Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 100

Văn bản gốc(Tây Tạng)

Trang 22 / 23 (50.000 ký tự/trang)
ཞེས་བརྗོད་པ་ཁྱད་པར་ཅན་གྱིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་དེ་ལ་ཟས་དང་ཕྲད་པ་ཡོད་པ་ཉིད་ཡིན་པ་དེ་བཞིན་དུ་ཕྲད་པ་དེ་དང་ལྡན་པའི་ཕྲད་པ་
པོ་ཡང་ཕྲད་པ་པོ་ཡིན་ནོ་ཞེས་བརྗོད་པ་ཁྱད་པར་ཅན་གྱིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་དེ་ལ་ཡང་ཕྲད་པ་ཡོད་པ་ཉིད་ཡིན་པས་ཕྲད་པ་པོ་བརྗོད་པ་ཁྱད་པར་ཅན་གྱིས་བརྗོད་པར་བྱ་བའི་ཕྲད་པ་པོ་དེ་ཡང་ཡོད་དེ་དེས་ནི་ཕྲད་པ་པོ་ཡོད་པའི་སྒོ་ནས་ཕྲད་པ་ཡོད་པར་སྒྲུབ་པོ། །དེའི་ཕྱིར་ཕྲད་པ་ཡོད་པ་ཉིད་
དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་གསུམ་ཆར་གྱི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་ཕྱིར་བཤད་པ། ཕྲད་བཞིན་པ་དང་ཕྲད་པ་དང་། །ཕྲད་པ་པོ་ཡང་ཡོད་མ་ཡིན། །སྒྲུབ་པ་ཅི་སྐད་བསྟན་པས་གཞན་
ཉིད་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་སྔ་མ་བཞིན་དུ་གཞན་ཉིད་མི་འཐད་པས་ཕྲད་པ་བཞིན་པ་དང་ཕྲད་ཟིན་པ་དང་ཕྲད་པ་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྒྲུབ་པ་སྨྲས་
པའི་སྐྱོན་བརྗོད་པས་ཕྲད་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཕྲད་པ་བརྟག་པའི་རབ་ཏུ་བྱེད་པ་བཅུ་བཞི་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་ལྟ་བ་ནི་ཕ་རོལ་པོས་སྔར་རབ་ཏུ་བྱེད་པ་འདིའི་དང་པོར་དངོས་པོ་རྣམས་
དོན་དམ་པར་ཡོད་པར་སྒྲུབ་པའི་ཕྱོགས་སྔ་མ་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་ཤེས་པར་བྱ་སྟེ། དེ་དག་ལ་བརྟེན་ནས་ཕྲད་པ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པ་སྨྲས་པའི་སྐྱོན་བརྗོད་པས་ཕྲད་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །ཕྲད་པ་ངོ་བོ་ཉིད་མེད་པ་ཉིད་
དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་

ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་ཕྲད་པའམ་འབྲལ་བ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་ཕྲད་པའམ་འབྲལ་བ་མེད་དོ། །གཟུགས་དང་། ཚོར་
བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་ཕྲད་པའམ་འབྲལ་བ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཡིད་ཆེས་པའི་ལུང་དེ་དག་ལ་སོགས་པ་གྲུབ་པ་ནི་ཕྲད་པ་
ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ཏེ། དེའི་ཕྱིར་ཁོ་བོས་རང་གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱིས་བསྒྲུབས་པ་མ་ཡིན་ཏེ། ལུང་དེ་དག་ཀྱང་ཡོད་དོ། །གང་གི་ཕྱིར་དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་ཕྲད་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་
པ་དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་། འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་ཕྲད་པ་བརྟག་
པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པ་རྒྱ་ཆེར་འགྲེལ་པ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།བམ་པོ་ལྔ་བཅུ་གསུམ་པ། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་
ཆད་པ་མེད་པ་དང་རྟག་པ་མེད་པ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅོ་ལྔ་པ་བརྩམ་མོ་ཞེས་བྱ་བ་ལ་དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །
དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ། དངོས་པོ་ཐམས་ཅད་སྐྱེ་བ་མེད་

པར་དམ་བཅས་པ་མཛད་པས། འདིར་ཡང་སྔར་བསྟན་བཅོས་མཛད་པས་ཅི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་སྔ་མའི་སྐབས་སུ་བསྟན་པའི་ལུགས་བཞིན་དུའོ། །སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་
པའི་ཕྱོགས་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས། ཁྱེད་དངོས་པོ་རྣམས་ངོ་བོ་ཉིད་མེད་དོ་ཞེས་སྨྲ་བའི་
དམ་བཅས་པ་ལ་རང་གི་ཚིག་དང་འགལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་ལ་སོགས་པ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས་བདག་གི་དངོས་པོ་དང་། གཞན་གྱི་དངོས་པོ་དང་། དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་དག་ཡོད་པར་གཞུང་འཛུགས་པ་ཡིན་ནོ། །དེ་དགག་པས་
ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཅོ་ལྔ་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཆད་པ་མེད་པ་དང་རྟག་པ་མེད་པ་བསྟན་པའི་དོན་གྱི་དབང་
གིས་རབ་ཏུ་བྱེད་པ་བཅོ་ལྔ་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་དང་དངོས་པོ་མེད་པ་བརྟག་པའི་རབ་ཏུ་བྱེད་པ་བཅོ་ལྔ་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བདག་གི་དངོས་པོ་སྟོང་པ་ཉིད་དང་། གཞན་གྱི་དངོས་པོ་སྟོང་པ་ཉིད་དང་། དངོས་པོ་སྟོང་པ་ཉིད་
དང་། དངོས་པོ་མེད་པ་སྟོང་པ་ཉིད་ཅེས་གསུངས་པའི་དོན་རྣམ་པར་བཤད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཆད་པ་མེད་པ་དང་། རྟག་པ་མེད་པའི་ཁྱད་པར་དང་ལྡན་པ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ནི་
འབྲས་བུ་དེ་འཐོབ་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཆད་པ་མེད་པ་དང་། རྟག་པ་མེད་པའི་ཁྱད་པར་དང་ལྡན་པ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་

མཚམས་སྦྱར་བའི་སྐབས་འདིར་ཡང་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅི་ལྟར་བདག་གི་དངོས་པོ་དང་། གཞན་གྱི་དངོས་པོ་དང་། དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་དགག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཆད་པ་
མེད་པ་དང་། རྟག་པ་མེད་པའི་ཁྱད་པར་དང་ལྡན་པ་ཉིད་བསྟན་པར་བྱ་ཞེ་ན། གང་གི་ཕྱིར་བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་དག་ལ་ཡོད་པ་ཉིད་ཀྱི་མཚན་ཉིད་པས་དངོས་པོ་དེ་དག་མ་སྐྱེས་པའི་ཕྱིར་རྟག་པ་མེད་ལ། མ་སྐྱེས་པ་ལ་འཇིག་པ་མེད་པའི་ཕྱིར་ཆད་པ་མེད་པས་དེའི་ཕྱིར་དེ་ལྟར་བདག་
གི་དངོས་པོ་དང་། གཞན་གྱི་དངོས་པོ་དང་། དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་དགག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཆད་པ་མེད་པ་དང་། རྟག་པ་མེད་པའི་ཁྱད་པར་དང་ལྡན་པ་ཉིད་གྲུབ་པོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་འདིར་སྨྲས་
པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རང་གི་སྡེ་པ་ལ་སོགས་པ་དག་དེ་ལྟར་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་ཤེས་པར་བྱ་སྟེ། དེ་དག་ལ་བརྟེན་ནས་ཕྲད་པ་བསྟན་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་སུན་ཕྱུང་བ་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ཀྱང་དེ་དག་ལ་མངོན་
པར་ཞེན་པ་ཁ་ཅིག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་ཁྱེད་དངོས་པོ་རྣམས་ངོ་བོ་ཉིད་མེད་དོ་ཞེས་སྨྲ་བའི་དམ་བཅས་པ་ལ་རང་གི་ཚིག་དང་འགལ་བའི་སྐྱོན་ཡོད་དེ། དེ་ཉིད་ཀྱིས་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་དཔེར་ན་སྨྲས་པ་ཐམས་ཅད་
བརྫུན་ནོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དྲང་སྲོང་བྷ་ར་ཏས་རང་གི་ཚིག་འབའ་ཞིག་བདེན་གྱི་གཞན་གྱིས་སྨྲས་པ་ཐམས་ཅད་བརྫུན་པར་སྒྲུབ་པའི་ཕྱིར་སྨྲས་པ་
ཐམས་ཅད་བརྫུན་ནོ་ཞེས་སྨྲས་པ་དེ་ཉིད་ཀྱིས་རང་གི་ཚིག་བདེན་པར་སྒྲུབ་པའི་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་རང་གི་ཚིག་དང་འགལ་བའི་སྐྱོན་ཡོད་དོ། །སྨྲས་པ་ཐམས་ཅད་ཅེས་བྱ་བའི་ནང་དུ་རང་གིས་སྨྲས་པ་ཡང་འདུས་པས་དེས་ན་རང་གི་ཚིག་ཀྱང་བརྫུན་པར་འགྱུར་བ་དེ་བཞིན་དུ་ཁྱེད་དབུ་

