Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 100

Văn bản gốc(Tây Tạng)

Trang 23 / 23 (50.000 ký tự/trang)
ཟིལ་གྱིས་ནོན་པ་དག་དེ་ནི་ཡོད་ཀྱང་ཟིལ་གྱིས་ནོན་པའི་ཕྱིར་མི་དམིགས་པ་དང་། དཔེར་ན་དུ་བ་དང་། རྡུལ་

དང་ཁུག་རྣ་ལ་སོགས་པ་བར་སྣང་ལ་ཡན་པ་དག་དེ་ན་ཡོད་ཀྱང་བག་ལ་ཞ་བའི་ཕྱིར་མི་དམིགས་པ་བཞིན་པས། སྔར་དབུ་མ་པས་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ཅི་ལྟར་རྟོགས་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། གཞན་དུ་འགྱུར་བའི་ཕྱིར་དཔེར་ན་ཆུའི་རེག་པ་
མེ་དང་ཕྲད་པས་ཚ་བའི་དངོས་པོར་གྱུར་པ་ལ་དོན་དམ་པ་པའི་ཚ་བའི་ངོ་བོ་ཉིད་མེད་པ་བཞིན་ནོ་ཞེས་སྨྲས་པའི་གཏན་ཚིགས་གཞན་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་དེ་དག་ལ་ཡང་དབུ་མ་པས་གཏན་ཚིགས་གཞན་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་དེའི་དོན་
ཅི་ལྟར་མ་གྲུབ་པ་ཉིད་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱ་བ་སྟོན་ཏོ། །དེ་སྐད་ཅེས་བརྒལ་ཞིང་བརྟགས་པ་ན་གྲངས་ཅན་དག་ན་རེ་དངོས་པོ་འདས་པ་དང་མ་འོངས་པ་དག་ནི་ཡོད་པ་ཉིད་ཡིན་མོད་ཀྱི། ཟིལ་གྱིས་ནོན་པའི་ཕྱིར་རམ་བག་ལ་ཞ་བའི་ཕྱིར་མི་དམིགས་པར་ཟད་ཀྱི་གང་གི་ཚེ་
ཟིལ་གྱིས་ནོན་པ་དང་བག་ལ་ཞ་བའི་རྐྱེན་དང་བྲལ་བ་དེའི་ཚེ་ན་གསལ་བའི་ངོ་བོ་ཉིད་དུ་དམིགས་པར་འགྱུར་བས་དེའི་ཕྱིར་དངོས་པོ་སྔ་ན་མེད་པ་ཕྱིས་གཞན་དུ་འགྱུར་བ་མ་ཡིན་པའི་ཕྱིར། དབུ་མ་པའི་གཏན་ཚིགས་གཞན་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དོ་ཞེས་
ཟེར་བར་སྦྱར་རོ། །དེ་ལ་གྲངས་ཅན་དག་གི་གཏན་ཚིགས་ཟིལ་གྱིས་ནོན་པའི་ཕྱིར་ཞེས་བྱ་བ་དེ་ཡང་ཚིག་ཙམ་གྱིས་མི་འགྲུབ་པས་རྗེས་སུ་དཔག་པའི་སྦྱར་བ་བྱ་དགོས་པས་དེའི་ཕྱིར། གལ་ཏེ་དེ་དག་ན་རེ་དངོས་པོ་འགགས་པ་དང་མ་སྐྱེས་པ་ནི་ཡོད་པ་ཉིད་དེ་ཟིལ་གྱིས་ནོན་
པའི་ཕྱིར་ཉི་མའི་འོད་ཟེར་དག་གིས་སྐར་མའི་འོད་ཟིལ་གྱིས་ནོན་པ་བཞིན་ནམ། རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རམ། དུས་སུ་བརྗོད་པའི་ཕྱིར་རམ། འི་ཞེས་བསྟན་པའི་ཕྱིར་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་ཟེར་ན་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་
ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཉི་མའི་འོད་ཟེར་དག་གིས་སྐར་མའི་འོད་ཟིལ་གྱིས་ནོན་པ་ནི་ཟིལ་གྱིས་ནོན་པའི་ཕྱིར་ཡོད་པ་ཉིད་ཡིན་པ་དེ་བཞིན་དུ་འདས་པ་དང་མ་འོངས་པའི་

དངོས་པོ་འགགས་པ་དང་། མ་སྐྱེས་པ་ཡང་ཟིལ་གྱིས་ནོན་པའི་ཕྱིར་ཡོད་པ་ཉིད་དོ། །དེ་བཞིན་དུ་དངོས་པོ་འགགས་པ་དང་མ་སྐྱེས་པ་ནི་ཡོད་པ་ཉིད་དེ། རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་བྱ་བ་དང་། དངོས་པོ་འགགས་པ་དང་མ་སྐྱེས་
པ་ནི་ཡོད་པ་ཉིད་དེ་དུས་སུ་བརྗོད་པའི་ཕྱིར་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་བྱ་བ་དང་། དངོས་པོ་འགགས་པ་དང་མ་སྐྱེས་པ་ནི་ཡོད་པ་ཉིད་དེ། འི་ཞེས་བསྟན་པའི་ཕྱིར་ད་ལྟར་གྱི་དངོས་པོ་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་དང་། དཔེ་དེ་དག་གི་ཕྱིར་ཡང་ཡོད་པ་ཉིད་ཡིན་པས་
དེས་ན་དབུ་མ་པའི་གཏན་ཚིགས་གཞན་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་ཡང་དགག་པ་ཅི་སྐད་བསྟན་པ་ཉིད་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་གིས་ཅི་སྐད་
སྨྲས་པ་དེ་ལ་ཡང་སྔར་བྱེ་བྲག་ཏུ་སྨྲ་བ་དག་གིས་སྨྲས་པའི་དགག་པ་ཅི་སྐད་བསྟན་པ་ཉིད་བརྗོད་པར་བྱའོ། །འདི་སྐད་བསྟན་ཏེ་གྲངས་ཅན་དག་ན་རེ་དངོས་པོ་འགགས་པ་དང་། མ་སྐྱེས་པ་ནི་ཡོད་པ་ཉིད་དེ་ཞེས་ཟེར་བ་དེ་གལ་ཏེ་ཀུན་རྫོབ་ཏུ་འདས་པ་དང་། མ་འོངས་པའི་དངོས་
པོ་ཕྱོགས་སུ་བྱེད་ན་ནི་གཏན་ཚིགས་གཞི་མ་གྲུབ་པ་ཉིད་དང་། ཕྱོགས་ཀྱི་ཁྱད་པར་གྱི་གཞི་མ་གྲུབ་པ་ཉིད་ཡིན་ལ། དོན་དམ་པར་ནི་སྐྱེ་བ་བཀག་པའི་ཕྱིར་ད་ལྟར་གྱི་དངོས་པོ་མེད་པས་དཔེ་མེད་དོ། །ཅི་སྟེ་གཞི་མ་གྲུབ་པ་ལ་སོགས་པའི་སྐྱོན་བསལ་བའི་ཕྱིར་ད་ལྟར་གྱི་དངོས་
པོ་ཕྱོགས་སུ་བྱེད་ན་ནི་དེས་ཀྱང་དཔེ་མེད་པར་འགྱུར་ཏེ། ཐམས་ཅད་ཀྱང་ཕྱོགས་ཉིད་དུ་བྱས་པའི་ཕྱིར་རོ། །ཟིལ་གྱིས་ནོན་པའི་གཏན་ཚིགས་ཀྱི་དོན་ཀྱང་མ་གྲུབ་པ་ཉིད་དུ་བརྗོད་པར་བྱའོ་ཞེས་བྱ་བས་ནི་གང་གི་ཕྱིར་ཁོ་བོ་ཅག་ལ་དངོས་པོ་ཐམས་ཅད་མ་སྐྱེས་པ་དེའི་
ཕྱིར་ཁྱེད་ཀྱི་གཏན་ཚིགས་ཟིལ་གྱིས་ནོན་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དང་། ཉི་མའི་འོད་ཟེར་དག་ཀྱང་མ་གྲུབ་པས་ཁྱེད་ཀྱི་དཔེ་མ་གྲུབ་པའི་སྐྱོན་དུ་ཡང་འགྱུར་རོ་ཞེས་བརྗོད་པར་བྱ་བ་བསྟན་ཏོ། །གྲངས་ཅན་དག་ན་རེ་ཡོད་པ་ཉིད་ཟིལ་གྱིས་ནོན་པའི་ཕྱིར་རམ།

བག་ལ་ཞ་བའི་ཕྱིར་ཞེས་ཟེར་བའི་གཏན་ཚིགས་དེ་ཉིད་སུན་དབྱུང་བའི་ཚད་མ་བསྟན་པའི་ཕྱིར། མི་གསལ་བ་ནི་གསལ་བར་བྱར་མི་རུང་སྟེ་མི་གསལ་བའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །དེ་བཞིན་དུ་བག་ལ་མ་ཞ་བ་ཡང་བག་ལ་ཞ་བར་མི་འགྱུར་ཏེ།
བག་ལ་མ་ཞ་བའི་ཕྱིར་དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནམ་གཙོ་བོ་བཞིན་པས་གྲུབ་པའི་མཐའ་ལ་གནོད་དོ་ཞེས་བྱ་བ་རྗེས་སུ་དཔག་པ་གཉིས་གོ་རིམས་བཞིན་དུ་སྨྲས་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ནི་དངོས་པོ་མེད་པས་མི་གསལ་བའི་ཕྱིར་གསལ་བར་བྱར་མི་རུང་བས་
ཟིལ་གྱིས་ནོན་པ་མ་ཡིན་པ་དེ་བཞིན་དུ་གྲངས་ཅན་དག་གིས་བརྟགས་པའི་ཆོས་གཞན་ཡང་དངོས་པོ་མེད་པས་མི་གསལ་བའི་ཕྱིར་གསལ་བར་བྱར་མི་རུང་བས་ཟིལ་གྱིས་ནོན་པ་མ་ཡིན་ནོ། །གཞན་ཡང་དཔེར་ན་ཤེས་པ་ཡོད་པ་ཉིད་དང་། གཙོ་བོ་དག་ནི་ནམ་ཡོང་བག་ལ་མ་ཞ་
བའི་ཕྱིར་བག་ལ་ཞ་བར་མི་འགྱུར་བ་དེ་བཞིན་དུ་དངོས་པོ་ཡང་བག་ལ་མ་ཞ་བའི་ཕྱིར་བག་ལ་ཞ་བར་མི་འགྱུར་རོ། །ཅི་སྟེ་དངོས་པོ་བག་ལ་ཞ་བར་འགྱུར་ན་ནི་ཤེས་པ་ཡོད་པ་ཉིད་དང་གཙོ་བོ་དག་ཀྱང་དངོས་པོ་ཡིན་པས་བག་ལ་ཞ་བར་འདོད་པར་བྱ་དགོས་ཏེ། དེ་ལྟ་ན་ཁྱེད་རང་
གི་གྲུབ་པའི་མཐའ་ལས་དེ་བག་ལ་ཞ་བར་མི་འདོད་པས་གཞུང་ལ་གནོད་དོ། །དངོས་པོ་ཡོད་པ་ཉིད་དུ་འཛིན་པ་ལ་སྐྱོན་གཞན་འདི་ཡང་ཡོད་དེ། གལ་ཏེ་རང་བཞིན་ཡོད་ཉིད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་
རོ། །རང་བཞིན་ནི་མི་འགྱུར་བའི་ཕྱིར་དང་། དཔེ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་རང་བཞིན་གྱིས་དངོས་པོ་ཡོད་པ་ཉིད་ཡིན་ན་གཞན་དུ་འགྱུར་བ་མི་སྲིད་པའི་སྐྱོན་གཞན་བསྟན་ཏོ། །རང་བཞིན་མེད་པ་ཡང་གཞན་དུ་འགྱུར་བ་ཉིད་དུ་བསྟན་པར་མི་ནུས་
ཏེ། མོ་གཤམ་གྱི་བུའི་ན་ཚོད་གཞན་དུ་འགྱུར་བ་མེད་པ་བཞིན་པས། རང་བཞིན་ཡོད་པ་མ་ཡིན་ན། །གཞན་དུ་འགྱུར་བ་གང་ཞིག་ཡིན། །ཞེས་བྱ་བས་ནི་རང་བཞིན་གྱིས་དངོས་པོ་མེད་པ་ཉིད་ཡིན་ན་དེ་ལ་ཡང་གཞན་དུ་འགྱུར་བ་མི་སྲིད་པའི་སྐྱོན་གཞན་སྟོན་ཏོ། །དེ་ལྟ་

