བཞིན་མ་རྟོགས་ཤིང་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་ པའི་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་ལ་ཉོན་མོངས་པ་སྐྱེ་བའི་རྒྱུ་ཡིན་པས་བསྟན་བཅོས་འདི་ལས་དོན་དམ་པ་བསྟན་པ་དེ་ལ་ཆོས་ཀྱི་རང་བཞིན་རྣམ་པར་བཤད་པ་ཉན་པར་འདོད་པའི་སློབ་མའི་སེམས་ཀྱི་རྒྱུད་ལས་སུ་རུང་བར་བྱ་བའི་ཕྱིར། བརྒྱད་པ་ཡོངས་སུ་སྦྱོང་བའི་རབ་ཏུ་བྱེད་ པའོ། །དེའི་འོག་ཏུ་རབ་ཏུ་བྱེད་པ་བརྒྱད་ཀྱིས་ཆོས་རྣམས་ཀྱི་རང་བཞིན་མེད་པ་ཉིད་བསྟན་ཏོ་ཞེས་བྱ་བ་ནི་བསྟན་བཅོས་བཞི་བརྒྱ་པའི་བསྡུས་པའི་དོན་ཏོ། །དེ་འདི་ད་ལྟའི་སྙན་དངགས་མཁན་གྱིས་རྣམ་གཉིས་བྱས། །བསྟན་བཅོས་བཞི་བརྒྱ་པ་དེ་ནི་ད་ལྟའི་སྙན་ དངགས་མཁན་བཙུན་པ་ཆོས་སྐྱོང་གིས་ཇི་ལྟར་བཀོད་པ་ཕྱེ་ནས་རྣམ་པ་གཉིས་སུ་བྱས་ཏེ། གཅིག་ནི་ཆོས་བསྟན་པ་བརྒྱ་པ་ཉིད་དུའོ། །གཞན་ནི་རྩོད་པ་བརྒྱ་པ་ཉིད་དུའོ། །ད་ནི་བདག་གིས་གཅིག་ཏུ་དེ་རྣམས་དབྱེ་བར་བྱ། །ད་ནི་བསྟན་བཅོས་བཞི་བརྒྱ་པ་དེ་གཅིག་ ཏུ་བྱས་ནས་བདག་གིས་རྣམ་པར་དབྱེ་བར་བྱའོ། །དེ་ལྟར་བྱས་དང་བཀོད་པ་སྔ་མ་ཡང་ཡོངས་སུ་བསྐྱངས་པར་འགྱུར་ལ། དེས་ཕན་གདགས་པར་བྱ་བ་རྣམས་ལ་ཕན་བཏགས་པར་ཡང་འགྱུར་ཏེ། བསྟན་བཅོས་ཀྱི་དོན་བརྗོད་པར་འདོད་པ་མཐའ་དག་བླངས་པས་ རང་དང་གཞན་གྱི་དོན་ཡང་དག་པར་འགྲུབ་པའི་ཕྱིར་རོ། །གང་གི་ཕྱིར་ན་སློབ་དཔོན་འཕགས་པ་ལྷ་འདི་ནི། སློབ་དཔོན་ཀླུ་སྒྲུབ་སློབ་མར་གནང་བར་འདོད་གྱུར་པ། །དེའི་ཕྱིར་འདི་ཡི་དེ་ཉིད་ལུགས་ལས་ལུགས་གཞན་མིན། །འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་ སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་སྟེ་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་དུ་རབ་ཏུ་འབྱུང་ཞིང་། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྟར་འོངས་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཉེ་གནས་ཉིད་དུ་འགྱུར་ཞིང་། དེའི་ལུགས་ཀྱི་རྗེས་སུ་འཇུག་པར་གྱུར་པ་དེ་ཉིད་ཀྱི་ ཕྱིར་ན་བསྟན་བཅོས་བཞི་བརྒྱ་པ་འདིའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ལས་བཤད་པའི་དེ་ཁོ་ན་ཉིད་ལས་མཚན་ཉིད་ཐ་དད་པ་ཅན་མ་ཡིན་ནོ། །གང་ཞིག་མཚན་ཉིད་སོ་སོར་བྱས་ནས་སྨྲ་བར་བྱེད་པ་དེའི་གཞུང་ལུགས་སོ་སོར་སྨྲ་བ་ཤིན་ཏུ་བབ་ཅོལ་ཡིན་ཏེ། དེའི་ཆོས་ཉིད་ལ་ལོག་པར་རྟོག་པའི་ཕྱིར་རོ། །བསྟན་བཅོས་བཞི་བརྒྱ་པ་འདི་ནི། །བཞི་སྒྲ་མི་མངོན་བྱས་པ་དང་། །རྟོག་རྣམས་སེལ་བར་བྱེད་པའི་ཕྱིར། །བརྒྱ་པ་ཞེས་བྱར་བརྗོད་པ་སྟེ། །འཛིན་པ་འཆོས་ཕྱིར་བསྟན་བཅོས་སོ། །དང་པོའི་སྒྲ་མི་མངོན་པར་བྱས་པའི་ ཕྱིར་དང་། རྟོག་པ་རྣམས་སེལ་བར་བྱེད་པའི་ཕྱིར་བརྒྱ་པ་ཡིན་ལ། འཛིན་པ་རྣམ་པ་སྣ་ཚོགས་པ་འཆོས་པའི་ཕྱིར་ན་དེ་ཉིད་བསྟན་བཅོས་ཏེ། བཞི་ཡང་དེ་དག་ཡིན་ལ་ཚིགས་སུ་བཅད་པ་བརྒྱ་ཡང་ཡིན་ནོ། །དེ་ལ་མི་རྟག་པ་ཉིད་ནི་སྐྱོ་བ་དང་རྗེས་སུ་ མཐུན་པའི་ཕྱིར་དང་། དེ་རྟོགས་པས་སྡུག་བསྔལ་ལ་སོགས་པ་རྣམས་ཁོང་དུ་ཆུད་པར་སླ་བ་ཉིད་ཀྱི་ཕྱིར་ན་དངོས་པོ་ཇི་ལྟར་གནས་པ་བཞིན་ཡོངས་སུ་གསལ་བར་བྱ་བའི་ཕྱིར་རེ་ཞིག་མི་རྟག་པ་ཉིད་བསྟན་པའི་ཕྱིར་བཤད་པ། གང་ལ་འཇིག་རྟེན་གསུམ་མངའ་བདག ། རང་ཉིད་འཆི་བདག་བྱེད་པོ་མེད། །ཡོད་དེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད། །སངས་རྒྱས་བཅོམ་ལྡན་འདས་ལ་བརྟེན་ནས་བསྟན་བཅོས་བཞི་བརྒྱ་པ་འདི་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར། གདོན་མི་ཟ་བ་ཁོ་ནར་བསྟན་བཅོས་ཀྱི་རྩོམ་ པར་སྟོན་པ་ལ་མཆོད་པ་བསྒྲུབ་པར་བྱ་དགོས་སོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་སྔོན་གྱི་སློབ་དཔོན་རྣམས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགགས་པ་མེད་པ་སྐྱེ་མེད་པ། །ཞེས་བྱ་བ་ལ་སོགས་པས་བསྟན་བཅོས་དབུ་ མའི་རྩ་བ་ལས་ཐོག་མར་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་པར་མཛད་ལ། བསྟན་བཅོས་འདི་ཡང་བསྟན་བཅོས་དེའི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་ལ་ལོགས་སུ་བསྟོད་པ་བརྗོད་པ་ཉེ་བར་མ་བཀོད་དོ་ཞེའོ། །འདིར་རབ་ཏུ་བྱེད་པ་ བརྒྱད་ཀྱི་ཚིག་ལེའུར་བྱས་པ་དག་རེ་རེ་ལ་སློབ་དཔོན་ཆོས་ཀྱི་འབངས་ཀྱིས་སྦྱར་བའི་དཔེ་རྣམས་འདོན་པ་དེ་དག་དང་ལྷན་ཅིག་རྣམ་པར་བཤད་པར་བྱའོ། །དེ་ལ་ཕུང་པོ་ལྔ་རྒྱུར་བྱས་ནས་གདགས་པའི་གང་ཟག་ནི་སྐྱེ་བའི་གནས་དེ་དང་དེར་འཇིག་ཅིང་རབ་ཏུ་འཇིག་པས་འཇིག་ རྟེན་ནོ། །འཇིག་རྟེན་གསུམ་ཉིད་འཇིག་རྟེན་གསུམ་སྟེ། །རང་གི་དོན་ལ་ཥན་བྱས་པའི་ཕྱིར་རོ། །དེ་དག་ཀྱང་ཁམས་གསུམ་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ཞེས་བྱ་བ་དག་གམ། གང་ཀླུའི་འཇིག་རྟེན་དང་། མི་དང་ལྷའི་འཇིག་རྟེན་ཞེས་བྱ་ བ་དག་གོ། །དེའི་ཕྱིར་འཆི་བདག་ནི་ཇི་ལྟར་འདོད་པ་བཞིན་བྱ་བ་ལ་མངའ་བཙན་པའི་ཕྱིར་ན་འཇིག་རྟེན་གསུམ་པོ་འདིའི་མངའ་བདག་གོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་འཆི་བདག་གི་བདུད་ཕམ་པར་མཛད་པ་ལ་འཆི་བདག་གི་བསྙེངས་པ་མི་མངའ་ཞིང་། དེས་ བསྟན་པ་ལས་སྐྱེས་པ་འཇིག་རྟེན་ལས་འདས་པའི་ལམ་གྱི་འོད་ཀྱིས་སེམས་ཀྱི་རྒྱུད་སྦྱང་བར་བྱས་ཤིང་། ངེས་པར་འབྱུང་བའི་རྒ་ཤི་ཡོངས་སུ་ཟད་པ་རྣམས་ལ་ཡང་འཆི་བདག་གི་འཇིགས་པ་མེད་མོད་ཀྱི། གང་ཞིག་འཕགས་པའི་ལམ་རྒྱུད་ལ་མ་སྐྱེས་ཤིང་། དངོས་པོ་ རྣམས་ལ་འདི་ཉིད་དུ་བདེན་པར་མངོན་པར་ཞེན་པས་ཁམས་གསུམ་གྱི་འཆིང་བ་ལས་ཡོངས་སུ་མ་གྲོལ་བ་དེ་ནི་འཆི་བདག་དོན་པོ་ཅན་ཡིན་པ་ཉིད་ཀྱི་ཕྱིར་གང་ལ་ཞེས་བྱ་བ་སྟེ། རྣམ་པ་དེ་ལྟ་བུའི་གང་ཟག་གང་ལ་འཇིག་རྟེན་གསུམ་གྱི་ཡང་བདག་པོ་རང་ཉིད་འཆི་བདག་ གི་རྒྱལ་པོ་གཞན་གྱིས་རབ་ཏུ་མ་སྦྱར་བ་དང་། གཞན་རབ་ཏུ་སྦྱོར་བ་པོ་མ་ཡིན་པ་ཉིད་ཀྱིས་ན་རང་ཉིད་ཀྱིས་ཆད་པ་གཅོད་པར་བྱེད་པ། སྐྱེས་བུའི་བྱེད་པ་གཞན་དག་གིས་སླར་བཟློག་ཏུ་མེད་པ། རལ་གྲི་རྣོན་པོ་གདེངས་པ་ལྟར་སྲོག་གཅོད་པར་བྱ་བའི་ཕྱིར་ཞུགས་པ་ ཡོད་པ། གསོན་པ་དེ་ལ་རག་ལས་པ་དེས་འཆི་ལྟས་ཀྱིས་ཟིན་པ་ལྟར་རམ་སྐྲའམ་གོས་ལ་མེ་ཤོར་བ་ལྟར་བྱས་ཏེ་བག་ཡོད་པར་སྤྱོད་པས་དེ་ཕྱིར་བཅོ་བ་དག་ལ་བརྩོན་པར་བྱ་དགོས་ཏེ། བྱ་བ་བྱས་པ་ལྟར་འཆོས་ཤིང་བརྩོན་པར་མི་བྱེད་པར་རྣལ་མ་བཞིན་གཉིད་ལོག་ན་ནི། དེ་ལས་མ་རུངས་གཞན་ཅི་ཡོད་དེ། ཇི་སྐད་བཤད་པའི་གང་ཟག་བག་མེད་པ་དང་ལྡན་པ་འདི་ལས་ཆེས་མཆོག་ཏུ་མ་རུངས་པ་གཞན་ཡོད་པ་མ་ཡིན་ཏེ། གང་ཞིག་འཆི་བདག་གི་ཆད་པའི་དཀྱིལ་ན་གནས་བཞིན་དུ་རྣལ་མ་བཞིན་དུ་གཉིད་ལོག་ཅིང་དེའི་ཕྱིར་བཅོ་བའི་ཆོ་ གར་འཕགས་པའི་ལམ་མ་བསྐྱེད་པ་ལ་གུས་པར་མི་བྱེད་པ་དེ་ཉིད་མ་རུངས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཆད་པ་དྲུག་པ་མེད་པ་ཅན་གྱི་འཆི་བདག་གི་སྤྱོད་ཡུལ་དུ་གནས་པས་ནི་གོར་མ་ཆག་པར་བག་ཡོད་པ་དང་ལྡན་པར་བྱ་དགོས་ཏེ། མར་མེ་འདེགས་པས་རབ་ཏུ་བཀྱོན་ པར་བྱས་པའི་རྒྱལ་པོ་དང་། འཇིགས་པ་དང་བཅས་པའི་གྲོང་དུ་བསྡད་པའི་མི་བཞིན་ནོ། །རྒྱལ་པོས་རི་མོ་ཆེར་ཡོངས་སུ་གཟུང་བའི་བློན་པོ་འགའ་ཞིག་གིས་མར་མེ་འཛིན་པ་རྣམས་མ་གཏོགས་པ་རྒྱལ་པོ་སླས་དང་འཁོར་དང་བཅས་པ་ རང་གི་ཁྱིམ་དུ་སྤྱན་དྲངས་ནས་རི་མོ་ཆེར་རིམ་གྲོ་བྱས་པ་དང་། སེམས་མགུ་བར་མ་བྱས་པ་དེ་རྣམས་ཀྱི་ཐབས་ཀྱིས་ཅི་ནས་བློན་པོ་གསོད་པར་འགྱུར་བ་དེ་ལྟར་རྒྱལ་པོ་ལོག་པར་འཛིན་དུ་བཅུག་ལ་དེས་ཀྱང་རང་གི་རྒུད་པ་ཕྱིར་ལྡོག་པའི་ཕྱིར་གུས་པ་དང་ལྡན་པས་ཇི་ལྟར་དེ་ལ་གནོད་ པར་མི་འགྱུར་བ་དེ་ལྟར་ནན་ཏན་དུ་བྱས་པར་གྲག་སྟེ། དེ་བཞིན་དུ་གཞན་དག་གིས་ཀྱང་བག་ཡོད་པ་ལ་གནས་ཏེ། ཇི་ལྟར་འཆི་བདག་གི་རྒྱལ་པོ་གནོད་པར་བྱེད་པར་མི་འགྱུར་བ་དེ་ལྟར་བསྒོམ་པར་བྱའོ། །ཡང་སྐྱེས་བུ་ཞིག་ལམ་བཟང་པོ་ནོར་ནས་འབྲོག་དགོན་པ་ ཞིག་ཏུ་ཕྱིན་པར་འགྱུར་ཞིང་། དེའི་རྗེས་ཐོགས་སུ་བག་མེད་པས་འཇིགས་པ་ཤིན་ཏུ་ཆེ་བའི་གྲོང་ཞིག་ཏུ་ཡིད་བརྟན་པར་བྱས་ཏེ་བཅོམ་ཞིང་ཤི་བར་གྱུར་པ་དེ་བཞིན་དུ་ཁམས་གསུམ་གྱི་གྲོང་འཆི་བདག་གི་ཆད་པ་ཉེ་བར་བག་མེད་པ་དང་ལྡན་པ་གང་ཞིག་སྡོད་པ་དེ་ནི་ ངེས་པར་འཆི་བདག་གིས་འཇོམས་པར་འགྱུར་རོ། །དེའི་ཕྱིར་བདག་ཉིད་ཤེས་པས་རྟག་ཏུ་བག་ཡོད་པ་ཁོ་ནར་བྱ་དགོས་ཏེ། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཞེས་བཤད་དོ། །འདིར་སྨྲས་པ། གལ་ཏེ་ཡང་འཇིག་རྟེན་གསུམ་གྱི་མངའ་ བདག་འཆི་བདག་ཡོད་མོད་ཀྱི། དེ་ལྟར་ཡིན་ན་ཡང་དེ་བས་ཆེས་སྔར་དེ་ཟློག་པར་བྱེད་པ་པོ་བྱ་བ་གསོན་པ་ཡོད་པ་ཡིན་ཏེ། དེ་ཡོད་པ་ལས་ན་དེའི་བར་དུ་འཆི་བདག་ལ་མི་འཇིགས་ཏེ། སྐྱེས་པ་ཙམ་ལ་འཆི་བ་མི་སྲིད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། གསོན་པ་ལ་ནི་འཆི་ བདག་གི་འཇིགས་པ་ཕྱིར་ལྡོག་པར་བྱེད་པ་པོ་ཉིད་ཡོད་པ་མ་ཡིན་ཏེ། དེ་ཡང་འཆི་བའི་དོན་དུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར། འཆི་བར་བྱ་ཕྱིར་སྐྱེས་གྱུར་ཅིང་། །གཞན་དབང་འགྲོ་བའི་ངང་ཅན་ལ། །འཆི་བ་བྱ་བ་ལྟར་སྣང་སྟེ། །གསོན་པ་བྱ་བ་མིན་ལྟར་རོ། །རྒ་ཤི་ སྐྱེ་བའི་རྐྱེན་ཅན་ཡིན་པ་ཉིད་ཀྱི་ཕྱིར་སྐྱེས་པ་ཁོ་ན་འཆི་བའི་མ་སྐྱེས་པ་ནི་མ་ཡིན་པས། འཆི་བའི་ཆེད་དུ་དང་པོ་སྐྱེ་བ་འབྱུང་བ་དེ་ལྟར་ན། འཆི་བར་བྱ་ཕྱིར་སྐྱེ་འགྱུར་ཞིང་། །འཆི་བདག་དང་སྤྱོད་པའི་རྒྱུ་རྒ་བ་དང་ན་བ་དང་རྒུད་པ་ལ་སོགས་པའི་རྐྱེན་ལ་རག་ལས་པ་ཉིད་ཀྱི་ ཕྱིར་རང་དབང་མེད་ཅིང་འཆི་བའི་ལམ་ན་གནས་པའོ། །རྒ་བ་ལ་སོགས་པ་སྐྱེས་བུ་གཤེད་མ་དང་འདྲ་བ་རྣམས་ཀྱིས་མྱུར་དུ་འཆི་བདག་གི་ཐད་དུ་བཀྲི་བར་བྱ་བ་ཉིད་ཀྱི་ཕྱིར་ན་འགྲོ་བའི་ངང་ཅན་ནོ། །དེའི་ཕྱིར་གསད་པར་བྱ་བའི་མགོ་བོ་གཅོད་པ་ལྟར་མཐར་ཡང་འཆི་བས་ཐོག་མ་དང་ བར་དང་ཐ་མ་རྣམས་སུ་དེའི་དོན་ཁོ་ནར་ཞུགས་པ་ཉིད་ཀྱི་ཕྱིར་སྐྱེ་བོ་དེ་ལ་འཆི་བ་བྱ་བ་ལྟར་མཐོང་གི་གསོན་པ་ནི་མ་ཡིན་ཏེ། དེའི་དོན་དུ་ཞུགས་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཐོག་མར་ཡང་གསོན་པ་ལ་རེ་བས་བདག་ཉིད་བསླུ་བར་མི་བྱའོ་ཞེས་བྱ་བ་ནི་ཡང་དག་པར་བསྐུལ་བའོ། ། འདིར་མིའི་དཔའ་བོའི་ཐོག་མའི་མཚན་མོ་ནི། །གང་ནས་འཇིག་རྟེན་མངལ་ན་གནས་འགྱུར་བ། །དེ་ནས་བརྩམས་ཏེ་དེ་ནི་ཉིན་རེ་ཞིང་། །འགྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། །ཞེས་བཤད་དེ། ཞག་བགྲངས་པའི་རྒྱལ་པོའི་ཕོ་ཉ་དང་། རྔ་མོ་ལ་ཞོན་པའི་ཀུན་ཏུ་རྒྱུ་མོ་དང་། གཤེད་བྱེད་མོ་བསླང་བ་བཞིན་ནོ། །དཔེར་ན་རྒྱལ་པོ་ཤིན་ཏུ་གཏུམ་པོ་མ་རུངས་པ་སྙིང་རྗེ་མེད་པས་ཡོངས་སུ་བགྲངས་བའི་ཞག་ལ་འོང་བར་བྱ་བའི་ཕྱིར་མངགས་པའི་ཕོ་ཉའི་བྱ་བ་ནི་འོང་བ་ཁོ་ན་ཡིན་གྱི་འདུག་པ་མ་ཡིན་པ་དེ་བཞིན་དུ། སྐྱེས་པའི་བྱ་བ་ཡང་འཆི་བ་ཉིད་ཡིན་གྱི་གསོན་ པ་ནི་མ་ཡིན་ཏེ། སྐད་ཅིག་སྐད་ཅིག་ལ་གསོན་པ་འགག་པའི་ཕྱིར་རོ། །ཡང་དཔེར་ན་ཀུན་ཏུ་རྒྱུ་མོ་ཞིག་ཁྱིམ་དུ་འཇུག་པར་བྱའོ་སྙམ་སྟེ་ཁྱིམ་སྒོ་ན་འདུག་པའི་རྔ་མོ་ལ་འགོམ་པར་ཞུགས་པ་དང་། རྔ་མོ་དེས་འདི་ནི་རྐྱེན་བུ་ཞིག་གོ་སྙམ་དུ་ཤེས་ཏེ་ལངས་ནས་ཆས་ཤིང་། དེ་ ཡང་དེའི་དབང་དུ་གྱུར་པ་དེ་བཞིན་དུ་སྐྱེ་བ་ཐམས་ཅད་འཆི་བའི་གཞན་གྱི་དབང་སྟེ། འཆི་བ་ལ་རག་ལས་ཞེས་བྱ་བའ