Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 103

Văn bản gốc(Tây Tạng)

Trang 21 / 24 (50.000 ký tự/trang)
་ཡོད། འདིར་སྨྲས་པ། གཟུགས་ནི་ཡོད་པ་ཉིད་དེ། འཛིན་བཞིན་པའི་ཕྱིར། འདིར་མིག་གི་རྣམ་པར་ཤེས་པ་དེའི་སྔོན་པོའི་རྣམ་པར་སྐྱེས་པས་འཛིན་ལ། དེ་ལ་གལ་ཏེ་སྔོན་པོ་མེད་ན་དེའི་འཛིན་པ་མི་འབྱུང་ལ། འཛིན་པ་ཡང་ཡོད་པས་དེའི་ཕྱིར་གཟུགས་
ཡོད་དོ་ཞེ་ན། སྨྲས་པ། གལ་ཏེ་དེའི་འཛིན་པ་ཡོད་ན་གཟུགས་ཡོད་ལ། འདི་ལ་འཛིན་པ་མི་སྲིད་དོ། །དེའི་ཕྱིར་ཤིན་ཏུ་ཡང་འཛིན་པ་མེད་པས། གཟུགས་ནི་ཇི་ལྟར་ཞེས་པ་འདིར་འབྲེལ་ཏོ། །འདི་དག་གི་ཤིན་ཏུ་མི་འཛིན་པ་ཡང་རྒྱས་པར་བསྒྲུབ་པར་བྱ་སྟེ། འདིར་
སྨྲས་པ། གཟུགས་ལ་འཛིན་པ་ནི་ཡོད་པ་ཉིད་དོ། །རྟགས་ཅི་ལས་ཤེ་ན། གལ་ཏེ་གཟུགས་འཛིན་པར་མི་འགྱུར་ན་འདི་ནི་གཟུགས་སོ་ཞེས་པའི་བློ་མི་འབྱུང་ལ། འདིའི་བློ་ཡང་ཡོད་པས་ཤེས་བྱ་སྟེ། རྟགས་དེས་ན་འཛིན་པ་ཡོད་དོ་ཞེས་བྱའོ། །སྨྲས་པ།

རྟགས་ལས་ཤེ་ན་དེའི་རྟགས་ཀྱང་མེད་དེ། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་མེད་པ་ཉིད་དོ། །གཞན་ཡང་གཟུགས་ཡོད་ན་གཟུགས་ཀྱི་བློ་འཐད་ཀྱི་མེད་པ་ལ་མ་ཡིན་ནོ། །གང་གི་ཚེ་འདི་དག་དེ་ལྟ་ན་དེའི་ཚེ་ཡོད་པའི་གཟུགས་ཀྱི་གཟུགས་ཀྱིས་བློ་སྐྱེད་པར་བྱེད་
ན་གཟུགས་ཡོད་པར་རུང་ན། གཟུགས་ཀྱི་བློ་མེད་ན་ཇི་ལྟར་གཟུགས་ཡོད་པའི་རྟགས་སུ་འགྱུར་ཞེས་གསུངས་པ། ཡོད་ན་ཡང་རྟགས་དེ་མེད་ན་མི་འཐད་པས་ཞེས་བྱ་སྟེ། དེ་ཉིད་ཤིན་ཏུ་མི་འཛིན་པའི་ཕྱིར་རོ། །རྟགས་ལས་ཤེ་ན། རྟགས་དེ་ཡང་མེད་དེ། རྒྱུ་དང་
རྐྱེན་ལས་སྐྱེས་པའི་ཕྱིར། ཡོད་ནའང་རྟགས་དེ་མེད་མི་རིགས། །ཞེས་པ་འདིས། ཕ་རོལ་གྱི་རྟགས་ལས་གཟུགས་ཡོད་པ་ཉིད་དུ་ཁས་བླངས་པ་དེ་སེལ་ཏོ། །འདིར་སྨྲས་པ། གང་འདི་སྐད་དུ་ཤིན་ཏུ་མི་འཛིན་པའི་ཕྱིར་ཞེས་སྨོས་པ་དེ་ནི་མི་རིགས་ཏེ། གཟུགས་
འཛིན་བཞིན་པའི་ཕྱིར་རོ་ཞེས་བྱའོ། །འདིར་སྨྲས་པ། སླར་ཡང་ཅིས་གཟུགས་འཛིན་ན་བློས་སོ། །སྨྲས་པ། བློས་གཟུགས་ལ་ཇི་ལྟར་འཛིན། དེའི་རྣམ་པར་སྐྱེ་བས་སོ། །སྨྲས་པ། འདི་དག་མི་འཐད་དེ་རྒྱུ་མཚན་ཅིས་ཤེ་ན། གང་གི་ཕྱིར། གལ་ཏེ་བློ་དེས་
གཟུགས་འཛིན་ན། །རང་གི་རང་བཞིན་ལ་འཛིན་འགྱུར། །རྐྱེན་ལས་སྐྱེས་པས་ཡོད་མིན་ལ། །ཡང་དག་གཟུགས་མེད་ཇི་ལྟར་འཛིན། །འདིར་དངོས་པོ་རྣམས་ཀྱི་རང་བཞིན་འཛིན་ན་སྔོན་དུ་རང་གི་བདག་ཉིད་མཐོང་སྟེ། འདི་ལྟ་སྟེ། མེའི་དྲོ་བ་ཉིད་ལྟ་བུ་དེ་དང་
ལྡན་པ་ལས་ཕ་རོལ་གྱི་བདག་ཉིད་ཀྱང་ཉེ་བར་དམིགས་པར་བྱེད་དོ། །ཆུ་ལྟ་བུའོ། །དེ་ལྟར་གལ་ཏེ་བློ་ནི་འཛིན་པའི་རང་བཞིན་དུ་འགྱུར་ན། དེ་ནི་འཛིན་པའི་རང་གི་བདག་ཉིད་ཁོ་ན་ལ་རེ་ཞིག་ཉེ་བར་དམིགས་པར་འགྱུར་ལ། དམིགས་པ་ཡང་མ་ཡིན་ཏེ། བདག་
ཉིད་ལ་འཇུག་པ་དང་འགལ་བའི་ཕྱིར་དང་། ལས་དང་བྱེད་པ་པོ་དག་གཅིག་ཉིད་དུ་ཐལ་བ་དང་། དམིགས་པ་མེད་པར་དམིགས་པ་པོ་མི་འཐད་པའི་ཕྱིར་རོ། །གང་གི་ཚེ་འདི་ལྟར་བློ་རང་གི་བདག་ཉིད་ལ་འཛིན་པར་མི་ནུས་པ་དེའི་ཚེ། འདིར་གཟུགས་ཇི་ལྟར་འཛིན་

པར་བྱེད། རིགས་པས་ནི་རང་གི་བདག་ཉིད་མི་འཛིན་པའི་ཕྱིར་གཟུགས་ཀྱང་མི་འཛིན་ཏེ། བོང་བ་ལ་སོགས་པ་བཞིན་ནོ་ཞེས་བྱའོ། །གཞན་ཡང་འདིའི་བློ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ངོ་བོ་ཉིད་ཡོད་པ་མ་ཡིན་པའོ། །རྟེན་ཅིང་འབྲེལ་
པར་འབྱུང་བའི་ཕྱིར་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་གཟུགས་ཇི་ལྟར་འཛིན་པར་འགྱུར། དེས་ན་གཟུགས་འཛིན་པ་མེད་དོ།། །།འདི་ལྟར་ཡང་འཛིན་པ་མེད་དེ། གང་གི་ཕྱིར། ཇི་སྐད་སྨོས་པ་གཟུགས་སྐྱེས་བློས། །སྐད་ཅིག་སྐད་ཅིག་གིས་མི་འཛིན། །
འདས་དང་མ་འོངས་པ་གཟུགས་ཀྱང་། །དེ་ཡིས་ཇི་ལྟར་རྟོགས་པར་འགྱུར། །ཇི་སྐད་སྨོས་པའི་གཟུགས་ཞེས་པ་ལ། ཇི་སྐད་དུ་བཤད་པའི་གཟུགས་ལ་སྨོས་པ་ཞེས་བརྗོད། འདིར་མིག་གི་ཡུལ་ནི་ཇི་སྐད་སྨོས་པའི་གཟུགས་སུ་ཤེས་པར་བྱ་ལ། བློ་ཡང་མིག་གི་
བློས་འཛིན་གྱི་གཞན་མ་ཡིན་ནོ། །སྐྱེས་པའི་སྒྲ་ནི་འདིར་ད་ལྟར་བའི་རྗོད་དུ་ཤེས་པར་བྱའོ། །འདིར་གལ་ཏེ་བློ་ཡིས་གཟུགས་ལ་འཛིན་པར་བྱེད་ན། དེས་ད་ལྟར་བའི་གཟུགས་ལ་འཛིན་ནམ། འདས་པ་དང་མ་འོངས་པ་ལའོ། །དེ་ལ་རེ་ཞིག་ཇི་སྐད་སྨོས་པའི་
རྣམ་པས་ནི། ད་ལྟར་བའི་གཟུགས་ད་ལྟར་བའི་བློས་མི་འཛིན་ཏེ། གཉི་ག་ཡང་སྐད་ཅིག་མའི་ཕྱིར་སྐྱེས་མ་ཐག་ཏུ་རྣམ་པར་འཇིག་པའི་བློ་ནི་དེ་ལ་སྐད་ཅིག་ཙམ་ཡང་གནས་པ་མེད་ན། གང་ལས་འདིས་ཡུལ་ལ་འཛིན་པ་སྲིད་པར་འགྱུར། བསྐྱེད་པར་བྱ་བ་ལ་འཛིན་ནོ་ཞེ་ན།
དེ་ནི་དེ་ལྟ་མ་ཡིན་ཏེ། བསྐྱེད་པར་བྱ་བ་ནི་མ་འོངས་པ་ཡིན་ལ། དེ་ཡང་མ་སྐྱེས་པར་གྱུར་པའི་གཟུགས་ཇི་ལྟར་འཛིན་པར་འགྱུར། གཟུགས་ཀྱང་སྐྱེས་མ་ཐག་ཏུ་རྣམ་པར་འཇིག་པས་སྐད་ཅིག་ཙམ་ཡང་གནས་པ་མེད་ན། གང་ལས་འཛིན་པར་བྱེད། དེ་ནི་འདི་ལྟར་
སྐད་ཅིག་མའི་བློ་ལ་ཇི་སྐད་སྨོས་པའི་གཟུགས་སྐྱེས་པའི་སྐད་ཅིག་མ་ལ་མི་འཛིན་ནོ། །ཡང་ན་འདི་སྙམ་དུ་སེམས་ན། སྐད་ཅིག་མའི་ཕྱིར་ད་ལྟར་བའི་གཟུགས་མི་འཛིན་ལ། དེ་ལྟ་ན་ཡང་འདས་པ་དང་མ་འོངས་པ་ལ་ཇི་ལྟར་འཛིན་པར་མི་འགྱུར་ཞེ་ན། སྨྲས་པ། གང་

གི་ཚེ་ད་ལྟར་བའི་དངོས་པོ་ཉིད་སྐད་ཅིག་མའི་ཕྱིར་འཛིན་པར་མི་ནུས་ན། དེའི་ཚེ་ཇི་ལྟར་རྣམ་པ་ཐམས་ཅད་དུ་ཡོད་བཞིན་པ་མ་ཡིན་པའི་ཞིག་པ་དང་མ་སྐྱེས་པ་བློས་འཛིན་པར་ནུས། དེ་ལྟར་རེ་ཞིག་འཛིན་པ་མི་སྲིད་པ་དེས་ན་ཡང་གཟུགས་མེད་དོ་ཞེས་བསྒྲུབ་པའི་ཕྱིར་གསུངས་
པ། གང་ཚེ་ནམ་ཡང་ཁ་དོག་དང་། །དབྱིབས་དག་ཐ་དད་ཉིད་མེད་པས། །དེ་དག་ཐ་དད་འཛིན་ཡོད་མིན། །གཅིག་ཏུའང་མ་ཡིན་གྲགས་པའི་གཟུགས། །གལ་ཏེ་མིག་གི་ཡུལ་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ཅུང་ཟད་ཡོད་ན་དེ་འཛིན་པར་འགྱུར་གྲང་ན། ཡོད་པ་ཡང་མ་
ཡིན་ལ། དེ་ཡོད་བཞིན་པ་མ་ཡིན་པ་ནི་གང་གི་ཕྱིར་མི་འཛིན་ནོ། །ཇི་ལྟར་ཡང་གཟུགས་ཀྱི་སྐྱེ་མཆེད་ཡོད་བཞིན་པ་མ་ཡིན་ཞེ་ན། སྨྲས་པ། འདིར་ཁ་དོག་དང་དབྱིབས་དག་ལ་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ལ། ཁ་དོག་དང་དབྱིབས་འདི་དག་ནི་གཅིག་ཉིད་དུ་གྱུར་
པས་སམ། ཐ་དད་པ་ཉིད་དུའོ། །རེ་ཞིག་ཁ་དོག་དང་དབྱིབས་དག་ཐ་དད་པ་ཉིད་དུ་མེད་ལ། གལ་ཏེ་ཡོད་ན་ཕན་ཚུན་མ་ལྟོས་པར་འཛིན་པར་འགྱུར་ལ། འདི་དག་ཀྱང་ཁ་དོག་ལས་ཐ་དད་པའི་དབྱིབས་འཛིན་པར་མི་ནུས་ཏེ། བུམ་པ་ལས་སྣམ་བུ་ལྟ་བུ་མ་ཡིན་ལ་དེ་བཞིན་
དུ་དབྱིབས་ལས་ཐ་དད་པའི་ཁ་དོག་འཛིན་པར་མི་ནུས་སོ། །གདོན་མི་ཟ་བར་དབྱིབས་གང་ཡང་རུང་བ་ལ་དེའི་ཁ་དོག་འབྱུང་བར་འགྱུར་ལ། གང་ཡང་འདིའི་གནས་ལུགས་ལ་དེའི་དབྱིབས་ཞེས་བྱ་སྟེ། དབྱིབས་ལས་ཐ་དད་པའི་ཁ་དོག་ལོགས་སུ་གྲུབ་པར་མི་སྲིད་དོ་
ཞེས་བྱའོ། །དེ་འདི་ལྟར་ཐ་དད་པ་ཉིད་ན། གང་གི་ཚེ་ཁ་དོག་ནམ་ཡང་དབྱིབས་ལ་མི་སྲིད་ལ། དེས་ན་དེ་དག་ཐ་དད་པར་འཛིན་པ་ཡོད་པ་མ་ཡིན་ནོ། །ཡང་ན་འདི་སྙམ་དུ་སེམས་ན། གལ་ཏེ་ཐ་དད་དུ་མ་གྲུབ་པའི་ཕྱིར་ཁ་དོག་དང་དབྱིབས་དག་ཐ་དད་དུ་མི་འཛིན་
ལ། དེ་ལྟ་ན་ཡང་གཅིག་ཏུ་གྱུར་པ་འདྲེན་མའི་དངོས་པོར་དེ་དག་འཛིན་པར་འགྱུར་རོ་ཞེ་ན། སྨྲས་པ། སོ་སོ་སོ་སོར་མ་གྲུབ་པ་དག་འདྲེན་མའི་དངོས་པོར་མེད་པས་འདི་དག་གཅིག་ཏུ་ག་ལ་ཞིག །དེའི་ཕྱིར་དེ་དག་གང་གཅིག་ཏུ་འཛིན་པ་མི་སྲིད་དོ། །ཁ་དོག་དང་དབྱིབས་ལས་

གཞན་དུ་གཟུགས་མི་དམིགས་ལ། གང་གི་ཕྱིར་དེ་ཡང་ཕ་རོལ་པོས་གཟུགས་ན་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དོ་ཞེས་གྲགས་པ་དེ་དག་ཀྱང་མི་འཛིན་ནོ་ཞེས་བསྒྲུབས་སོ་ཞེས་བྱ་སྟེ། དེས་ན་མི་འཛིན་པའི་ཕྱིར་གཟུགས་མེད་དོ། །ཡང་ན་
གལ་ཏེ་ཡང་འཛིན་པ་མེད་པས་གཟུགས་མེད་པར་འགྱུར་ལ། དེ་ལྟ་ན་ཡང་མིག་གི་བློ་རེ་ཞིག་ཡོད་དེ་དེ་མ་བཀག་པའི་ཕྱིར་ལ། དེ་ཡང་གཟུགས་མེད་ན་མི་འབྱུང་ངོ་ཞེས་བྱ་སྟེ། དེའི་ཕྱིར་གཟུགས་ཀྱང་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་ཏེ་མིག་གི་བློ་ཡོད་ན་
གཟུགས་ཡོད་པར་འགྱུར་ན། ཡོད་པ་མ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། མིག་བློ་མིག་ལ་ཡོད་མ་ཡིན། །གཟུགས་ལ་ཡོད་མིན་བར་ན་མེད། །གཟུགས་དང་མིག་ལ་བརྟེན་ནས་སུ། །ལེགས་སོ་ལོག་པར་ཡོངས་བརྟགས་པ། །འདིར་མིག་གི་བློ་མིག་
དང་གཟུགས་ལ་བརྟེན་ནས་སྐྱེའོ་ཞེས་རྣམ་པར་འཇོག་པ་ཉིད་རྣམ་པར་དཔྱད་པར་བྱ་སྟེ། ཅི་མིག་གི་བློ་འདི་མིག་ལ་ཡོད་དམ། དེ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཡུལ་ན་གནས་པ་མ་ཡིན་པས་དེའི་ཕྱིར་དེ་མིག་ལ་ཡོད་པ་མ་ཡིན་ནོ། །ཇི་ལྟར་མིག་ལ་མེད་པ་དེ་བཞིན་དུ་
གཟུགས་ལ་ཡང་མེད་ལ། མིག་དང་གཟུགས་དེ་དག་གི་བར་དུ་ཡང་མི་སྲིད་དེ། ཡུལ་ན་མི་གནས་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་དེའི་ཚེ་མིག་གི་བློ་མིག་ལ་མ་ཡིན། གཟུགས་ལ་ཡང་མ་ཡིན། བར་ན་ཡང་མ་ཡིན་པས་དེའི་ཚེ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་
པ་ཉིད་དེ་ཇི་ལྟར་ཡོད་དོ་ཞེས་སྨྲ་བར་རུང་སྟེ། འདི་ནི་མེད་པ་ཉིད་དོ་ཞེས་བྱའོ། །སྨྲས་པ། གལ་ཏེ་ཡང་དེ་མིག་ལ་མེད་ཅིང་གཟུགས་དང་བར་ན་ཡང་མེད་ཀྱང་། དེ་ལྟ་ན་ཡང་མིག་དང་གཟུགས་ལ་བརྟེན་ནས་སྐྱེ་བ་ཡོད་པས། དེའི་ཕྱིར་མིག་གི་བློ་ཡང་ཡོད་དོ་ཞེ་ན།
སྨྲས་པ། གང་གང་ན་མི་གནས་པ་ཇི་ལྟར་དེ་ལས་སྐྱེ། ཡང་ན་དེ་ལྟར་འགྱུར་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་ན་དེ་དག་ནི་མེད་ལ། མིང་དང་གཟུགས་ལ་བརྟེན་ནས་མིག་གི་བློ་སྐྱེའོ་ཞེས་སྨྲ་ན་ཡང་། དེས་ན་འདི་ནི་ཡང་དག་པར་མི་སྐྱེ་སྟེ། སྐྱེ་བ་རིགས་པ་དང་མི་ལྡན་