བས་ན་མཐའ་དེ་གཉི་ག་ཡང་སྐྱོན་ཆེ་བས་དམ་པ་རྣམས་དེ་དག་ཡོངས་སུ་འཛིན་པར་མི་བྱེད་དོ་ཞེས་བྱ་བས་ནི་མཐའ་གཉིས་སྤང་བའི་ཚུལ་སྔ་མ་གཉིས་ཀྱི་མཇུག་བསྡུ་བ་བསྟན་ཏོ། །འདིར་སྨྲས་པ། ཁྱོད་ཀྱིས་རང་བཞིན་ཡོད་པ་མ་ཡིན་པ་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་སྨྲས་པའི་
ཕྱིར་དགག་པ་གཉིས་བརྗོད་པས། དེའི་སྐབས་སྟོན་པའི་ཕྱིར་སྒྲའི་དོན་གྱི་མཐུས་རང་བཞིན་ཡོད་ན་གཞན་དུ་འགྱུར་བ་ཉིད་དུ་ཁས་བླངས་པ་ཡིན་ཏེ། དེས་ན་ཁྱོད་ཀྱི་ཕྱོགས་སྔ་མ་ལ་གནོད་པ་དང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །རང་བཞིན་ཡོད་ན་གཞན་དུ་
འགྱུར་བ་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་སྒྲའི་སྐྱོན་གྱིས་རྒོལ་བར་བྱེད་པ་སྟེ། དེ་དག་ན་རེ་དབུ་མ་པས་རང་བཞིན་མེད་པ་ལ་གཞན་དུ་འགྱུར་བ་མེད་དོ་ཞེས་བྱ་བ་ལ་གནོད་པ་དང་། ཁྱེད་ཀྱི་གཏན་ཚིགས་གཞན་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་དེ་ཡང་མ་གྲུབ་པ་ཉིད་དོ་
ཞེས་ཟེར་རོ། །དེའི་ལན་དུ་འདིར་བཤད་པ། ཁོ་བོ་མེད་པའི་ངོ་བོ་ཉིད་མེད་པ་སྟོང་པ་ཉིད་དུ་སྨྲ་བའི་ངོ་བོ་ཉིད་ཡོད་པར་མི་སྨྲ་སྟེ། གང་གི་ཕྱིར་ཆོས་གང་ལ་ཡང་རང་བཞིན་ཡོད་པར་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕྱོགས་སྔ་མ་ལ་གནོད་པ་དང་གཏན་ཚིགས་
ཀྱི་དོན་མ་གྲུབ་པ་ཉིད་ཀྱི་ལན་འདེབས་སོ། །ཅི་སྟེ་ཡང་མི་འཐད་པ་བཞིན་དུ་ཡང་རྟོག་པ་ལ་གོམས་པའི་དབང་གིས་རབ་ཏུ་རྟོགས་པར་བྱེད་ན་རང་བཞིན་ཡོད་པ་ཡིན་ན་ཡང་། གཞན་དུ་འགྱུར་བར་ཅི་ལྟར་རུང་། ལན་བཏབ་ཟིན་པའི་ཕྱིར་དང་གཞན་དུ་འགྱུར་བ་ནི་རང་བཞིན་
སྟོང་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་རང་བཞིན་ཡོད་ན་ཡང་གཞན་དུ་འགྱུར་བ་མི་འཐད་པར་སྟོན་ཏེ། གལ་ཏེ་རང་བཞིན་ཡོད་ཉིད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །ཞེས་སྔར་ལན་བཏབ་ཟིན་པའི་ཕྱིར་དང་གཞན་དུ་འགྱུར་བ་ཉིད་ནི་
རང་བཞིན་སྟོང་པ་ཉིད་དང་འབྲེལ་བ་ཡིན་པའི་ཕྱིར་རོ། །དགག་པ་གཉིས་ཀྱང་ཐ་སྙད་པ་ཡིན་ཏེ་ཐ་སྙད་པ་ཁོ་ནར་ཡོད་པ་ཉིད་དུ་སྒྲུབ་པ་ཡིན་གྱི་དོན་དམ་པ་པ་མ་ཡིན་པས་ཕྱོགས་སྔ་མ་ལ་གནོད་པར་ཡང་མི་འགྱུར་ལ་ཐ་སྙད་དུ་གཞན་དུ་འགྱུར་བ་ཉིད་ཀྱང་འགྲུབ་པས་གཏན་

ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བས་ནི་ཕྱོགས་སྔ་མ་ལ་གནོད་པ་དང་། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་པར་བསྒྲུབ་པའི་མཇུག་བསྡུ་བ་བསྟན་ཏོ། །འདིར་བྱེ་བྲག་ཏུ་སྨྲ་བ་དག་གིས་སྨྲས་པ། དོན་དམ་པར་མིག་ལ་སོགས་པ་སྐྱེ་མཆེད་
དྲུག་པོ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། ཡོད་པའི་བློའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་ཡོད་པའི་བློའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་སྐྱེ་མཆེད་རྣམས་ངོ་བོ་ཉིད་ཡོད་པར་སྒྲུབ་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་
དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མྱ་ངན་ལས་འདས་པ་ནི་ཡོད་པའི་བློའི་རྒྱུ་ཡིན་པའི་ཕྱིར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་མིག་ལ་སོགས་པ་སྐྱེ་མཆེད་དྲུག་པོ་དག་ཀྱང་ཡོད་པའི་བློའི་རྒྱུ་
ཡིན་པའི་ཕྱིར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེའི་ལན་དུ་དེ་ལ་འདིར་སྨིག་རྒྱུའི་ཆུ་ལ་སོགས་པ་དག་ཀྱང་ཡོད་པའི་བློའི་རྒྱུ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སྨིག་རྒྱུའི་ཆུ་ལ་སོགས་པ་ངོ་བོ་ཉིད་ཡོད་པ་མ་ཡིན་པ་དག་ཀྱང་
ཡོད་པའི་བློའི་རྒྱུ་ཡིན་པའི་ཕྱིར་རོ། །ཡོད་པའི་བློ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་ངེས་པར་གཟུང་ནས་གཏན་ཚིགས་སྦྱོར་བར་བྱེད་ན་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་ན་རེ་སྨིག་རྒྱུའི་ཆུ་ལ་སོགས་པ་དག་པའི་
བློ་ཉིད་ཀྱི་རྒྱུ་མ་ཡིན་པས་དེ་དག་འདིར་གཏན་ཚིགས་སུ་མི་སྦྱར་གྱི། མིག་ལ་སོགས་པ་སྐྱེ་མཆེད་དག་ནི་ཡོད་པའི་བློ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་ཉིད་ཅེས་བྱ་བའི་སྒྲ་ངེས་པར་གཟུང་ནས་གཏན་ཚིགས་སྦྱོར་བར་བྱེད་པས་དེས་ན་ཁོ་བོ་ཅག་གི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་ཟེར་ན་
དེ་ལྟ་ན་ཡང་མིག་ལ་སོགས་པ་མ་ཉམས་པ་དག་ཡོད་པའི་བློ་ཉིད་ཀྱི་རྒྱུ་ཡིན་ཡང་ཉམས་པ་དག་ཡོད་པའི་བློ་ཉིད་ཀྱི་རྒྱུ་མ་ཡིན་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། གལ་ཏེ་ཀུན་རྫོབ་ཏུ་ཡོད་པའི་བློ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་གཏན་ཚིགས་སྦྱོར་བར་བྱེད་ན་ནི་ཁྱེད་

དོན་དམ་པར་སྐྱེ་མཆེད་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ་ཞེས་སྒྲུབ་པ་དང་དོན་འགལ་བ་ཉིད་དོ། །སྐྱོན་གཞན་འདི་ཡང་ཡོད་དེ། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་གཉི་ག་ཡང་ལྟ་བ་ངན་པ་ཡིན་ཏེ་མཐོ་རིས་དང་བྱང་གྲོལ་གྱི་གགས་སུ་གྱུར་པའི་
ཕྱིར་རོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་མཐར་ལྟ་བའི་སྐྱོན་གཞན་སྟོན་ཏོ། །དེ་གཉིས་མཐོ་རིས་དང་བྱང་གྲོལ་གྱི་གགས་སུ་གྱུར་པ་ཉིད་བསྟན་པའི་ཕྱིར་འདི་ལྟར་རྟག་པ་ཉིད་ཡིན་ན་གང་བདེ་བར་གྱུར་པ་དེ་ཡང་བདེ་བར་འགྱུར་བ་ཉིད་ཡིན་ལ་གང་སྡུག་བསྔལ་བར་གྱུར་པ་དེ་ཡང་སྡུག་
བསྔལ་བར་འགྱུར་བ་ཉིད་ཡིན་པས་བདེ་བ་བསྐྱེད་པའི་ཕྱིར་དང་། སྡུག་བསྔལ་ཉེ་བར་ཞི་བར་བྱ་བའི་ཕྱིར་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཀུན་དུ་སྟེན་པར་མི་བྱེད་དེ་ཡོད་པ་ལ་བྱ་བ་མི་འཐད་པའི་ཕྱིར་རོ། །ཆད་པ་ཉིད་ཡིན་ན་ཡང་མེད་པ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་
པར་བྱང་བའི་སྡུག་བསྔལ་དང་བདེ་བ་མི་འཐད་པས་སུ་ཞིག་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འཇུག་ཅིང་ཅིའི་ཕྱིར་འཇུག་པར་འགྱུར་ཏེ་མེད་པ་ལ་འཇུག་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། དེ་ལྟར་མཐའ་དེ་གཉི་ག་སྐྱོན་ཆེ་བས་མཁས་པ་རྣམས་ཀྱིས་དེ་དག་ལ་
གནས་པར་མི་བྱ་བར་བསྟན་པའི་ཕྱིར། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །དེ་ལྟར་གང་གི་ཕྱིར་ཡོད་པ་དང་མེད་པར་ལྟ་བ་སྐྱོན་ཆགས་པ་ཡིན་པའི་ཕྱིར་མཁས་པ་འཁོར་བའི་དགོན་པ་ལས་རྒལ་བར་འདོད་པ་ཞེས་བྱ་བ་འཁོར་བ་ལས་རྒལ་
ཞིང་མྱ་ངན་ལས་འདས་པ་འཐོབ་པར་འདོད་པ་དང་། མཐོ་རིས་ཀྱི་གནས་དང་སྐྱེད་མོས་ཚལ་དག་ཏུ་ལྷའི་གྲོང་ཁྱེར་ན་ལྷ་མོའི་ལོངས་སྤྱོད་རྙེད་སླ་བའི་བདེ་བ་མྱོང་བར་འདོད་པ་ཞེས་བྱ་བ་མཐོ་རིས་ཀྱི་བདེ་བ་མྱོང་བར་འདོད་པ་དང་། ཚོར་བ་ཐམས་ཅད་རྒྱུན་ཆད་པའི་བདེ་
བ་མྱོང་བར་འདོད་པ་ཞེས་བྱ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་བདེ་བ་མྱོང་བར་འདོད་པ་དང་། སྤྲོས་པ་ཐམས་ཅད་མ་ལུས་པར་ཉེ་བར་ཞི་བའི་བདེ་བ་མྱོང་བར་འདོད་པ་ཞེས་བྱ་བ་སངས་རྒྱས་ཉིད་རྗེས་སུ་འཐོབ་པའི་བདེ་བ་མྱོང་བར་འདོད་པ་དང་།

བདག་ཉིད་དང་ལྡན་པས་ཞེས་བྱ་བ་བདག་ཉིད་བདེ་བ་ལ་རབ་ཏུ་སྦྱོར་ཞིང་བདག་ཉིད་ལ་བདེ་བ་དགོས་པའི་བསམ་པ་དང་ལྡན་པས། དངོས་པོ་རྣམས་ཀྱི་ཡོད་པ་ཉིད་དང་མེད་པ་ཉིད་ལ་གནས་པར་མི་བྱ་སྟེ། དེ་དག་ལ་གནས་པ་ནི་རྟག་པ་དང་ཆད་པའི་སྐྱོན་དུ་ཐལ་
བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར་ཅི་ལྟར་ན་ཡོད་པ་དང་མེད་པར་ལྟ་བ་དག་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་ཞེ་ན། གང་ཞིག་ངོ་བོ་ཉིད་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་
མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་བྱ་བ་སྨྲས་སོ། །གལ་ཏེ་འདིར་ཕ་རོལ་པོ་དག་འདི་སྐད་ཅེས་དབུ་མ་པ་ཡང་ཀུན་རྫོབ་ཏུ་ཐམས་ཅད་ཡོད་དོ་ཞེས་ཁས་ལེན་པས་རྟག་པར་སྨྲ་བའི་སྐྱོན་དུ་འགྱུར་ལ། དོན་དམ་པར་མེད་དོ་ཞེས་ཁས་ལེན་པས་ཆད་
པར་སྨྲ་བའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དབུ་མར་སྨྲ་བ་ཐ་སྙད་ཙམ་དུ་འདོད་པས་གཟུགས་ལ་སོགས་པ་སྐྱེས་པ་འདི་དག་ནི་ཡོད་པའི་བློའི་རྒྱུ་ཡིན་པའི་ཕྱིར་ཡོད་པ་ཡིན་ལ། མ་སྐྱེས་
པ་དང་མ་འགགས་པ་དག་ནི་མེད་དོ་ཞེས་སྨྲ་བ་རྣམས་ལ་ནི་དེ་ལྟར་ཐལ་བར་མི་འགྱུར་རོ། །དོན་དམ་པར་ཡང་རྟོགས་པར་བྱ་བའི་ངོ་བོ་ཉིད་སྟོང་པའི་ཕྱིར་དང་མ་སྐྱེས་པའི་ཕྱིར་ཡོད་པ་ཉིད་དུ་ལྟ་བ་མེད་ལ། དོན་དམ་པར་དངོས་པོ་ངོ་བོ་ཉིད་མེད་པ་ཉིད་མ་ཡིན་ཏེ། རྒྱུ་དང་
ལྡན་པའི་ཕྱིར་དཔེར་ན་སྒྱུ་མར་བྱས་པ་བཞིན་པས་མེད་པ་ཉིད་དུ་ལྟ་བ་ཡང་མེད་པའམ་ཡོད་པ་དང་མེད་པའི་བློ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ཡོད་པ་དང་མེད་པའི་མཐའ་གཉིས་སུ་ལྟུང་བ་ཡང་མེད་དོ་ཞེས་བྱ་བ་སྨྲས་སོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་སྟོང་པ་ཉིད་ཀྱི་མི་
མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཆད་པ་མེད་པ་དང་རྟག་པ་མེད་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་བརྟག་པའི་རབ་ཏུ་བྱེད་པ་བཅོ་ལྔ་པའི་སྐབས་འདིར་

རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་བལྟ་བ་ནི་ཕ་རོལ་པོས་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཁྱེད་དངོས་པོ་རྣམས་ངོ་བོ་ཉིད་མེད་དོ་ཞེས་སྨྲ་བའི་དམ་བཅས་པ་ལ་རང་གི་ཚིག་དང་འགལ་བའི་སྐྱོན་ཡོད་དེ། དེ་ཉིད་ཀྱིས་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་དཔེར་ན་སྨྲས་པ་
ཐམས་ཅད་བརྫུན་ནོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དག་བཀག་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཆད་པ་མེད་པ་དང་། རྟག་པ་མེད་པ་བསྟན་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཆད་པ་མེད་པ་དང་། རྟག་པ་མེད་པ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་
དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་
པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་ཆད་པའི་དངོས་པོའམ་རྟག་པའི་དངོས་པོ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་ཆད་པའི་དངོས་པོའམ་རྟག་པའི་དངོས་པོ་མེད་དོ། །
གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཆད་པའི་དངོས་པོའམ། རྟག་པའི་དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་འཕགས་པ་
ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཡོད་དང་མེད་པ་གཉི་ག་མཐའ། །དག་དང་མ་དག་གཉི་ག་མཐའ། །དེ་ཕྱིར་མཐའ་གཉིས་རྣམ་སྤངས་ཏེ། །མཁས་པ་དབུས་ནའང་གནས་མི་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་མདོ་སྡེའི་མཐའ་གཞན་
དག་ལས། ཅི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་རྣམས་ཐམས་ཅད་ཡོད་པ་ཉིད། །གལ་ཏེ་ཅི་ལྟར་དེ་མཐོང་ཡོད། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། །ཆོས་རྣམས་ཐམས་ཅད་ཡོད་མིན་པས། །ཉོན་མོངས་མེད་ཅིང་རྣམ་དག་མེད། །དེ་ལྟར་ཅི་ལྟར་མཐོང་

ལྟར་མེད། །དེ་དག་མེད་པ་ཉིད་ཀྱང་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཆད་པ་མེད་པ་དང་རྟག་པ་མེད་པ་བསྟན་པའི་ཡོན་
ཏན་དང་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་། འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མའི་རྩ་
བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། དངོས་པོ་དང་དངོས་པོ་མེད་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅོ་ལྔ་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་
པའི་ཕྱོགས་ཀྱི་ཁྱད་པར་དགག་པས་འཁོར་བ་དང་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་དྲུག་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་
འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་
པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམས་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས་ཅི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་ཅེས་སྨྲས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་སྔ་མའི་སྐབས་སུ་བསྟན་
པའི་ལུགས་བཞིན་ནོ། །སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཕྱིར་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་

པ་ཉིད་དུ་བསྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས། དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་། ཐར་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་དག་འབྱུང་བ་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་
པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཅུ་དྲུག་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་འཁོར་བ་དང་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་དྲུག་པ་བརྩམ་མོ་ཞེས་
བྱ་བ་སྨྲས་ཏེ། བཅིངས་པ་དང་ཐར་པ་བརྟག་པའི་རབ་ཏུ་བྱེད་པ་བཅུ་དྲུག་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན་
རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། འཁོར་བ་དང་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་
རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕས་ཀྱི་རྒོལ་
བ་དག་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་སྨྲ་བའི་གཞུང་སྔར་བཀག་ཏུ་ཟིན་ཀྱང་དེ་དག་ལ་མངོན་པར་ཞེན་པ་ཁ་ཅིག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་
ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པར་ངེས་པར་བཟུང་བ་དེ་ལ་ནི་བཅིངས་པ་དང་ཐར་པ་མི་འཐད་དེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །ནང་གི་དངོས་པོ་རྣམས་ལ་ནི་དེ་ལྟར་བཅིངས་པ་དང་

ཐར་པ་མེད་པ་མ་ཡིན་པས་དེའི་ཕྱིར་དེ་དག་ཡོད་པས་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་
ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་མོ་གཤམ་གྱི་བུ་ལ་སོགས་པ་མེད་པ་གང་དག་ལ་བཅིངས་པ་དང་ཐར་པ་མེད་པ་དེ་དག་ལ་ནི་དོན་དམ་པར་ངོ་བོ་ཉིད་ཡོད་པ་མ་ཡིན་གྱི། ནང་གི་དངོས་
པོ་གང་དག་ལ་བཅིངས་པ་དང་ཐར་པ་ཡོད་པ་དེ་ལ་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པས་འཁོར་བ་དང་མྱ་ངན་ལས་འདས་པའི་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་དྲུག་པ་བརྩམ་པའི་ཕྱིར་དེ་སྐད་ཅེས་ཟེར་བ་
དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འདི་ལ་འདུ་བྱེད་ཀྱི་རྒྱུན་ཐོག་མ་མེད་པའི་དུས་ནས་རབ་ཏུ་བསགས་པའི་མི་ཤེས་པའི་མུན་པས་ལྡོངས་པར་གྱུར་པ། བདག་དང་བདག་གིར་འཛིན་པའི་ཆུ་སྲིན་འཛིན་ཁྲིས་ཟིན་པ། སྒྱུ་མ་དང་། རྨི་ལམ་དང་།
སྨིག་རྒྱུ་ལྟ་བུ་འཁོར་བའི་བཙོན་ར་ནས་ཡང་དག་པར་འདའ་བའི་འགྲོ་བ་ཉམས་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ལྕགས་སྒྲོག་གིས་གཞུས་པ་ནི་བཅིངས་པའོ། །ཡང་དག་པའི་ཤེས་པ་སྐྱེས་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ལྕགས་སྒྲོག་གིས་གཞུས་
པ་དང་བྲལ་ཞིང་དེ་ལས་ངེས་པར་གྲོལ་བ་ནི་ཐར་པའོ་ཞེས་ཐ་སྙད་ཀྱི་བདེན་པར་གཏོགས་པའི་ཤེས་རབ་ཀྱིས་གདགས་པར་ཟད་ཀྱི། དོན་དམ་པའི་བདེན་པར་གཏོགས་པས་ནི་མ་ཡིན་ཏེ། དོན་དམ་པར་བཅིངས་པ་དང་ཐར་པ་དག་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བཅིངས་
པ་དང་ཐར་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པར་གཏོགས་པའི་ཤེས་རབ་ཀྱིས་གདགས་པ་ཡིན་གྱི། དོན་དམ་པར་བདེན་པར་གཏོགས་པ་མ་ཡིན་པས་དེ་དག་དོན་དམ་པར་ངོ་བོ་ཉིད་མེད་དོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། དེ་ལྟར་བཅོམ་ལྡན་

འདས་ཀྱིས་ཀྱང་འཕགས་པ་ཚངས་པས་ཞུས་པའི་མདོ་ལས་དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་འཁོར་བ་འདོགས་པར་མཛད་ཀྱང་དོན་དམ་པར་དེར་འགའ་ཡང་འཁོར་བ་མེད་ལ། དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་འདོགས་པར་མཛད་ཀྱང་དོན་དམ་
པར་དེར་འགའ་ཡང་མྱ་ངན་ལས་འདས་པ་མེད་དོ་ཞེས་ཅི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་སོ། །སློབ་དཔོན་གྱིས་ཀྱང་དོན་དེ་ཉིད་ཀྱི་དབང་དུ་མཛད་ནས་བཅིངས་པར་རྣམ་པར་རྟོག་པ་དག་རྣམ་པར་བརྟགས་ཏེ། འདི་ལྟར་བཅིངས་པ་ཞིག་ཡོད་པར་གྱུར་ན་འདུ་བྱེད་རྣམས་
སམ། སེམས་ཅན་ཡིན་གྲང་ཞེས་བྱ་བ་ལ་སོགས་པས་ནི་ནང་གི་དངོས་པོ་རྣམས་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱི་སྐབས་སྟོན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱི་དོན་དེ་ཉིད་ཀྱི་དབང་དུ་
མཛད་ནས་འཇིག་རྟེན་འདི་ན་སྨྲ་བ་པོ་དག་བཅིངས་པ་ཡོད་པར་རྣམ་པར་རྟོག་པ་འདི་ལྟ་སྟེ། འདུ་བྱེད་རྟག་པ་དག་བཅིངས་སོ་ཞེས་ཟེར་བ་དང་། ཁ་ཅིག་འདུ་བྱེད་མི་རྟག་པ་དག་བཅིངས་སོ་ཞེས་ཟེར་བ་དང་། ཁ་ཅིག་སེམས་ཅན་རྟག་པ་བཅིངས་སོ་ཞེས་ཟེར་བ་དང་། ཁ་
ཅིག་སེམས་ཅན་མི་རྟག་པ་བཅིངས་སོ་ཞེས་ཟེར་བ་དེ་དག་རྣམ་པར་བརྟགས་ཏེ། རྣམ་པ་ཐམས་ཅད་མི་འཐད་པར་སྟོན་ཏོ། །དེ་ལ་རེ་ཞིག་འདུ་བྱེད་རྟག་པ་དག་བཅིངས་པ་མི་འཐད་པར་བརྟག་པ་བསྟན་པའི་ཕྱིར་འདུ་བྱེད་རྣམས་ཀྱང་རྟག་པ་དག་གམ། མི་རྟག་པ་དག་
གཅིག་ཉིད་ཡིན་གྲང་ན་ཞེས་གལ་གཉིས་སྨྲས་སོ། །དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་བཤད་པ། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །ཞེས་བྱ་བ་ནི་རེ་ཞིག་འདུ་བྱེད་རྣམས་རྟག་ན་མི་འཁོར་ཏེ། ཅིའི་ཕྱིར་ཞེ་ན། རྟག་པ་ནི་མི་
འགྱུར་བའི་ཕྱིར་རོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར་འདུ་བྱེད་རྟག་པ་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་ཕ་རོལ་པོ་ལ་འདུ་བྱེད་རྟག་པ་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་

པས་འདུ་བྱེད་རྟག་པ་མེད་པའི་ཕྱིར་དེ་མི་འཁོར་བར་བསྟན་ཏོ། །རྟག་པ་ཉིད་དུ་རྗེས་སུ་དཔོག་པས་བཅིངས་པ་དང་ཐར་པ་མེད་པས་དེ་དག་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཀྱི་ངོ་བོ་ཉིད་ལས་ཟློག་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་
བས་ནི་ཕ་རོལ་པོས་འདུ་བྱེད་རྣམས་རྟག་པ་ཉིད་དུ་དཔོག་པས་རྟག་པ་ལ་བཅིངས་པ་དང་ཐར་པ་མེད་པས་དེ་དག་བསལ་བའི་ཕྱིར་ཕ་རོལ་པོའི་དམ་བཅས་པ་ལ་འདུ་བྱེད་རྣམས་ཀྱི་ཆོས་བཅིངས་པ་དང་ཐར་པ་ཞེས་བྱ་བའི་ངོ་བོ་ཉིད་ལས་བཟློག་པ་དེ། དེ་དག་མེད་པའི་སྐྱོན་དུ་འགྱུར་
བས་འདུ་བྱེད་རྣམས་རྟག་ན་མི་འཁོར་རོ་ཞེས་བྱ་བར་དགོངས་པ་བསྟན་ཏོ། །ཡང་ན། དེ་དག་རྟག་ན་མི་འཁོར་ཏེ། །ཞེས་བྱ་བ་འདི་ལ་འཁོར་བ་ནི་རྒྱུན་ཆགས་པར་རྒྱུ་ཞིང་འབྱུང་བ་དང་འགྲོ་བ་ལྔར་འཁོར་བ་ཡིན་ན། དེ་ཡང་འདུ་བྱེད་རྟག་པ་སྔ་ཕྱིའི་ཁྱད་པར་མ་སྐྱེས་པ་རྣམས་
ལ་མི་འཐད་དོ་ཞེས་བྱ་བས་ནི་འདི་ལ་གང་རྒྱུད་ཀྱི་རྒྱུན་གྱིས་དེ་དང་དེར་སྐྱེ་བ་དང་འགག་པ་དེ་ནི་འཁོར་བ་ཞེས་བྱ་ན། འདུ་བྱེད་རྟག་པ་མི་འགྱུར་བ་རྣམས་ནི་འབྱུང་བ་དང་། འཇིག་པའི་ཆོས་ཅན་ཉིད་དུ་མི་འཐད་པས་དེའི་ཕྱིར་འདུ་བྱེད་རྣམས་རྟག་ན་མི་འཁོར་རོ། །འདིར་གྲངས་
ཅན་དག་གིས་སྨྲས་པ་ཞེས་བྱ་བས་ནི་གྲངས་ཅན་དག་དབུ་མ་པས་དོན་དམ་པར་འཁོར་བ་མེད་དོ་ཞེས་བཤད་པའི་ལན་འདེབས་པ་སྟོན་ཏོ། །དེའི་ཕྱིར་དེ་དག་ན་རེ། གལ་ཏེ་ཐེར་ཟུག་ཏུ་སྨྲ་བ་རྣམས་ལ་དེ་སྐད་སྨྲ་བ་དགག་པའི་ཕྱིར་རྟག་པ་རྣམས་མི་འཁོར་རོ་ཞེས་ཟེར་བ་ནི་རིགས་སོ་ཞེས་ཟེར་
ཏེ། དེས་ནི་མུ་སྟེགས་ཐེར་ཟུག་ཏུ་སྨྲ་བའི་གཞུང་དགག་པའི་ཕྱིར་དབུ་མ་པས་དེ་སྐད་བཤད་ན་ནི་རིགས་སོ་ཞེས་ཁས་བླང་བ་བསྟན་ཏོ། །འོན་ཏེ་འདུ་བྱེད་གནས་སྐབས་སྔ་མ་སྔ་མ་གཞན་བོར་ནས་གནས་སྐབས་ཕྱི་མ་ཕྱི་མ་གཞན་འཐོབ་པ་མྱོང་བར་འགྱུར་བ་མི་འཇིག་པ་ཁོ་ན་དག་མི་
འཁོར་རོ་ཞེས་ཟེར་བ་དེ་ནི་མི་རིགས་ཏེ་ཞེས་བྱ་བས་ནི་གྲངས་ཅན་དག་གི་གཞུང་ལས་དབུ་མ་པས་འཁོར་བ་མེད་པར་བཤད་ན་དེ་ནི་མི་རིགས་སོ་ཞེས་དགག་པ་སྟོན་ཏེ། གྲངས་ཅན་དག་གི་གཞུང་ལས་སྙིང་སྟོབས་དང་། རྡུལ་དང་མུན་པའི་ཡོན་ཏན་གསུམ་ཆ་མཉམ་པ་