མ་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་དོ་ཞེས་སྨྲས་པའི་ཚིག་གིས་ཀྱང་། དངོས་པོ་རྣམས་ཞེས་བྱ་བ་དེ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་རང་གི་ཚིག་དང་འགལ་བའི་སྐྱོན་ཡོད་དོ། །འདིར་ཡང་གལ་ཏེ་ངོ་བོ་ཉིད་མེད་པ་ཡིན་ན་ནི་ཅི་ལྟར་དངོས་པོ་ཡིན། ཅི་སྟེ་དངོས་
པོ་ཡིན་ན་ནི་ངོ་བོ་ཉིད་མེད་པ་མ་ཡིན་པས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། དངོས་པོ་ཞེས་བྱ་བ་དང་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནི་དགག་པ་མི་མཐུན་པ་ཡིན་པས་ཁྱེད་ཀྱིས་དངོས་པོ་ཞེས་སྨྲས་པ་དེ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཞེས་བྱ་བའི་དོན་དེ་ལ་སྐུར་པ་བཏབ་པ་ཡིན་ནོ། །དམ་བཅས་པ་ལ་
དེ་ཉིད་ཀྱིས་དོན་དེ་ལ་སྐུར་པ་བཏབ་པའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དངོས་པོ་ཞེས་སྨྲས་པ་དེ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཞེས་བྱ་བའི་དོན་དེ་ལ་སྐུར་པ་བཏབ་པའི་ཕྱིར་ཁྱེད་ཀྱིས་དམ་བཅས་པ་ལ་རང་གི་ཚིག་དང་འགལ་བའི་སྐྱོན་ཡོད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་
དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕ་རོལ་པོ་ལ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྒྲུབ་པའི་དཔེ་མེད་པའི་ཕྱིར་དང་། དབུ་མ་པས་དམ་བཅས་པ་ལ་སྐུར་པ་མ་བཏབ་པའི་ཕྱིར་དང་། ཐ་སྙད་ཀྱི་དངོས་པོ་མ་བཀག་པའི་ཕྱིར་དང་། དངོས་
པོ་ངོ་བོ་ཉིད་མེད་པའི་ལན་བཏབ་ཟིན་པའི་ཕྱིར་ཁོ་བོའི་སྒྲུབ་པ་འདི་ལ་སྐྱོན་མེད་དོ་ཞེས་སྟོན་ཏོ། །དེ་ལ་ཕ་རོལ་པོ་ལ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྒྲུབ་པའི་དཔེ་མེད་པར་བསྟན་པའི་ཕྱིར་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཡིན་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་རྗེས་སུ་
འགྲོ་བ་མེད་པའི་ཕྱིར་འདི་ལ་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་སོ། །དབུ་མ་པས་དམ་བཅས་པ་ལ་སྐུར་པ་མ་བཏབ་པར་བསྟན་པའི་ཕྱིར། དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་ཁས་བླངས་ནས་ངོ་བོ་ཉིད་མེད་པ་ཉིད་དུ་དམ་བཅས་པའི་ཕྱིར་དེས་ན་དམ་བཅས་པའི་དོན་ལ་སྐུར་པ་མ་བཏབ་པས་
གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་པས་འདི་ལ་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་སོ། །དབུ་མ་པས་ཐ་སྙད་ཀྱི་དངོས་པོ་མ་བཀག་པར་བསྟན་པའི་ཕྱིར། ཐ་སྙད་དུ་ཡང་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་སྒྱུ་མའི་ངོ་བོ་ཉིད་བཞིན་དུ་དམ་བཅས་པ་ལ་དེ་བཞིན་དུ་སྐུར་པ་མ་བཏབ་པའི་ཕྱིར་འདི་ལ་སྐྱོན་མེད་

དོ་ཞེས་བྱ་བ་སྨྲས་སོ། །དབུ་མ་པས་དངོས་པོ་ངོ་བོ་ཉིད་མེད་པའི་ལན་བཏབ་ཟིན་པར་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྐྱེ་བ་མེད་དོ་ཞེས་བྱ་བས་ལན་བཏབ་ཟིན་པའི་ཕྱིར་འདི་ལ་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་སོ། །མཁས་པར་རློམ་པ་གཞན་དག་གཞན་དུ་ཕྱིར་ཟློག་པར་
བྱེད་དེ། །དེ་དག་ངོ་བོ་ཉིད་གང་གིས་ངོ་བོ་ཉིད་མེད་པ་ཉིད་དུ་འདོད་དེ། གལ་ཏེ་རང་གི་རྣམ་པར་རྟོག་པའི་བཟོས་སྦྱར་བའི་ངོ་བོ་ཉིད་སྒྲོ་བཏགས་ནས་མ་གྲུབ་པོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཅི་སྟེ་དེ་དག་རྒྱུ་དང་རྐྱེན་ལས་བྱུང་བའི་ངོ་བོ་ཉིད་གང་ཡིན་པ་དེས་ངོ་བོ་ཉིད་མེད་པ་ཉིད་དོ་ཞེ་ན་ནི་དེ་ནི་རིགས་པ་མ་ཡིན་ཏེ།
མངོན་སུམ་དང་གྲགས་པའི་གནོད་པས་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་འདིར་རང་གི་སྡེ་པ་གང་ཟག་བདག་མེད་པའི་ཚུལ་ཙམ་ལ་མཁས་སུ་རེ་བ་དག་འདི་སྐད་ཅེས་ཁྱེད་དབུ་མ་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་འདོད་པ་དེ་གལ་ཏེ་གཞན་མུ་སྟེགས་ཅན་དག་གི་རང་གི་རྣམ་པར་རྟོག་
པའི་བཟོས་སྦྱར་བའི་གང་ཟག་ངོ་བོ་ཉིད་སྒྲོ་བཏགས་ནས་མ་གྲུབ་པོ་ཞེས་བྱ་བར་སྒྲུབ་ན་ནི་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཅི་སྟེ་ཆོས་ཀྱི་ངོ་བོ་ཉིད་རྒྱུ་དང་རྐྱེན་ལས་བྱུང་བ་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་བསྒྲུབ་ན་ནི་མངོན་སུམ་དང་གྲགས་པའི་གནོད་པས་གནོད་པར་འགྱུར་
བའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དོན་མེད་པར་རྣམ་པར་ཤེས་པ་རྣམ་པར་བརྟགས་པའི་དངོས་པོའི་གཟུགས་ལ་དམིགས་པའི་སྐྱེ་བ་ཁས་མ་བླངས་པའི་ཕྱིར་དང་། དངོས་པོ་ཡོད་པ་ཉིད་བཀག་
པའི་ཕྱིར་དང་། འཇིག་རྟེན་གྱི་ཐ་སྙད་མ་སྤངས་པའི་ཕྱིར་མངོན་སུམ་དང་གྲགས་པའི་གནོད་པ་མེད་པས་ཁོ་བོ་ཅག་གི་ཕྱོགས་ལ། གང་གིས་གང་ལ་གནོད་པ་ཡང་མེད་དོ་ཞེས་བྱ་བ་སྨྲས་ཏེ། གཞན་མུ་སྟེགས་ཅན་དག་གི་རྣམ་པར་རྟོག་པའི་བཟོས་སྦྱར་བའི་གང་ཟག་ངོ་བོ་ཉིད་སྒྲོ་བཏགས་པ་མ་
གྲུབ་པོ་ཞེས་བྱ་བར་མི་སྒྲུབ་པས་གྲུབ་པ་ལ་སྒྲུབ་པའི་སྐྱོན་གྱི་ལན་ནི་གདབ་མི་དགོས་སོ། །ཆོས་ཀྱི་ངོ་བོ་ཉིད་རྒྱུ་དང་རྐྱེན་ལས་བྱུང་བ་ངོ་བོ་ཉིད་མེད་དོ་ཞེས་བྱ་བར་སྒྲུབ་ན་མངོན་སུམ་དང་གྲགས་པའི་གནོད་པས་གནོད་པར་འགྱུར་རོ་ཞེས་ཟེར་བ་དེའི་ལན་དུ་དབུ་མ་པས་དོན་དམ་པར་རྣམ་པར་

ཤེས་པ་རྣམ་པར་བརྟགས་པོའི་དངོས་པོ་ལ་དམིགས་པའི་སྐྱེ་བ་ཡང་ཁས་མ་བླངས་ལ། དངོས་པོ་ཐམས་ཅད་ཀྱི་ཡོད་པ་ཉིད་ཀྱང་བཀག་པའི་ཕྱིར་དང་། ཀུན་རྫོབ་ཀྱི་ཐ་སྙད་དུ་དངོས་པོ་བརྗོད་པ་ཡང་མ་སྤངས་པའི་ཕྱིར་གང་གིས་གང་ལ་གནོད་པ་ཡང་མེད་དོ་ཞེས་བསྟན་ཏོ། །མངོན་སུམ་གྱི་གནོད་
པ་ཡོད་པར་རྟོག་པར་འདོད་ན་དེ་ཡང་རིགས་པ་མ་ཡིན་ཏེ། མངོན་སུམ་དུ་དམིགས་པའི་དངོས་པོ་མངོན་སུམ་དུ་ཡོད་པ་ཉིད་དུ་བསྟན་པར་བྱ་དགོས་ན་དེ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་དབུ་མ་པ་ཆོས་ཀྱི་ངོ་བོ་ཉིད་རྒྱུ་དང་རྐྱེན་ལས་བྱུང་བ་ངོ་བོ་ཉིད་མེད་དོ་ཞེས་
བྱ་བར་བསྒྲུབས་པས་འཇིག་རྟེན་གྱི་ཐ་སྙད་མ་སྤངས་པའི་ཕྱིར་གྲགས་པའི་གནོད་པ་མེད་ཀྱང་མངོན་སུམ་གྱི་གནོད་པར་འགྱུར་རོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ་དོན་དམ་པར་དངོས་པོ་མངོན་སུམ་དུ་དམིགས་པ་ཞིག་ཡོད་ན་ནི་དེ་སྐད་བྱར་ཡང་རུང་གྲང་ན། དེ་ཡང་མ་གྲུབ་པའི་ཕྱིར་མངོན་
སུམ་གྱི་གནོད་པ་ཡང་མེད་དོ། །འདིར་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་ད་ལྟར་དངོས་པོ་ངོ་བོ་ཉིད་ཡོད་པ་རྒྱུ་དང་རྐྱེན་ལས་སྐྱེ་བ་མངོན་སུམ་དུ་སྣང་བས་ངོ་བོ་ཉིད་མེད་པ་ཉིད་མ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གལ་ཏེ་དོན་
དམ་པར་དངོས་པོ་འགའ་ཞིག་རྣམ་པ་འགའ་ཞིག་གིས་ཡོད་པར་གྱུར་ན་རང་གི་བདག་ཉིད་ཀྱིས་ཡོད་པ་དེའི་སྐྱེ་བ་དོན་མེད་པར་འགྱུར་ཏེ། ངོ་བོ་ཉིད་ནི་རྒྱུ་རྐྱེན་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །ངོ་བོ་ཉིད་མེད་པར་སྨྲ་བའི་ཕྱོགས་ལ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་ཏེ།
ངོ་བོ་ཉིད་ཡོད་པར་སྨྲ་བའི་ཕྱོགས་ལ་ངོ་བོ་ཉིད་ནི་མི་འགྱུར་བ་བཅོས་མ་མ་ཡིན་པས་རྒྱུ་དང་རྐྱེན་ལས་འབྱུང་བར་མི་རིགས་སོ་ཞེས་གླགས་ཡོད་པའི་ཚིག་ཏུ་བསྟན་ཏོ། །ངོ་བོ་ཉིད་དང་འབྱུང་བའི་ཚིག་གི་དོན་བསྟན་པའི་ཕྱིར་ངོ་བོ་ཉིད་ནི་རང་གི་ངོ་བོ་སྟེ། རང་གི་བདག་ཉིད་ཅེས་བྱ་བའི་ཐ་
ཚིག་གོ། །འབྱུང་བ་ནི་སྐྱེའོ་ཞེས་བྱ་བ་སྨྲས་སོ། །ཅི་སྟེ་འབྱུང་བར་མཐོང་བས་བསྙོན་པར་མི་ནུས་སོ་ཞེ་ན་ཞེས་བྱ་བ་ནི། ཅི་སྟེ་ཕ་རོལ་པོ་དག་ན་རེ་ད་ལྟར་ཕྱི་ནང་གི་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་ལས་འབྱུང་བར་མཐོང་བས། ངོ་བོ་ཉིད་མེད་དོ་ཞེས་བསྙོན་པར་མི་ནུས་སོ་ཞེས་ཟེར་ནའོ། །དེའི་