པའི་ཕྱིར་རོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། མིག་དང་གཟུགས་ལ་བརྟེན་ནས་སུ། །ལེགས་སོ་ལོག་པར་ཡོངས་བརྟགས་པ། །ཞེས་པ་ལ། གང་གི་བདག་ཉིད་ཀྱིས་སོ་སོར་སྣང་བ་དེའི་བདག་ཉིད་ལ་བརྟགས་ན་མི་སྲིད་པས་ན་དེ་ཉིད་ཀྱིས་ན། རྣམ་ཤེས་སྒྱུ་མ་ལྟ་བུ་ཡང་། །ཉི་མའི་
གཉེན་གྱིས་གསུངས་པའོ། །ཞེས་མདོ་ལས་གསུངས་སོ་ཞེས་བྱའོ། །དེ་ནི་དེ་ལྟར་མིག་གི་བློ་མི་སྲིད་པའི་ཕྱིར་མི་བཟུང་བས་གཟུགས་མེད་དོ། །འདིར་སྨྲས་པ། གཟུགས་འཛིན་པ་ཉིད་དེ། དེ་ལ་འཛིན་པ་པོ་མིག་གི་དབང་པོ་ཡོད་པའི་ཕྱིར་ན་བཅོམ་ལྡན་འདས་
ཀྱིས་གསུངས་ཏེ། མིག་གིས་གཟུགས་མཐོང་བས་ཡིད་བདེ་བའི་གནས་ལ་མངོན་པར་ཞེན་ནོ་ཞེས་པ་ལ་སོགས་པའོ། །སྨྲས་པ། གལ་ཏེ་མིག་རང་གི་བདག་ཉིད་མཐོང་ན་གཟུགས་འཛིན་པར་འགྱུར་ལ། མཐོང་བ་ནི་མ་ཡིན་ཏེ། གལ་ཏེ་མིག་གིས་བདག་
མཐོང་མིན། །དེས་གཟུགས་མཐོང་བ་ཇི་ལྟར་འགྱུར། །དེ་ཕྱིར་མིག་དང་གཟུགས་བདག་མེད། །དེ་བཞིན་སྐྱེ་མཆེད་ལྷག་མ་རྣམས། །གལ་ཏེ་མིག་གིས་བདག་ཉིད་མི་མཐོང་ལ། དེའི་ཚེ་རང་གི་བདག་ཉིད་མ་མཐོང་བས་བོང་བ་ལ་སོགས་པ་བཞིན་དུ་
གཟུགས་ཀྱང་མི་མཐོང་ལ། དེ་ནི་བོང་བ་ལ་སོགས་པ་བཞིན་པས་མིག་ཉིད་དུ་མི་འགྱུར་རོ་ཞེས་སྒྲུབ་པར་བྱེད་ན་དེ། དེ་ཕྱིར་མིག་བདག་མེད་ཅེས་པ་ལ། གང་གི་ཕྱིར་མིག་གིས་གཟུགས་མི་མཐོང་བ་དེའི་ཕྱིར་རང་བཞིན་མེད་དོ། །མིག་མེད་ན་མིག་དང་དེ་ལ་བརྟེན་པའི་མིག་གི་
བློ་མེད་པས་གཟུང་བ་མེད་པའི་ཕྱིར། གཟུགས་ནི་ཤིན་ཏུ་ཡང་རང་བཞིན་མེད་དོ། །ཇི་ལྟར་མིག་དང་གཟུགས་ཀྱི་སྐྱེ་མཆེད་དག་རང་བཞིན་མེད་པ་ཉིད་ལྟར། དེ་བཞིན་སྐྱེ་མཆེད་ལྷག་མ་རྣམས་ནི། སྐྱེ་མཆེད་ཐམས་ཅད་མིག་དང་གཟུགས་བཞིན་དུ་རང་
བཞིན་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་སྨྲས་པ། རེག་གི་སྐྱེ་མཆེད་ཉེ་བར་བསྟན་པའི་ཕྱིར་མིག་ཡོད་པ་ཉིད་དེ། འདིར་རེག་གི་སྐྱེ་མཆེད་དྲུག་པ་འདི་ལྟ་སྟེ། མིག་གི་རེག་པའི་སྐྱེ་མཆེད་ནས། ཇི་སྲིད་ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་

བར་དུ་ཞེས་སོ། །དེ་ལ་རེག་པ་ཞེས་བརྗོད་པ་ནི་དབང་པོ་དང་ཡུལ་དང་ཤེས་པ་རྣམ་གསུམ་འདུས་པའི་མཚན་ཉིད་ཅན། ཚོར་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་ལ། དེ་ལ་རེག་པའི་སྐྱེ་མཆེད་ནི་རེག་པ་སྐྱེ་བའི་སྒོའི་དངོས་པོར་རྣམ་པར་གནས་པས་རེག་
པའི་སྐྱེ་མཆེད་དེ། མིག་གི་རེག་པའི་སྐྱེ་མཆེད་ནས་ཇི་སྲིད་ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་བར་དུ་རིག་པར་བྱའོ། །གལ་ཏེ་མིག་མེད་ན་དེའི་རེག་པའི་སྐྱེ་མཆེད་ཉེ་བར་མི་སྟོན་ལ། དེ་ཡང་ཉེ་བར་བསྟན་པས་དེའི་ཕྱིར་རེག་གི་སྐྱེ་མཆེད་ཉེ་བར་བསྟན་པས་ན་མིག་ཡོད་པ་ཉིད་དོ་ཞེ་
ན། སྨྲས་པ། སྐྱེ་མཆེད་རྣམས་ཡོད་ན་རེག་གི་སྐྱེ་མཆེད་ཅེས་བྱ་བར་འགྱུར་ན། དེ་ལྟ་ན་ཡང་སྐྱེ་མཆེད་རྣམས་མ་གྲུབ་སྟེ། ཇི་ལྟར་བྱས་ན་གང་གི་ཕྱིར་ཞེས་གསུངས་པ། གང་ཚེ་གཅིག་དང་རེག་ལྡན་གཅིག །དེ་ཚེ་ཅིག་ཤོས་སྟོང་པ་ཉིད། །སྟོང་པའང་མི་
སྟོང་མི་བརྟེན་ལ། །མི་སྟོང་པ་ཡང་སྟོང་པ་མིན། །སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་རྒྱུད་གཅིག་གི་ཕྱིར་རྣམ་པར་ཤེས་པ་གཅིག་གི་རྒྱུད་ཉིད་ལ་ཉེ་བར་འབྱུང་ལ། དེ་ཡང་མིག་གི་རྣམ་པར་ཤེས་པ་ལ་ཉེ་བ་ན། མིག་གཅིག་ཉིད་རེག་པ་དང་ལྷན་ཅིག་གྱུར་པར་
འབྱུང་བས་རེག་ལྡན་གཅིག་སྟེ། རེག་དང་འབྲེལ་པས་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་གཅིག་རེག་དང་ལྷན་ཅིག་གནས་པ་ན་དེའི་ཚེ་ཅིག་ཤོས་རྣ་བ་ལ་སོགས་པའི་རེག་གི་སྐྱེ་མཆེད་རྣམས་སྟོང་པ་རེག་གི་སྐྱེ་མཆེད་ཀྱི་རང་བཞིན་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཡང་
འདི་སྙམ་དུ་སེམས་ན། གལ་ཏེ་ཡང་དེའི་གནས་སྐབས་ནས་རང་གི་རྣམ་པར་ཤེས་པ་སྟོང་པའི་རྣ་བ་ལ་སོགས་པ་རེག་གི་སྐྱེ་མཆེད་ཀྱི་རང་བཞིན་དང་བྲལ་བ་ཡོད་པའི་རྣ་བ་ལ་སོགས་པ་དེ་དག་ཀྱང་རང་གི་རྣམ་ཤེས་མངོན་དུ་གྱུར་པ་ན་རེག་གི་སྐྱེ་མཆེད་ཀྱི་རང་བཞིན་གྱིས་མི་སྟོང་
པར་འགྱུར་རོ་ཞེ་ན། སྨྲས་པ། སྟོང་པའམ་མི་སྟོང་མི་བརྟེན་ལ། །གང་ལས་གང་གི་རང་བཞིན་དང་བཅས་པར་མི་རུང་སྟེ། འདི་ལྟ་སྟེ་གང་སྲ་བའི་རང་བཞིན་དང་བྲལ་བ་ནམ་ཡང་སྲ་བའི་རང་བཞིན་དང་ལྡན་པ་མ་ཡིན་ལ། དེ་བཞིན་དུ་རྣ་བ་ལ་སོགས་པ་

ཡང་ནམ་ཡང་རེག་གི་སྐྱེ་མཆེད་མི་འབྱུང་ལ། མིག་ཀྱང་རྟག་པ་ཉིད་དུ་རེག་གི་སྐྱེ་མཆེད་ཅན་དུ་འགྱུར་ཏེ། གང་གི་ཕྱིར་མི་སྟོང་པ་ཡང་སྟོང་པ་མ་ཡིན་ཏེ། གང་མི་སྟོང་པའི་རང་བཞིན་དེ་ནི་སྟོང་པ་ཉིད་མི་བརྟེན་ལ། ད་ལྟར་བ་མེ་དྲོ་བའི་མཚན་ཉིད་དང་ལྡན་པ་དེ་ཉིད་དེས་སྟོང་པ་མི་བརྟེན་
ནོ། །ཡང་ན་རང་བཞིན་གྱིས་མི་འགྱུར་བའི་ཕྱིར་སྟོང་པ་ཡང་མི་སྟོང་པ་མི་བརྟེན་ལ། མི་སྟོང་པ་ཡང་སྟོང་པ་མིན། །དེའི་ཕྱིར་གང་ཞིག་རེག་གི་སྐྱེ་མཆེད་ཀྱི་རང་བཞིན་ཡིན་ན། དེ་ནི་རེག་གི་སྐྱེ་མཆེད་ཀྱི་རང་བཞིན་ཉིད་ཐོབ་པའམ། གང་ཞིག་རེག་གི་སྐྱེ་མཆེད་ཀྱི་རང་
བཞིན་མ་ཡིན་པ་ཉིད་ཐོབ་པ་དེ་ཡང་མི་འཐད་དོ་ཞེས་བྱའོ། །དེའི་ཕྱིར་རེག་གི་སྐྱེ་མཆེད་མེད་དོ། །འདིར་སྨྲས་པ། གལ་ཏེ་རེག་གི་སྐྱེ་མཆེད་མེད་ཀྱང་དེ་ལྟ་ན་ཡང་རེ་ཞིག་རེག་པ་ཡོད་དེ། གསུམ་འདུས་པའི་མཚན་ཉིད་པས། དེ་ཡོད་ན་རེག་གི་སྐྱེ་མཆེད་ཀྱང་འབྱུང་བར་འགྱུར་
རོ་ཞེ་ན། སྨྲས་པ། གལ་ཏེ་རེག་པ་ཉིད་ཡོད་ན་རེག་པའི་སྐྱེ་མཆེད་ཡོད་དེ། དེ་ཡོད་པ་མ་ཡིན་ལ། ཇི་ལྟར་ཡང་མེད་པ་དེ་ལྟར་སྒྲུབ་པར་བྱེད་པ་གསུངས་པ། ངོ་བོ་མི་གནས་ཡོད་མིན་པས། །གསུམ་འདུས་པ་ཡང་ཡོད་མ་ཡིན། །དེ་ཡི་བདག་ཉིད་རེག་མེད་པས། །དེ་
ཚེ་ཚོར་བ་ཡོད་མ་ཡིན། །གནས་པའི་རང་བཞིན་ཅན་གྱི་དངོས་པོ་རྣམས་ལས་ཕན་ཚུན་འདུས་པ་འབྱུང་སྲིད་ལ། མི་གནས་པའི་རང་བཞིན་ཅན་གྱི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ལ་མ་ཡིན་ཏེ། སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་མི་གནས་པའི་ངོ་བོ་ལ།
མི་གནས་པའི་ངོ་བོའི་ཕྱིར་ཡང་སྐྱེས་མ་ཐག་ཏུ་འཇིག་པ་ཉིད་ཀྱིས་ནི་འདུ་བའི་དུས་ཀྱི་བར་དུ་མེད་པའི་ཕྱིར། འདི་དག་ཕྲད་པ་ག་ལ་ཞིག །ཅེས་བསྒྲུབས་པས། ངོ་བོས་མི་གནས་པའི་ངོ་བོ་ལ་གསུམ་འདུས་པ་ཡོད་པ་མ་ཡིན་ནོ་ཞེས་བྱའོ། །གང་གི་ཚེ་མེད་པ་དེའི་ཚེ་འདུ་བ་མེད་
པས། དེའི་བདག་ཉིད་ཀྱི་རེག་པ་མེད་དེ། གསུམ་འདུས་པའི་རང་བཞིན་གྱི་རེག་པ་མེད་དོ་ཞེས་པའི་དོན་ཏོ། །འདིར་སྨྲས་པ། རེག་པ་ཡོད་པ་ཉིད་དེ། དེའི་འབྲས་བུ་ཚོར་བ་ཡོད་པའི་ཕྱིར་རོ། །འདིར་རེག་པའི་རྐྱེན་གྱིས་ཚོར་བ་ཉེ་བར་དམིགས་ལ། དེ་ཡོད་པས་དེའི་

རྒྱུ་རེག་པ་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་ཏེ་ཚོར་བ་ཉིད་ཡོད་ན་རེག་པ་ཡོད་ལ་ཡོད་པ་མ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། དེ་ཚེ་ཚོར་བ་ཡོད་མ་ཡིན། །ཞེས་པ་ལ། གལ་ཏེ་རེག་པ་ཡོད་ན་དེའི་ཚེ་རེག་པའི་རྒྱུ་ཅན་ཚོར་བ་ཡོད་
ལ། གང་གི་ཚེ་རེག་པ་ཉིད་མེད་ན་དེའི་ཚེ་རྒྱུ་མེད་པའི་ཚོར་བ་ག་ལས་འབྱུང་། ཚོར་བ་མེད་པའི་ཕྱིར་ཡང་རེག་པ་མེད་དོ་ཞེས་གྲུབ་པོ། །འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས། དེའི་ཕྱིར་མིག་དང་གཟུགས་བདག་མེད། །དེ་བཞིན་སྐྱེ་མཆེད་ལྷག་མ་རྣམས། །ཤེས་པས་སྐྱེ་
མཆེད་དགག་པ་དེ་ལྟར་སྨྲས་ལ། དེ་ལྟ་ན་ཡང་རྣམ་པར་ཤེས་པའི་ཁམས་དྲུག་མ་བཀག་པའི་ཕྱིར་ཡོད་ལ། དེ་ཡོད་པས་དེའི་རྟེན་དང་དམིགས་པའི་སྐྱེ་མཆེད་ཀྱང་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། གལ་ཏེ་རྣམ་པར་ཤེས་པ་ཉིད་ཡོད་ན་སྐྱེ་མཆེད་རྣམས་ཡོད་
ལ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། ནང་དང་ཕྱི་ཡི་སྐྱེ་མཆེད་ལ། །བརྟེན་ནས་རྣམ་པར་ཤེས་པ་འབྱུང་། །དེ་ཕྱིར་རྣམ་པར་ཤེས་པ་མེད། །སྨིག་རྒྱུ་སྒྱུ་མ་ལྟ་བུར་སྟོང་། །གལ་ཏེ་རྣམ་པར་ཤེས་པ་རང་བཞིན་གྱིས་ཡོད་ན། དེ་ནི་ནང་དང་ཕྱིའི་སྐྱེ་མཆེད་ལ་བརྟེན་
ནས་འབྱུང་བར་མི་འགྱུར་ཏེ། ད་ལྟར་བཞིན་དུ་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་གནས་པས་བརྟེན་ནས་འབྱུང་བར་ཡང་མི་འགྱུར་རོ། །རྒྱུ་དང་རྐྱེན་ལས་སྐྱེས་པར་འགྱུར་བའི་ཕྱིར། །ངེས་པར་རྣམ་པར་ཤེས་པ་དེ་མེད་དེ། །རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར་རོ། །
གལ་ཏེ་དེ་ལྟར་རྣམ་པར་ཤེས་པ་མེད་ན། དེ་བཞིན་དུ་དེ་ལྟ་ཡོད་པ་མ་ཡིན་པའི་ཕྱིར། འདི་ནི་དམིགས་པར་མི་འགྱུར་རོ་ཞེས་གསུངས་པ། སྨིག་རྒྱུ་སྒྱུ་མ་ལྟ་བུར་སྟོང་། །ཞེས་པ་ལ། སྒྱུ་མ་དང་སྨིག་རྒྱུ་བཞིན་དུ་རང་བཞིན་གྱིས་སྟོང་པའི་རྣམ་པར་ཤེས་པ་ཡང་འཇིག་
རྟེན་པས་ཉེ་བར་དམིགས་ལ། དེ་ཙམ་ཞིག་ཀྱང་འདིའི་རང་བཞིན་མ་ཡིན་པ་ཉིད་དོ། །འདིར་སྨྲས་པ། ཡུལ་ཡོངས་སུ་གཅོད་པ་ཡོད་པས་རྣམ་པར་ཤེས་པ་ཡོད་པ་ཉིད་དོ། །གལ་ཏེ་རྣམ་པར་ཡུལ་ཡོངས་སུ་གཅོད་པ་པོ་ཡོད་ན་དེ་ལྟར་ཡོད་ལ། ཡོད་པ་ཡང་མ་ཡིན་ནོ་ཞེས་བསྒྲུབ་