ནི་གཙོ་བོ་ཞེས་བྱའོ། །གཙོ་བོ་རྟག་པ་མེད་པ་མི་གསལ་བ་དེ་ལས་ཆེན་པོ་ཅུང་ཟད་ཙམ་དང་འགྱུར་བ་ཙམ་སྐྱེའོ། །ཆེན་པོ་ལས་ང་རྒྱལ་ཤིན་ཏུ་གསལ་བ་སྐྱེའོ། །ང་རྒྱལ་དེ་ཡང་རྣམ་པ་གསུམ་སྟེ། རྣམ་པར་འགྱུར་བ་ལས་གྱུར་པ་དང་། རྡུལ་ལས་གྱུར་པ་དང་འབྱུང་བ་ལས་
གྱུར་པའོ། །དེ་ལ་རྣམ་པར་འགྱུར་བ་ལས་གྱུར་པའི་ང་རྒྱལ་སྙིང་སྟོབས་ཤས་ཆེ་བ་ལས་ནི་དབང་པོ་བཅུ་གཅིག་སྐྱེའོ། །འབྱུང་བ་ལས་གྱུར་པའི་ང་རྒྱལ་མུན་པ་ཤས་ཆེ་བ་ལས་ནི་དེ་ཙམ་ལྔ་སྐྱེའོ། །རྡུལ་ལས་གྱུར་པའི་ང་རྒྱལ་གཡོ་བ་ཤས་ཆེ་བ་ནི་གཉི་གའི་བདག་ཉིད་ཡིན་ཏེ། དེ་
ལྟར་འདུ་བྱེད་གཙོ་བོ་ལ་སོགས་པའི་གནས་སྐབས་སྔ་མ་སྔ་མ་གཞན་བོར་ནས་ཆེན་པོ་ལ་སོགས་པའི་གནས་སྐབས་ཕྱི་མ་ཕྱི་མ་གཞན་འཐོབ་པ་མྱོང་བར་འགྱུར་བ། རང་བཞིན་མི་འཇིག་པ་དཔེར་ན་གསེར་གྱི་གདུ་བུའི་གནས་སྐབས་བོར་ནས་དཔུང་རྒྱན་ལ་སོགས་པའི་གནས་སྐབས་
གཞན་འཐོབ་པ་ལྟ་བུ་དག་མི་འཁོར་རོ་ཞེས་ཟེར་ན་དེ་ནི་མི་རིགས་སོ་ཞེས་ཟེར་རོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་འདི་ལྟར་ཁོ་བོ་ཅག་གི་ཕྱོགས་ལ་འབྲས་བུའི་སྐད་ཅིག་མ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པར་ཤེས་པར་བྱ་སྟེ། ཡུལ་དང་། ཚད་དང་། གཟུགས་ལ་སོགས་པ་
ཉེ་བའི་ཕྱིར་དཔེར་ན་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུ་ཞོ་འམ་སོར་གདུབ་ནི་རང་ཉིད་ཀྱི་ཡུལ་དང་ཚད་དང་གཟུགས་ལ་
སོགས་པ་གང་ཡིན་པ་དེ་ཉིད་དང་མ་བྲལ་བར་ཉེ་བའི་ཕྱིར་རང་ཉིད་སྐྱེ་བའི་དུས་ན་རང་ཉིད་མ་ཞིག་པ་དེ་བཞིན་དུ། རྒྱུ་འོ་མའམ། གསེར་ཡང་འབྲས་བུ་སྐྱེ་བའི་དུས་ན་ཡུལ་དང་། ཚད་དང་། གཟུགས་ལ་སོགས་པ་དང་མ་བྲལ་བར་ཉེ་བའི་ཕྱིར་འབྲས་བུ་ཞོའམ། སོར་
གདུབ་ཀྱི་སྐད་ཅིག་མ་སྐྱེས་པའི་དུས་ན་རྒྱུ་འོ་མ་དང་གསེར་གྱི་རང་བཞིན་མ་ཞིག་པར་ཤེས་པར་བྱ་སྟེ། དེ་ལྟར་འདུ་བྱེད་རང་བཞིན་ནི་རྟག་ལ་གནས་སྐབས་འགྱུར་བ་རྣམས་ལ་འཁོར་བ་ཡོད་དོ་ཞེས་ཟེར་རོ། །ཡང་ན་འཇིག་པ་བཀག་པའི་ཕྱིར་ལུས་དང་དབང་པོ་དང་

བློའི་མཚན་ཉིད་ཀྱི་འདུ་བྱེད་རྣམས་ངེས་པར་གནས་པ་ཁོ་ན་སྟེ་ཞེས་བྱ་བ་ལ་སོགས་པས་ནི། གྲངས་ཅན་དག་ན་རེ་དངོས་པོ་རྣམས་ཀྱི་རང་བཞིན་རྟག་པར་འཇིག་པ་བཀག་པའི་ཕྱིར་ལུས་དང་དབང་པོ་དང་བློའི་མཚན་ཉིད་ཀྱི་འདུ་བྱེད་རང་བཞིན་ངེས་པར་གནས་པ་
གནས་སྐབས་ཡོངས་སུ་འགྱུར་བ་རྣམས་ལ་འཁོར་བ་ཡོད་དོ་ཞེས་ཟེར་བའི་གཞུང་སྟོན་ཏོ། །ལུས་དང་དབང་པོ་དང་བློའི་མཚན་ཉིད་ཀྱི་འདུ་བྱེད་རྣམས་རང་བཞིན་ངེས་པར་གནས་པ་ཁོ་ན་ཡིན་ན་ཅིའི་ཕྱིར་ཡོངས་སུ་འགྱུར་བར་སྣང་ཞེ་ན། དེའི་ཕྱིར་སྐྱེས་བུའི་དོན་བྱ་བའི་ཕྱིར་སྐྱེས་
བུའི་དམིགས་པ་སྒྲུབ་ནུས་པའི་ཚུལ་གྱིས་སྣང་བ་དང་མི་སྣང་བ་ཆོས་གཞན་གྱི་མཚན་ཉིད་དུ་ཡོངས་སུ་གྱུར་པས། ཡོངས་སུ་འགྱུར་བ་ནི་འཁོར་བ་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པར་འདོད་པའི་ཚེ་སྐྱེས་བུས་དབང་པོ་རྣམས་ཡུལ་དང་
སྤྱོད་པར་བྱེད་ལ། དབང་པོས་ཡུལ་རྣམས་མྱོང་བར་བྱེད་ཅིང་ཡུལ་གྱི་རྣམ་པར་བློ་སྐྱེས་པ་སྐྱེས་བུས་ལོངས་སྤྱོད་པར་བྱེད་པའི་ཚུལ་གྱིས་དབང་པོ་དང་། ཡུལ་དང་། བློ་རྣམས་སྣང་བ་དང་། མི་སྣང་བའི་མཚན་ཉིད་དུ་ཡོངས་སུ་འགྱུར་བས་ཡོངས་སུ་འགྱུར་བ་དང་ལྡན་པ་འདི་
འཁོར་བ་ཞེས་བྱའོ། །ཡོངས་སུ་འགྱུར་བ་ཡང་ངེས་པར་གནས་པ་རྣམས་ཀྱི་ཡིན་གྱི་དེའི་དུས་སུ་འཇིག་པ་རྣམས་ཀྱི་ཡིན་པར་ནི་མི་འདོད་དོ་ཞེས་བྱ་བས་ནི། དེ་ལྟར་གནས་སྐབས་འགྱུར་བ་ལ་འཁོར་བ་ཞེས་བྱ་བ་དེ་ཡང་ཁོ་བོ་ཅག་གྲངས་ཅན་གྱི་རང་བཞིན་རྟག་པར་གནས་པ་ལ་ཡོད་
ཀྱི། ཁྱེད་སངས་རྒྱས་པ་དག་གི་སྐད་ཅིག་མ་རེ་རེ་ལ་འཇིག་པ་ལ་མེད་དོ་ཞེས་ཟེར་བའི་གཞུང་བསྟན་ཏོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་གྲངས་ཅན་དག་གི་གྲུབ་པའི་མཐའ་སུན་འབྱིན་
པར་བྱེད་དོ། །ཅིའི་ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། སྣང་བ་དང་མི་སྣང་བའི་ཆོས་གཞན་གྱི་ཆོས་ཅན་ཡང་དེ་དང་ལྡན་པར་བསྟན་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སོར་གདུབ་སྣང་བའི་ཚེ་དཔུང་རྒྱན་མི་སྣང་བའི་ཆོས་གཞན་གྱི་ཆོས་ཅན་གསེར་ཡང་སྣང་བ་དང་། མི་སྣང་བ་

དེ་དང་ལྡན་པའི་ཕྱིར་ཆོས་དང་། ཆོས་ཅན་ཐ་མི་དད་པས་ཅི་ལྟར་སྣང་བ་དང་། མི་སྣང་བའི་ཆོས་ཡོངས་སུ་འགྱུར་བ་བཞིན་དུ་ཆོས་ཅན་གསེར་ཡང་ཡོངས་སུ་འགྱུར་བས་དེས་ན་གསེར་གྱི་རང་བཞིན་ངེས་པར་གནས་ཞེས་བྱར་མི་རུང་སྟེ། སྐད་ཅིག་མ་རེ་རེ་ལ་འཇིག་པ་ཡིན་པའམ།
ཡང་ན་ཆོས་ཅན་གསེར་གྱི་རང་བཞིན་མི་འགྱུར་བ་ངེས་པར་གནས་པར་འདོད་ན་ནི་དེ་དང་ལྷན་པའི་གདུ་བུ་དང་དཔུང་རྒྱན་སྣང་བ་དང་མི་སྣང་བའི་ཆོས་གཞན་ཡང་ཡོངས་སུ་འགྱུར་བ་མེད་པར་ཁས་བླངས་དགོས་པས་ཁྱོད་ཀྱི་རང་བཞིན་ནི་རྟག་ལ་གནས་སྐབས་ནི་འགྱུར་བ་ཞེས་བྱ་བ་དེ་མི་
རིགས་པས་འདུ་བྱེད་རྟག་པ་རྣམས་ལ་འཁོར་བ་མི་འཐད་དོ། །ཡུལ་ལ་སོགས་པ་ཉེ་བའི་གཏན་ཚིགས་དག་གི་སྐྱོན་ཡང་སྔར་བསྟན་ཟིན་པའི་ཕྱིར་དང་ཞེས་བྱ་བས་ནི། གྲངས་ཅན་དག་ན་རེ་འབྲས་བུའི་སྐད་ཅིག་མ་སྐྱེ་བའི་དུས་ན་རྒྱུ་མ་ཞིག་པར་ཤེས་པར་བྱ་སྟེ། ཡུལ་དང་། ཚད་
དང་། གཟུགས་ལ་སོགས་པ་ཉེ་བའི་ཕྱིར་དཔེར་ན་འབྲས་བུའི་བདག་ཉིད་བཞིན་ནོ་ཞེས་ཟེར་བའི་གཏན་ཚིགས་སུན་འབྱིན་ཏེ། དེས་རྒྱུ་དང་འབྲས་བུ་རང་བཞིན་གཅིག་པ་ཉིད་དུ་རྗེས་སུ་དཔོག་པས་རྒྱུ་དང་འབྲས་བུ་མ་ཡིན་པས་རྒྱུ་དང་འབྲས་བུ་བསལ་བས་དམ་བཅས་པ་ལ་ཆོས་ཀྱི་
ངོ་བོ་ཉིད་ལས་བཟློག་པའི་སྐྱོན་ཡོད་པའི་ཕྱིར་སྔར་རྟག་པ་ཉིད་དུ་རྗེས་སུ་དཔོག་པས་བཅིངས་པ་དང་ཐར་པ་མེད་པས་དེ་དག་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཀྱི་ངོ་བོ་ཉིད་ལས་བཟློག་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ་ཞེས་བསྟན་པ་བཞིན་དུ་འདིར་ཡང་གཅིག་པ་ཉིད་དུ་རྗེས་སུ་
དཔོག་པས་རྒྱུ་དང་འབྲས་བུ་མ་ཡིན་པས་དེ་དག་བསལ་བའི་ཕྱིར་དམ་བཅས་པ་ལ་རྒྱུ་དང་འབྲས་བུའི་ཆོས་ཀྱི་ངོ་བོ་ལས་བཟློག་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྐྱེ་བ་བཀག་པའི་ཕྱིར་དང་དངོས་པོའི་ངོ་བོ་ཉིད་བཀག་པའི་ཕྱིར་ཞེས་བྱ་བས་ནི་དེའི་ཕྱིར་ཡང་གྲངས་ཅན་དག་གི་འཁོར་
བ་ཡོད་པ་དང་རང་བཞིན་རྟག་པར་སྨྲ་བ་མི་རིགས་པར་བསྟན་ཏོ། །ཕ་རོལ་པོས་སྨྲས་པའི་སྒྲུབ་པ་མ་གྲུབ་པས་འདུ་བྱེད་མི་འཇིག་པ་རྣམས་འཁོར་རོ་ཞེས་བྱ་བ་དེ་མི་རིགས་སོ་ཞེས་བྱ་བ་ནི་གཏན་ཚིགས་གོང་མ་དེ་དག་གི་ཕྱིར་ན་གྲངས་ཅན་དག་གིས་སྨྲས་པའི་སྒྲུབ་པ་དེ་མ་གྲུབ་པར་མཇུག་