ལན་དུ་དེ་ཡང་རྒྱུ་དང་རྐྱེན་གཞན་ལ་རག་ལས་པ་ཡིན་པས་ཞེས་བྱ་བ་སྨྲས་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བཅོས་མ་ཡིན་པས་ངོ་བོ་ཉིད་མ་ཡིན་ནོ་ཞེས་སྐབས་ཀྱི་དོན་བསྟན་ཏོ། །རྒྱུ་ཞེས་བྱ་བའི་མཚན་ཉིད་བསྟན་པའི་ཕྱིར། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །ངོ་བོ་ཉིད་ནི་
བྱས་པར་འགྱུར། །དེ་ལ་རྒྱུ་ནི་ཐུན་མོང་མ་ཡིན་པ་དང་། རང་གི་དོན་དང་དེ་མ་ཐག་པ་དང་ཆ་མཐུན་པ་སྐྱེད་པ་གཅིག་པུ་གང་ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། གང་གིས་འབྲས་བུ་དེ་ཉིད་སྐྱེད་ཀྱི་གཞན་དང་ཐུན་མོང་མ་ཡིན་པ་དང་། རྫས་ཀྱི་རྒྱུད་དེ་ཉིད་སྐྱེད་ཅིང་རང་གི་བྱེད་པ་དང་། རང་གི་ངོ་བོ་ཞིག་ས་མ་ཐག་ཏུ་
འབྲས་བུ་སྐྱེད་པས་དེ་མ་ཐག་པ་དང་འབྲས་བུ་ཆ་མཐུན་པ་སྐྱེད་པ་ཁམས་དྲུག་ལྟ་བུ་མ་ཡིན་པ་གཅིག་པུ་གང་ཡིན་པ་དེ་ནི་རྒྱུའི་མཚན་ཉིད་དོ། །རྐྱེན་གྱི་མཚན་ཉིད་བསྟན་པའི་ཕྱིར། རྐྱེན་ནི་དེ་ལས་བཟློག་པ་སྟེ། །ལྷན་ཅིག་བྱེད་པ་དག་གོ་ཞེས་བྱ་བ་སྨྲས་ཏེ། རྒྱུའི་མཚན་ཉིད་ལས་བཟློག་པའོ། །བྱས་པ་
ནི་བཅོས་མ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་ངོ་བོ་ཉིད་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིར་མི་མཐུན་པའི་ཕྱོགས་ལས་བཟློག་པས་ཕྱོགས་ཀྱི་ཆོས་མངོན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏེ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ནི་ངོ་བོ་ཉིད་ཡོད་པ་སྟེ། དེ་ལས་བཟློག་པས་ངོ་བོ་ཉིད་
མེད་པའི་ཕྱོགས་ཀྱི་ཆོས་གཏན་ཚིགས་ནི་རྒྱུ་དང་རྐྱེན་ལས་བྱུང་བ་ཡིན་པར་མངོན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེ་ཤེས་པར་བྱེད་པའི་དཔེ་བསྟན་པའི་ཕྱིར། དཔེར་ན་སྒྲ་ནི་རྟག་པ་དང་ལྡན་པ་ཡིན་ནོ། །རྟག་པ་ནི་བྱས་པ་མ་ཡིན་པའི་ཕྱིར་རོ། །རྟག་པ་ལ་ནི་བྱས་པ་ཉིད་མེད་ལ་སྒྲ་ལ་ནི་བྱས་པ་ཉིད་ཡོད་པས་
དེའི་ཕྱིར་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ། འདིར་ཡང་ངོ་བོ་ཉིད་ནི་རྒྱུ་དང་རྐྱེན་རྣམས་ལས་འབྱུང་བར་མི་རིགས་ཏེ། རྒྱུ་དང་རྐྱེན་རྣམས་ལས་བྱུང་བའི་ངོ་བོ་ཉིད་ནི་བྱས་པ་ཡིན་པར་འགྱུར་ལ། ངོ་བོ་ཉིད་ལ་ནི་བྱས་པ་ཉིད་ཡོད་པ་མ་ཡིན་ཏེ། ངོ་བོ་ཉིད་ནི་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ།
བརྡ་སྤྲོད་པ་པ་འགའ་ཞིག་གིས་སྒྲ་ནི་རྟག་གོ་ཞེས་སྨྲས་པ་ན། ལ་ལ་ཞིག་ན་རེ་སྒྲ་ནི་རྟག་པ་དང་ལྡན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྟག་པ་ནི་བྱས་པ་མ་ཡིན་པའི་ཕྱིར་ཏེ། རྟག་པ་ལ་ནི་བྱས་པ་ཉིད་མེད་ལ། སྒྲ་ལ་ནི་བྱས་པ་ཉིད་ཡོད་པས་དེའི་ཕྱིར་སྒྲ་མི་རྟག་པའི་མི་མཐུན་པའི་ཕྱོགས་རྟག་པ་ལས་བཟློག་

པས་སྒྲ་མ་རྟག་པར་བསྒྲུབ་པའི་ཕྱོགས་ཀྱི་ཆོས་བྱས་པ་ཉིད་མངོན་པའི་ཕྱིར་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་ཟེར་བ་དེ་བཞིན་དུ་འདིར་ཡང་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ནི་ངོ་བོ་ཉིད་ཡོད་པ་སྟེ། ངོ་བོ་ཉིད་ཡོད་པ་ནི་རྒྱུ་དང་རྐྱེན་རྣམས་ལས་འབྱུང་བར་མི་རིགས་ལ་དངོས་པོ་འདི་ལ་ནི་རྒྱུ་དང་
རྐྱེན་རྣམས་ཀྱིས་བྱས་པ་ཉིད་ཡོད་པས་ངོ་བོ་ཉིད་མེད་པར་བསྒྲུབ་པའི་ཕྱོགས་ཀྱི་ཆོས་ནི་རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་པར་མངོན་ནོ་ཞེས་སྟོན་ཏོ། །དེའི་ཕྱིར་འདི་ལ་ནི་བྱས་པ་ཉིད་ཡོད་པས་འདིར་རྗེས་སུ་དཔག་པ་ནི་འདི་ལྟར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ནི་ངོ་
བོ་ཉིད་ཡོད་པ་མ་ཡིན་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་དཔེར་ན་སྒྱུ་མར་བྱས་པའི་མི་དང་ཕྱུགས་དང་རི་དགས་དང་བྱ་ལ་སོགས་པའི་རྫས་དག་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྒྱུ་མར་
བྱས་པའི་མི་ལ་སོགས་པའི་རྫས་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ངོ་བོ་ཉིད་ཡོད་པ་མ་ཡིན་པ་དེ་བཞིན་དུ་ནང་གི་སྐྱེ་མཆེད་རྣམས་ཀྱང་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ། །གང་ལ་ངོ་བོ་ཉིད་ཡོད་པ་དེ་ནི་འབྱུང་བར་མི་འགྱུར་བས་མི་མཐུན་པའི་ཕྱོགས་ལས་ལྡོག་གོ་ཞེས་བྱ་བས་
ནི་དམ་བཅས་པ་དང་གཏན་ཚིགས་སྔ་མ་དེ་མི་མཐུན་པའི་ཕྱོགས་ལས་ལྡོག་པས། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང་། མཐུན་པའི་ཕྱོགས་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་བསྟན་ཏོ། །འདིར་ཚིག་གི་དོན་ལ་རྟོགས་པ་སུན་འབྱིན་པར་འདོད་པ་
ཁ་ཅིག་གིས་སྨྲས་པ། སྒྱུ་མ་ནི་གསང་སྔགས་དང་སྨན་ཡོངས་སུ་བཟུང་བའི་དབང་གིས་འཇིམ་པ་དང་ས་དང་རྩྭ་དང་འབྲས་བུ་དང་ལོ་མ་ལ་སོགས་པ་ཡོད་པ་ཉིད་ལས་གླང་པོ་ཆེ་ལ་སོགས་པའི་གཟུགས་སུ་སྣང་བའི་ཕྱིར་དཔེ་བསྒྲུབ་པར་བྱ་བ་ཆོས་དང་མི་མཐུན་པའི་སྐྱོན་ཡོད་དོ་ཞེས་བྱ་བ་
ནི་ཕ་རོལ་པོ་དངོས་པོ་རྒྱུ་དང་རྐྱེན་ལས་བྱུང་བ་ངོ་བོ་ཉིད་མེད་པར་བསྒྲུབ་པའི་ཚིག་གི་དོན་མ་རྟོགས་པ་དབུ་མ་པ་སུན་འབྱིན་པར་འདོད་པ་ཁ་ཅིག་སྔར་དབུ་མ་པས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ནི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་དཔེར་ན་སྒྱུ་མར་བྱས་པའི་མི་དང་