པའི་ཕྱིར་གསུངས་པ། རྣམ་ཤེས་ཤེས་བྱ་ལ་བརྟེན་ནས། །འབྱུང་བ་ཤེས་བྱ་ཡོད་མ་ཡིན། །ཤེས་བྱ་ཤེས་པ་མེད་པའི་ཕྱིར། །དེ་ཕྱིར་ཤེས་པ་པོ་ཉིད་མེད། །འདིར་འདིའི་རྣམ་པར་ཤེས་པ་དམིགས་པ་མེད་པར་མི་འབྱུང་བས་ཤེས་བྱ་ལ་ལྟོས་ལ། གང་གི་ཕྱིར་དེ་ལྟར་
རྣམ་པར་ཤེས་པ་དང་། ཤེས་བྱ་དག་ལ་བརྟེན་ནས་འབྱུང་བས་ངོ་བོ་ཉིད་ཀྱིས་མ་གྲུབ་པས། དེའི་ཕྱིར་ཤེས་བྱ་མེད་ལ། ཤེས་བྱ་མེད་པར་གྱུར་ན་དམིགས་པ་མེད་པར་རྣམ་པར་ཤེས་པ་ག་ལ་འབྱུང་ཞེས་བྱ་སྟེ། རྣམ་པར་ཤེས་པ་མེད་པས་རྣམ་ཤེས་ནི། །སྨིག་རྒྱུ་
སྒྱུ་མ་བཞིན་དུ་སྟོང་། །ཞེས་གནས་སོ། །འདིར་སྨྲས་པ། རྣམ་པར་ཤེས་པ་ནི་ཡོད་པ་ཉིད་དེ། ཤེས་བྱ་དང་ཤེས་པ་པོ་ཡོད་པའི་ཕྱིར་རོ། །འདིར་རེ་ཞིག་རྣམ་པར་ཤེས་སོ་ཞེས་པས་རྣམ་པར་ཤེས་པ་པོ་ཡོད་དེ། ཕུང་པོ་ལ་བརྟེན་ནས་བརྟགས་པའི་གང་ཟག་བྱེད་པ་པོར་
གྱུར་པའོ། །དེ་གང་གིས་རྣམ་པར་ཤེས་སོ་ཞེས་དེ་ནི་འདིའི་བྱེད་པ་ཡིན་ལ། གང་ཞིག་རྣམ་པར་ཤེས་སོ་ཞེས་དེ་ནི་འདིའི་ལས་སོ། །བྱེད་པ་དང་ལས་མེད་པར་བྱེད་པ་པོ་ཡོད་པར་རིགས་པ་མ་ཡིན་ནོ་ཞེས་བྱ་སྟེ། དེས་ན་བྱེད་པ་པོ་ཡོད་པས་ན། དེ་བཞིན་དུ་ཤེས་བྱ་དང་ཤེས་
པ་པོ་ཡོད་དོ་ཞེས་བྱའོ། །སྨྲས་པ། གལ་ཏེ་ཤེས་པ་པོ་ཉིད་ཡོད་ན། རྣམ་པར་ཤེས་པ་དང་ཤེས་བྱ་ཡོད་པར་འགྱུར་ན། གང་ཇི་སྲིད་དུ་རྣམ་པར་ཤེས་པ་དང་ཤེས་བྱ་དག་མེད་པས་ལས་དང་བྱེད་པ་དང་བྲལ་བའི་ཕྱིར། བྱེད་པ་པོ་ཉིད་འགའ་ཡང་ག་ལ་ཞིག་ཅེས་བསྒྲུབ་
པའི་ཕྱིར་གསུངས་པ། ཤེས་བྱ་ཤེས་པ་མེད་པའི་ཕྱིར། །དེ་ཕྱིར་ཤེས་པ་པོ་ཉིད་མེད། །ཅེས་པས། ཤེས་པ་པོ་མེད་པས་ཤེས་པ་དང་ཤེས་བྱ་མེད་དོ་ཞེས་གྲུབ་པོ། །འདིར་སྨྲས་པ། ཕྱི་རོལ་དང་ནང་གི་སྐྱེ་མཆེད་དག་ཡོད་པ་ཉིད་དེ། དེ་དག་མི་རྟག་པར་ཉེ་བར་
བསྟན་པའི་བཅོམ་ལྡན་འདས་ཀྱིས་གསུངས་པ། འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་སོ། །གལ་ཏེ་ན་ཡང་ནང་དང་ཕྱི་རོལ་གྱི་བདག་ཉིད་ཀྱི་སྐྱེ་མཆེད་མེད་ན། དེའི་ཚེ་ཅི་གལ་ཏེ་ཐམས་ཅད་མི་རྟག་པར་འགྱུར་ཞེས་བྱ། དེའི་ཕྱིར་མི་རྟག་པ་ཉིད་བསྟན་པས་

དངོས་པོ་ཐམས་ཅད་གྲུབ་བོ་ཞེ་ན། སྨྲས་པ། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཐམས་ཅད་མི་རྟག་ཅུང་ཟད་ཀྱང་། །མི་རྟག་མེད་ལ་ཡང་ན་རྟག །དངོས་པོ་ཡོད་ན་རྟག་པ་དང་། །མི་རྟག་པར་འགྱུར་དེ་ག་ལ། །དེ་ལ་བཅོམ་ལྡན་འདས་ཀྱིས་
གང་འདི་སྐད་དུ་ཐམས་ཅད་མི་རྟག་གོ་ཞེས་གསུངས་ཞེས་བྱའོ། །དེ་རྣམ་པར་འཇིག་པའི་དངོས་པོའི་རང་གི་མཚན་ཉིད་མཐོང་བ་མིན་ལ། འོན་ཀྱང་དངོས་པོ་རྣམས་ཀྱི་རང་བཞིན་མ་གཟིགས་ལ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་མ་གཟིགས་པས་སྙིང་པོ་མེད་པ་ཉིད་
གསལ་བར་བྱེད་པ་ལ་ལྟོས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ནི་རང་བཞིན་ལ་ལོག་པར་རྟོགས་པ་དགག་པའི་དོན་དུའོ། །དོན་དམ་པར་ནི་རྣམ་པར་དཔྱད་ན་མི་རྟག་པ་ཅུང་ཟད་ཀྱང་མེད་དོ། །ཡང་རྟག་པའོ། །འདི་དག་གཉི་ག་ཡང་དོན་དམ་པར་མ་གྲུབ་པོ་
ཞེས་དགོངས་སོ། །ཅིའི་ཕྱིར་སླར་ཡང་འདི་དག་གཉི་ག་མ་གྲུབ་ཅེ་ན། སྨྲས་པ། གང་གི་ཕྱིར་དངོས་པོར་ཡོད་ན་རྟག་པའམ་མི་རྟག་པར་འགྱུར་ན། དངོས་པོ་དེ་ག་ལ་ཞིག་གོ་སྟེ། ཇི་སྐད་དུ་སྨོས་པའི་རིགས་པས་དངོས་པོ་མེད་པར་བསྒྲུབ་པའི་ཕྱིར་དངོས་པོ་དེ་ག་ལ་
ཞིག་པའོ། །དངོས་པོ་དེ་མེད་དོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་མེད་པར་གྱུར་པ་ལ་རྟག་པ་ཉིད་དམ་མི་རྟག་པ་ཉིད་ག་ལ་ཞིག །དེའི་ཕྱིར་དངོས་པོ་རྣམས་སྙིང་པོ་མེད་པ་ཉིད་དུ་གསལ་བར་བྱེད་པ་ལ་ལྟོས་ནས་འདི་དག་གསུངས་པ་ཉིད་ལ་རང་བཞིན་མེད་པ་གསལ་བར་
བྱེད་པ་ཡིན་ནོ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་དུ་ཚིག་འདི་དག་གིས་རང་བཞིན་གསལ་བར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ཇི་ལྟར་ཡང་དངོས་པོ་མེད་པས་རྟག་པ་དང་མི་རྟག་པའི་ལོག་པར་རྟོག་པ་འབྱུང་བ་མི་སྲིད་པས། དེ་བཞིན་དུ་སྡུག་པ་དང་མི་སྡུག་པ་དག་གི་ཕྱིན་ཅི་ལོག་
ཀྱང་དངོས་པོ་རྣམས་ཀྱི་རང་བཞིན་མེད་པར་གྱུར་པས་འབྱུང་མི་སྲིད་ལ། དེ་མེད་པས་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་གི་རྒྱུ་ཅན་གྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཀྱང་མི་རིགས་སོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། སྡུག་དང་མི་སྡུག་ཕྱིན་ཅི་ལོག །

རྐྱེན་སྐྱེས་ཆགས་སྡང་གཏི་མུག་སྟེ། །དེ་ཕྱིར་ངོ་བོས་འདོད་ཆགས་དང་། །ཞེ་སྡང་གཏི་མུག་ཡོད་མ་ཡིན། །དེ་ལ་སྡུག་པ་ཞེས་བརྗོད་པ་ཡིད་དང་མཐུན་པའི་ཕྱིན་ཅི་ལོག་པས་མི་སྡུག་པའོ། །ཕྱིན་ཅི་ལོག་ཀྱང་རྟག་པ་བདག་མེད་པ་གཙང་བའོ་ཞེས་སོ། །དེ་ལ་སྡུག་པ་ལ་
བརྟེན་ནས་འདོད་ཆགས་འབྱུང་། མི་སྡུག་པ་ལ་བརྟེན་ནས་ཞེ་སྡང་འབྱུང་ཞིང་། ཕྱིན་ཅི་ལོག་ལ་བརྟེན་ནས་གཏི་མུག་འབྱུང་ངོ་། །དངོས་པོའི་རང་བཞིན་ཡོད་ན་དེ་ལ་སྡུག་པ་ལ་སོགས་པར་རམ། རྟག་པ་ལ་སོགས་པ་ཉིད་དུ་རྟོག་པ་ལས་འདོད་ཆགས་ལ་
སོགས་པར་འགྱུར་ན། དངོས་པོ་རྣམས་ཀྱི་རང་བཞིན་མེད་པས་སྡུག་པ་ལ་སོགས་པ་མེད་པའི་ཕྱིར། དེའི་རྒྱུ་ཅན་གྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཀྱང་ཡོད་པ་མ་ཡིན་ལ། དངོས་པོའི་རང་བཞིན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྡུག་པ་ལ་སོགས་པ་མི་སྲིད་པས་འདོད་ཆགས་ལ་སོགས་
པ་མི་རིགས་སོ། །འདི་ལྟར་ཡང་སྡུག་པ་ལ་སོགས་པ་མི་སྲིད་པས་མི་རུང་ངོ་ཞེས་བསྒྲུབ་པའི་ཕྱིར་གསུངས་པ། གང་ཕྱིར་དེ་ཉིད་ལ་ཆགས་ཤིང་། །དེ་ལ་ཞེ་སྡང་དེ་ལ་རྨོངས། །དེ་ཕྱིར་རྣམ་པར་རྟོག་པས་བསྐྱེད། །རྣམ་རྟོག་དེ་ཡང་དེ་ཉིད་མེད། །འདིར་སྡུག་པ་ཞེས་བྱ་བ་ངོ་བོ་
ཉིད་ཀྱིས་མེད་དེ། རྒྱུ་མཚན་ཅིའི་ཕྱིར་ན། གང་གི་ཕྱིར་གང་ཞིག་ཁོ་ན་ཁ་དོག་དང་དབྱིབས་གཞོན་ཤ་ཅན་ལ་སོགས་པ་དང་ལྡན་པའི་དངོས་པོར་གྱུར་པ་གང་ཅི་ཡང་རུང་བ་ལ་འདོད་ཆགས་ཅན་འགའ་ཞིག་ཤིན་ཏུ་ཡིད་དུ་འོང་བར་གྱུར་པ་ལ་སྡུག་པའི་རྣམ་པར་བརྗོད་ལ། དེ་
ཉིད་ལ་ཞེ་སྡང་ཅན་འགའ་ཞིག་གིས་མི་སྡུག་པར་བརྗོད་དེ། འདི་ལྟ་སྟེ་ཆུང་མ་གཉིས་ཀྱི་གཟུགས་ལ། ཆུང་མ་དག་ཞེ་སྡང་བ་ལྟ་བུ་སྟེ། གང་ཁོ་ན་ལ་ཁྱོ་ཤིན་ཏུ་ཆགས་པ་དེ་ཉིད་ལ་ཆུང་མ་དག་ཞེ་སྡང་བར་འགྱུར་ལ། དེའི་རང་བཞིན་ཡོངས་སུ་མ་ཤེས་པས་དེ་ལ་
འགའ་ཞིག་རྨོངས་པར་འགྱུར་རོ། །དངོས་པོ་གཅིག་ཉིད་སྐད་ཅིག་ལ་ཕན་ཚུན་དུ་འགལ་བའི་དོན་དེ་དག་མི་སྲིད་དོ། །དེས་ན་དངོས་པོ་གཅིག་ལ་རང་བཞིན་གསུམ་མི་སྲིད་ལ། རྣམ་པར་རྟོག་པས་དེའི་ཕན་ཚུན་ཐ་དད་པར་རུང་ངོ་། །ཡང་ན་འདི་སྙམ་དུ་སེམས་ན། གལ་ཏེ་

ཡང་དངོས་པོ་རྣམ་པ་གསུམ་གཅིག་ཉིད་དུ་མི་འགྱུར་ལ། དེ་ལྟ་ན་ཡང་དེའི་རྣམ་པར་རྟོག་པ་རེ་ཞིག་ཡོད་ལ། དེས་ན་དེ་ཡོད་པས་དེ་ལས་སྐྱེས་པའི་འདོད་ཆགས་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། རྣམ་རྟོག་དེ་ཡང་དེ་ཁོ་ན་ཉིད་དུ་མ་ཡིན་ཏེ། ལོག་
པའི་རྣམ་པར་བསྐྱེད་པ་རྣམས་ལ་བདེན་པའི་རང་བཞིན་མི་སྲིད་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ཡང་རྣམ་པར་རྟོག་པ་ཡང་དེ་ཁོ་ན་ཉིད་དུ་མེད་དོ། །དེ་མེད་ན་དེ་ལས་སྐྱེས་པའི་འདོད་ཆགས་ལ་སོགས་པ་ཡང་མེད་དོ་ཞེས་གྲུབ་བོ།། །།འདི་ལྟར་ཡང་རྣམ་པར་རྟོག་པ་དེ་ཁོ་ན་
ཉིད་དུ་མེད་པ་སྟེ། གང་གི་ཕྱིར། རྟོག་བྱ་མེད་ན་རྣམ་རྟོག་གང་། །དེ་མེད་རྣམ་རྟོག་ག་ལ་ཞིག །དེ་ཕྱིར་རྟོག་བྱ་རྐྱེན་སྐྱེ་ཕྱིར། །སྟོང་ཡིན་རྣམ་པར་རྟོག་པ་ཡང་། །གལ་ཏེ་རྣམ་པར་རྟོག་པར་བྱ་བའི་དངོས་པོ་ཅུང་ཟད་ཡོད་ན་དེ་ལ་རྟོག་པར་བྱེད་པ་རྣམ་པར་རྟོག་པ་སྐྱེ་ལ། དེ་ཡང་
དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ངོ་བོ་ཉིད་ཀྱིས་སྟོང་ལ། དེས་ན་དེ་ལ་རྣམ་པར་རྟོག་བྱ་མེད་ན་རྣམ་རྟོག་མེད་དོ་ཞེས་བྱ་སྟེ། སྟོང་ཡིན་རྣམ་པར་རྟོག་པ་ཡང་། །གལ་ཏེ་རྣམ་པར་རྟོག་པར་བྱ་བའི་རང་བཞིན་སྟོང་པའོ། །དེ་ལས་དངོས་པོ་གང་ཡང་རུང་བའི་རང་
བཞིན་མི་དམིགས་པས། རྣམ་པར་རྟོག་བྱ་དང་རྟོག་པ་དག་ཏུ་ཡོངས་སུ་མི་རྟོག་པའི་ཕྱིར་དེ་ཁོ་ན་ཉིད་རྟོག་པར་འགྱུར་རོ། །དེ་ལས་ཀྱང་དེ་ཉིད་རྟོག་པས་ཕྱིན་ཅི་ལོག་བཞི་ལས་བྱུང་བའི་མ་རིག་མེད། དེ་མེད་འདུ་བྱེད་འབྱུང་བ་ནི། །སྲིད་མིན་དེ་བཞིན་ལྷག་མ་རྣམས། །
དེ་ཁོ་ན་ཉིད་མཐོང་བ་ནི་ཕྱིན་ཅི་མ་ལོག་པ་སྟེ། དེ་ཁོ་ན་ཉིད་དེ་མཐོང་བ་དེ་དང་འགལ་བའི་ཕྱིར་ཕྱིན་ཅི་ལོག་རྣམས་ངེས་པར་སྤོང་ལ། དེ་སྤངས་པས་ཕྱིན་ཅི་ལོག་ལས་བྱུང་བའི་མ་རིག་པ་སྤོང་ངོ་། །མ་རིག་པ་སྤངས་པས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལྡོག་ལ་ད་འགགས་
པས་སྐྱེ་བའི་རྐྱེན་གྱི་རྒས་པ་དང་ཤི་བ་ལ་སོགས་པའི་བར་དུ་ཐམས་ཅད་ལྡོག་གོ། །སླར་ཡང་ཇི་ལྟར་མ་རིག་པ་འགགས་པས་འདུ་བྱེད་ལ་སོགས་པ་འགག་ཅེ་ན། བསྒྲུབ་པའི་ཕྱིར་གསུངས་པ། གང་ལ་གང་རྟེན་སྐྱེ་བའི་དངོས། །དེ་དེ་མེད་པས་དེ་མི་སྐྱེ། །དངོས་དང་དངོས་མེད་