བསྡུ་བ་ཡིན་ནོ། །གཟེགས་ཟན་པ་དང་རང་གི་སྡེ་པ་དག་གིས་སྨྲས་པ། འདུ་བྱེད་མི་རྟག་པ་རྣམས་འཁོར་བ་ཉིད་ཡིན་གྱི། རྟག་པ་སྔ་ཕྱིའི་ཁྱད་པར་མ་སྐྱེས་པ་རྣམས་ལ་འཁོར་བ་མེད་པ་ནི་བདེན་ནོ་ཞེས་བྱ་བ་ནི་མུ་སྟེགས་གཟེགས་ཟན་པ་དག་དང་། ཉན་ཐོས་བྱེ་
བྲག་ཏུ་སྨྲ་བ་དག་འདུ་བྱེད་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་མི་རྟག་པ་རྣམས་འཁོར་བར་སྒྲུབ་པའི་གཞུང་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པས། དེ་དག་གི་ཕྱིར་བཤད་པ། མི་རྟག་ན་ཡང་འཁོར་མི་འགྱུར། །འདི་ལྟར་མི་རྟག་པ་རབ་ཏུ་ཞིག་པ་རྣམས་ལ་ཕྱིར་སྐྱེ་
བ་མེད་པས་དེའི་ཕྱིར་དེ་དག་ལ་ཡང་རྒྱུན་ཆགས་པར་རྒྱུ་ཞིང་འབྱུང་བ་དང་འགྲོ་བ་ལྔར་འཁོར་བ་མི་འཐད་དོ་ཞེས་བྱ་བ་སྨྲས་ཏེ། འདུ་བྱེད་མི་རྟག་པ་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་དག་ནི་སྐད་ཅིག་མ་སྔ་མ་ལ་ཁྱད་པར་གང་དང་ལྷན་ཅིག་སྐྱེས་པ་དེ་ཁྱད་པར་དེ་ཉིད་དང་ལྷན་ཅིག་འགགས་
པ་ནི་སྐད་ཅིག་མ་ཕྱི་མར་སྐྱེ་ཞིང་འཁོར་བར་མི་འཐད་པས་དེའི་ཕྱིར་མི་རྟག་པ་ལ་འཁོར་བ་མི་འཐད་དོ། །ཡང་ན་མི་རྟག་པ་རྣམས་ལ་མི་རྟག་པའི་ཆོས་སུ་རྗེས་སུ་དཔོག་པས་འཁོར་བ་མེད་པས་འཁོར་བ་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཀྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དེ།
དེའི་ཕྱིར། མི་རྟག་ན་ཡང་འཁོར་མི་འགྱུར། །ཞེས་བཤད་དེ་འདུ་བྱེད་རྣམས་ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་འདུ་བྱེད་རྣམས་མི་རྟག་པར་རྗེས་སུ་དཔོག་པས་དེས་ན་མི་རྟག་པ་འགགས་ཤིང་ཞིག་པ་ལ་ཡང་ཕྱིར་སྐྱེ་བའི་འཁོར་བ་མེད་པས་འཁོར་བ་བསལ་
བའི་ཕྱིར་ཕ་རོལ་པོ་དག་གིས་དམ་བཅས་པ་ལ་མི་རྟག་པའི་ཆོས་ཀྱི་ངོ་བོ་འཁོར་བ་བསལ་བའི་སྐྱོན་ཡོད་པས་དེའི་ཕྱིར་འདུ་བྱེད་རྣམས་མི་རྟག་ན་ཡང་འཁོར་བར་མི་འགྱུར་བ་བསྟན་ཏོ། །ཡང་ན། མི་རྟག་ན་ཡང་འཁོར་མི་འགྱུར། །ཞེས་བྱ་བ་ནི་ཕ་རོལ་ཀྱི་འདུ་བྱེད་རྣམས་བཞིན་
ནོ་ཞེས་བྱ་བའི་ཚིག་གི་ལྷག་མ་སྟེ་དེ་ལྟར་ན་དེ་ནི་ཆོས་མཐུན་པའི་དཔེ་མི་འཁོར་བ་དང་མི་རྟག་པ་ཉིད་ཀྱི་ཆོས་ཀྱི་ཁྱད་པར་ཅན་དུ་བྱས་པའི་ཚིག་ཡིན་ཏེ་བྱས་པ་ནི་མི་རྟག་གོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བས་ནི་ཚིག་ལེའུར་བྱས་པའི་རྩ་བ་འདིས་ཆོས་མཐུན་པའི་དཔེའི་ཚིག་ཏུ་གཞག་པ་སྟོན་ཏེ།

དཔེར་ན་སྒྲ་མི་རྟག་སྟེ། བུམ་པ་བྱས་པ་མི་རྟག་པ་བཞིན་ནོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ནང་གི་འདུ་བྱེད་མི་རྟག་པ་རྣམས་ནི་འཁོར་བར་མི་འགྱུར་ཏེ། ཕྱི་རོལ་གྱི་འདུ་བྱེད་མི་རྟག་པ་རྣམས་མི་འཁོར་བ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། འདི་སྦྱོར་བའི་
ཚིག་ནི་དོན་དམ་པར་ནང་གི་འདུ་བྱེད་རྣམས་འཁོར་བར་མི་འཐད་དོ། མི་རྟག་པའི་ཕྱིར་དཔེར་ན་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།
དཔེར་ན་ཕྱི་རོལ་གྱི་འདུ་བྱེད་བུམ་པ་ལ་སོགས་པ་དག་ནི་མི་རྟག་པའི་ཕྱིར་འཁོར་བར་མི་འཐད་པ་དེ་བཞིན་དུ། ནང་གི་དངོས་པོ་མིག་ལ་སོགས་པ་དག་ཀྱང་མི་རྟག་པའི་ཕྱིར་འཁོར་བར་མི་འཐད་དོ། །དེ་ལྟར་རེ་ཞིག་འདུ་བྱེད་རྣམས་རྟག་པ་དང་མི་རྟག་པ་གཉི་ག་ཡང་འཁོར་བར་མི་འཐད་
པར་བསྟན་ཏོ། །ད་ནི་སེམས་ཅན་ཡང་རྟག་པ་དང་མི་རྟག་པ་གཉི་ག་ཡང་འཁོར་བར་མི་འཐད་པ་བསྟན་པའི་ཕྱིར། ཅི་སྟེ་འདུ་བྱེད་རྣམས་རྟག་པ་གཉི་ག་ལྟར་ཡང་འཁོར་བར་མི་འཐད་པའི་ཕྱིར་སེམས་ཅན་འཁོར་རོ་ཞེས་རྣམ་པར་རྟོག་ན་དེ་ལ་ཡང་བརྒལ་ཞིང་བརྟག་པ་དེ་ཉིད་དེ་ཞེས་
བྱ་བ་ལ་སོགས་པ་སྨྲས་ཏེ། ཅི་སྟེ་བདག་ཏུ་སྨྲ་བ་དག་དེ་ལྟར་རྟོག་ན་དེ་ལ་ཡང་དབུ་མ་པས་བརྒལ་ཞིང་བརྟག་པ་སྔར་འདུ་བྱེད་རྣམས་ཀྱི་སྐབས་སུ་བསྟན་པ་དེ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར་ཅི་སེམས་ཅན་རྟག་པ་ཞིག་གམ་འོན་ཏེ་མི་རྟག་པ་ཞིག་འཁོར་ཞེས་གལ་
གཉིས་སུ་བརྟག་པ་སྨྲས་སོ། །གཉི་ག་ལྟར་ཡང་དམ་འཆའ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་གོ། །ལན་ཡང་དེ་ཉིད་དེ་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་གཉི་ག་ལ་འཁོར་བར་མི་འཐད་པར་སྔར་བསྟན་པའོ། །དེ་ཉིད་བསྟན་པའི་ཕྱིར་རྟག་པ་ནི་མི་འགྱུར་བས་གནས་སྐབས་སྔ་ཕྱིའི་
ཁྱད་པར་མ་སྐྱེས་པའི་ཕྱིར་དང་། མི་རྟག་པ་ཡང་ཞིག་ནས་མི་སྐྱེ་བའི་ཕྱིར་མི་འཁོར་བར་སེམས་ཅན་ལ་ཡང་རིམ་འདི་མཚུངས། དགག་པའི་ཚུལ་གྱིས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །དགག་པའི་ཚུལ་གྱི་རིམ་པ་དེ་བསྟན་པའི་ཕྱིར་དེ་བས་ན་སེམས་ཅན་

རྟག་པ་དང་མི་རྟག་པ་འཁོར་བའི་ཕྱོགས་ལ་ཡང་དམ་བཅས་པའི་སྐྱོན་དང་རྗེས་སུ་དཔག་པའི་གནོད་པ་སྔ་མ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། སྔར་དམ་བཅས་པ་ལ་ཆོས་ཀྱི་ངོ་བོ་ཉིད་བསལ་བའི་སྐྱོན་དང་རྗེས་སུ་དཔག་པའི་གནོད་པ་ཅི་སྐད་བསྟན་པ་དེ་དག་འདིར་ཡང་ཅི་
རིགས་པར་སྦྱར་རོ། །ཅི་ལྟར་དམ་བཅས་པ་ལ་ཆོས་ཀྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་ཅེ་ན། སེམས་ཅན་རྟག་པ་མི་འགྱུར་བ་ལ་འཁོར་བ་འགྱུར་བ་འབྱུང་བ་འགལ་བས་དེ་བསལ་བའི་ཕྱིར་དམ་བཅས་པ་ལ་སྐྱོན་ཡོད་དོ། །ཅི་ལྟར་རྗེས་སུ་དཔག་པའི་གནོད་པར་འགྱུར་ཞེ་ན། སེམས་
ཅན་རྟག་པ་ལ་འཁོར་བ་མི་འཐད་དེ་རྟག་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་ནོ། །མི་རྟག་པ་ལ་ཡང་དེ་ལས་བཟློག་སྟེ་ཅི་རིགས་པར་སྦྱར་རོ། །ཅི་སྟེ་ཡང་འདུ་བྱེད་རྣམས་དང་སེམས་ཅན་མི་རྟག་པར་སྨྲ་བ་དག་ཕྱིར་ཟློག་པར་བྱེད་དེ། འདུ་བྱེད་རྣམས་དང་སེམས་ཅན་ཞིག་པའི་རྒྱུན་ཅན་
གྱི་འདུ་བྱེད་རྣམས་དང་སེམས་ཅན་གྱི་རྒྱུད་ཕྱི་མ་དེ་དག་གི་རྒྱུ་ལས་བྱུང་བ་དག་གཉེན་པོ་མ་སྐྱེས་པའི་ཕྱིར་རྒྱུན་ཆགས་སུ་འཁོར་བས་འཁོར་བ་འགྲུབ་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་དེ་ལྟར་འདུ་བྱེད་རྣམས་དང་། སེམས་ཅན་རྟག་པ་དང་། མི་རྟག་པ་ལ་འཁོར་བ་མི་འཐད་པར་
བསྒྲུབས་པ་དང་། འདིར་རང་གི་སྡེ་པ་དང་ཕྱི་རོལ་པ་འདུ་བྱེད་རྣམས་དང་སེམས་ཅན་མི་རྟག་པར་སྨྲ་བ་རྣམས་ཀྱིས་དེ་མི་བཟོད་པས་དེ་དག་ན་རེ་སྐད་ཅིག་མ་སྔ་མ་འགགས་ཀྱང་དེའི་རྐྱེན་གྱིས་སྐད་ཅིག་མ་ཕྱི་མ་སྐྱེ་བའི་རྒྱུན་འབྲེལ་པ་ཡོད་ལ་དེ་ཡང་གཉེན་པོ་འཕགས་པའི་ལམ་མ་སྐྱེས་ཀྱི་
བར་དུ་རྒྱུད་ཀྱི་རྒྱུན་གྱིས་འབྱུང་བས་དེ་ཉིད་འཁོར་བ་ཡིན་པའི་ཕྱིར་མི་རྟག་པར་སྨྲ་བ་རྣམས་ཀྱི་ཕྱོགས་ལ་འཁོར་བ་གྲུབ་པོ་ཞེས་ཕྱིར་ཟློགས་ཤིང་རྒོལ་བའི་ཚིག་ཡིན་ནོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ། དེ་མ་ཐག་པའི་རྐྱེན་བཞིན་དུ་འདུ་བྱེད་རྣམས་
དང་སེམས་ཅན་ཞིག་པ་དག་སྐད་ཅིག་མ་ཕྱི་མའི་རྐྱེན་ཉིད་བསལ་བའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་ཇི་ལྟར་སྔར། འགགས་ན་རྐྱེན་ཀྱང་གང་ཞིག་ཡིན། །ཞེས་བྱ་བས་དེ་མ་ཐག་པའི་རྐྱེན་བཀག་པ་བཞིན་དུ་འདིར་ཡང་འདུ་བྱེད་རྣམས་དང་། སེམས་ཅན་