ཕྱུགས་དང་རི་དྭགས་དང་བྱ་ལ་སོགས་པའི་རྫས་དག་བཞིན་ནོ་ཞེས་སྨྲས་པའི་དཔེ་སུན་འབྱིན་པའི་ཚིག་ཡིན་ཏེ། དེ་དག་ན་རེ་སྒྱུ་མ་ནི་གླང་པོ་ཆེ་ལ་སོགས་པའི་ངོ་བོ་ཉིད་དུ་མེད་ཀྱང་སྒྱུ་མའི་ཡོ་བྱད་རྩྭ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པའི་ཕྱིར་ཁྱེད་དབུ་མ་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་
པར་སྒྲུབ་པའི་དཔེ་སྒྱུ་མ་ལས་བླངས་པ་དེ་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པའི་སྐྱོན་ཡོད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། གླང་པོ་ཆེར་སྣང་བ་ལ་གླང་པོ་ཆེའི་ངོ་བོ་ཉིད་མེད་པ་ཉིད་དཔེ་ཉིད་དུ་འདོད་ཀྱི། རྩྭ་ལ་སོགས་པ་
དག་མི་འདོད་པའི་ཕྱིར་དང་། དེ་དག་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། དེ་དག་གི་སྐྱེ་བ་བཀག་པའི་ཕྱིར་དང་ས་ལ་སོགས་པ་དག་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་སྒྲུབ་པའི་གླང་པོ་ཆེར་སྣང་བ་ལ་གླང་པོ་ཆེའི་ངོ་བོ་ཉིད་མེད་པ་ཉིད་དཔེ་ཉིད་དུ་འདོད་ཀྱི་རྩྭ་ལ་སོགས་པ་
དངོས་པོ་ཡོད་པ་དག་དཔེ་ཉིད་དུ་མི་འདོད་པའི་ཕྱིར་ཁོ་བོའི་དཔེ་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པ་མ་ཡིན་ནོ། །སྒྱུ་མའི་ཡོ་བྱད་རྩྭ་ལ་སོགས་པ་དེ་དག་གི་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། དེ་དག་གི་སྐྱེ་བ་བཀག་པའི་ཕྱིར་དང་ས་ལ་སོགས་པ་དག་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་རོ། །གཞན་དག་
གིས་སྨྲས་པ་ཞེས་བྱ་བས་ནི་ཕ་རོལ་པོ་གཞན་དག་སྔར་དབུ་མ་པས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། རྒྱུ་དང་རྐྱེན་རྣམས་ལས་བྱུང་བའི་ཕྱིར་དཔེར་ན་སྒྱུ་མར་བྱས་པའི་མི་དང་ཕྱུགས་དང་རི་དགས་དང་བྱ་ལ་སོགས་པའི་རྫས་དག་བཞིན་ནོ་ཞེས་སྨྲས་པའི་གཏན་ཚིགས་དེའི་དོན་
འགལ་བ་ཉིད་དང་མ་ངེས་པ་ཉིད་དང་མ་གྲུབ་པ་ཉིད་དུ་སུན་འབྱིན་པ་སྟོན་ཏོ། །དེ་ལ་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དུ་སུན་འབྱིན་པ་བསྟན་པའི་ཕྱིར་ཅི་ཙམ་དུ་གང་དག་རྒྱུ་དང་རྐྱེན་ལས་བྱུང་བ་དག་ཐམས་ཅད་དངོས་པོའི་ངོ་བོ་ཉིད་ཡིན་པས་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་
ཏེ། འཇིག་རྟེན་ན་ཅི་ཙམ་དུ་དངོས་པོ་གང་དག་རྒྱུ་དང་རྐྱེན་ལས་བྱུང་བ་དེ་དག་ཐམས་ཅད་ངོ་བོ་ཉིད་ཡོད་པར་མཐོང་བས་དེས་ན་ཁྱེད་དབུ་མ་པས་ནང་གི་སྐྱེ་མཆེད་རྣམས་ནི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་དེའི་དོན་འགལ་བ་ཉིད་ཡིན་ནོ། །གཏན་

ཚིགས་ཀྱི་དོན་མ་ངེས་པ་ཉིད་དུ་སུན་འབྱིན་པ་བསྟན་པའི་ཕྱིར་མ་ངེས་པ་ཉིད་ཀྱང་ཡིན་ཏེ། སྒྱུ་མ་ལ་སོགས་པ་ཁ་ཅིག་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྒྱུ་མ་དང་སྒྱུ་མའི་ཡོ་བྱད་དག་དང་རྒྱུ་རྐྱེན་ལས་བྱུང་བས་འདྲ་ཡང་སྒྱུ་མ་ནི་ངོ་བོ་ཉིད་
མེད་པའི་མཐུན་པའི་ཕྱོགས་ལ་ཡོད་ལ་སྒྱུ་མའི་ཡོ་བྱད་དག་ནི་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པའི་ཕྱིར་དེས་ན་ཅི་རེ་ཞིག་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་པར་འགྱུར་རམ་འོན་ཏེ་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་སྒྱུ་མའི་ཡོ་བྱད་དག་བཞིན་དུ་ངོ་བོ་ཉིད་ཡོད་
པར་འགྱུར་བ་མ་ངེས་པའི་ཕྱིར་རོ། །གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་སུན་འབྱིན་པ་བསྟན་པའི་ཕྱིར་མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱང་ཡིན་ཏེ། ནམ་མཁའ་ལ་སོགས་པ་འདུས་མ་བྱས་དག་རྒྱུ་དང་རྐྱེན་ལས་མ་བྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ།
ཁྱེད་དབུ་མ་པས་ནི་ངོ་བོ་ཉིད་མེད་པའི་མཐུན་པའི་ཕྱོགས་ཕྱི་ནང་གི་སྐྱེ་མཆེད་ལ་སོགས་པ་འདུས་བྱས་དང་། ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པ་ཉིད་དུ་དམ་འཆའ་བ་ཡིན་པ་ལས་དེའི་གཏན་ཚིགས་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་དེ་ཕྱི་ནང་གི་སྐྱེ་མཆེད་ལ་
སོགས་པ་འདུས་བྱས་རྣམས་ལ་ཡོད་ཀྱང་། ནམ་མཁའ་ལ་སོགས་པ་འདུས་མ་བྱས་པ་དག་ལ་མེད་པའི་ཕྱིར་མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱང་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་
བཟང་པོ་མ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་སྒྱུ་མ་དང་། རྨི་ལམ་དང་། སྨིག་རྒྱུ་ལྟ་བུ་དག་རྒྱུ་དང་རྐྱེན་གྱིས་བྱས་སུ་ཟིན་ཀྱང་གཞན་ལ་མེད་པའི་ཕྱིར་ངོ་བོ་ཉིད་ཅེས་བརྗོད་དེ། དཔེར་ན་མེའི་ཚ་བ་ཉིད་བཞིན་པས་དེའི་ཕྱིར་ངོ་བོ་ཉིད་ཅེས་བྱ་བ་དེ་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ།
དེས་ནི་དབུ་མ་པའི་གཏན་ཚིགས་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་དེའི་དོན་འགལ་བ་ཉིད་དང་མ་ངེས་པ་ཉིད་དང་མ་གྲུབ་པ་ཉིད་མ་ཡིན་པར་སྟོན་ཏོ། །འདི་སྐད་བསྟན་ཏེ་དངོས་པོའི་ངོ་བོ་ཉིད་སྒྱུ་མ་ལ་སོགས་པ་ལྟ་བུ་དག་རྒྱུ་དང་རྐྱེན་ལས་བྱུང་བ་ནི་ངོ་བོ་ཉིད་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་

ཐ་སྙད་དུ་རིགས་མི་མཐུན་པའི་རྒྱུ་དང་རྐྱེན་ལས་བྱུང་བའི་དངོས་པོ་གཞན་ལ་དེའི་ངོ་བོ་ཉིད་མེད་ཀྱི། རིགས་མཐུན་པའི་རྒྱུ་དང་རྐྱེན་ལས་བྱུང་བའི་རང་གི་དངོས་པོ་ལ་དེའི་ངོ་བོ་ཉིད་སྒྱུ་མ་ཙམ་དུ་ཡོད་པའི་ཕྱིར་ངོ་བོ་ཉིད་ཅེས་བརྗོད་དེ། དཔེར་ན་མེ་རྒྱུ་དང་རྐྱེན་ལས་བྱུང་བ་ལ་ངོ་བོ་ཉིད་ཡོད་པ་མ་ཡིན་
མོད་ཀྱི། ཆུ་ལ་སོགས་པ་རིགས་མི་མཐུན་པ་གཞན་ལ་མེའི་ངོ་བོ་ཉིད་མེད་ཀྱི་མེ་ཉིད་ཀྱི་རང་གི་དངོས་པོ་ལ་མེའི་ངོ་བོ་ཉིད་ཡོད་པའི་ཕྱིར། མེའི་ངོ་བོ་ཉིད་ཅེས་བརྗོད་པ་བཞིན་པས་དེའི་ཕྱིར་དངོས་པོ་རྒྱུ་དང་རྐྱེན་ལས་བྱུང་བའི་ངོ་བོ་ཉིད་ཅེས་བྱ་བ་དེ་ནི་ཐ་སྙད་པ་ཡིན་གྱི། དོན་དམ་པ་པ་མ་ཡིན་པས་
ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ལ་སོགས་པའི་སྐྱོན་མེད་དོ། །དོན་དམ་པར་ནི། ངོ་བོ་ཉིད་ནི་བྱས་པ་ཞེས། །ཅི་ལྟ་བུར་ན་རུང་བར་འགྱུར། །བྱས་པ་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་ན་རེ་ངོ་བོ་ཉིད་ནི་བྱས་པ་
ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་སྣམ་བུའི་དངོས་པོ་སྔོན་མ་བྱུང་བ་ཕྱིས་བྱེད་པ་དང་འདྲ་བའི་ཕྱིར་རོ་ཞེས་ཟེར་ན་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཡིན་ན། དེ་རྒྱུ་དང་རྐྱེན་གྱིས་བྱས་པ་ཞེས་བྱ་བར་ཅི་ལྟར་རུང་བར་འགྱུར་ཏེ། བྱས་པ་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་མདོ་
མཛད་པས་དགོངས་པས་གང་གི་ཚེ་དོན་དེ་དག་དགག་པ་མི་མཐུན་པ་ཡིན་ཏེ། གལ་ཏེ་ངོ་བོ་ཉིད་ཡིན་ན་ནི་བྱས་པ་མ་ཡིན་ལ། ཅི་སྟེ་བྱས་པ་ཡིན་ན་ནི་ངོ་བོ་ཉིད་མ་ཡིན་པ་དེའི་ཚེ་ངོ་བོ་ཉིད་ཀྱང་ཡིན་ལ་བྱས་པ་ཡང་ཡིན་ནོ་ཞེས་སེམས་པ་དང་བཅས་པ་སུ་ཞིག་དེ་ལྟར་འཛིན་པར་འགྱུར་ཏེ། དེའི་ཕྱིར་དངོས་པོ་
རྒྱུ་དང་རྐྱེན་ལས་བྱུང་བ་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཡིན་ནོ། །དེ་ལྟ་བས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དང་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར། དངོས་པོ་རྒྱུ་དང་རྐྱེན་ལས་བྱུང་བ་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་པས་མི་མཐུན་པའི་
ཕྱོགས་མེད་པའི་ཕྱིར་དབུ་མ་པའི་གཏན་ཚིགས་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་དེའི་དོན་འགལ་བ་ཉིད་དང་མ་ངེས་པ་ཉིད་མ་ཡིན་ནོ། །མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་པ་ཡང་མ་ཡིན་ཏེ། ཐ་སྙད་དུ་ཡང་ནམ་མཁའ་ལ་སོགས་པ་མ་སྐྱེས་པ་དག་ནི་རི་བོང་གི་རྭ་