འདུས་མ་བྱས། །འདུས་བྱས་ཞི་བས་མྱ་ངན་འདས། །གང་ཞིག་མ་རིག་པ་ཞེས་བྱ་བའི་རྒྱུ་ལ་བརྟེན་ནས་འདུ་བྱེད་ཅེས་བྱ་བའི་འབྲས་བུ་གང་ཞིག་སྐྱེ། འདུ་བྱེད་ཅེས་བྱ་བའི་འབྲས་བུ་དེའི་རྒྱུ་མ་རིག་པ་ཞེས་བྱ་བ་མེད་ན་མི་འབྱུང་ངོ་ཞེས་བྱ་སྟེ། དེ་ལྟར་མ་རིག་པ་ལ་སོགས་པ་
མེད་ན་འདུ་བྱེད་ལ་སོགས་པ་སྲིད་པ་མ་ཡིན་ནོ། །གང་གི་ཚེ་འདི་ལྟར་མ་རིག་པ་ལ་སོགས་པ་འཇུག་པ་མེད་ན་དེའི་ཚེ་དངོས་པོ་མེད་ལ། དངོས་པོ་མེད་ན་དེ་ཡང་ལོག་པའི་རང་བཞིན་དངོས་པོ་མེད་པ་ཡང་མེད་དོ་ཞེས་བྱ་སྟེ། གང་ཡང་དངོས་པོ་དང་དངོས་པོ་མེད་པ་དག་མེད་
ན་ཡང་། དངོས་པོའི་ཚུལ་གྱིས་འདུས་བྱས་དང་དངོས་པོ་མེད་པའི་ཚུལ་གྱིས་འདུས་མ་བྱས་མེད་དོ་ཞེས་བྱ་སྟེ། དངོས་དང་དངོས་མེད་དང་འདུས་བྱས་དང་འདུས་མ་བྱས་དག་ཞི་བའོ། །ཞི་བ་ནི་མི་འཇུག་པ་ལ། དེ་ཉིད་མྱ་ངན་ལས་འདས་པའོ། །སླར་ཡང་
འདུས་མ་བྱས་ཀྱི་ཚུལ་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། འདུས་མ་བྱས་སུ་རྟོག་པ་འཇུག་པར་ཐལ་བས་སོ། །འདིར་སྨྲས་པ། གང་སྨོས་པའི་དེ་ཁོ་ན་ཉིད་རྟོགས་པས་ཕྱིན་ཅི་ལོག་བཞི་ལས་བྱུང་བའི་མ་རིག་པ་མི་འབྱུང་ངོ་ཞེས་པས། སླར་ཡང་ཅི་མ་རིག་པའི་
མཚན་ཉིད་དང་། དམིགས་པ་ནི་ཅི་ཞིག་གང་ལས་དེ་ཁོ་ན་མཐོང་བ་ན་མི་འབྱུང་ངོ་ཞེ་ན། མཚན་ཉིད་དང་དམིགས་པ་དག་བསྒྲུབ་པར་འདོད་པས་གསུངས་པ། རྒྱུ་རྐྱེན་ལས་སྐྱེས་དངོས་པོ་རྣམས། །དངོས་པོར་ཁོང་དུ་ཆུད་པ་གང་། །སྟོན་པས་མ་རིག་པར་གསུངས་ལ། །
དེ་ལས་ཡན་ལག་བཅུ་གཉིས་འཇུག །རྒྱུ་དང་རྐྱེན་ལས་སྐྱེས་པའི་དངོས་པོ་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ལ། དེ་དག་ལ་གང་ཞིག་རང་བཞིན་དུ་རྟོག་པ་དེ་ལ་མ་རིག་པར་བཅོམ་ལྡན་འདས་ཀྱིས་གསུངས་ལ། ཡང་དག་པ་ཇི་ལྟ་བར་གནས་པའི་རང་བཞིན་མེད་པ་མ་རྟོགས་
པའི་ཕྱིར། མ་རྟོགས་པ་ལས་མ་རིག་པ་ཞེས་བརྗོད་དོ། །དེ་ཡང་རང་བཞིན་དུ་སྒྲོ་འདོགས་པ་ལ་ཞུགས་པའི་ཕྱིར་དང་། རང་བཞིན་ལ་དམིགས་པས་དེ་ཁོ་ན་ཉིད་ཡོངས་སུ་མ་ཤེས་པའི་ངོ་བོའི་ཕྱིར་མི་ཤེས་པའི་རང་བཞིན་ལ། མ་རིག་པ་དེ་ལས་འདུ་བྱེད་ལ་

སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་འཇུག་གོ། །ཡང་འདིའི་མ་རིག་པ་སྒྲོ་བཏགས་ནས་འཇུག་པ་ཇི་ལྟར་བཟློག་པར་བྱ་ཞེ་ན། གསུངས་པ། དངོས་པོ་སྟོང་པར་ཡང་དག་པར། །ཤེས་ན་རྨོངས་པ་མི་
འཇུག་ལ། །མ་རིག་ལེགས་པར་འགགས་པ་ཡིས། །དེ་ནས་ཡན་ལག་བཅུ་གཉིས་འགག །གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པར་ཤེས་པ་སྟེ། ཡང་དག་པ་ཇི་ལྟ་བ་མཐོང་བ་དེ་ནམ་ཡང་ཆོས་རྣམས་ཀྱི་རང་བཞིན་དུ་སྒྲོ་མི་འདོགས་ལ། གང་གི་ཚེ་
རང་བཞིན་དུ་མི་འདོགས་པ་དེའི་ཚེ་འདིའི་མ་རིག་པ་སྤོང་ལ། མ་རིག་པ་སྤངས་པས་འདུ་བྱེད་ཀྱང་མི་སྐྱེ་ལ། ཇི་སྲིད་དུ་སྐྱེ་བ་མེད་པས་རྒས་པ་དང་འཆི་བ་མི་འབྱུང་བའི་བར་དུའོ། །དེ་ལས་དངོས་པོ་དང་དངོས་པོ་མེད་པ་དང་འདུས་བྱས་དང་འདུས་མ་བྱས་ཞི་བས་མྱ་ངན་ལས་
འདས་པར་འགྱུར་རོ། །སླར་ཡང་ཐར་པ་འདོད་པས་མ་རིག་པ་སྤོང་བར་འདོད་པ་མ་རིག་པ་སྤོང་བར་འདོད་པས་དངོས་པོ་འདི་དག་ཇི་ལྟར་བལྟ་བར་བྱ། སྨྲས་པ། ཐར་པ་འདོད་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ལ་བལྟ་བར་བྱ་ལ། དེ་ཁོ་ན་ཉིད་ཀྱང་དངོས་པོ་རྣམས་ཀྱི་རང་བཞིན་
ལ། དེ་ཡང་མ་སྐྱེས་པའོ། །དེས་ན་ཐར་པ་འདོད་པས་འདི་དག་ལ་དངོས་པོར་བལྟ་བར་མི་བྱའོ། །འདིར་སྨྲས་པ། འོ་ན་དེ་ལྟར་ན་འདི་ལྟར་དངོས་པོ་ཐམས་ཅད་མ་མཐོང་ངོ་ཞེས་མི་ནུས་ཏེ། མིག་མ་ཉམས་ཤིང་མིག་བྱེ་བ་དང་ཡུལ་ཕུན་སུམ་ཚོགས་པ་སྣང་བ་
དང་བཅས་པའི་སྔོན་པོ་ལ་སོགས་པ་མི་མཐོང་བར་མི་ནུས་སོ། །དེ་བཞིན་དུ་རྣ་བ་ལ་སོགས་པའི་དབང་པོས་ཀྱང་རང་གི་ཡུལ་ཇི་ལྟ་བར་མི་འཛིན་པར་མི་ནུས་སོ། །སྨྲས་པ། གལ་ཏེ་ཡང་དབང་པོ་ལ་ལྟོས་ནས་སྔོན་པོ་ལ་སོགས་པ་མངོན་སུམ་ལ། དེ་ལྟ་ན་ཡང་
རིག་པས་ཉེ་བར་དཔྱད་པ་ལས་སྐྱེས་པའི་བློའི་མངོན་སུམ་གང་ཞིག་དེ་ཉིད་འཛིན་པའི་དབང་པོའི་མངོན་སུམ་པས་གླེངས་པའི་ཕྱིར་རོ། །འདི་ལྟར་རབ་རིབ་ཅན་ལ་མི་བདེན་པའི་སྐྲ་དང་སྦྲང་བུ་ལ་སོགས་པ་མངོན་སུམ་དུ་སོ་སོར་སྣང་ལ། དེ་དག་ཀྱང་རིགས་པ་དང་

བཅས་པའི་བློའི་མངོན་སུམ་དུ་མེད་ལ། དེ་ནི་བློའི་དབང་པོའི་མངོན་སུམ་དུ་ཡང་དེ་དག་གནས་པ་མ་ཡིན་ཏེ། རིགས་པའི་རྗེས་སུ་འབྲང་བའི་བློས་ཡང་དག་པའི་མངོན་སུམ་ཉིད་དུ་མངོན་པར་རློམ་པ་གསལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་དངོས་པོ་དེ་དག་ཕྱིན་
ཅི་ལོག་གི་ལས་ལས་བྱུང་བས་ཡང་དག་པ་མ་ཡིན་པའི་དོན་ཡོངས་སུ་གཅོད་པ་དབང་པོ་དང་ཡུལ་གྱི་གནས་པར་ཡོད་པས་མངོན་སུམ་དུ་འགྱུར་རོ། །དེ་ལྟ་ན་ཡང་རིགས་པས་ཉེ་བར་དཔྱོད་པ་ལ་ཞུགས་པའི་བློས་དེ་དག་གི་བློས་མངོན་སུམ་ཉིད་ལྡོག་སྟེ། དེ་ནི་སྟོབས་ཅན་
ཡིན་པའི་ཕྱིར་རོ་ཞེས་བྱ་སྟེ། དེས་ན་དངོས་པོ་རྣམས་སུ་མངོན་པར་ཞེན་ནས་འཛིན་པའི་ཕྱིར་དང་། དེ་ཁོ་ན་འཇུག་པའི་སྒོའི་ཕྱིར་དཔེའི་ཕྲེང་བ་གསུངས་པ། དྲི་ཟའི་གྲོང་ཁྱེར་སྒྱུ་མ་དང་། །སྨིག་རྒྱུ་དབུ་བ་ཆུ་བུར་དང་། །གཟུགས་བརྙན་སྤྲུལ་པ་རྨི་ལམ་དང་། །མགལ་མེ་
དང་མཚུངས་འདུ་བྱེད་རྣམས། །ཇི་ལྟར་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་དོན་ཏོ། །འདི་དག་ཉིད་རང་གི་རྒྱུ་དང་རྐྱེན་ཇི་ལྟ་བ་ལས་འབྱུང་ན་ཡང་། གྲོང་ཁྱེར་ལ་སོགས་པའི་རང་བཞིན་གྱིས་སྟོང་པ་གྲོང་ཁྱེར་ལ་སོགས་པ་ཉིད་དུ་སྣང་ལ། དེ་བཞིན་དུ་འདི་ལྟར་གཟུགས་དང་
ཚོར་བ་ལ་སོགས་པའི་དངོས་པོ་ཡང་གཟུགས་དང་ཚོར་བ་ལ་སོགས་པའི་རང་བཞིན་གྱིས་སྟོང་པ་ཉིད་སྣང་བ་ལ། གཟུགས་དང་ཚོར་བ་ལ་སོགས་པ་ཉིད་དུ་ཤེས་པར་བྱའོ། །ཡང་དཔེ་གཅིག་ཉིད་ཀྱི་རང་བཞིན་མེད་པ་ཉིད་རྟོགས་པར་འགྱུར་ན། དཔེ་མང་པོ་ཉིད་ཉེ་
བར་བསྡུས་པ་ལ་དོན་མེད་དོ་ཞེ་ན། འདི་དག་དེ་ལྟར་མ་ཡིན་ཏེ། རང་བཞིན་མེད་པའི་དོན་ལ་འཁོར་བ་ཐོག་མ་མེད་པ་ནས་མ་གོམས་པའི་འཇིག་རྟེན་པ་དེ་དག་དཔེ་དུ་མས་འཇིག་རྟེན་པའི་སེམས་ལ་ཕེབས་པས། དེ་ཁོ་ན་ཉིད་ལ་ངེས་པ་སྐྱེད་པར་འགྱུར་རོ། །ཇི་སྐད་དུ།
རེ་ཞིག་ཕུང་པོ་མི་གཙང་བ། །རགས་པ་མངོན་སུམ་སྤྱོད་ཡུལ་ཏེ། །རྟག་ཏུ་མཐོང་བར་གྱུར་ན་ཡང་། །གང་ཚེ་སེམས་ནི་མི་གནས་པ། །དེ་ཚེ་ཤིན་ཏུ་ཕྲ་ཞིང་ཟབ། །དམ་ཆོས་འདི་ནི་གནས་མེད་པ། །མངོན་སུམ་མིན་པ་ཇི་ལྟར་དུ། །སེམས་ལ་བདེ་བླག་རྟོགས་པར་འགྱུར། །ཞེས་

སོ། །དེའི་སེམས་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་དཔེ་མང་པོ་བསྟན་པ་ནི་རིགས་པ་ཉིད་དོ་ཞེས་བྱའོ། །གཞན་ཡང་དཔེ་མང་པོ་ཉེ་བར་བཀོད་པས་འགའ་ཞིག་འགའ་ཞིག་ལ་ཤིན་ཏུ་ངེས་པར་འགྱུར་རོ་ཞེས་བྱ་སྟེ། དེ་ལ་དཔེ་དེས་དེའི་དོན་བདེ་བླག་ཏུ་
བདག་ཉིད་ཀྱིས་ཁོང་དུ་ཆུད་པས་དེས་ན་དཔེ་མང་པོ་ཉེ་བར་བསྡུ་བ་རིགས་པ་ཉིད་དོ། །ཡང་ན་དངོས་པོར་འཛིན་པ་ཐ་དད་པས་དཔེ་ཐ་དད་པའོ། །ཡུལ་དང་དུས་ངེས་པར་འཛིན་པ་ལ། མེད་པ་ལ་ཡུལ་དང་དུས་ངེས་པར་འཛིན་པ་མི་རུང་ཞེས་བྱ་སྟེ། དེ་ལ་ལྟོས་ནས་དྲི་ཟའི་
གྲོང་ཁྱེར་དཔེར་བརྗོད་དོ། །གཞན་དབང་དུ་འཛིན་པ་ལ། མེད་པ་ལ་རྒྱུ་གཞན་གྱི་དབང་ལས་མ་ཡིན་ནོ་ཞེས་བྱ་སྟེ། དེ་ལ་ལྟོས་ནས་སྒྱུ་མ་དཔེར་བརྗོད་དོ། །ལྡོག་པར་འཛིན་པ་ལ། མེད་པ་ལྡོག་པ་མེད་དོ་ཞེས་བྱ་སྟེ། དེ་ལ་ལྟོས་ནས་སྨིག་རྒྱུ་དཔེར་བརྗོད་དོ། །དེ་ཡང་བྱེ་
བྲག་མེད་པར་ལྡོག་པའོ། །སྙིང་པོ་མེད་པར་འཛིན་པ་ལ། །སྙིང་པོ་མེད་པས་དེ་མེད་དོ་ཞེས་བྱ་སྟེ། དེ་ལ་ལྟོས་ནས་དབུ་བ་དཔེར་བརྗོད་དོ། །གཞན་དང་གཞན་དུ་འཛིན་པ་ལ། མེད་པ་ལ་གཞན་དང་གཞན་འབྱུང་བ་མ་ཡིན་ནོ་ཞེས་བྱ་སྟེ། དེ་ལ་ལྟོས་ནས་ཆུའི་ཆུ་བུར་
དཔེར་བརྗོད་དོ། །ཀུན་ནས་སྣང་བར་འཛིན་པ་ལ། །མེད་པ་ལ་ཀུན་ནས་སྣང་བ་མེད་དོ་ཞེས་བྱ་སྟེ། དེ་ལ་ལྟོས་ནས་སྤྲུལ་པ་དཔེར་བརྗོད་དེ། །རྣམ་པ་སྣ་ཚོགས་པར་འཛིན་པ་ལ། མེད་པ་ལ་རྣམ་པ་སྣ་ཚོགས་པ་མེད་དོ་ཞེས་བྱ་སྟེ། དེ་ལ་ལྟོས་ནས་རྨི་ལམ་དཔེར་
བརྗོད་དོ། །འཇུག་པར་འཛིན་པ་ལ། མེད་པའི་མྱུ་གུ་ལ་སོགས་པ་ལ་འཇུག་པ་ལ་མི་ལྟོས་སོ་ཞེས་བྱ་སྟེ། དེ་ལ་ལྟོས་ནས་མགལ་མེའི་འཁོར་ལོ་དཔེར་བརྗོད་དོ། །དེའི་འཇུག་པའི་ས་བོན་མགལ་མེ་ཡིན་པའི་ཕྱིར་རོ་ཞེས་བྱའོ། །དེ་ལྟར་དེ་དག་འདས་མ་ཐག་
པའི་ཚིགས་སུ་བཅད་པ་དྲུག་ཅུ་རྩ་བཞིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟ་བར་གནས་པའི་རང་བཞིན་བསྒྲུབས་ནས། དེ་ལས་གཞན་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་དོན་འདི་ཉིད་དེ་བཞིན་གཤེགས་པས་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་