ཞིག་ཅིང་འགགས་པ་ཡང་གཉེན་པོ་མ་སྐྱེས་ཀྱང་སོ་སོར་མ་བརྟགས་པར་འགོག་པས་འགགས་ཏེ་མེད་པ་དག་འདུ་བྱེད་ཕྱི་མའི་རྐྱེན་ཉིད་ཡིན་པ་བསལ་བའི་ཕྱིར་ཕ་རོལ་པོའི་ཚིག་ལ་སྐྱོན་མེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། དམ་བཅས་པའི་སྐྱོན་མ་སྤངས་པའི་ཕྱིར་དང་ཞེས་བྱ་བས་ནི་སྔར་
ཡང་ན་མི་རྟག་པ་རྣམས་ལ་མི་རྟག་པའི་ཆོས་སུ་རྗེས་སུ་དཔོག་པས་འཁོར་བ་མེད་པས་འཁོར་བ་བསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཀྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བཤད་པ་དེའི་སྐྱོན་ཕ་རོལ་པོས་མ་སྤངས་པའི་ཕྱིར་ཡང་ཕ་རོལ་པོའི་ཚིག་ལ་སྐྱོན་མེད་པ་མ་ཡིན་ནོ་ཞེས་བསྟན་
ཏོ། །དེ་སྐད་སྨྲ་བ་ལ་རྗེས་སུ་དཔག་པས་གནོད་པའི་ཕྱིར་སྐྱོན་མེད་པ་མ་ཡིན་ནོ་ཞེས་བྱ་བས་ནི་མི་རྟག་པར་སྨྲ་བ་ལ་དོན་དམ་པར་ནང་གི་འདུ་བྱེད་རྣམས་འཁོར་བར་མི་འཐད་དེ་མི་རྟག་པའི་ཕྱིར་དཔེར་ན་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་རྗེས་སུ་དཔག་པས་གནོད་
པའི་ཕྱིར་ཕ་རོལ་པོ་དག་གི་ཚིག་ལ་སྐྱོན་མེད་པ་མ་ཡིན་ནོ། །འདིར་འཇིག་རྟེན་རྒྱང་པན་པ་དག་གིས་སྨྲས་པ། འདུ་བྱེད་རྣམས་དང་སེམས་ཅན་རྟག་པ་དང་མི་རྟག་པ་མི་འཁོར་རོ་ཞེས་ཟེར་བ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ་ཞེས་བྱ་བ་ནི། དེ་ལྟར་དབུ་མ་པས་འདུ་བྱེད་རྣམས་དང་
སེམས་ཅན་རྟག་པ་དང་མི་རྟག་པའི་མུ་བཞི་ཆར་ལ་འཁོར་བ་མི་འཐད་དོ་ཞེས་བཀག་པ་དང་། འདིར་འཇིག་རྟེན་རྒྱང་པན་པ་དག་དགའ་ནས་དེ་དག་ན་རེ་དབུ་མ་པས་འཁོར་བ་མེད་དོ་ཞེས་བསྒྲུབས་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་གི་གཞུང་ལས་ཀྱང་
འཁོར་བ་མེད་པར་གྲུབ་པའི་ཕྱིར་རོ་ཞེས་ཟེར་བའི་ཚིག་ཡིན་ནོ། །འཇིག་རྟེན་རྒྱང་པན་པ་དག་གི་གཞུང་ལས་ཅི་ལྟར་འཁོར་བ་མེད་ཅེ་ན། ཁོ་བོ་ཅག་གི་མཁན་པོ་དྲང་སྲོང་ཆེན་པོ་འཇིག་རྟེན་མིག་ཅེས་བྱ་བས་རང་གི་ཆུང་མ་ལ་གཏམས་པའི་ལུང་ལས་འདི་སྐད་ཅེས་འབྱུང་སྟེ།
ཅི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་དེ་ཙམ་ཉིད་དུ་ཟད། །ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐྱེས་བུ་ཞེས་བྱ་བ་ནི་ཇི་སྲིད་དུ་མ་ཤི་ཞིང་མིག་ལ་སོགས་པ་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་དེ་སྲིད་དུ་ཡོད་ཀྱི། ཤི་ཞིང་ལུས་ཐལ་བར་གྱུར་ཕན་ཆད་མེད་དེ། མ་ཤིའི་

བར་དུ་བདེ་བར་འཚོ། །ཤི་ཟིན་ཕན་ཆད་སྤྱོད་ཡུལ་མེད། །ལུས་ནི་ཐལ་བར་གྱུར་པ་ལ། །ཕྱིར་ཡང་འོང་བ་ག་ལ་ཡོད། །ཅེས་བྱ་བ་ཡིན་ནོ། །སྔོ་བསངས་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་འདྲ། །ཞེས་བྱ་བ་ནི་དྲང་སྲོང་འཇིག་རྟེན་མིག་
ཅེས་བྱ་བས་རང་གི་ཆུང་མ་ལ། ཀྱེ་སྔོ་བསངས་མ་ཞེས་བོས་ནས་འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་མང་དུ་ཐོས་པ་དག་གིས་འཇིག་རྟེན་འདི་ཡོད་དོ། །འཇིག་རྟེན་ཕ་རོལ་ཡོད་དོ། །སྦྱིན་པ་ཡོད་དོ། །མཆོད་སྦྱིན་ཡོད་དོ། །ཕ་དང་མ་ཡོད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་ཡོད་དོ། །
འཇིག་རྟེན་ན་དགྲ་བཅོམ་པ་ཡོད་དོ་ཞེས་གང་དག་སྨྲས་པ་དེ་དག་ནི་སྤྱང་ཀིའི་རྗེས་ཞེས་བྱ་བའི་བྱུང་བའི་མཐའ་དང་འདྲ་སྟེ། བརྫུན་ནོ་ཞེས་རྗེས་སུ་བསྟན་པའི་གཞུང་སྟེ། དེའི་བྱུང་བའི་མཐའ་ནི་སྔོན་གྱི་འཚོ་བ་མེད་པ་གཡོན་ཅན་ཞིག་གྲོང་ཁྱེར་འབྱོར་པ་རྒྱས་པ་ཕྱུག་པ་ལོ་
ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་ཞིག་ཏུ་སོང་སྟེ། དེར་ཕྱིན་ནས་བདག་ཉིད་ཀྱི་རིག་བྱེད་དང་བརྡ་སྤྲོད་པ་ལ་སོགས་པའི་བསྟན་བཅོས་ཅི་ཤེས་པ་ཐམས་ཅད་གྲོང་ཁྱེར་བའི་མི་རྣམས་ལ་བཤད་དེ། ཐམས་ཅད་ཡིད་ཆེས་པར་བྱས་ནས་གང་གི་ཚེ་དེའི་ཚིག་གིས་གྲོང་ཁྱེར་བ་ཐམས་
ཅད་རྒྱུ་སྐར་དང་། གཟའ་དང་། ཚེ་གྲངས་དང་། སྐར་མའི་དུས་དང་སྦྱར་ཏེ། སོ་སོའི་ཞིང་ལས་དང་ཉོ་ཚོང་ལ་སོགས་པ་སོ་ནམ་གྱི་བྱ་བ་དག་ལ་སོང་བ་དེའི་ཚེ་ན་གཡོན་ཅན་དེས་ཤིང་ལས་སྤྱང་ཀིའི་རྐང་པ་འདྲ་བ་མང་པོ་དག་བྱས་ནས་མཚན་མོ་གྲོང་ཁྱེར་བའི་མི་ཐམས་ཅད་གཉིད་ལོག་
པའི་ཚེ་སྲང་དང་། ལམ་པོ་ཆེ་དང་སུམ་མདོ་དང་བཞི་མདོ་དག་ཏུ་སྤྱང་ཀིའི་རྐང་པ་འདྲ་བ་དེ་དག་གིས་གླན་ཏེ་སྤྱང་རྗེས་ཆེན་པོ་ཕལ་མོ་ཆེས་བཀང་ངོ་། །དེ་ནས་ནང་པར་ནམ་ལངས་པ་དང་། གྲོང་ཁྱེར་བའི་མི་རྣམས་ཀྱིས་སྤྱང་རྗེས་ཆེན་པོ་ཕལ་པོ་ཆེ་དག་མཐོང་ནས། ཡ་མཚན་སྐྱེས་ཤིང་སྐྲག་
སྟེ་མི་གཡོན་ཅན་དེ་ལ་དྲིས་པ། མཁན་པོ་འཕགས་པ་སྤྱང་རྗེས་ཆེན་པོ་ཕལ་མོ་ཆེ་འདི་དག་སུའི་ལགས། གཡོན་ཅན་དེས་སྨྲས་པ། ཀྱི་ཧུད་འོ་བུ་ཅག་ལ་འདི་ལྟར་ལྟས་ངན་འདི་ལྟ་བུ་བྱུང་བས་འོ་བུ་ཅག་ཐམས་ཅད་མ་རུངས་པར་འགྱུར་ཏེ། སྲིན་པོ་ཆེན་པོ་སྤྱང་ཀི་ཞེས་བྱ་བ་ཞིག་ཡོད་པ་དེ།