བཞིན་དུ་ཡོད་པ་ཉིད་དུ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་ན་རེ་མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱང་ཡིན་ཏེ། ནམ་མཁའ་ལ་སོགས་པ་འདུས་མ་བྱས་དག་རྒྱུ་དང་རྐྱེན་ལས་མ་བྱུང་བའི་ཕྱིར་རོ་ཞེས་ཟེར་བའི་ལན་སྟོན་ཏོ། །དབུ་མ་པའི་གཏན་
ཚིགས་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་དེ་མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་པ་ཡང་མ་ཡིན་ཏེ། ཅི་ལྟར་ཞེ་ན། ནང་གི་སྐྱེ་མཆེད་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ངོ་བོ་ཉིད་ཡོད་པ་མ་ཡིན་པ་དག་གི་མཐུན་པའི་ཕྱོགས་ཕྱི་རོལ་གྱི་སྐྱེ་མཆེད་ལ་སོགས་པ་དངོས་པོ་ཐ་སྙད་དུ་སྒྱུ་མའི་རྫས་བཞིན་དུ་
ཡོད་པ་ཐམས་ཅད་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ངོ་བོ་ཉིད་ཡོད་པ་མ་ཡིན་པས་དེ་དག་ལ་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་ཁྱབ་པའི་ཕྱིར་དོན་མ་གྲུབ་པ་མ་ཡིན་ནོ། །ནམ་མཁའ་ལ་སོགས་པ་འདུས་མ་བྱས་མ་སྐྱེས་པ་དག་ནི་ཐ་སྙད་དུ་ཡང་རི་བོང་གི་རྭ་བཞིན་དུ་ཡོད་
པར་ཁས་མ་བླངས་པའི་ཕྱིར་དེ་དག་ལ་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་ཡང་སྦྱར་མི་དགོས་པས། དེ་དག་ལ་གཏན་ཚིགས་དེས་མ་ཁྱབ་ཏུ་ཟིན་ཀྱང་ངོ་བོ་ཉིད་མེད་པ་ཉིད་དུ་འགྲུབ་པས་དོན་མ་གྲུབ་པ་ཉིད་མ་ཡིན་ནོ། །མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་ཏུ་ཟིན་ཀྱང་
བསྒྲུབ་པར་བྱ་བ་ལ་འཁྲུལ་པ་མེད་པས་བརྩལ་མ་ཐག་ཏུ་འབྱུང་བ་བཞིན་དུ་དེ་ཡང་གཏན་ཚིགས་ཡིན་པའི་ཕྱིར་དང་དུས་གཅིག་ཏུ་ཕྱོགས་སུ་མ་བྱས་པའི་ཕྱིར་དང་འདུས་མ་བྱས་ཀྱི་དངོས་པོ་ཕྱོགས་སུ་མ་བྱས་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་ནི་དབུ་མ་པའི་གཏན་ཚིགས་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་
ཞེས་བྱ་བ་དེ། ནམ་མཁའ་ལ་སོགས་པ་འདུས་མ་བྱས་པ་དག་རྒྱུ་དང་རྐྱེན་ལས་མ་བྱུང་བའི་ཕྱིར་མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་ཏུ་ཟིན་ཀྱང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་པར་སྟོན་ཏེ། ཅི་ལྟར་ཞེ་ན། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ཡོད་པ་མ་ཡིན་པར་བསྒྲུབ་
པའི་གཏན་ཚིགས་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་དེ། ནམ་མཁའ་ལ་སོགས་པ་འདུས་མ་བྱས་དག་ལ་མ་ཁྱབ་ཏུ་ཟིན་ཀྱང་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ཡོད་པ་མ་ཡིན་པས་བསྒྲུབ་པར་བྱ་བ་ལ་འཁྲུལ་པ་མེད་པས་དེ་ཡང་གཏན་ཚིགས་ཡིན་ཏེ་དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པའི་གཏན་

ཚིགས་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་ཞེས་བྱ་བ་དེ་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དག་ལ་མ་ཁྱབ་ཏུ་ཟིན་ཀྱང་སྒྲ་མི་རྟག་པར་བསྒྲུབ་པར་བྱ་བ་ལ་འཁྲུལ་པ་མེད་པས་དེ་ཡང་གཏན་ཚིགས་ཡིན་པའི་ཕྱིར་སྐྱོན་མེད་པ་བཞིན་ནོ། །གཞན་ཡང་ཁོ་བོས་ནང་གི་སྐྱེ་མཆེད་རྣམས་
དང་ཕྱིའི་སྐྱེ་མཆེད་རྣམས་དུས་གཅིག་ཏུ་ཕྱོགས་སུ་མ་བྱས་པའི་ཕྱིར་ཁོ་བོས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ཡོད་པ་མ་ཡིན་པར་བསྒྲུབ་པའི་གཏན་ཚིགས་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་དེའི་ཕྱི་རོལ་གྱི་སྐྱེ་མཆེད་ལ་སོགས་པ་མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་ཏུ་ཟིན་
ཀྱང་གཏན་ཚིགས་སུ་རུང་བས་དོན་མ་གྲུབ་པ་ཉིད་མ་ཡིན་པའི་ཕྱིར་སྐྱོན་མེད་དོ། །གཞན་ཡང་ཁོ་བོས་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཀྱི་དངོས་པོ་ཕྱོགས་སུ་མ་བྱས་པའི་ཕྱིར་ཁོ་བོས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ཡོད་པ་མ་ཡིན་པར་བསྒྲུབ་པའི་གཏན་ཚིགས་རྒྱུ་དང་
རྐྱེན་ལས་བྱུང་བའི་ཕྱིར་ཞེས་བྱ་བ་དེ། ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མ་ཁྱབ་ཏུ་ཟིན་ཀྱང་གཏན་ཚིགས་སུ་རུང་བས་དོན་མ་གྲུབ་པ་ཉིད་མ་ཡིན་པའི་ཕྱིར་སྐྱོན་མེད་དོ། །ད་ནི་མི་མཐུན་པའི་ཕྱོགས་བརྟགས་ན་ཡང་དེ་ལས་བཟློག་པས་ཕྱོགས་ཀྱི་ཆོས་ཀྱི་དབང་
གིས་རྗེས་སུ་དཔག་པ་སྨྲ་བར་འདོད་ནས་བཤད་པ་ཞེས་བྱ་བས་ནི་འདིར་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ངོ་བོ་ཉིད་གཅིག་ཡོད་པར་བརྟགས་ན་ཡང་མི་མཐུན་པའི་ཕྱོགས་དེ་ལས་བཟློག་པས་ངོ་བོ་ཉིད་མེད་པར་སྒྲུབ་པའི་ཕྱོགས་ཀྱི་ཆོས་བྱས་པ་ཉིད་དང་། ལྟོས་པ་དང་བཅས་པ་ཉིད་ཅེས་བྱ་
བའི་དབང་གིས་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་རྗེས་སུ་དཔག་པ་སྨྲ་བར་འདོད་ནས་ཚིག་ལེའུར་བྱས་པའི་ཕྱེད་འདི་བཤད་དོ་ཞེས་བྱ་བར་སྦྱར་ཏེ། ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ངོ་བོ་ཉིད་ཅེས་བྱ་བ་དེ་རིགས་པ་དེ་གང་དང་ལྡན་ཞེ་ན། བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་
མེད་པ་ནི་ངོ་བོ་ཉིད་ཀྱི་རིགས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། ངོ་བོ་ཉིད་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །བཅོས་མ་མ་ཡིན་པ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་མ་བྱས་པའི་ཕྱིར་རོ། །གཞན་ལ་ལྟོས་པ་མེད་པ་ནི་བརྗོད་པ་ཁྱད་པར་ཅན་སྟེན་པ་གཞན་ལ་

ལྟོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་བསྟན་ཏོ། །ད་ནི་མི་མཐུན་པའི་ཕྱོགས་དེ་ལས་བཟློག་པས་ཕྱོགས་ཀྱི་ཆོས་བསྟན་པའི་ཕྱིར་ནང་གི་དངོས་པོ་རྣམས་ནི་དེ་ལྟར་བཅོས་མ་མ་ཡིན་པ་དང་། གཞན་ལ་ལྟོས་པ་མེད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བྱས་པ་ཉིད་དང་ལྟོས་པ་
དང་བཅས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་མི་མཐུན་པའི་ཕྱོགས་ལས་བཟློག་པས་ཕྱོགས་ཀྱི་ཆོས་ཉིད་བསྟན་ཏོ། །འདིས་ནི་དངོས་པོའི་ཆོས་བྱས་པ་ཉིད་དང་ལྟོས་པ་དང་བཅས་པ་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི། ཕྱོགས་ཀྱི་ཆོས་བསྟན་པའི་སྐབས་འདིས་ནི་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་
བསྒྲུབ་པའི་ཆོས་གཏན་ཚིགས་ནི་མ་བྱས་པ་ཉིད་དང་ལྟོས་པ་དང་བཅས་པ་ཉིད་ཡིན་པར་བསྟན་ཏོ། །དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དེ། བྱས་པའི་ཕྱིར་དང་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་སྒྱུ་མ་མཁན་གྱིས་
སྤྲུལ་པའི་མི་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་མི་ལ་སོགས་པ་ནི་བྱས་པའི་ཕྱིར་དང་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པའི་ཕྱིར་ངོ་བོ་
ཉིད་མེད་པ་དེ་བཞིན་དུ་ནང་གི་དངོས་པོ་རྣམས་ཀྱང་བྱས་པའི་ཕྱིར་དང་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །གང་ངོ་བོ་ཉིད་ཡོད་པ་དེ་ནི་དེ་ལས་བཟློག་པར་འགྱུར་རོ་ཞེས་བྱ་བས་ནི་མི་མཐུན་པའི་ཕྱོགས་བསྟན་ཏེ། གཏན་ཚིགས་འདི་ནི་མི་མཐུན་པའི་ཕྱོགས་
ལས་བཟློག་པ་ཉིད་དུ་ངེས་པར་འགྲུབ་པོ་ཞེས་བྱ་བར་སྦྱར་རོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་ཅི་ཙམ་དུ་གང་དག་བྱས་པ་ཉིད་དང་བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་དག་ཐམས་ཅད་དངོས་པོའི་ངོ་བོ་ཉིད་ཡིན་པས་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་
ཡིན་ནོ། །མ་ངེས་པ་ཉིད་ཀྱང་ཡིན་ཏེ་སྒྱུ་མ་ལ་སོགས་པ་ཁ་ཅིག་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པའི་ཕྱིར་རོ། །མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱང་ཡིན་ཏེ། ནམ་མཁའ་ལ་སོགས་པ་འདུས་མ་བྱས་དག་བྱས་པ་ཉིད་དང་

བརྗོད་པ་ཁྱད་པར་ཅན་སྟེན་པ་ཉིད་ལ་ལྟོས་པ་དང་བཅས་པ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་ན་དེ་ཡང་བཟང་པོ་མ་ཡིན་ཏེ། དངོས་པོ་ངོ་བོ་ཉིད་སྒྱུ་མ་དང་། རྨི་ལམ་དང་། སྨིག་རྒྱུ་ལྟ་བུ་དག་བྱས་པ་ཉིད་དང་ལྟོས་པ་དང་བཅས་པ་ཉིད་ཡིན་དུ་ཟིན་ཀྱང་གཞན་ལ་མེད་པའི་ཕྱིར་ངོ་བོ་ཉིད་ཅེས་བརྗོད་
དེ། དཔེར་ན་མེའི་ཚ་བ་ཉིད་བཞིན་པས་དེའི་ཕྱིར་ངོ་བོ་ཉིད་ཅེས་བྱ་བ་དེ་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་པ་མ་ཡིན་ནོ་ཞེས་རྒྱས་པར་སྔ་མ་བཞིན་དུ་ལན་བཏབ་པ་ཡིན་ནོ། །དེ་ལྟར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བདག་གི་དངོས་པོ་མེད་པ་ཞེས་གསུངས་
པའི་དོན་བསྟན་པ་ཡིན་ནོ། །ད་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་དུ་བསྒྲུབ་པར་བྱ་སྟེ། དེའི་ཕྱོགས་སྔ་མ་ཉེ་བར་གཞག་པའི་ཕྱིར་འདིར་སྨྲས་པ། དོན་དམ་པར་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཡིན་ཏེ། རང་ལས་གཞན་པའི་བརྗོད་པ་དང་བརྗོད་པར་བྱ་བ་ཁྱད་པར་ཅན་ཉིད་ཀྱི་རྒྱུ་ཡིན་པའི་
ཕྱིར་དཔེར་ན་རིང་པོ་ཐུང་ངུའི་བརྗོད་པ་དང་བརྗོད་པར་བྱ་བ་ཁྱད་པར་ཅན་གྱི་རྒྱུ་ཡིན་པ་བཞིན་ནོ། །དེ་བཞིན་དུ་རང་ལས་གཞན་པ་ལ་ཡང་འདི་ནི་གཞན་ནོ་ཞེས་བརྗོད་པ་དང་བརྗོད་པ་ཁྱད་པར་ཅན་ཉིད་ཀྱི་རྒྱུ་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཕ་རོལ་པོ་དག་གཞན་གྱི་དངོས་པོ་ཡོད་པ་ཉིད་ཀྱི་གཏན་ཚིགས་ཀྱིས་
བདག་གི་དངོས་པོའི་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པའི་རྗེས་སུ་དཔག་པ་སྟོན་ཏེ། །དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རིང་པོ་ནི་རང་ལས་གཞན་པ་ཐུང་ངུའི་བརྗོད་པ་དང་། བརྗོད་པར་
བྱ་བ་ཁྱད་པར་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་རིང་པོ་ཡོད་པ་ལ་ལྟོས་ནས་ཐུང་ངུ་ཡང་ཡོད་པ་དེ་བཞིན་དུ་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ཀྱང་རང་ལས་གཞན་པ་གཞན་གྱི་དངོས་པོའི་བརྗོད་པ་དང་བརྗོད་པར་བྱ་བ་ཁྱད་པར་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་གཞན་གྱི་དངོས་པོ་ལ་ལྟོས་ནས་བདག་གི་དངོས་པོའི་ངོ་
བོ་ཉིད་ཀྱང་ཡོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འདི་ལ་ངོ་བོ་ཉིད་མེད་པ་ཉིད་སྟོན་པའི་རྗེས་སུ་དཔག་པ་དུ་མ་བརྗོད་པས་དངོས་པོའི་ངོ་བོ་ཉིད་མེད་དོ་ཞེས་བསྟན་ཟིན་པས། ངོ་བོ་ཉིད་ནི་ཡོད་མིན་ན། །གཞན་གྱི་དངོས་པོ་ག་ལ་

ཡོད་པ་དེ་སྨྲོས་ཤིག་ཅེས་བྱ་བ་སྨྲས་ཏེ། གཞན་གྱི་དངོས་པོ་ལ་བརྟེན་ནས་ཀྱང་བདག་གི་དངོས་པོའི་ངོ་བོ་ཉིད་ཡོད་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། བདག་གི་དངོས་པོའི་ངོ་བོ་ཉིད་མི་འཐད་པ་ཉིད་དུ་སྔར་བསྟན་པས་གཞན་གྱི་དངོས་པོ་ཡང་མི་འཐད་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་ངོ་བོ་ཉིད་ནི་དེ་
ལས་གཞན་པའི་དངོས་པོ་ལ་ལྟོས་ནས་གཞན་གྱི་དངོས་པོ་ཞེས་བརྗོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བདག་གི་དངོས་པོའི་ངོ་བོ་ཉིད་རབ་ཏུ་གྲུབ་པར་གྱུར་ན་ནི་དེས་ན་དེའི་གཉེན་པོ་གཞན་གྱི་དངོས་པོ་ཡང་ཡོད་པར་འགྱུར་བ་ཞིག་ན། བདག་གི་དངོས་པོའི་ངོ་བོ་ཉིད་མི་
འཐད་དེ་ངོ་བོ་ཉིད་ཡོད་པ་མ་ཡིན་ན་གཞན་གྱི་དངོས་པོ་ག་ལ་ཡོད། དེ་ལྟར་གཞན་གྱི་དངོས་པོ་མེད་ན་དེའི་གཉེན་པོ་བདག་གི་དངོས་པོའི་ངོ་བོ་ཉིད་འཐད་པར་མི་འགྱུར་རོ། །གཞན་ཡང་ངོ་བོ་ཉིད་ཀྱང་གཞན་ལ་གཞན་གྱི་དངོས་པོ་ཡང་གཞན་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་གཞན་གྱི་དངོས་
པོའི་ངོ་བོ་ཉིད་གཞན་གྱི་དངོས་པོ་ཡིན་ཞེས་བརྗོད་ཅེས་བྱ་བ་སྨྲས་ཏེ། གཞན་གྱི་དངོས་པོའི་རང་གི་བདག་ཉིད་ཀྱི་ངོ་བོ་ཉིད་ནི་དངོས་པོ་གཞན་ལ་ལྟོས་ནས་གཞན་གྱི་དངོས་པོར་བརྗོད་པ་ཡིན་ན་ངོ་བོ་ཉིད་མེད་པའི་ཕྱིར་གཞན་གྱི་དངོས་པོ་ཡང་མ་གྲུབ་པས། དེའི་ཕྱིར་རང་ལས་གཞན་པའི་བརྗོད་པ་དང་
བརྗོད་པར་བྱ་བ་ཁྱད་པར་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་ཀྱང་ཡིན་ལ། དཔེ་ཡང་མེད་དེ་རིང་པོ་དང་ཐུང་ངུ་དག་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་གཞན་གྱི་དངོས་པོའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཞན་གྱི་དངོས་
པོ་ཞེས་བརྗོད་པ་ཡིན་པས་དེའི་ཕྱིར་གལ་ཏེ་གཞན་གྱི་དངོས་པོ་དེའི་ངོ་བོ་ཉིད་མེད་པ་དེ་ཁོ་ན་ཡིན་ན་གང་གིས་དེ་ཡོད་པར་འགྱུར། དེའི་ཕྱིར་ངོ་བོ་ཉིད་ཀྱང་གཞན་ལ་གཞན་གྱི་དངོས་པོ་ཡང་གཞན་ཞེས་བྱ་བར་མི་འཐད་དོ། །དེ་ལྟར་ན་གཉེན་པོ་ཉིད་མེད་དེ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །གཉེན་
པོ་མེད་ན་ཅི་ལྟར་གཉེན་པོ་ལ་བརྟེན་ནས་ངོ་བོ་ཉིད་འགྲུབ་པར་འགྱུར་ཏེ། དེས་ན་གཏན་ཚིགས་དང་དཔེ་མ་གྲུབ་པོ། །གཞན་དག་གིས་སྨྲས་པ། མིག་ལ་སོགས་པའི་དངོས་པོ་དག་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཡིན་ཏེ། དངོས་པོ་མ་ཡིན་པའི་ཕྱིར་དཔེར་ན་མེའི་ཚ་བ་ཉིད་བཞིན་ནོ་ཞེས་བྱ་