ལོག་པར་བཤད་པས། དེས་ན་ཤིན་ཏུ་ཡང་དེ་དང་འབྲེལ་པར་བསྒྲུབ་པར་བྱའོ། །དེ་ལྟར་གྱུར་ན་ལེགས་པར་ཉན་པ་རྣམས་དོན་འདི་ལ་ཤིན་ཏུ་ངེས་པ་སྐྱེ་བར་འགྱུར་ཏེ། དངོས་ཀུན་རང་བཞིན་སྟོང་པས་ན། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི། །དེ་བཞིན་
གཤེགས་པ་མཚུངས་མེད་ཀྱིས། །དངོས་པོ་རྣམས་ནི་ཉེ་བར་བསྟན། །དྲི་ཟའི་གྲོང་ཁྱེར་ལ་སོགས་པ་དང་འདྲ་བར་འདུ་བྱེད་རྣམས་ངོ་བོ་ཉིད་ཀྱིས་མ་གྲུབ་བོ་ཞེས་ཉེ་བར་བསྟན་པའི་དོན་དུ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ་ཞེས་གསུངས་སོ། །མཚུངས་མེད་
ཀྱིས་ཞེས་པ། འཇིག་རྟེན་གྱི་ཁམས་གཅིག་ཏུ་བརྩམས་ནས་འཇིག་རྟེན་གྱི་ཁམས་གཞན་ན་ཡང་དེ་བཞིན་གཤེགས་པ་འདྲ་བའི་དེ་བཞིན་གཤེགས་པ་ཡོད་པ་མ་ཡིན་ནོ། །ཡང་ན་ཤཱཀྱ་ཐུབ་པ་གཽ་ཏ་མའོ་ཞེས་སྨྲ་ན་བརྩད་པ་འདི་དག་ཏུ་འགྱུར་ཏེ། དེ་བཞིན་གཤེགས་པའི་སྒྲ་
འདི་ནི་ཡང་དག་པ་ཇི་ལྟ་བར་སྟོན་པའི་ཡོན་ཏན་ལ་བརྟེན་ནས་འཇུག་ལ། དེ་ཡང་སངས་རྒྱས་ཐམས་ཅད་ལ་ཐུན་མོང་དུ་གྲུབ་བོ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མཚུངས་མེད་ཅེས་བྱའོ། །ལྷག་མ་བཤད་ཟིན་ཏོ། །དེ་ནི་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་འདི་དག་
གི་རང་བཞིན་མེད་པའི་དོན་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ནི་དམ་པ་ཉིད་དུ་ཉེ་བར་མཚོན་པར་གསུངས་པ། འདི་ཙམ་རེ་ཞིག་དོན་དམ་སྟེ། །ཞེས་པ་ལ་དངོས་པོར་རྟོག་པ་ཐམས་ཅད་ཇི་ལྟ་བའི་དོན་མ་ཡིན་པའི་ཕྱིར། འདི་ནི་རེ་ཞིག་ཅེས་པ་ངེས་པར་གཟུང་བ་
སྟེ། ཉེ་བར་བསྒྲུབས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དོ། །སྟོང་པ་ཉིད་དེ་ལ་ཇི་སྲིད་དུ་དངོས་པོར་མངོན་པར་ཞེན་པ་ཐམས་ཅད་འདིར་ཕྱིན་ཅི་ལོག་པས་འཁྲུལ་པ་སྟེ། འཁྲུལ་པ་ཡང་དོན་དམ་པ་ཡིན་པར་ནི་མི་རིགས་སོ། །འདི་ཉིད་ཡོད་པ་དང་མེད་
པས་མ་བསྡུས་པས་སྐྱོན་གྱིས་རྣམ་པར་དབེན་པ། རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ལས་དབུ་མ་ཁོང་དུ་ཆུད་པ་ནི་དོན་དམ་པ་ཉིད་དོ་ཞེས་གསུངས་པ། འདི་ཙམ་རེ་ཞིག་དོན་དམ་སྟེ། །འཇིག་རྟེན་ཐ་སྙད་ལ་བརྟེན་ནས། །སྣ་ཚོགས་ཐམས་ཅད་བཅོམ་ལྡན་འདས། །

སངས་རྒྱས་བདེན་པར་གདགས་པ་མཛད། །ཅེས་པ་ལ་ཇི་ལྟར་རྨི་ལམ་མཐོང་བ་འགའ་ཞིག་གི་རྨི་ལམ་རྨིས་པའི་སེམས་འགའ་ཞིག་རྣམ་པར་ཤེས་ནས་དེ་ནི་བདེན་པར་སྨྲའོ་ཞེས་བརྗོད་ཅིང་། དེ་རིང་རྨི་ལམ་དུ་མས་མགོ་ལའོ་བྱས་ཤིང་ཕས་སོ་སོར་
བསྔགས་པ་བརྗོད། སྐྱེད་མོས་ཚལ་བཙོངས་ནས་སྟོང་ཕྲག་གཅིག་བྲམ་ཟེ་ལ་བྱིན་པ་དང་། བསྐོར་བ་བྱེད་པ་མཐོང་ཞེས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བྱིན་པས་མངོན་པར་ཞེན་པ་ལྟར་སྐྱེ་བ་དང་གནས་པ་དང་འཇིག་པ་ལ་སོགས་པའི་དབྱེ་བ་ཐ་དད་དང་དངོས་པོ་
ཐམས་ཅད་མེད་པར་ཐ་སྙད་ཀྱིས་གསུངས་པར་འགྱུར་རོ། །དེ་ལ་རྨི་ལམ་དུ་མཐོང་བའི་མ་ལ་སོགས་པ་ཉིད་ལ་བདེན་པར་མངོན་པར་འདོད་པ་དེའི་ངོ་བོ་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་བྱིས་པ་ཕྱིན་ཅི་ལོག་པ་རྣམས་ཀྱིས་སྐྱེ་བ་དང་གནས་པ་དང་འཇིག་པ་ལ་སོགས་པ་
མངོན་པར་བརྗོད་ཀྱི་སངས་རྒྱས་རྣམས་ལ་ནི་མ་ཡིན་ནོ། །ལྷག་མ་བཤད་ཟིན་ཏོ། །མྱ་ངན་ལས་འདས་པ་དང་མཚུངས་པར་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་གནས་པའི་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་སྟེ། སྤྲོས་པ་ག་ལ་ཞིག །ཇི་སྐད་དུ་མདོ་ལས།
ཚེ་དང་ལྡན་པ་ཀུན་དགའ་བོ་རེག་པའི་སྐྱེ་མཆེད་དྲུག་པོ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགགས་པ་དང་། ཉེ་བར་ཞི་བ་དང་། ནུབ་པར་གྱུར་པ་འདི་ལས་གཞན་པའི་སྤྲོས་པས་སྤྲོས་པར་བྱེད་པ་ཡོད་དམ་ཞེས་པ་དང་། ཡོད་པ་དང་མེད་པ་ཞེས་པའི་སྤྲོས་པས་སྤྲོས་པར་
བྱེད་དམ་ཞེས་པ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་སྐྱེ་མཆེད་དྲུག་ནི་སྤྲོས་པའོ། །སྐྱེ་མཆེད་དྲུག་འགག་པ་ལས་སྤྲོས་པ་མེད་པའོ་ཞེས་པའི་བར་དུ་མྱ་ངན་ལས་འདས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དབང་གིས་ན་
དོན་དམ་པའོ། །འཇིག་རྟེན་པའི་ཤེས་པའི་དབང་གིས་ཀྱང་ཀུན་རྫོབ་བོ་ཞེས་གནས་སོ། །དེ་ཉིད་ཀྱིས་ན། འཇིག་རྟེན་པ་ཡི་ཆོས་བསྟན་མི་ཉམས་ཤིང་། །ཡང་དག་ཉིད་དུ་ནམ་ཡང་ཆོས་བསྟན་མེད། །དེ་བཞིན་གཤེགས་པས་གསུངས་པ་མ་རིག་པས། །

དེས་ན་དྲི་མེད་བརྗོད་པ་འདི་ལ་སྐྲག །དེས་ན་སྐྲག་ཅེས་པ་ལ། དེས་ནའི་སྒྲ་ནི་ཇི་སྐད་དུ་སྨོས་པའི་རིགས་པ་དང་ལུང་གིས་དཔྱད་པ་རྣམས་ཏེ། འཇིག་རྟེན་པའི་ཐོག་མར་བལྟ་བར་བྱ་སྟེ། དེས་ན་འཇིག་རྟེན་པའི་ཞེས་བྱ་སྟེ། འདིར་ཚིགས་སུ་བཅད་པ་སྡེབས་པའི་
ངོར་འཇུག་པས་རིམ་པ་འཆོལ་བར་བལྟ་བར་བྱའོ། །དེས་ན་འདིའི་དོན་ཀྱང་གང་གི་ཕྱིར་ཇི་སྐད་དུ་སྨོས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པར། བརྫུན་པ་སླུ་བའི་ཆོས་ཅན་ཙམ་བྱིས་པའི་སྐྱེ་བོའི་བློའི་སྤྱོད་ཡུལ། རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་ཅན་དེའི་
རང་བཞིན་གྱི་ལས་ཀྱི་འབྲས་བུ་ཀུན་ནས་ཉོན་མོངས་པ་ཅན་དང་རྣམ་པར་བྱང་བ་འཆིང་བ་དང་གྲོལ་བའི་རྒྱུ་མཚན་འཇིག་རྟེན་པའི་ཐ་སྙད་དུ་ཡོད་པ་ཉིད་དུ་འདོད་པ་དེས་ན་དེའི་ཕྱིར། འཇིག་རྟེན་པ་ཡི་ཆོས་བསྟན་མི་ཉམས་ཤིང་། ཐ་སྙད་པ་ཉིད་ལ་ཇི་ལྟ་བའི་དོན་ཡིན་པའི་ཕྱིར་
ཇི་ལྟར་གནས་པ་ཕྱིན་ཅི་མ་ལོག་པར་འཇིག་རྟེན་པའི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་བརྗོད་ལ། དེ་ཉིད་བརྗོད་བྱ་ལས་རིམ་གྱིས་དེ་ཁོ་ན་ཉིད་ལ་འཇུག་པའི་རྒྱུའི་ཕྱིར་ཡང་། འཇིག་རྟེན་པ་ཡི་ཆོས་བསྟན་མི་ཉམས་ཤིང་ངོ་། །འཇིག་རྟེན་པའི་ཆོས་བསྟན་པ་ཡང་དངོས་པོ་གང་
ཅུང་ཟད་ཀྱི་རང་བཞིན་ཁས་མ་བླངས་པས། སྟོན་པ་དང་བསྟན་བྱ་དང་སྟོན་པ་པོ་རྣམས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། ཡང་དག་ཉིད་དུ་ནམ་ཡང་ཆོས་བསྟན་མེད། །དེ་བཞིན་གཤེགས་པས་ཆོས་འགའ་ཞིག་ཡང་དག་པར་དམིགས་ནས་ཉེ་བར་སྟོན་པར་མི་འགྱུར་
ལ། དེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་མི་རྟོག་པས་འདི་ནི་བདེན་ནོ་ཞེས་པར་མངོན་པར་ཞེན་པ་ཡོངས་སུ་བཏང་ནས་གནས་པའི་རྣལ་འབྱོར་པ་ངེས་པར་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །དེ་ལྟར་ན་འདི་ནི་བདེན་པ་གཉིས་ལ་བརྟེན་ནས་ལས་
ཡོད་པའི་ཕྱིར་དང་རྟོག་པ་མེད་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་མྱ་ངན་ལས་འདས་པ་གྲུབ་པ་ཡང་ཅུང་ཟད་ཀྱང་མི་ཉམས་ལ། གྲོལ་བ་ཡང་བདེ་བླག་ཁོ་ནར་མྱུར་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ཡང་རང་བཞིན་མེད་པ་ལ་ཕྱིན་ཅི་ལོག་པ་རྣམས་ཀྱིས་དེ་ཡོངས་སུ་མ་ཤེས་པས་

རང་བཞིན་མེད་པ་ལ་དངོས་པོའི་རྒྱུ་མཚན་གྱིས་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་འཇུག་ལ། ཕྱིན་ཅི་མ་ལོག་པ་རྣམས་རང་བཞིན་མེད་པ་མཐོང་བ་ལས་ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་ལོག་ནས་རྣམ་པར་བྱང་བ་ཡང་བསྐྱེད་དོ། །དེ་ཅི་
སླར་ཡང་འདིར་བརྗོད་པ་ལ་དེ་སྐྲག་པས་འཇིག་རྟེན་པ་རང་བཞིན་དང་བཅས་པར་སྨྲ་བ་ལ་བརྟེན། སྐྱོན་དང་ལྡན་པར་བརྗོད་པ་ནི་སྤང་བར་རིགས་ལ། བརྗོད་པ་འདི་ནི་སྐྱོན་དང་ལྡན་པ་མ་ཡིན་ནོ། །ཡོན་ཏན་དང་ལྡན་ན་ཡང་བརྗོད་པ་ལ་བརྟེན་པར་རིགས་ན། རང་
བཞིན་དང་བཅས་པར་སྨྲ་བ་ནི་ཡོན་ཏན་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་སྟེ། དེ་ལ་འཇིག་རྟེན་པ་འདི་དག་རང་བཞིན་སྨྲ་བ་སྤངས་ནས་རང་བཞིན་དང་བཅས་པར་སྨྲ་བ་ལ་ཇི་ལྟར་ཞེ་ན། སྨྲས་པ། དངོས་པོ་ཇི་ལྟར་སྨྲས་པ་རྣམས་མི་སྲིད་པ་ཉིད་ཀྱིས། ཇི་སྐད་སྨོས་པའི་
བརྗོད་པ་སྤངས་ནས་གནས་པས་འཇིག་རྟེན་པ་དངོས་པོའི་ལྟ་བ་ལ་མི་གནས་ཤིང་ཕྱིན་ཅི་ལོག་ཇི་ལྟ་བར་གནས་སོ། །འོ་ན་དེ་བཞིན་གཤེགས་པ་ཉི་མའི་གསུང་གི་འོད་ཟེར་གསལ་བར་སྣང་བས་ན་འཇིག་རྟེན་པ་རྣམས་ཀྱི་ཕྱིན་ཅི་ལོག་པར་མི་རིགས་སོ། །བདེན་ཏེ་གལ་ཏེ་
འཇིག་རྟེན་པ་ལ་ཤེས་རབ་ཀྱི་མིག་ཡོད་ན་རིགས་ཀྱི་མ་རིག་པས་ལྡོངས་པའི་འཇིག་རྟེན་པས་ཇི་ལྟ་བའི་དེ་བཞིན་གཤེགས་པའི་གསུང་ལས་ཁོང་དུ་ཆུད་པར་ཇི་ལྟར་འགྱུར། དེ་མ་རྟོགས་པས་གདོན་མི་ཟ་བར་འཇིགས་པ་མ་ཡིན་པའི་གནས་ལ་སྐྲག་པར་འགྱུར་རོ་ཞེས་བསྒྲུབ་
པའི་ཕྱིར་གསུངས་པ། དེ་བཞིན་གཤེགས་པས་གསུངས་པ་མ་རིག་པས། །དེས་ན་དྲི་མེད་བརྗོད་པ་འདི་ལ་སྐྲག །ཅེས་པ་ལ། ཇི་ལྟར་བུད་ཤིང་ལ་བརྟེན་ནས་མེ་འབྱུང་ལ། སྤྲིན་ལ་བརྟེན་ནས་ཆར་པའོ་ཞེས་པ་ནི་འདིར་རྒྱུའི་དོན་ཏོ། །དེ་བཞིན་དུ་གསུངས་པ་མ་རིག་
པས་ཤེས་པ་འདིར་ཡང་ཀྟའི་རྐྱེན་གྱིས་རྒྱུའི་དོན་ཏོ། །ཇི་སྐད་དུ་གསུངས་པའི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་མི་མཁས་པའི་སྐྱེ་བོས་དེ་བཞིན་གཤེགས་པས་གསུངས་པ་མི་ཤེས་ལ། མི་ཤེས་པས་གདོད་མ་ནས་ཞི་བ་སྐྱེ་བ་མེད་པའི་ཆོས་བསྟན་པ་ལ་ངེས་པར་