དེང་ནས་ཞག་བདུན་ན་འདིར་འོང་ཞིང་དེས་གྲོང་ཁྱེར་པ་འདི་དག་ཐམས་ཅད་ཟ་བར་འགྱུར་རོ། །གྲོང་ཁྱེར་པའི་མི་རྣམས་ཀྱིས་སྨྲས་པ། འོ་ན་བདག་ཅག་དེ་ལས་བསྲུང་བའི་ཐབས་འགའ་སྟ་མཆིས་སམ། གཡོན་ཅན་དེས་སྨྲས་པ། ཐབས་གཅིག་ཁོ་ན་ཞིག་ཡོད་དེ། གལ་ཏེ་གྲོང་ཁྱེར་བའི་མི་ཁྱེད་
ཀྱིས་དོ་མོད་ཁྱེད་ཐམས་ཅད་ཕྱི་རོལ་དུ་བཟའ་བ་དང་བཅའ་བ་མང་པོའི་གཏོར་མ་ཕུལ་ལ། སོ་སོའི་ཁྱིམ་ན། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་ལ་སོགས་པ་ནོར་རྫས་ཀྱི་རྣམ་པ་ཅི་བདོག་པ་ཐམས་ཅད་དེར་བསྐྱུར་ཏེ་བོར་ལ་ཕྱིར་མི་ལྟ་བར་ཐལ་བྱུང་བྲོས་ཏེ་གྲོང་ཁྱེར་དུ་ཞུགས་ལ་སྒོ་བཅད་དེ།
ཞག་བདུན་གྱི་བར་དུ་གབ་ན་ཐབས་དེས་ཁྱེད་ཐམས་ཅད་སྲིན་པོའི་ཁ་ནས་ཐར་རོ། །དེ་ནས་གྲོང་ཁྱེར་བའི་མི་དེ་དག་སྐྲག་པའི་དབང་གིས་དེའི་ཚིག་མཉན་ཏེ་དེ་ལྟར་བྱས་པ་དང་། མི་གཡོན་ཅན་དེས་དེའི་མཚན་མོ་མི་རྣམས་ཉལ་བའི་ཚེ་ཁ་ཟས་དང་ནོར་ཐམས་ཅད་བསྡུས་ཏེ་ཁྱེར་ཞེས་གྲགས་ཏེ། ཅི་ལྟར་མི་
གཡོན་ཅན་འཚོ་བ་མེད་པ་དེས་སྤྱང་རྗེས་བསྟན་པས་རང་གི་དོན་བྱས་པ་དང་འདྲ་བས། འདི་ན་དགེ་སྦྱོང་དང་བྲམ་ཟེ་མང་དུ་ཐོས་པ་དག་ཀྱང་འཇིག་རྟེན་ཕ་རོལ་ཡོད་པར་སྟོན་པས་རང་གི་དོན་བྱེད་པས་འཇིག་རྟེན་ཕ་རོལ་ཡོད་ཀྱི་དགེ་སྦྱོང་དང་བྲམ་ཟེ་དག་ལ་ཡོན་ཕུལ་ཅིག་ཅེས་ཟེར་བ་ཡང་དེ་དང་འདྲའོ་ཞེས་
ཟེར་རོ། །མཛེས་མ་ལེགས་པར་སྤྱོད་ཅིང་ཟོ། །ཞེས་བྱ་བ་ཡང་། དྲང་སྲོང་དེས་རང་གི་ཆུང་མ་ལ་ཀྱེ་མཛེས་མ་ཞེས་བོས་ནས་དེ་ལྟར་མང་དུ་ཐོས་པ་དག་སྨྲ་བ་དེ་དག་སྤྱང་ཀིའི་རྗེས་དང་འདྲ་བས་ཁྱོད་དགེ་སྦྱོང་དང་བྲམ་ཟེ་དག་ལ་ཡང་སྦྱིན་པ་མ་བྱེད་པར་རང་ཉིད་ལེགས་པར་སྤྱོད་ཅིང་ཟོ་ཤིག་
ཅེས་ཟེར་བའོ། །ལུས་མཆོག་ཁྱོད་འདས་གང་དེ་མེད། །ཅེས་བྱ་བ་ཡང་དྲང་སྲོང་དེས་ཆུང་མ་ལ་ཀྱེ་ལུས་མཆོག་ཅེས་བོས་ནས་ཁྱོད་ཀྱིས་འདས་པའི་དུས་སུ་གང་བྱས་པ་དེ་ལ་ཕྱིས་འབྲས་བུ་མེད་དོ་ཞེས་བསྒོ་བའོ། །འཇིགས་རུང་སོང་བ་ཕྱིར་མི་ལྡོག །ཅེས་བྱ་བ་ཡང་དྲང་སྲོང་དེས་ཆུང་
མ་ལ་ཀྱེ་འཇིགས་སུ་རུང་ཞེས་བོས་ནས་འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་བ་ལ་ཕྱིར་ལྡོག་ཅིང་ཡང་དང་ཡང་དུ་སྐྱེ་བ་མེད་དོ་ཞེས་གཏམས་པའོ། །ལུས་འདི་འདུས་པ་ཙམ་དུ་ཟད། །ཅེས་བྱ་བ་ནི་ད་ལྟར་གསོན་ཚེ་གཅིག་གི་ལུས་འདི་ནི་འདུས་པ་ཙམ་ཞིག་ཡོད་ཀྱི་དེ་ལ་སྔ་ཕྱི་མེད་དོ་ཞེས་

བསྟན་པའོ། །དེ་ལྟར་དྲང་སྲོང་གི་ལུང་བསྒྲུབས་ནས་ད་ནི་རང་གི་ཚེ་སྔ་ཕྱི་མེད་པར་བསྒྲུབ་པའི་ཕྱིར་འཇིག་རྟེན་འདི་ནས་འཇིག་རྟེན་གཞན་དུ་ཆོས་འགའ་ཡང་མི་འགྲོ་ཞིང་། མངལ་ན་གནས་པའི་སྔོན་རོལ་གྱི་བློ་གང་ཡིན་པ་དེ་ནས་ཀྱང་འདིར་འགའ་ཡང་མ་འོངས་ཏེ་ཞེས་བྱ་བ་སྨྲས་
སོ། །སངས་རྒྱས་པ་དག་ཚེ་སྔ་མ་ཡོད་པར་སྒྲུབ་པའི་གཞུང་སུན་ཕྱུང་བའི་ཕྱིར། གང་དག་མངལ་ན་གནས་པའི་སྔ་རོལ་ན་འཇིག་རྟེན་ཡོད་དོ་ཞེས་བྱ་བའི་དོན་དེ་སྒྲུབ་པའི་ཕྱིར། མངལ་ན་གནས་པའི་སྔོན་རོལ་གྱི་བློ་གང་ཡིན་པ་དེ་ནི་དེ་མ་ཐག་ཏུ་དགག་པའི་བློ་སྔོན་དུ་འགྲོ་བ་ཡིན་ཏེ་བློ་ཡིན་པའི་
ཕྱིར་དཔེར་ན་དེའི་འོག་རོལ་གྱི་བློ་བཞིན་ནོ་ཞེས་སྒྲུབ་པ་སྨྲ་བ་དེ་དག་ལ་ནི་དཔེ་མེད་དེ། འདི་ལྟར་མ་ཤི་བའི་བར་དུ་གནས་པ་རྣམས་ལ་བློ་གཅིག་ཁོ་ནར་ཟད་པའི་ཕྱིར་ཏེ། དེ་ལྟར་རེ་ཞིག་འཇིག་རྟེན་སྔ་མ་མེད་དོ་ཞེས་བྱ་བ་སྨྲས་ཏེ། སངས་རྒྱས་པ་དག་རྗེས་སུ་དཔག་པ་དེ་སྐད་སྨྲ་ན་དེ་ལ་ཡང་
དཔེ་མེད་པས་ཚེ་སྔ་མ་མེད་དོ། །ཚེ་ཕྱི་མ་ཡང་མེད་པ་བསྟན་པའི་ཕྱིར་ཇི་ལྟར་འཇིག་རྟེན་ཕྱི་མ་མེད་པ་དེ་ལྟར་འདི་བཤད་དེ་ལྷས་བྱིན་གྱི་འཆི་ཁའི་སེམས་ནི་སེམས་གཞན་དང་ཉིང་མཚམས་སྦྱོར་བ་མེད་དེ་འཆི་ཁའི་སེམས་ཡིན་པའི་ཕྱིར་དཔེར་ན་དགྲ་བཅོམ་པའི་འཆི་ཁའི་སེམས་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ།
དེའི་ཕྱིར་དབུ་མ་པས་འཁོར་བ་མེད་པར་བསྒྲུབས་པ་ནི་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པས་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་འདུ་བྱེད་མི་རྟག་པ་འཁོར་བ་ཐ་སྙད་དུ་མ་བཀག་པའི་ཕྱིར་དང་། འདུ་བྱེད་
རྟག་པ་ནི་འཁོར་བ་གཉི་གར་ཡང་བཀག་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་སྨྲས་ཏེ། དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་བའི་ལན་བཏབ་སྟེ། འདུ་བྱེད་མི་རྟག་པ་རྣམས་ཐ་སྙད་དུ་འཁོར་བ་དང་། རྟག་པ་རྣམས་བདེ་བ་གཉི་གར་ཡང་མི་འཁོར་བར་དབུ་མ་པས་བསྒྲུབ་པ་དག་འཇིག་
རྟེན་རྒྱང་པན་པ་ལ་མེད་པའི་ཕྱིར་རོ། །ལྷས་བྱིན་གྱི་རྒྱུད་ཀྱི་གཟུགས་ཀྱི་བློ་ནི་སྒྲའི་བློ་ལས་གཞན་མ་ཡིན་པ་མ་ཡིན་ཏེ། ཡུལ་ཐ་དད་པའི་ཕྱིར་དཔེར་ན་རྒྱུད་གཞན་གྱི་བློ་བཞིན་པས་རྗེས་སུ་དཔག་པ་ལས་དཔེ་ཡོད་པའི་ཕྱིར་ཐ་སྙད་དུ་འཇིག་རྟེན་ཕ་རོལ་སྔ་མ་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བས་ནི་སྔར་འཇིག་རྟེན་

རྒྱང་པན་པ་དག་ན་རེ་གང་དག་མངལ་ན་གནས་པའི་སྔོན་རོལ་ན་འཇིག་རྟེན་ཡོད་དོ་ཞེས་བྱ་བའི་དོན་དེ་སྒྲུབ་པའི་ཕྱིར་མངལ་ན་གནས་པའི་སྔོན་རོལ་གྱི་བློ་གང་ཡིན་པ་དེ་ནི། དེ་མ་ཐག་ཏུ་འགགས་པའི་བློ་སྔོན་དུ་འགྲོ་བ་ཡིན་ཏེ། བློ་ཡིན་པའི་ཕྱིར་དཔེར་ན་དེའི་འོག་རོལ་གྱི་བློ་བཞིན་ནོ་ཞེས་བསྒྲུབ་པ་སྨྲ་བ་
དེ་དག་ལ་ནི་དཔེ་མེད་དོ། འདི་ལྟར་མ་ཤི་བའི་བར་དུ་གནས་པ་རྣམས་ལ་བློ་གཅིག་ཁོ་ནར་ཟད་པའི་ཕྱིར་ཏེ། དེ་ལྟར་རེ་ཞིག་འཇིག་རྟེན་སྔ་མ་མེད་དོ་ཞེས་བྱ་བའི་ལན་བཏབ་སྟེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་
བཞིན་དུ་སྦྱར་ཏེ། དཔེར་ན་རྒྱུད་ཐ་དད་པ་མཆོད་སྦྱིན་གྱི་བློ་ནི་ལྷས་བྱིན་གྱི་བློ་ལས་ཡུལ་ཐ་དད་པའི་ཕྱིར་ལྷས་བྱིན་གྱི་བློ་ལས་གཞན་ཡིན་པ་དེ་བཞིན་དུ། རྒྱུད་གཅིག་པ་ལྷས་བྱིན་ཉིད་ཀྱི་གཟུགས་ཀྱི་བློ་ཡང་སྒྲའི་བློ་ལས་ཡུལ་ཐ་དད་པའི་ཕྱིར། སྒྲའི་བློ་ལས་གཞན་ཡིན་པས་རྗེས་སུ་དཔག་
པ་དེའི་སྒོ་ནས་བརྟགས་ན་འཇིག་རྟེན་རྒྱང་པན་པ་དག་ན་རེ། འདི་ལྟར་མ་ཤི་བའི་བར་དུ་གནས་པ་རྣམས་ལ་བློ་གཅིག་ཁོ་ནར་ཟད་པའི་ཕྱིར། སངས་རྒྱས་པ་དག་གི་དཔེ་དེའི་འོག་རོལ་གྱི་བློ་བཞིན་ནོ་ཞེས་སྒྲུབ་པ་སྨྲ་བ་དེ་དག་ལ་དཔེ་མེད་དེ་ཞེས་ཟེར་བ་དེ་མེད་པ་མ་ཡིན་ཏེ། རྒྱུད་གཅིག་གི་
བློ་ཡུལ་ཐ་དད་པ་རྣམས་ཀྱང་ཐ་དད་པ་ཉིད་ཡིན་པས་དཔེར་ན་མངལ་ན་གནས་པའི་འོག་རོལ་གྱི་བློ་ཡང་དེ་མ་ཐག་ཏུ་འགགས་པའི་བློ་སྔོན་དུ་འགྲོ་བ་དེ་བཞིན་དུ་མངལ་ན་གནས་པའི་སྔོན་རོལ་གྱི་བློ་གང་ཡིན་པ་དེ་ཡང་དེ་མ་ཐག་ཏུ་འགགས་པའི་བློ་སྔོན་དུ་འགྲོ་བ་ཡིན་པས་དེ་ལྟར་དབུ་མ་པའི་དཔེ་
གྲུབ་པའི་ཕྱིར་ཐ་སྙད་དུ་འཇིག་རྟེན་སྔ་མ་མེད་པ་མ་ཡིན་ནོ། །འཇིག་རྟེན་ཕ་རོལ་ཕྱི་མ་ཡང་མེད་པ་མ་ཡིན་ཏེ། ཟག་པ་དང་བཅས་པའི་འཆི་ཁའི་སེམས་ནི་སེམས་གཞན་དང་ཉིང་མཚམས་སྦྱོར་ཏེ། ཟག་པ་དང་བཅས་པའི་ཕྱིར་དཔེར་ན་འཆི་བའི་རྒྱུའི་སེམས་བཞིན་པས། ཐ་སྙད་
ཀྱི་བདེན་པ་དང་འགལ་བ་མེད་དོ་ཞེས་བྱ་བས་ནི་སྔར་འཇིག་རྟེན་རྒྱང་པན་པ་དག་ན་རེ་འདི་ལྟར་འཇིག་རྟེན་ཕྱི་མ་མེད་པ་དེ་ལྟར་འདིར་བཤད་དེ། ལྷས་བྱིན་གྱི་འཆི་ཁའི་སེམས་ནི་སེམས་གཞན་དང་ཉིང་མཚམས་སྦྱོར་བ་མེད་དེ། འཆི་ཁའི་སེམས་ཡིན་པའི་ཕྱིར་དཔེར་ན་དགྲ་བཅོམ་པའི་