བ་ནི་དེ་ལྟར་བདག་གི་དངོས་པོ་དང་། གཞན་གྱི་དངོས་པོ་མ་གྲུབ་པ་དང་། འདིར་ཕ་རོལ་པོ་དག་ན་རེ་ངོ་བོ་ཉིད་མེད་པས་གཞན་གྱི་དངོས་པོ་ཡང་མེད་ལ། གཞན་གྱི་དངོས་པོ་མེད་པས་ངོ་བོ་ཉིད་མེད་པ་ཡང་བདེན་མོད་ཀྱི། འོན་ཀྱང་རེ་ཞིག་ཡོད་པ་ཉིད་གང་ཡིན་པའི་དངོས་པོ་དེ་ཉིད་ཡོད་པས་དེས་ན་
དངོས་པོ་ཡོད་དོ་ཞེས་བརྗོད་པར་ནུས་སོ་ཞེས་དངོས་པོ་ཡོད་པར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེའི་ཚ་བ་ཉིད་ནི་དངོས་པོ་ཡིན་པའི་ཕྱིར་དོན་དམ་པ་པའི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ། མིག་ལ་སོགས་པའི་
དངོས་པོ་དག་ཀྱང་དངོས་པོ་ཡིན་པའི་ཕྱིར་དོན་དམ་པ་པའི་ངོ་བོ་ཉིད་ཡོད་པ་ཉིད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། མེ་དང་བུད་ཤིང་བརྟག་པའི་སྐབས་སུ་དོན་དམ་པར་མེའི་ཚ་བ་ཉིད་བསལ་བའི་ཕྱིར་དང་། དོན་དམ་པར་ཡོད་པ་ཉིད་བཀག་པའི་
ཕྱིར་དང་། སྐྱེ་བ་བཀག་པའི་ཕྱིར་མེ་མ་གྲུབ་པས་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་དང་། དཔེ་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་མེ་མ་གྲུབ་པས་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་དང་། ཀུན་རྫོབ་ཏུ་ཡང་མིག་ལ་སོགས་པ་ཡུལ་གཟུགས་ལ་སོགས་
པ་འཛིན་ནུས་པར་བསྒྲུབ་པར་བྱ་བ་ཆོས་དེ་མེའི་དཔེ་ལ་མེད་པས་དཔེ་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པའི་སྐྱོན་ཡོད་པས་དངོས་པོ་ཡོད་པར་མ་གྲུབ་པོ། ཡང་གཞན་ཡང་། ངོ་བོ་ཉིད་དང་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །དངོས་པོ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་
གི་དོན་ཏོ་ཞེས་བྱ་བས་ནི་སྔ་མ་བརྣན་པ་སྟོན་ཏེ། གལ་ཏེ་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན་ངོ་བོ་ཉིད་དམ་གཞན་གྱི་དངོས་པོ་ཞིག་ཡིན་གྲང་སྟེ། དེའི་ཕྱིར་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་ཡོད་ན་དངོས་པོ་འགྲུབ་པར་འགྱུར་ན་གང་གི་ཚེ་ངོ་བོ་ཉིད་ཀྱང་མེད་ལ། གཞན་གྱི་དངོས་པོ་ཡང་མེད་པ་དེའི་
ཚེ་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་མ་གཏོགས་པའི་དངོས་པོ་བརྗོད་པར་བྱ་བ་མ་ཡིན་པ་རང་དང་གཞན་དུ་མ་གྱུར་པ་འབའ་ཞིག་པ་དེ་ཡོད་པར་ག་ལ་འགྱུར་བས་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་

རྣམས་ལ་བརྟེན་ཏེ་བྱུང་བའི་དངོས་པོའི་བདག་ཉིད་ནི་ངོ་བོ་ཉིད་ཅེས་བྱ། ངོ་བོ་ཉིད་ལས་གཞན་པའི་དངོས་པོ་རྒྱུ་ལ་སོགས་པ་དག་ནི་གཞན་གྱི་དངོས་པོ་ཞེས་བྱ་སྟེ། དེ་ལ། ངོ་བོ་ཉིད་དང་གཞན་དངོས་དག །ཡོད་ན་དངོས་པོ་འགྲུབ་པར་འགྱུར། །དེ་དག་ཀྱང་ཅི་ལྟར་མེད་པ་དེ་ལྟར་སྔར་སྤྱི་དང་ཁྱད་པར་
བསལ་བས་དེ་བསལ་ཟིན་པས་དེའི་ཕྱིར་དངོས་པོ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་སོ། །ད་ནི་དངོས་པོ་མེད་པ་སྟོང་པ་ཉིད་དུ་བསྟན་པར་བྱ་སྟེ། དེའི་ཕྱོགས་སྔ་མ་བསྟན་པའི་ཕྱིར་འདིར་སྨྲས་པ། གང་དག་དངོས་ཉིད་གཞན་དངོས་དང་། །དངོས་དང་
དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་ཁྱོད་ཀྱིས་འོག་ནས་སྨྲས་པ་དེ་ལ་ད་ལྟར་ཁྱོད། ངོ་བོ་ཉིད་དང་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །ཅེས་སྨྲས་པ་འདིས་གནོད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་དབུ་མ་པས་འོག་ནས་
ངོ་བོ་ཉིད་དང་། གཞན་གྱི་དངོས་པོ་དང་། དངོས་པོ་དང་། དངོས་པོ་མེད་པ་ཉིད་དུ་ལྟ་བ་འགོག་པའི་ཚིག་ལེའུར་བྱས་པ་དེ་སྐད་སྨྲས་པ་འབྱུང་བ་དེ་ལ། ད་ལྟར་ཁྱོད་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་མ་གཏོགས་པའི་དངོས་པོ་ག་ལ་ཡོད་ཅེས་དངོས་པོ་མེད་པ་ཉིད་ཡོད་པར་སྨྲ་བ་འདིས་གནོད་པར་
འགྱུར་བས་དེའི་ཕྱིར་དངོས་པོ་མེད་པ་ཡོད་དོ་ཞེས་ཟེར་རོ། །ཡང་ན་དངོས་པོ་ནི་ཡོད་པ་ཉིད་དེ་མི་མཐུན་པའི་ཕྱོགས་ཡོད་པའི་ཕྱིར་དཔེར་ན་བྱ་རོག་ཡོད་པས་འུག་པ་ཡོད་པ་བཞིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་དངོས་པོ་མེད་པ་ཉིད་ཡོད་པར་བསྒྲུབ་པའི་ཚད་མ་གཞན་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་
བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བྱ་རོག་ནི་འུག་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་བྱ་རོག་ཡོད་པས་འུག་པ་ཡོད་པ་དེ་བཞིན་དུ་དངོས་པོ་མེད་པའི་མི་མཐུན་པའི་ཕྱོགས་ཀྱང་དངོས་པོ་ཡིན་པས་དངོས་པོ་ཡོད་པའི་ཕྱིར་
དངོས་པོ་མེད་པ་ཡང་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དོན་དམ་པར་སྐྱེ་བ་བཀག་པས། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་བཀག་པས་དངོས་པོ་མེད་པ་ཞེས་བརྗོད་པའི་ཕྱིར་རོ་ཞེས་བྱ་

བ་སྨྲས་ཏེ། དངོས་པོ་ཡོད་པར་གྱུར་ན་ནི་དེ་བཀག་པས་དངོས་པོ་མེད་པ་ཞེས་བརྗོད་པའི་ཕྱིར་དངོས་པོ་མེད་པ་ཡང་འགྲུབ་པར་འགྱུར་བ་ཞིག་ན། དངོས་པོ་ཉིད་འགའ་ཡང་རབ་ཏུ་མ་གྲུབ་ན། དངོས་པོ་མེད་པར་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་ཏོ། །དངོས་པོ་མེད་པ་ཡང་མི་བརྗོད་
པས་ཁས་བླངས་པ་ལ་གནོད་པ་ཡང་མེད་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དབུ་མ་པ་དངོས་པོ་མེད་པར་ཡང་མི་བརྗོད་པས་འོག་ནས། གང་དག་དངོས་ཉིད་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་
མ་ཡིན་ནོ། །ཞེས་ཁས་བླངས་པ་ལ་གནོད་པ་ཡང་མེད་ལ་འདིར། ངོ་བོ་ཉིད་དང་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །ཅེས་སྨྲས་པས་དངོས་པོ་མ་གྲུབ་པས་དངོས་པོ་མེད་པ་ཡང་འགྲུབ་པར་མི་འགྱུར་རོ་ཞེས་བསྒྲུབ་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཡང་མ་ཡིན་ནོ། །ཡང་ན།
དངོས་པོ་གཞན་དུ་འགྱུར་བ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་བྱ་བས་ནི། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །ཞེས་བྱ་བའི་གཏན་ཚིགས་ཀྱི་སྨོན་པ་བསྟན་ཏོ། འདི་ལྟར་དངོས་པོ་གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་སྐྱེ་བོ་དག་
སྨྲ་ན་དངོས་པོ་དེ་ཡང་མེད་དེ། དེ་མེད་ན་དངོས་པོ་མེད་པ་དེ་གང་གི་ཡིན་པར་འགྱུར། དེ་ལྟར་དངོས་པོ་མེད་པ་མེད་ན་ཁྱོད་ཀྱི་དེའི་མི་མཐུན་པའི་ཕྱོགས། དངོས་པོ་འཐད་པར་ག་ལ་འགྱུར། །དངོས་པོ་མེད་ན་ཡང་དེའི་མི་མཐུན་པའི་ཕྱོགས་དངོས་པོ་མེད་པ་འཐད་པར་མི་འགྱུར་རོ། །དེ་ཉིད་བསྟན་
པའི་ཕྱིར་དངོས་པོ་མེད་པའི་ཕྱིར་དེ་ཡང་མེད་པས་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་དམ་དོན་འགལ་བ་ཉིད་དོ། །དཔེ་ཡང་མེད་དེ་དོན་དམ་པར་བྱ་རོག་དང་འུག་པ་དག་ཡོད་པ་ཉིད་དུ་མ་གྲགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་མེད་པའི་ཕྱིར་དངོས་པོ་མེད་པ་དེ་ཡང་མེད་པས་ཕ་རོལ་
པོའི་གཏན་ཚིགས་མི་མཐུན་པའི་ཕྱོགས་ཡོད་པའི་ཕྱིར་ཞེས་བྱ་བ་དེ་དོན་དམ་པར་སྒྲུབ་ན་ནི་ཐུན་མོང་མ་ཡིན་པ་ཉིད་ཡིན་པས་མ་གྲུབ་སྟེ། དངོས་པོ་ལ་ཡང་མི་མཐུན་པའི་ཕྱོགས་མེད་ལ་དངོས་པོ་མེད་པ་ཡང་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་སྒྲུབ་ན་ནི་དོན་འགལ་བ་ཉིད་དེ་