སྐྲག་པར་འགྱུར་རོ། །དེ་ཡང་གདོད་མ་ནས་ཞི་བ་མ་སྐྱེས་པའི་ཆོས་བསྟན་པའི་རྣམ་པར་དབྱེ་བ་མི་མཐོང་ཞིང་། ཇི་ལྟར་ཉེ་བར་དམིགས་བཞིན་པའི་བདག་དང་བདག་གི་བའི་ཆོས་ཀྱི་དངོས་པོ་སེམས་ལ་བཞག་ནས། བདག་ནི་མེད་པར་གྱུར་ཏ་རེ་ཞེས་བྱིས་པ་དག་དྲི་མེད་
ཀྱི་བརྗོད་བྱ་ལ་སྐྲག་པར་འགྱུར་རོ། །བརྗོད་པར་བྱ་བའི་ཕྱིར་བརྗོད་པ་སྟེ་བཤད་པའི་དོན་ལ་བརྗོད་པ་ཞེས་བརྗོད་དེ། བསྟན་བཞིན་པའི་ཕྱིར་རོ། །བརྗོད་པ་དེ་ཡང་མཚན་མ་མེད་པའི་ཕྱིར་དྲི་མ་མེད་པའོ། །མི་གསལ་བ་མངོན་སུམ་མ་ཡིན་པ་ཞེས་བྱའོ། །འོ་ན་དྲི་མེད་བརྗོད་བྱ་འདི་ལ་
སྐྲག །ཅེས་པ་འདིར། འཇིགས་པའི་རྒྱུ་ནི་འབྱུང་ཁུངས་སོ། །ཞེས་པས་འདིར་འབྱུང་ཁུངས་ལ་བརྟེན་ནས་ལྔ་པར་འགྱུར་རོ། །མ་ཡིན་ཏེ་ཀྟའི་རྐྱེན་གྱིས་རྒྱུའི་དོན་གསུངས་པས་ཤེ་ན། མ་ཡིན་ཏེ་དོན་གཞན་ཡིན་པའི་ཕྱིར་ཏེ། དྲི་མ་མེད་པའི་བརྗོད་བྱ་ཉིད་ལ་སྲོག་ཆགས་
རྣམས་སྐྲག་པས་སོ། །བརྗོད་བྱ་ཅིའི་ཕྱིར་ན་རྒྱུར་འགྱུར། དེ་ལས་སྐྲག་པས་སོ། །དེ་ལ་འཇིགས་པའི་རྒྱུ་ཅི་ཞེ་ན། མ་རྟོགས་པ་རྒྱུར་ཀྟའི་རྐྱེན་གྱིས་བརྗོད་ལ། དེའི་ཕྱིར་འཇིགས་པའི་རྒྱུ་ཉིད་ནི་མ་རྟོགས་པ་རྒྱུ་མཚན་ནོ། །དྲི་མ་མེད་པའི་བརྗོད་བྱ་འཇིགས་པའི་རྒྱུའོ་ཞེས་
པས་ཡང་། གལ་ཏེ་དྲི་མ་མེད་པའི་བརྗོད་པ་འཇིགས་པའི་རྒྱུར་འགྱུར་ན་ལྔ་པར་འགྱུར་ལ། འདི་ནི་འཇིགས་པའི་རྒྱུ་མ་ཡིན་ཏེ། འཇིགས་པ་མ་ལུས་པ་ལས་ལྡོག་པའི་རྒྱུའི་ཕྱིར་རོ། །དེ་ཉིད་ཀྱིས་ན་གསུངས་པ། རིན་པོ་ཆེ་ཕྲེང་བ་ལས། སྡུག་བསྔལ་
ཐམས་ཅད་ཟད་བྱེད་ཆོས། །ཐོས་པས་རྟོགས་པ་མི་ལྡན་པ། །སྐྲག་འགྱུར་ཡོངས་སུ་མ་ཤེས་པས། །འཇིགས་མིན་གནས་ལ་འཇིགས་པར་འགྱུར། །འདི་དག་ཐམས་ཅད་མི་འབྱུང་བའི། །མྱ་ངན་འདས་པས་དེ་མི་འཇིགས། །འདིར་སྨོས་པ་ཡི་དངོས་མེད་
ལ། །ཅི་ཡིས་དེ་ལ་དེ་འཇིགས་བྱེད། །ཐར་པ་བདག་མེད་ཕུང་པོ་མེད། །འདི་འདྲའི་ཐར་པ་ལ་ཡང་དགའ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །འདི་ལྟ་བུ་དེས་ཅི་མི་དགའ། །ཞེས་སོ། །དེ་ཉིད་ཀྱིས་ན་འཇིགས་པའི་རྒྱུ་ཉིད་དུ་མ་ཡིན་པར་ཤེས་པར་བྱ་བའི་ཕྱིར།

དྲི་མ་མེད་པའི་བརྗོད་པ་ཡུལ་མ་ཡིན་པར་བསྟན་ཏོ་ཞེས་ཤེས་པར་བྱའོ། །གང་ཡང་འདི་སྙམ་དུ་སེམས་ཏེ། སྒྲའི་མཚན་ཉིད་ལ་མངོན་པར་ཞེན་པ་སྤང་བའི་དོན་དུ་སློབ་དཔོན་གྱི་བསམས་བཞིན་དུ་ཟུར་ཆག་པའི་སྒྲའི་སྦྱོར་བ་བྱས་སོ་ཞེས་པ་དེ་མི་འཐད་དེ། །
གལ་ཏེ་སྒྲའི་མཚན་ཉིད་བོར་ནས་བརྗོད་པས་དེས་མངོན་པར་ཞེན་པ་དང་བྲལ་ནས་སྒྲའི་མཚན་ཉིད་ལོགས་སུ་བོར་བའི་བརྗོད་པ་ལ་མངོན་པར་ཞེན་པ་འབྱུང་བར་འགྱུར་ལ། དེ་ལྟར་ཡང་མ་ཡིན་ནོ། །ཡང་ཇི་ལྟ་དེ་ལྟར་སྒྲའི་སྦྱོར་བ་བྱེད་ན། དེའི་ཚེ་ཚིག་ལྷུག་པ་ལ་ཡང་མངོན་པར་
ཞེན་པ་སྤོང་བའི་ཕྱིར་སྦྱོར་བ་མཛད་པར་འགྱུར་ན། དེ་ཡང་མ་མཛད་ལ། དེའི་ཕྱིར་མཚན་ཉིད་མི་དྲན་པ་ཉིད་སྲིད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་སྤོང་བས་ནི་ཡིན་ནོ། །ཐབས་གཞན་གྱིས་དེའི་མངོན་པར་ཞེན་པ་སྤོང་བར་བྱེད་པ་མེད་པ་མ་ཡིན་ལ། དེའི་ཕྱིར་སློབ་དཔོན་
ནི་ནམ་ཡང་ཟུར་ཆག་པའི་སྒྲའི་སྦྱོར་བ་མི་མཛད་དོ། །འོ་ན་རེ་ཞིག་འགྲོ་བ་མི་འགྲོ་ཞིང་། །ཞེས་པ་ལ་སོགས་པ་ཟུར་ཆག་པའི་སྒྲའི་སྦྱོར་བ་མཐོང་བ་མ་ཡིན་ནམ་ཞེ་ན། འདི་ནི་ཟུར་ཆག་པའི་སྒྲ་མ་ཡིན་ཏེ། གང་གི་ཕྱིར་བཟློག་པ་ནི་མང་པོའོ་ཞེས་པས་འདི་ནི། ས་མཐའི་རི་མཐའ་
ཉེ་བར་གཟུང་བ་རྟགས་དང་སྐྱེས་བུ་དང་། །ཀ་ལ་ཧལ་དབྱངས་ཡིག་བྱེད་པོ་ཡ་ང་ཉ། །བསྟན་བཅོས་བྱེད་པས་འདི་དག་བཟློག་པ་སྟེ། །དེས་ཀྱང་མང་པོ་འགྲུབ་པར་འགྱུར་ཞེས་བྱ། །ཞེས་པ་མ་ངེས་པར་བརྗོད་པ་ལས་ཏེ། བཟློག་པར་སྨྲ་བ་ལ། སྨྲ་བས་བདག་གི་ཚིག་
ཏུ་འགྱུར་རོ། །འོ་ན་རིག་བྱེད་ཀྱིའོ་ཞེས་པའི་གཞི་ལས་འདི་ནི་རིག་བྱེད་ཀྱི་བརྗོད་པའོ། །གཞན་ཡང་བཟློག་པ་ནི་སྡེབ་སྦྱོར་གྱི་ཁོ་ནའོ་ཞེ་ན། དེ་དག་ནི་མ་ཡིན་ཏེ། དེར་ནི་ཚིགས་སུ་བཅད་པའི་སྡེབ་སྦྱོར་འཇིག་རྟེན་པས་རིག་བྱེད་ཀྱི་སྒྲས་ཡོངས་སུ་གཟུང་བ་མ་ཡིན་ནོ། །འོན་ཀྱང་
སྔགས་དང་བྲམ་ཟེ་རྟོགས་པ་རྣམས་ཀྱིའོ། །དེའི་ཕྱིར་འདི་དག་མཚན་ཉིད་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེ་ན། སྨྲས་པ། དེ་ལྟར་འགྱུར་དུ་ཆུག་ན་ཡང་། དེ་ལྟ་ན་ཡང་རིག་བྱེད་བཞིན་དུ་སྙན་ངག་མཁན་གྱིས་སྦྱོར་ཏེ། དེ་སྐད་དུ་ཡང་། རིག་བྱེད་འཇིག་རྟེན་པར་

མཐོང་ལ། །འཇིག་རྟེན་པ་ཡང་རིག་བྱེད་ལ། །སྒྲ་ནི་ཁྱད་འཕགས་སྦྱོར་བའི་ཕྱིར། །ནམ་ཡང་ཐ་དད་མ་ཡིན་ནོ། །ཞེས་སོ། །ཁྱད་པར་འཕགས་པ་ཡང་སློབ་དཔོན་འདིའོ་ཞེས་བྱ་སྟེ། དེས་ན་འདིར་ཟུར་ཆག་པའི་སྒྲའི་སྦྱོར་བ་མི་སྲིད་ལ། མཚན་ཉིད་བྱེད་པས་མཚན་ཉིད་མ་ཚང་བ་
ཡང་སྲིད་དོ། མཚན་ཉིད་ནི་མཚོན་བྱ་མ་ལུས་པ་ལ་ཁྱབ་པར་འགྱུར་བས་སོ། །མཚོན་ཆ་ཡང་ཁྱད་པར་འཕགས་པས་སྦྱར་བ་བྱས་པའི་སྒྲའོ། །དེ་རྣམས་མཚན་ཉིད་ཀྱིས་མ་བསྡུས་པའི་ཕྱིར་འདི་ནི་མཚན་ཉིད་བྱེད་པའི་སྐྱོན་ཡིན་གྱི་སློབ་དཔོན་གྱི་ནི་མ་ཡིན་ནོ། །དེའི་དུས་ན་རབ་ཏུ་
གྲགས་པའི་སྒྲ་མང་པོ་སློབ་དཔོན་གྱིས་གཟིགས་པ་རྣམས་ཀྱང་། དེང་སང་གི་པཱ་ཎི་ནི་ལ་མཚན་ཉིད་ལ་ཡོད་པ་མ་ཡིན་ནོ། །དེང་སང་དུས་ན་དེས་མཚན་ཉིད་བྱས་པ་ཡང་མ་ལུས་པའི་སྒྲའི་རྗེས་སུ་འབྲངས་ནས་མཚན་ཉིད་བརྗོད་ཀྱང་། གལ་ཏེ་ན་ཡང་། དེ་བསམས་པ་
དང་དྲན་པ་ཉམས་པ་དག་གིས་མཚོན་བྱ་མ་ལུས་པ་ལ་ཁྱབ་པའི་མཚན་ཉིད་བརྗོད་པར་མ་ལུས་པས་ན། དེའི་ཚེ་དེ་སུའི་སྐྱོན་ཡིན། འདི་ལྟར་ཀཱ་ཏྱཱ་ཡ་ནས་འདིར་ཡང་ཤིན་ཏུ་ཆེས་མ་ཚང་བའི་མཚན་ཉིད་སྨོས་པ་ནི། ཇི་ལྟར་པཱ་ཎི་ནི་དྲན་པ་དང་བསམས་པ་ཉམས་པས་མཚན་
ཉིད་མ་ཚང་བ་ལྟར་དེ་བཞིན་དུ་དུས་དེང་སང་ན་སྐྱེས་པའི་ཀཱ་ཏྱཱ་ཡ་ན་ལ་སོགས་པའི་ལ་སྲིད་ལ། གལ་ཏེ་ན་ཡང་རིག་པའི་སྒྲས་སྔགས་དང་བྲམ་ཟེ་དང་རྟོག་པ་གཟུང་ཡང་རུང་། ཚིགས་སུ་བཅད་པའི་སྡེབ་སྦྱོར་གྱི་མདོ་རུ་གཟུང་ཡང་རུང་སྟེ། དེ་ལྟར་པཱ་ཎི་ནིའི་སྒྲ་ཡང་
སྐྱོན་ཅན་དུ་མི་འགྱུར་ལ། སྡེར་སྦྱོར་གྱི་མཚན་ཉིད་སྟོན་པ་པོ་རྣམས་ལ་ཡང་འདི་དག་འཐད་པར་འགྱུར་རོ། །གཞན་ཡང་མོན་སྲན་གྲེའུར་བྱས་པའི་སྡེབ་སྦྱོར་ཉམས་པར་མི་བྱའོ་ཞེས་སོ། །དེ་བཞིན་དུ་ཡང་ཁྱད་པར་འཕགས་པའི་སྦྱོར་བའི་རྗེས་སུ་འབྲངས་ནས། ཡངས་
ཤིང་ཆེ་བ་ལ་སོགས་པ་དང་། རྨ་བྱ་རོལ་པ་ལ་སོགས་པ་དང་། སྦྱོར་བ་རྣམ་པར་ཕྱེ་བ་ལ་སོགས་པ་ཡང་དོན་ཆེན་པོར་འཐད་དེ། མཚན་ཉིད་བྱེད་པས་མ་ཚང་བ་མ་ཡིན་ལ། ཁྱད་པར་འཕགས་པས་སྦྱར་བའི་སྒྲ་རྣམས་ཀྱང་ཟུར་ཆག་པའི་སྒྲ་ནི་མ་ཡིན་ནོ་ཞེས་བྱ་སྟེ།

སྤྲོས་པ་དེ་ཙམ་གྱིས་ཆོག་གོ། །སྐབས་སུ་བབ་པ་ཉིད་བཤད་པར་བྱ་སྟེ། ཡང་ནི་ཇི་སྐད་སྨོས་པ་དེ་ལས། འཇིག་རྟེན་པ་ཡི་ཆོས་བསྟན་མི་ཉམས་ཤིང་། །ཡང་དག་ཉིད་དུ་ནམ་ཡང་ཆོས་བསྟན་མེད། །ཅེས་པ་ལ། སླར་ཡང་འདིར་ཇི་ལྟར་ན། འཇིག་
རྟེན་པ་ལ་ཆོས་བསྟན་ཅིང་། །ཇི་ལྟར་ཡང་འདིར་མི་འཇིགས་ལ། །གཞན་ཡང་ནམ་ཡང་དེ་ཁོ་ན་ཉིད་ལ་གང་དུ་གང་ཆོས་བསྟན་པ་མེད་ཅེས་པ་དེ་དག་འདིར་སྟོན་པར་འདོད་པས་གསུངས་པ། འདི་ལ་བརྟེན་ནས་འདི་འབྱུང་ཞེས། །འཇིག་རྟེན་ཚུལ་འདི་མི་འགོག་ཅིང་། །གང་
རྟེན་རང་བཞིན་མེད་པས་དེ། །ཇི་ལྟར་ཡོད་འགྱུར་དེ་ཉིད་དེས། །འདིར་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དུ་བརྡར་བཏགས་པ་འདི་དག་མ་རིག་པ་དང་རླུང་གི་དཀྱིལ་འཁོར་ལ་སོགས་པའི་རིམ་པས་འཇུག་པ་ནང་གི་བདག་ཉིད་དང་ཕྱིའི་དབྱེ་བས་ཐ་དད་པ་རྣམས། རང་དང་
གཞན་དང་གཉི་གའི་རྒྱུ་དང་ཡོད་པ་དང་མེད་པ་དང་གཉི་ག་དང་གཉི་ག་མ་ཡིན་པ་ལས་སྐྱེ་བར་བརྟགས་པ་རྣམས་རྐྱེན་འདི་པ་ཙམ་ལས་སྐྱེ་བར་བརྟགས་པ་ལས་སྐྱེ་བར་སྐྱེ་བ་ཉེ་བར་བསྟན་པ་ནི་འཇིག་རྟེན་པའི་ཆོས་བསྟན་པ་ཞེས་བརྗོད་དོ། །དེ་ཡང་རྐྱེན་འདི་པ་ཙམ་དུ་
ཁས་བླངས་པར་གྱུར་པས་མི་ཉམས་ལ། དེ་ལས་གཞན་དུ་ན་བརྟགས་ནས་ཁས་བླངས་པར་འགྱུར་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མི་སྲིད་པར་འགྱུར་ལ། གཞན་དུ་བརྟགས་པ་ཡང་འཇིག་རྟེན་པའི་མ་ཡིན་ཏེ། དེ་ནི་འཇིག་རྟེན་ལས་དེ་བཞིན་དུ་ཁས་མ་བླངས་པའི་ཕྱིར།
འཇིག་རྟེན་པ་མ་ཡིན་པ་ཐར་པ་འདོད་པ་ཁ་ཅིག་གིས་ཕྱིན་ཅི་ལོག་གིས་འདིར་བརྟགས་པའི་ཕྱིར་རོ། །ཇི་སྐད་དུ། བསྟན་བཅོས་ལས། བྱེད་པོ་ལས་ཀྱི་རྟེན་འབྱུང་ནི། །དེ་ལ་བརྟེན་ནས་བྱེད་པོ་དང་། །ལས་འཇུག་གཞན་པ་འགྲུབ་པ་ཡི། །རྒྱུ་མཚན་ཅི་ཡང་མ་མཐོང་ངོ་། །
ཞེས་སོ། །དེ་འདི་ལྟར་འདི་ལ་བརྟེན་ནས་འབྱུང་ངོ་ཞེས་པའི་འཇིག་རྟེན་པའི་ཚུལ་འདི་ནི་མི་འགོག་པས། འཇིག་རྟེན་པའི་ཆོས་བསྟན་མི་ཉམས་སོ་ཞེས་གནས་སོ། །གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་ངོ་བོ་ཉིད་ཀྱིས་མེད་པ་སྟེ། ཡོད་བཞིན་པ་ལ་བརྟེན་ནས་འབྱུང་