འཆི་ཁའི་སེམས་བཞིན་ནོ་ཞེས་ཟེར་བའི་ལན་བཏབ་སྟེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཆི་བའི་རྒྱུ་དང་པོ་ན་བ་ལ་སོགས་པའི་སེམས་ནི་ཟག་པ་དང་བཅས་པའི་
ཕྱིར་འཆི་ཁའི་སེམས་གཞན་དང་ཉིང་མཚམས་སྦྱོར་བ་དེ་བཞིན་དུ་ཟག་པ་དང་བཅས་པའི་འཆི་ཁའི་སེམས་ཀྱང་ཟག་པ་དང་བཅས་པའི་ཕྱིར་འཇིག་རྟེན་ཕ་རོལ་དུ་སྐྱེ་བའི་ཆར་གཏོགས་པའི་སེམས་གཞན་དང་ཉིང་མཚམས་སྦྱོར་ཏེ། དེས་ན་དབུ་མ་པས་ཐ་སྙད་དུ་ཟག་པ་དང་བཅས་
པའི་སེམས་གཞན་ལ་ཉིང་མཚམས་སྦྱོར་བ་ཡོད་པས་འཇིག་རྟེན་ཕྱི་མ་ཡོད་པར་བཤད་པ་དེ་ལ་ཐ་སྙད་ཀྱི་བདེན་པ་དང་འགལ་བ་མེད་དོ། །གལ་ཏེ་དོན་དམ་པར་ལྷས་བྱིན་གྱི་བློ་ཡང་རྒྱུད་གཞན་གྱི་བློ་ཐམས་ཅད་ལས་གཞན་ཉིད་མ་ཡིན་ཏེ། བློ་ཡིན་པའི་ཕྱིར་དཔེར་ན་ལྷས་བྱིན་གྱི་བློ་
བཞིན་ནོ་ཞེས་བྱ་བ་ནི་སྔར་དབུ་མ་པས། རྒྱུད་གཅིག་པའི་བློ་ཡང་རྒྱུད་ཐ་དད་པའི་ཕྱིར་གཞན་ཉིད་ཡིན་པས་རྗེས་སུ་དཔག་པ་ལས་དཔེ་ཡོད་པའི་ཕྱིར་ཐ་སྙད་དུ་འཇིག་རྟེན་ཕ་རོལ་སྔ་མ་མ་གྲུབ་པ་མ་ཡིན་ནོ་ཞེས་བཤད་པ་དེ་ལ། འདིར་འཇིག་རྟེན་རྒྱང་པན་པ་དག་ཡང་རྒྱུད་ཐ་དད་པའི་བློ་
ཐམས་ཅད་ཀྱང་དོན་དམ་པར་ཐ་དད་པ་མ་ཡིན་པས་གཞན་ཉིད་དུ་མི་འགྲུབ་པའི་ཕྱིར་དབུ་མ་པའི་དཔེ་མ་གྲུབ་པོ་ཞེས་རྒོལ་བའི་ཚིག་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།
དཔེར་ན་ལྷས་བྱིན་རང་གི་བློ་ནི་བློ་ཡིན་པའི་ཕྱིར་དོན་དམ་པར་རང་གི་བློ་ལས་གཞན་ཉིད་མ་ཡིན་པ་དེ་བཞིན་དུ། ལྷས་བྱིན་གྱི་བློ་ཡང་བློ་ཡིན་པའི་ཕྱིར་དོན་དམ་པར་རྒྱུད་ཐ་དད་པ་གཞན་གྱི་བློ་ཐམས་ཅད་ལས་གཞན་ཉིད་མ་ཡིན་པས་དབུ་མ་པའི་དཔེ་མ་གྲུབ་པོ། །དེ་སྐད་ཅེས་ཟེར་བ་
དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། དོན་དམ་པར་ལྷས་བྱིན་གྱི་བློའི་སྐྱེ་བ་བཀག་པའི་ཕྱིར་དང་། དེ་ལས་གཞན་ཉིད་མ་ཡིན་པ་མ་གྲུབ་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁོ་བོས་དོན་དམ་པར་ལྷས་བྱིན་གྱི་

བློའི་སྐྱེ་བ་བཀག་པའི་ཕྱིར་དང་། ཁྱོད་ཀྱི་དཔེ་དང་། དངོས་ཀྱི་ཆོས་ཅན་མ་གྲུབ་པའི་ཕྱིར་དང་། དེ་མ་གྲུབ་པས་དེ་ལས་རྒྱུད་གཞན་གྱི་བློ་ཐམས་ཅད་གཞན་ཉིད་ཡིན་པར་བསྒྲུབ་པར་བྱ་བ་ཆོས་ཀྱང་མ་གྲུབ་པའི་ཕྱིར། འཇིག་རྟེན་རྒྱང་པན་པ་དག་གི་སྒྲུབ་པ་དེ་ནི་བཟང་པོ་མ་
ཡིན་ནོ། །ཐ་སྙད་དུ་བློ་རྒྱུད་གཞན་གྱི་བློ་ཐམས་ཅད་ལས། གཞན་ཉིད་མ་ཡིན་པར་དམ་འཆའ་བས་དེས་ན་ཁྱེད་ཀྱི་དཔེ་མ་གྲུབ་པོ་ཞེས་ཟེར་ན། དེ་ལྟ་ན་ཐ་སྙད་དུ་ལྷས་བྱིན་གྱི་བླ་རྒྱུད་གཞན་གྱི་བློ་ཐམས་ཅད་ལས་གཞན་ཉིད་ཡིན་པར་གྲགས་པའི་གནོད་པས། ཁྱེད་ལ་གནོད་
པར་འགྱུར་བའི་ཕྱིར་དེ་ཡང་བཟང་པོ་མ་ཡིན་པར་བསྟན་ཏོ། །དགྲ་བཅོམ་པའི་སེམས་ཀྱང་ཉིང་མཚམས་སྦྱོར་བ་དང་། ཉིང་མཚམས་སྦྱོར་བ་མེད་པར་མ་གྲུབ་པའི་ཕྱིར་དང་ཞེས་བྱ་བས་ནི། སྔར་འཇིག་རྟེན་རྒྱང་པན་པ་དག་ན་རེ་ཅི་ལྟར་འཇིག་རྟེན་ཕྱི་མ་མེད་པ་ད་ལྟར་འདི་བཤད་དེ།
ལྷས་བྱིན་གྱི་འཆི་ཁའི་སེམས་ནི་སེམས་གཞན་དང་ཉིང་མཚམས་སྦྱོར་བ་མེད་དེ། འཆི་ཁའི་སེམས་ཡིན་པའི་ཕྱིར་དཔེར་ན་དགྲ་བཅོམ་པའི་འཆི་ཁའི་སེམས་བཞིན་ནོ་ཞེས་ཟེར་བའི་དཔེ་དེ་མ་གྲུབ་པར་སྟོན་ཏོ། །འདི་ལྟར་ལུང་ལས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་
དང་། མྱ་ངན་ལས་འདས་ནས་མེད་པ་དང་། མྱ་ངན་ལས་འདས་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། མྱ་ངན་ལས་འདས་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ལུང་དུ་མ་བསྟན་པས། །དགྲ་བཅོམ་པའི་འཆི་ཁའི་སེམས་ཀྱང་ཉིང་མཚམས་སྦྱོར་བ་དང་། ཉིང་
མཚམས་སྦྱོར་བ་མེད་པར་མ་གྲུབ་པའི་ཕྱིར་ཕ་རོལ་པོའི་དཔེ་མ་གྲུབ་པས། དེ་ཡང་བཟང་པོ་མ་ཡིན་ནོ། །དོན་དམ་པར་སྒྲུབ་པའི་དཔེ་མ་ཚང་བའི་སྐྱོན་ཡོད་པའི་ཕྱིར་རོ་ཞེས་བྱ་བས་ནི། སྔར་ཕ་རོལ་པོ་དག་ན་རེ་དོན་དམ་པར་ལྷས་བྱིན་གྱི་བློ་ཡང་རྒྱུད་གཞན་གྱི་བློ་ཐམས་ཅད་ལས་གཞན་ཉིད་མ་ཡིན་ཏེ།
བློ་ཡིན་པའི་ཕྱིར་དཔེར་ན་ལྷས་བྱིན་གྱི་བློ་བཞིན་ནོ་ཞེས་ཟེར་བའི་དཔེ་དེ་མ་གྲུབ་པར་སྟོན་ཏོ། དོན་དམ་པར་ལྷས་བྱིན་གྱི་བློ་མ་གྲུབ་པས་ཕ་རོལ་པོའི་སྒྲུབ་པ་ལ་དཔེ་མ་ཚང་བའི་སྐྱོན་ཡོད་པའི་ཕྱིར་དེ་ཡང་བཟང་པོ་མ་ཡིན་ནོ། །ཐ་སྙད་དུ་ཟག་པ་མེད་པའི་སེམས་ཕྱོགས་སུ་བྱེད་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་

ཞེས་བྱ་བ་ནི། གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་ཁོ་བོ་ཅག་ཀུན་རྫོབ་ཀྱི་ཐ་སྙད་དུ་ཟག་པ་མེད་པའི་འཆི་ཁའི་སེམས། སེམས་གཞན་དང་ཉིང་མཚམས་སྦྱོར་བ་མེད་པ་ཕྱོགས་སུ་བྱེད་ཅིང་། གཞན་ཉིད་མ་ཡིན་པར་དམ་འཆའོ་ཞེས་ཟེར་ན། དེ་ནི་དེད་སངས་རྒྱས་པ་དག་གི་ཕྱོགས་ལ་ཡང་གྲུབ་
ཟིན་པས་གྲུབ་པ་ལ་སྒྲུབ་པ་ཡིན་པའི་ཕྱིར་མི་རུང་ངོ་ཞེས་སྟོན་ཏོ། །སྲིད་པ་སྔ་མའི་འཆི་ཁའི་སེམས་གཞན་དང་ཉིང་མཚམས་སྦྱོར་བས་མ་ངེས་པ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བས་ནི། སྔར་ཕ་རོལ་པོ་དག་ན་རེ་ཇི་ལྟར་འཇིག་རྟེན་ཕྱི་མ་མེད་པ་དེ་ལྟར་འདིར་བཤད་དེ། །ལྷས་བྱིན་གྱི་འཆི་ཁའི་སེམས་ནི་སེམས་གཞན་དང་ཉིང་
མཚམས་སྦྱོར་བ་མེད་དེ། འཆི་ཁའི་སེམས་ཡིན་པའི་ཕྱིར་དཔེར་ན་དགྲ་བཅོམ་པའི་འཆི་ཁའི་སེམས་བཞིན་ནོ་ཞེས་ཟེར་བའི་གཏན་ཚིགས་དེ་མ་ངེས་པ་ཉིད་དུ་སྟོན་ཏེ། འདི་ན་སྲིད་པ་སྔ་མའི་འཆི་ཁའི་སེམས་ཀྱང་སྲིད་པ་འདིར་སྐྱེ་བའི་སེམས་གཞན་དང་ཉིང་མཚམས་སྦྱོར་བ་མཐོང་བས། དེས་ན་རེ་ཞིག་འཆི་
ཁའི་སེམས་ཡིན་པའི་ཕྱིར་དཔེར་ན་དགྲ་བཅོམ་པའི་འཆི་ཁའི་སེམས་བཞིན་དུ་ཉིང་མཚམས་སྦྱོར་བ་མེད་པ་ཡིན་ནམ། འོན་ཏེ་འཆི་ཁའི་སེམས་ཡིན་པའི་ཕྱིར་སྲིད་པ་སྔ་མའི་འཆི་ཁའི་སེམས་བཞིན་དུ་ཉིང་མཚམས་སྦྱོར་བ་ཡོད་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་ཕ་རོལ་པོའི་གཏན་ཚིགས་མ་
ངེས་པ་ཉིད་ཀྱི་སྐྱོན་ཡོད་དོ། །གལ་ཏེ་དེ་ཡང་ཕྱོགས་སུ་བྱས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་ན་རེ་ཁོ་བོ་ཅག་འཇིག་རྟེན་ཕ་རོལ་མེད་པར་སྨྲ་བ་དག་གིས། སྲིད་པ་སྔ་མའི་འཆི་ཁའི་སེམས་དེ་སེམས་གཞན་དང་ཉིང་མཚམས་སྦྱོར་བ་མེད་པ་དེ་ཡང་ཕྱོགས་སུ་བྱས་པའི་ཕྱིར། མི་མཐུན་
པའི་ཕྱོགས་མེད་པས་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པའི་ཕྱོགས་ལ། སྲིད་པ་སྔ་མའི་འཆི་ཁའི་སེམས་མ་གྲུབ་པས་དེའི་ཕྱོགས་སུ་བྱ་བ་མི་འཐད་དོ་ཞེས་བྱ་བ་སྨྲས་
ཏེ། འཇིག་རྟེན་རྒྱང་པན་པའི་ཕྱོགས་ལ་སྲིད་པ་སྔ་ཕྱི་མེད་པའི་ཕྱིར། སྲིད་པ་སྔ་མའི་འཆི་ཁའི་སེམས་མ་གྲུབ་པས། དེའི་ཕྱོགས་སུ་བྱ་བ་མི་འཐད་དེ། གཞི་མ་གྲུབ་པའི་ཕྱིར་རོ། །བརྟག་པ་འཕྲོས་པས་ཆོག་གོ་ཞེས་བྱ་བས་ནི། སྐབས་གོང་མ་དག་གིས་མཇུག་བསྡུ་བ་བསྟན་ཏོ།། །།