བ་མེད་པའི་ཕྱིར་རོ། །གང་ཡང་དེ་ལྟར་རང་བཞིན་གྱིས་ཡོད་པ་མ་ཡིན་པས། དེ་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་བཞིན་པར་འགྱུར། དེའི་རང་བཞིན་ཡོད་བཞིན་པ་མ་ཡིན་པ་ཉིད་དོ་ཞེས་དགོངས་པའོ། །དེས་ན་འདི་ལྟར་དཔྱད་ན་རྣལ་འབྱོར་པ་དེ་ཁོ་ན་ཉིད་ངེས་
པར་འགྱུར་ཏེ། རང་བཞིན་གྱིས་མ་སྐྱེས་པའི་དངོས་པོའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་འགྱུར་རོ། །དེ་ཁོ་ན་ཉིད་མཐོང་བར་གྱུར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་མི་དམིགས་པའི་ཕྱིར། ནམ་ཡང་ཆོས་རྣམས་ཀྱི་རང་བཞིན་ཡོངས་སུ་གསལ་བར་མི་བྱེད་དེ། རང་ཉིད་
ཀྱིས་མ་དམིགས་པར་གཞན་ལ་བཤད་པ་མི་སྲིད་དོ། །དེས་ན་ཡང་དག་ཉིད་དུ་ནམ་ཡང་ཆོས་བསྟན་པ་མ་ཡིན་ནོ་ཞེས་གྲུབ་བོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་རབ་ཏུ་བྱེད་པ་མ་ལུས་པར་བསྒྲུབ་པའི་དོན་བསྡུས་པའི་ཚུལ་གྱིས་ཉེ་བར་བསྟན་ནས།
དེ་ལས་གཞན་ལ་ཇི་ལྟར་བསྟན་པའི་ཆོས་རྣམས་ཀྱི་རང་བཞིན་རྣམ་པར་འབྱེད་པས་ངེས་པར་བླ་ན་མེད་པའི་འབྲས་བུའི་དངོས་གྲུབ་མ་ཐོབ་པ་རྣམས། སླར་ཡང་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་ཡང་དག་པར་བརྩོན་པ་བསྐྱེད་པའི་ཕྱིར་དང་། མ་ཞུགས་པ་རྣམས་
ཞུགས་པ་དང་ལྡན་པ་ཡང་སྤྲོ་བ་བསྐྱེད་པའི་དོན་དུ་ཡང་ཚིགས་སུ་བཅད་པ་གཉིས་གསུངས་པ། ཚུལ་འདི་ཡང་དག་རྗེས་དཔོག་གང་། །དད་ལྡན་དེ་ཉིད་ཚོལ་ལ་བརྩོན། །རྟེན་མེད་ཆོས་འགལ་བརྟེན་པ་ཡིས། །སྲིད་དང་སྲིད་མིན་སྤངས་ནས་ཞི། །ཚུལ་འདི་
ནི་དེ་ལྟར་ཇི་སྐད་དུ་སྨོས་པའི་རྟེན་ཅིང་འབྲེལ་པར་འབྱུང་བར་གནས་སོ་ཞེས་པའི་དོན་ཏོ། །ཡང་དག་རྗེས་དཔོག་གང་ནི། རང་གི་རང་བཞིན་ཡོངས་སུ་གཅོད་པའོ་ཞེས་བྱ་བའི་དོན་ཏོ། །ཁོང་དུ་ཆུད་པ་ཡང་གལ་ཏེ་ན་སྐྱོན་རྗེས་སུ་ཚོལ་བ་ལ་བརྩོན་པས་ཁོང་དུ་ཆུད་པའོ་ཞེ་ན།
གསུངས་པ། དད་པ་དང་ལྡན་ཡང་གལ་ཏེ་རྩོད་པའི་བསམ་པས་ཀྱང་འབྱུང་ངོ་ཞེ་ན། གསུངས་པ། དེ་ཉིད་ཚོལ་ལ་བརྩོན་ཞེས་པ་ལ། དད་པ་དང་ལྡན་ན་ཡང་དོན་དམ་པ་ཁོང་དུ་ཆུད་པར་འདོད་པས་དེ་ཁོ་ན་ཉིད་འདི་ཉིད་ཚོལ་བའོ། །དེ་ཡང་རང་བཞིན་གྱིས་མི་

དམིགས་པའི་ཕྱིར་མི་བརྟེན་པའོ། །ཆོས་འགའ་བརྟེན་པས་ནི། ཆོས་འགའ་ཞིག་གསལ་བར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྟེན་མེད་ཆོས་འགའ་བརྟེན་པ་དེས་ཅི་ཞིག་བྱེད་ཅེ་ན། གསུངས་པ། སྲིད་དང་སྲིད་མིན་སྤངས་ནས་ཞི། །ཞེས་པ་
ལ། སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །སྲིད་མིན་ནི་དེ་མེད་པའོ། །དེ་གཉིས་འདིར་སྤངས་ན་ངེས་པར་དངོས་པོ་དང་དངོས་པོ་མེད་པ་ཞི་བར་འགྱུར་ཏེ། སྲིད་དང་སྲིད་མིན་དག་གི་འཇུག་པ་འགག་པས་ཞི་བར་གྱུར་པའོ་ཞེས་པའི་དོན་ཏོ།། །།སླར་ཡང་ཇི་ལྟར།
སྲིད་དང་སྲིད་མིན་རྟག་སྤོང་ཞིང་། །ཇི་ལྟར་དེ་ཞི་ཞེས་བརྗོད་ན། །གང་ལས་དེའི་རྣལ་འབྱོར་པ་ནི། །འདི་དག་རྐྱེན་འདི་ལས་རིག་ན། །ལྟ་ངན་དྲ་བས་ཟིན་པ་ལྡོག །དེས་ནི་ཆགས་རྨོངས་ཁྲོ་བ་རྣམས། །སྤངས་ཕྱིར་མྱ་ངན་འདས་པ་ཐོབ། །འདི་ནི་འདིའི་རྐྱེན་ལའོ་
ཞེས་པས། རྐྱེན་འདི་པ་ལ། དེའི་དངོས་པོ་ནི་རྐྱེན་འདི་པའོ། །འདིས་ཇི་སྐད་དུ་བསྟན་པའི་རྐྱེན་འདིས་གསུངས་སོ། །རྣལ་འབྱོར་པ་གང་ཞིག་གིས་ཇི་སྐད་དུ་སྨོས་པའི་རྐྱེན་འདི་པ་ཁོང་དུ་ཆུད་པས་ཆོས་ཀྱི་རང་བཞིན་འགའ་ཡང་མི་དམིགས་པའི་ཕྱིར། དངོས་པོ་
དང་དངོས་པོ་མེད་པ་དག་ཏུ་ཡོངས་སུ་མི་རྟོག་པར་གྱུར་པས། འཇིག་རྟེན་པའི་ལྟ་བ་ངན་པའི་དྲ་བའི་ནང་ནས་ལྡོག་ལ། དེ་ལས་ལོག་ནས་ཀྱང་། དངོས་པོ་དང་དངོས་མེད་ཀྱི་ལྟ་བས་བསླང་བ་འདིའི་སྲིད་དང་སྲིད་མིན་གྱི་རང་བཞིན་དུ་ཉེ་བར་དམིགས་པ་སྤངས་པས་
སྤོངས་ལ། དེ་སྤངས་ནས་ཀྱང་ལྟ་བའི་རྩ་བ་འདོད་ཆགས་ལ་སོགས་པ་འདིའི་ཉོན་མོངས་པ་ལས་ལྡོག་གོ། །ཡང་དག་པ་མ་ཡིན་པའི་ལྟ་བས་ཀུན་ནས་བསླངས་པའི་དངོས་པོ་དང་དངོས་པོ་མེད་པའི་ཡུལ་ཉིད་འཇིག་རྟེན་པས་རྟོགས་ལ། དེ་སྤངས་པར་གྱུར་ན་
ཡང་། དངོས་པོ་དང་དངོས་པོ་མེད་པ་དག་དེ་ལ་མི་སྣང་བའི་ཕྱིར། རྒྱུ་མཚན་མེད་པས་འདོད་ཆགས་ལ་སོགས་པ་འདི་ལ་མི་ལྡན་ལ། དེས་ན་རྣལ་འབྱོར་པ་དེ་འདོད་ཆགས་དང་། ཁོང་ཁྲོ་དང་། གཏི་མུག་སྤངས་པའི་ཕྱིར་དྲི་མ་མེད་པ་སྟེ། ཉོན་མོངས་པ་མེད་པར་

འགྱུར་རོ། །ཉོན་མོངས་པ་མེད་ན་ཡང་། སྔར་འཕངས་པའི་དངོས་པོ་འདི་ཡོངས་སུ་ཟད་པ་དང་། སྔོན་མེད་པའི་དངོས་པོ་འཕེན་པ་སྤངས་པས་ངེས་པར་མྱ་ངན་ལས་འདས་པར་འགྲོ་བ་མ་ཡིན་ནམ། དེ་འདི་ལྟར་བླ་ན་མེད་པའི་མྱ་ངན་ལས་འདས་པའི་འབྲས་བུ་དོན་དུ་
གཉེར་བའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཤེས་རབ་ཅན་དང་། དད་པ་ཅན་དང་ལྡན་པས་ཀྱང་། ཇི་སྐད་དུ་སྨོས་པའི་རྐྱེན་འདི་པའི་མཚན་ཉིད། རང་བཞིན་གྱིས་སྟོང་པ་ལ། དེ་བཞིན་དུ་བསྒོམ་པར་བྱ་ཞིང་། ཚུལ་བཞིན་དུ་ཉན་པ་དང་བསམ་པར་བྱ་བ་ཡིན་ལ།
གཞན་ཡང་རྣལ་འབྱོར་པས་རྟག་ཏུ་བསྒོམ་པ་ལ་ཤིན་ཏུ་བརྩོན་པ་དང་ལྡན་པར་འགྱུར་བར་རིགས་སོ་ཞེས་བྱའོ། །བསིལ་བའི་ངག་གི་འོད་ཀྱི་ཀུ་མུ་ད་ཅན་ནི། །བདུན་ཅུ་པ་ནི་ཀུན་ནས་རབ་ཏུ་གསལ་བྱེད་པའི། །ཟླ་བ་རྣམ་པར་འཕྲོ་བས་གསལ་བྱས་ལམ་རིག་པ། །ཅི་
ཡང་མིན་ཞིང་ཅི་ཡང་མིན་མིན་ཆགས་པས་བརྟེན། །གང་ཞིག་དབུ་མར་འཇུག་པར་མ་སྨོས་པ་དག་དང་། །གང་ཞིག་དབུ་མའི་ཚིགས་སུ་བཅད་པ་མི་གསལ་བ། །དངོས་པོའི་དེ་ཉིད་མ་ལུས་དེ་དག་བདག་གིས་ནི། །བདུན་ཅུ་པ་ཡི་རྣམ་པར་བྱེད་པ་
འདིར་གསལ་བྱས། །གང་ཞིག་ཐུགས་རྗེའི་བདག་ཉིད་ཐུབ་པའི་དབང་པོ་ཡིས། །ཡུན་རིངས་དུས་ནས་འབད་པ་ཆེན་པོས་མཛད་པ་ཡི། །དེ་ཡང་ངོ་བོ་ཉིད་ཀྱི་སྟོང་པ་ཞེས་བྱ་འདི། །ལམ་ཆེན་རྒྱལ་བ་ཐམས་ཅད་རྗེས་སུ་གཤེགས་པ་སྟེ། །དེ་ལ་འཇུག་ཕྱིར་སྟོང་
ཉིད་བདུན་ཅུ་ཞེས་བྱ་བའི། །བསྟན་བཅོས་གང་ཞིག་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བས། །གསུངས་པ་དེ་ནི་བདག་གིས་རྣམ་པར་ཕྱེ་བ་ཡི། །དགེ་བ་གང་གིས་སྐྱེ་བོས་སངས་རྒྱས་ཉིད་གྱུར་ཅིག །སྟོང་ཉིད་བདུན་ཅུ་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ།། །།
སྟོང་ཉིད་བདུན་ཅུའི་འགྲེལ་པ་ནི། །དགེ་སློང་དྷརྨ་གྲགས་ཀྱིས་བསྒྱུར། །གཞུང་གྲངས་སྟོང་ཕྲག་གཉིས་དང་ནི། །བརྒྱ་ཕྲག་གཅིག་གིས་ལྷག་པ་ཡིན། །དཔལ་ན་ལེན་དྲའི་གཙུག་ལག་ཁང་དུ་པཎྜི་ཏ་ཨ་བྷ་ཡཱ་ཀཱ་ར་དང་། སྣུར་ལོ་ཙཱ་བ་དྷརྨ་གྲགས་ཀྱིས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་སཔྟ་ཏི་བི་བྲྀཏྟི། བོད་སྐད་དུ། སྟོང་པ་ཉིད་བདུན་ཅུ་པའི་རྣམ་པར་བཤད་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །སྐྱེ་བ་མེད་པར་མཁྱེན་ནས་བསྟན། །ཐུགས་རྗེ་ཆེ་མངའི་
རྫོགས་སངས་རྒྱས། །འགྲོ་བའི་བླ་མ་དེ་ལ་འདུད། །ཡིད་ཀྱི་མུན་ལ་ཉི་མའི་ལྟའི། །འཕགས་པ་ཀླུ་སྒྲུབ་ལ་བཏུད་ནས། །དེ་ཡི་སྟོང་ཉིད་བདུན་ཅུ་པའི། །དོན་ནི་རྣམ་པར་དབྱེ་བར་བྱ། །སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་
དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །ཞེས་བྱ་བ་ལ་སོགས་པའི་དབུ་མའི་ལྷག་མར་གྱུར་པ་ཉིད་ཀྱིས་དེའི་བརྒལ་བའི་ལན་བཏབ་པ་གཙོ་བོ་ཉིད་དུ་བརྩམས་པར་འདོད་པའི་ཕྱིར་རབ་ཏུ་བྱེད་པ་འདི་རང་རྒྱུད་པ་ཉིད་སྤངས་པའི་ཕྱིར། བསྟོད་པ་དང་ཕྱག་
འཚལ་བ་མ་བརྗོད་པར་ཐོག་མར་འཕགས་པ་ཀླུ་སྒྲུབ་ཀྱི། གནས་པའམ་སྐྱེ་འཇིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་འདི་ལྟར་འཇུག་པར་བྱ་བ་ཡིན་ཏེ། བསྐལ་པར་མི་ཉུང་བར་གོམས་པས་བརྙེས་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པས་རྣམ་པར་འཁྲུལ་
པ་མཐའ་དག་བསལ་ཞིང་ཐུགས་རྗེ་ཆེན་པོས་ཁྱབ་པའི་ཐུགས་མངའ་བས་སླུ་བར་མི་མཛད་པའི་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། སྒྲིབ་པ་ཐམས་ཅད་སྦྱངས་པའི་ཕྱིར། ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་ཡན་ལག་ཉིད་དུ་སྒྱུ་མ་ལ་
སོགས་པའི་དཔེ་དག་གིས་སྐྱེ་བ་ལ་སོགས་པ་མི་བདེན་པར་གྱུར་པ་གང་བསྟན་པ་དེ་ཉིད་གཞན་གྱི་ཚེ་རྣམ་པ་གཞན་དུ་ཇི་ལྟར་ཡིན་སྙམ་དུ་དོགས་པ་སེལ་བ་ལྷུར་ལེན་པ་ཉིད་དུ་འདི་བསྟན་ཏོ། །སྐྱོབ་པའི་བསྟན་པ་ནི་དྲང་བ་དང་ངེས་པའི་དོན་གྱི་དབྱེ་བ་ལས་རྣམ་པ་གཉིས་
སོ། །དེ་ལ་དང་པོ་ནི་རབ་ཏུ་འབར་བའི་ཁྱིམ་ན་གནས་པའི་བྱིས་པ་དག་འདོན་པའི་ཐབས་སུ་ཆད་པ་སྟོང་པ་བསྟན་པའི་ཚུལ་གྱིས། མི་བདེན་དུ་ཟིན་ཀྱང་བདེན་པ་ཉིད་དུ་བསྟན་པས་དོན་བྱ་བ་ཅན་ནི་དགོངས་པ་ཅན་ཡིན་ཏེ། དེ་སྐད་དུ། མི་བདེན་ན་ཡང་ཐུགས་རྗེ་ཡིས། །

བདག་ཡོད་ཅེས་ནི་གསུངས་པ་ལྟར། །ཉན་ཐོས་རྣམས་ནི་འཇུག་བྱའི་ཕྱིར། །སྡུག་བསྔལ་ལ་སོགས་བདེན་པ་གསུངས། །ཞེས་བཤད་དོ། །དམན་པའི་བྱང་ཆུབ་ཀྱི་རིགས་ཅན་དག་ལ་ནི་དེ་ཁོ་ན་ཉིད་ཟབ་མོ་བསྟན་པར་རུང་བ་མ་ཡིན་ཏེ། དེ་དག་ནི་ངེས་དོན་མ་བྱས་པ་སླར་
སྐྲག་པ་རྣམས་དེ་སྤངས་པའི་ལས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཉེ་བར་སོག་ཅིང་། ངན་སོང་གི་སྡུག་བསྔལ་ཡང་སོ་སོར་ཉམས་སུ་མྱོང་བར་འགྱུར་རོ། །གཉིས་པ་ནི་དེ་ཁོ་ན་ཅན་ཏེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར་རོ། །འདིར་ཡང་འཇིག་རྟེན་
བསྙད་པའི་སྒྲ་ནི། དང་པོ་ཡོངས་སུ་གཟུང་བའི་ཕྱིར་འགལ་བ་ཅུང་ཟད་ཀྱང་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་སྐྱེ་བ་ལས་དུས་ཕྱིས་ཉིད་དུ་གནས་པ་ཡིན་ཡང་དང་པོར་བརྗོད་པའི་ཚིགས་སུ་བཅད་པ་སྡེབ་པའི་ངོར་ཡིན་ནོ་ཞེའོ། །གཞན་དག་ནི་རྟེན་ཅིང་འབྲེལ་པར་
འབྱུང་བའི་རིམ་པ་ཡང་དག་པར་བསྟན་པའི་དོན་དུའང་ཞེའོ། །འདི་ལྟར་སྐྱེ་བ་ནི་འདོད་རྒྱལ་མི་སྲིད་ལ། དབང་ཕྱུག་གི་རྒྱུ་ཅན་ཡང་མ་ཡིན་གྱི་འོན་ཀྱང་ཉོན་མོངས་པ་དང་ལས་ཀྱི་རྒྱུ་མཚན་ཅན་ཡིན་ནོ། །དེ་ཡང་བྱེད་པ་པོ་གནས་ན་ནི་དེའི་འབྲས་བུ་ལོངས་སྤྱོད་པར་རིགས་ཀྱི་མི་
གནས་ན་ནི་མ་ཡིན་ཏེ། བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་ཕྲད་པའི་ཉེས་པར་ཐལ་བའི་ཕྱིར་རོ། །གནས་པ་ཡང་མུ་སྟེགས་བྱེ་བྲག་པ་རྣམས་ནི་སྔ་མའི་ངོ་བོ་མ་དོར་བའི་ངོ་བོ་ཉིད་དོ་ཞེས་སྨྲའོ། །བདེ་བར་གཤེགས་པ་དག་ནི་དེ་ཡང་བྱེད་པ་པོའི་གནས་སྐབས་བཞིན་དུ་ཟ་བ་པོའི་གནས་
སྐབས་སུ་ཡང་ཟ་བ་པོ་མ་ཡིན་པར་ཐལ་བས་མི་འཐད་པས་ན་དེ་ནི་རྒྱུད་གཅིག་ཏུ་གཏོགས་པའི་འདྲ་བ་གཞན་དང་གཞན་འབྱུང་བ་ཉིད་དོ་ཞེའོ། །དེ་ལྟ་བུའི་ངོ་བོ་གནས་པ་དེ་ཡང་། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །ཞེས་འབྱུང་བའི་མཚན་ཉིད་
ཅན་གྱི་ཡན་ལག་དག་གིས། རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །ཞེས་བྱ་བ་ལ་སོགས་པའི་ཡན་ལག་རྣམས་ཀྱིས་མཚོན་པའི་སྐྱེ་བའི་རྒྱུ་མཚན་ཉིད་དུ་བསྟན་ཏོ། །རྒྱུ་མཚན་ཡང་རྒྱུ་མཚན་ཅན་ལས་སྔ་མ་ཁོ་ན་ཡིན་ནོ། །སྐྱེ་བ་ཡང་འཇིག་པའི་མཐའ་ཅན་ཡིན་ནོ་ཞེས་

མཚོན་པའི་དོན་དུ་ཚོར་བའི་བར་ནི་རྒ་ཤི་ཡིན་ཞེས་ཕྱི་མའི་མཐའི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྒ་ཤིའི་སྒྲས་བསྟན་ཏོ། །དེ་ལྟ་བ་ཡིན་པ་དེས་ན། གནས་པའམ་སྐྱེ་འཇིག་ཅེས་བྱ་བའི་ཚིག་གིས་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་གོ་
རིམས་བཞིན་དུ་བསྟན་ཏོ། །ཡོད་མེད་དམ་ཞེས་བྱ་བ་ལ་ཀྱེ་བྲམ་ཟེ་འདི་ལྟ་སྟེ། ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དག་གོ། །ཞེས་འབྱུང་བའི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཞེས་བྱ་བའི་དངོས་པོ་ནི་ཡོད་པ་སྟེ།
འཇིག་རྟེན་པའི་ཚད་མས་རྟོགས་པའི་ཕྱིར་རོ། །རྫས་དང་ཡོན་ཏན་དང་ལས་ལ་སོགས་པ་ནི་མེད་པ་སྟེ་ཚད་མ་མེད་པ་དེའི་ཕྱིར་དང་ཚད་མས་གནོད་པའི་ཕྱིར་རོ། །ཡང་ན་ཡོད་པ་ནི་མྱོང་བ་ཡིན་ལ། མེད་པ་ནི་དེ་ལས་ཅིག་ཤོས་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ།
ཁམས་གསུམ་པོ་འདི་དག་ནི་རྣམ་པར་རིག་པ་ཙམ་མོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་ཡོད་མེད་ཀྱི་སྒྲས་ནི་གང་ཟག་ཅེས་བྱ་བའི་དངོས་པོ་བརྗོད་དོ། །གང་ཕུང་པོ་འདི་དག་འདོར་ཞིང་། ཕུང་པོ་གཞན་ཉེ་བར་ལེན་པ་ཁུར་ཁྱེར་བའི་གང་ཟག་ནི་ཡོད་དོ་ཞེས་འབྱུང་
བའི་ཕྱིར་དེ་ནི་ཡོད་པའོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་མེད་པ་སྟེ། དེ་དག་བརྗོད་དུ་མེད་པ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། མེད་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག །དེ་ཉིད་གཞན་དུ་མ་གསུངས་སོ། །ཞེས་བྱ་བ་དང་། དངོས་པོ་ཡོད་པ་ནི་དེ་ཉིད་དམ་
གཞན་ཉིད་ལས་མི་འདའོ་ཞེས་བཤད་དོ། །ད་འོ་ན་ནི་ཇི་ལྟར་ཡོད་པ་ཡིན་ཞེ་ན། ཕུང་པོའི་རྒྱུན་ཉིད་ལ་དེ་ལྟར་ཐ་སྙད་བཏགས་པའི་ཕྱིར་རོ། །འདི་ལྟར་ཉོན་མོངས་པ་དང་ལས་ཀྱི་བག་ཆགས་དག་གིས་གང་ཞིང་ཁམས་དང་འགྲོ་བ་དང་སྐྱེ་གནས་དག་ཏུ་སྐྱེ་བ་དང་།
རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དག་གིས་ཟག་ཅིང་འགྲིབ་པའམ། ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཆུ་བཞིན་དུ་ཟག་ཅིང་རྒྱུན་དུ་འབྱུང་བ་ནི་གང་ཟག་གོ། །དོན་འདི་ཡང་ཕུང་པོའི་རྒྱུན་

ལས་གཞན་ནི་རིགས་པ་མ་ཡིན་ཏེ། དེ་སྐད་དུ་ཡང་། བཏགས་པའང་མེད་དུ་འགྱུར་འོང་བས། །མེད་དོ་ཞེས་ཀྱང་མ་གསུངས་སོ། །ཕུང་པོའི་རྒྱུན་ནི་གང་ལ་དགེ །མི་དགེའི་འབྲས་བུ་ཡོད་པ་ཉིད། །དེ་ལ་སྲོག་ཅེས་བྱ་སྟེ་དེ། །སྲོག་མེད་བསྟན་པས་མེད་པར་འགྱུར། །ཞེས་
བཤད་དོ། །དམན་པའམ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོའོ། །ཁྱད་པར་ཅན་ནི་ཟག་པ་མེད་པའོ། །མཉམ་པ་ཉིད་ནི་གཉི་ག་ལྟར་ཡང་། རིགས་མཐུན་པ་ལ་ལྟོས་ནས་སོ། །བསྟན་པ་འདི་ཁོ་ན་ཉིད་དུ་ཅི་ལྟར་མ་རིག་པ་ཡིན་ཞེ་ན། བདག་མིན་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་དུ་ཡོད་པ་མིན་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟ་བས་ན་དེ་དག་གི་དོན་ནི་འདི་ཡིན་ཏེ། གལ་ཏེ་བདག་དེ་ཁོ་ན་ཉིད་དུ་གྱུར་པ་ཡིན་ན་དེའི་ཚེ་གནས་པ་ཡང་དེའི་ངོ་བོར་རྟག་པར་བརྗོད་པར་འགྱུར་བ་ཞིག་ན་འདི་ནི་དེ་ལྟ་བུ་ཡང་མ་ཡིན་
ཏེ། ཚད་མ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་དང་། ཚད་མས་གནོད་པའི་ཕྱིར་རོ། །འདྲ་བ་གཞན་དང་གཞན་དུ་འབྱུང་བའི་ངོ་བོ་ཡིན་ཡང་ཉེ་བར་བཏགས་པ་ཉིད་དོ། །དེ་བཞིན་དུ་བདག་མེད་པའི་ངོ་བོ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང་། རྣམ་པར་རིག་པ་ཙམ་གྱི་
བདག་མེད་པ་དང་། བདག་དང་བདག་མེད་ཀྱི་ངོ་བོའི་གང་ཟག་དེ་ཁོ་ན་ཉིད་ཅན་ཡིན་ན་ནི་སྐྱེ་བ་དང་འཇིག་པ་དང་ཡོད་པ་ལ་སོགས་པའི་སྒྲའི་ཐ་སྙད་ཀྱང་དངོས་པོ་པ་ཁོ་ནར་འགྱུར་ན། གང་གི་ཚེ། གཟུགས་ནི་དབུ་བ་ལྟར་ཤེས་ཤིང་། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་
སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་དག་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །དེ་ལྟར་ཕུང་པོ་བསྟན་པ་ཡིན། །ཞེས་གཞན་དུ་འཕགས་པའི་ཞལ་སྔ་ནས་ཀྱིས་གསུངས་པའི་ཕྱིར་དང་། འཆད་པར་འགྱུར་བའི་རིགས་པས་འདི་དག་དེ་ཁོ་ན་ཉིད་ཅན་མ་ཡིན་པ་དེའི་
ཚེ་དེར་སྐྱེ་བ་ལ་སོགས་པའི་ཆོས་ཀྱི་ཐ་སྙད་ཇི་ལྟར་ན་དེ་ཁོ་ན་ཉིད་ཅན་དུ་འགྱུར། དེ་ལྟ་བས་ན་ཕ་རོལ་པོས་ཀུན་བརྟགས་པའི་བདག་དང་ཉན་ཐོས་ལ་སོགས་པའི་ལྷག་པར་ཞེན་པའི་བདག་མེད་པའི་ཕུང་པོ་ལ་སོགས་པ་དང་། དེ་ཉིད་ཀྱི་གང་ཟག་ཏུ་ཞེན་པའི་

བདག་དང་བདག་མེད་པ་ནི་གང་གི་ཕྱིར་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པ་དེའི་ཕྱིར་གནས་པ་ལ་སོགས་པའི་བརྗོད་པའི་ཐ་སྙད་དེ་ཁོ་ན་ཉིད་དུ་ཅུང་ཟད་ཀྱང་རིགས་པ་མ་ཡིན་ནོ་ཞེས་གནས་སོ། །འོ་ན་ནི་ཆོས་འདི་དག་དེ་ཁོ་ན་ཉིད་དུ་ཇི་ལྟར་བརྗོད་པར་བྱ་བ་ཡིན་ཞེ་ན།
ཆོས་ཀུན་མྱ་ངན་འདས་པ་དང་། །མཚུངས་པར་བརྗོད་བྱ་དང་ཞེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཉིད་དུ་ཞེས་བྱ་བ་འབྲེལ་ཏོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདག་ཉིད་ཀྱི་མྱ་ངན་ལས་འདས་པ་དང་། སྤྲོས་པའི་བདག་ཉིད་ཅན་གྱི་ཆོས་རྣམས་ཐམས་ཅད་ཅི་ལྟར་མཚུངས་ཏེ་འགལ་བའི་
ཕྱིར་རོ་ཞེ་ན། རང་བཞིན་སྟོང་ཞེས་བྱ་བ་འདི་ཡང་ཁྱད་པར་གྱི་སྒོ་ནས་གཏན་ཚིགས་སུ་བཀོད་པའོ། །དེས་ན་དོན་ནི་འདི་ཡིན་ཏེ། ཅི་ལྟར་རབ་རིབ་ཅན་གྱིས་སྐྲ་ཤད་དང་སྦྲང་བུ་མཆུ་རིངས་དང་། སྦྲང་བུ་ལ་སོགས་པ་མི་བདེན་པ་ཉིད་ཀྱིས་སྤྲོས་པའི་བདག་ཉིད་ཅན་ཡིན་དུ་ཟིན་ཀྱང་
ཇི་ལྟར་སྣང་བ་བཞིན་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པས་རང་བཞིན་གྱིས་སྟོང་པའི་ཕྱིར། དེ་ལྟར་རྟོགས་པ་མེད་ཀྱང་དེ་མེད་པ་དང་མཚུངས་པ་དེ་བཞིན་དུ་འཁོར་བ་ཐོག་མ་མེད་པ་ནས་བདེན་པ་ཉིད་དུ་འཛིན་པའི་མངོན་པར་ཞེན་པའི་བག་ཆགས་ལས་ཡང་དག་པར་འབྱུང་བར་
སྣང་བ་ཅན་གྱི་གཟུགས་ལ་སོགས་པ་ཆོས་རྣམས་ཀྱི་ཚོགས་ཀྱང་ཡིན་པའི་ཕྱིར་འདི་མྱ་ངན་ལས་འདས་པ་དང་མཚུངས་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེ་ཉིད་ཀྱི་ཕྱིར་དམན་པ་དང་མཉམ་པ་དང་ཁྱད་པར་ཅན་ཞེས་བྱ་བའི་ཐ་སྙད་ཀྱང་དེ་ཁོ་ན་ཉིད་དུ་མི་རིགས་སོ་ཞེས་
བསྟན་པ་ཡིན་ནོ། །དེ་ལྟར་ཡང་། ཇི་ལྟར་གོས་བཞིན་དངོས་པོ་རྣམས། །དུ་མའི་རྣམ་པ་ཐ་དད་ཀྱང་། །སྟོང་ཉིད་མེ་ཡིས་བསྲེགས་རྣམས་ཀྱི། །ཐལ་བ་ཐ་དད་ཅུང་ཟད་མེད། །ཅེས་བཤད་དོ། །འདིར་འབྲས་བུ་ཡོད་པར་སྨྲ་བའི་གྲངས་ཅན་པ་དང་། དེ་ལས་གཞན་
འབྲས་བུ་མེད་པར་སྨྲ་བ་དག །གཏན་ཚིགས་འདི་མ་གྲུབ་བོ་ཞེས་རྗོད་པར་བྱེད་དོ། །དེ་དག་འདི་སྐད་དུ། གང་ཞིག་གང་ལས་སྐྱེ་བ་དེ་ལ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རྒྱུ་ནི་རང་བཞིན་གྱི་སྒྲས་བརྗོད་པར་བྱ་བ་ཡིན་ཏེ། གསེར་གྱི་རང་བཞིན་གྱི་གཟུགས་ཅན་ནོ། །

དེར་ཡང་དངོས་པོ་འབྲས་བུའི་བདག་ཉིད་དུ་ཡོད་པ་ཡིན་ཏེ་མེད་པ་ནི་རི་བོང་གི་རྭ་བཞིན་དུ་དེ་ལས་སྐྱེ་བར་མི་རིགས་པའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུའི་བདག་ཉིད་རྣམས་ནི་རྒྱུའི་བདག་ཉིད་ལ་ཡོད་པའི་ཕྱིར། ཇི་ལྟར་ན་རང་བཞིན་སྟོང་པ་ཉིད་ཡིན། ཡང་ན་རང་གི་ངོ་བོ་རང་
བཞིན་གྱི་སྒྲས་བརྗོད་པར་བྱ་བ་ཡིན་ཏེ། དཔེར་ན་སའི་ཁམས་སྲ་བའི་རང་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་ལས་སྐྱེ་བཞིན་པའི་དངོས་པོ་དེའི་བདག་ཉིད་དུ་ཡོད་པ་མ་ཡིན་པ་རྣམས་རང་གི་བདག་ཉིད་དུ་ཡང་དེ་ལྟ་མ་ཡིན་ཏེ། དེ་དག་ནི་རང་རང་གི་ངོ་བོ་དང་མི་ལྡན་པ་མ་ཡིན་པ་དག་
ཁོ་ན་སྐྱེ་བའི་ཕྱིར། དཔེར་ན་ལུས་ཀྱི་དབང་པོས་གཟུང་བར་བྱ་བའི་འབྱུང་བ་བཞི་ལས་འབྱུང་བ་དབང་པོ་ཐ་དད་པས་གཟུང་བར་བྱ་བའི་གཟུགས་དང་དྲི་དང་རོ་ལྟ་བུའོ། །དེའི་ཕྱིར་དེ་དག་ནི་རྒྱུ་ལས་རང་བཞིན་ས