ཀུན་རྫོབ་ཏུ་མི་མཐུན་པའི་ཕྱོགས་ཡོད་པའི་གཏན་ཚིགས་ཀྱིས་དོན་དམ་པར་དེ་ཡོད་པར་མི་འགྲུབ་པའི་ཕྱིར་རོ། །ཕ་རོལ་པོ་དག་གི་དཔེ་བྱ་རོག་ཡོད་པས་འུག་པ་ཡོད་པ་བཞིན་ནོ་ཞེས་བྱ་བ་དེ་ཡང་མ་གྲུབ་སྟེ། དོན་དམ་པར་དེ་དག་ཡོད་པ་ཉིད་དུ་མ་གྲགས་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་དེ་དག་
གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་དང་། དངོས་པོ་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཁྱད་པར་དང་ལྡན་པ་གྲུབ་པར་བསྟན་ཏོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་འདི་ལ་དེ་ཁོ་ན་མཐོང་བས་ཐར་པར་འགྱུར་རོ་ཞེས་
བྱ་ཞིང་དེ་ཁོ་ན་ཞེས་བྱ་བ་ཡང་དེའི་དངོས་པོ་ནི་དེ་ཁོ་ན་སྟེ། དངོས་པོའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་གལ་ཏེ་དངོས་པོའི་ངོ་བོ་ཉིད་མེད་པ་ཡིན་ན་དེ་ལྟར་ན་ཁྱོད་ལ། དེ་ཁོ་ན་མཐོང་བ་མི་འཐད་པར་འགྱུར་ལ། དེ་ཁོ་ན་མཐོང་བ་མེད་ན་ཐར་པ་འཐད་པར་ཅི་ལྟར་འགྱུར། དེ་ལྟ་བས་ན་དངོས་པོ་རྣམས་
ངོ་བོ་ཉིད་མེད་པ་ཞེས་བྱ་བར་ལྟ་བ་དེ་ནི་བཟང་པོ་མ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཉི་མ་ཤར་བས་སྣང་བར་གྱུར་པའི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཡང་དག་པ་ཅི་ལྟ་བ་བཞིན་དུ་
མཐོང་བས་དེའི་ཕྱིར་ཁོ་བོ་ཅག་ཉིད་ལ་དེ་ཁོ་ན་མཐོང་བ་ཡོད་པས། ཁོ་བོ་ཅག་ཁོ་ན་ལ་ཐར་པ་ཡང་འཐད་ཀྱིས་གང་ཟག་དེ་ལྟར་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དང་། དངོས་པོ་དང་། དངོས་པོ་མེད་པ་ཉིད་དུ་ལྟ་བ་དེ་དག་ནི། འདི་ལྟར་སངས་རྒྱས་ཀྱི་བསྟན་པ་མཆོག་ཏུ་ཟབ་པ་ལ་དེ་ཁོ་ན་
མཐོང་བ་མ་ཡིན་པས་དེ་དག་ལ་ཐར་པ་ཡང་མི་འཐད་པར་བསྟན་པའི་ཕྱིར། གང་གི་ཕྱིར་དེ་ལྟར་དེ་ཉེ་བར་བཏགས་ན་ངོ་བོ་ཉིད་དང་། གཞན་གྱི་དངོས་པོ་དང་། དངོས་པོ་དང་། དངོས་པོ་མེད་པ་མ་གྲུབ་པ་དེའི་ཕྱིར་བདེ་བར་གཤེགས་པའི་སྲས་གང་དག་ཆགས་པ་མེད་པའི་བློ་ཡོད་པ་ཤེས་བྱའི་རྒྱ་མཚོ་
ཆེན་པོ་མཐའ་དག་ལ་བློ་གྲོས་ཀྱི་འོད་ཟེར་ཐོགས་པ་མེད་པ་དང་ལྡན་པ། ས་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་དེ་བཞིན་གཤེགས་པའི་ཚུལ་སྤྱད་དཀའ་བ་སྤྱོད་པར་བྱེད་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཤིང་རྟ་ལ་སྤྱོད་པ་དེ་དག་ནི་ངོ་བོ་ཉིད་དང་། གཞན་གྱི་དངོས་པོ་དང་། དངོས་པོ་དང་།

དངོས་པོ་མེད་པར་མི་ལྟའོ། །དེ་ལས་གཞན་པའི་སེམས་ཅན་བསོད་ནམས་ཆུང་ངུ་ཚེ་རབས་གཞན་དག་ཏུ་ཡང་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་བཟོད་པ་མ་སྐྱེས་པ་ངོ་བོ་ཉིད་དང་། གཞན་གྱི་དངོས་པོ་དང་། དངོས་པོ་དང་། དངོས་པོ་མེད་པར་སྨྲ་བ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱིས་བློ་
ཉམས་པར་གྱུར་པ། གང་དག་དངོས་ཉིད་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ངོ་བོ་ཉིད་ལ་སོགས་པར་ལྟ་བ་ནི་རིགས་པ་དང་ལུང་དང་འགལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་
ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ལ་ཅི་ལྟར་རིགས་པ་དང་འགལ་བ་ཉིད་ཡིན་པ་དེ་ལྟར་ནི་བསྟན་ཟིན་ཏོ། །ཅི་ལྟར་ལུང་དང་འགལ་བ་ཉིད་ཡིན་པ་དེ་ལྟར་འདིར་བཤད་དོ། །བཅོམ་ལྡན་དངོས་དང་དངོས་མེད་པ། །སྟོན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉི་གའང་དགག་
པ་མཛད། །གང་གི་ཕྱིར་བཅོམ་ལྡན་འདས་དོན་དམ་པ་དེ་ཁོ་ན་ལ་མཁས་པ་དངོས་པོ་དང་དངོས་པོ་མེད་པ་རབ་ཏུ་སྟོན་པས། ཀཱ་ཏྱཱ་ཡ་ནའི་གདམས་ངག་ཅེས་བྱ་བའི་མདོ་ལས། ཀཱ་ཏྱཱ་ཡ་ན་འཇིག་རྟེན་འདི་ནི་གཉིས་ལ་གནས་ཏེ་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལའོ་ཞེས་བྱ་བ་ལ་སོགས་པ་དང་།
དེ་བཞིན་དུ་མདོ་གཞན་དག་ལས་ཀྱང་ཀུན་དགའ་བོ་ཡོད་ཅེས་བྱ་བ་ནི་རྟག་པར་འགྱུར་ལ། མེད་ཅེས་བྱ་བ་ནི་ཆད་པར་འགྱུར་རོ་ཞེས་ཀྱང་གསུངས་པས་ཡོད་པ་ཞེས་བྱ་བ་དང་། མེད་པ་ཞེས་བྱ་བ་གཉི་ག་ཡང་དགག་པ་མཛད་པ་དེའི་ཕྱིར། གང་དག་དངོས་པོ་རྣམས་ལ་ཡོད་པ་ཉིད་དང་མེད་པ་ཉིད་
དུ་རྗེས་སུ་ལྟ་བ་དེ་དག་གིས་དེ་ཁོ་ན་མི་མཐོང་བས་དེ་དག་ཉིད་ལ་ཐར་པ་ཡང་མི་འཐད་དོ། །ཁོ་བོ་ཅག་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་པ་མེད་པར་ཐ་སྙད་བྱེད་པ་དག་ལ་ནི་ཐར་པ་མི་འཐད་པ་མེད་དོ། །ཡང་ན་ཁ་ཅིག་ལ་བློ་འདི་ལྟ་བུ་འབྱུང་སྟེ། གལ་ཏེ་དོན་དམ་པར་དངོས་པོ་
རྣམས་མེད་པ་ཡིན་ན་འོ་ན་གང་དག་གི་དེ་ཁོ་ན་མཐོང་བ་ལ་དེ་ཁོ་ན་མཐོང་བ་ཞེས་བྱ་སྙམ་ན་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པ་གོང་མ་གཉིས་ཀྱི་དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏེ། བསྟན་བཅོས་འདི་ལས་དོན་དམ་པར་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་བསྟན་

པས་དེའི་ཕྱིར་གང་ཟག་ལས་དང་པོ་པ་ཁ་ཅིག་ལ་བློ་འདི་ལྟ་བུ་འབྱུང་སྟེ། གལ་ཏེ་དོན་དམ་པར་དངོས་པོ་རྣམས་མེད་པ་ཡིན་ན། འོ་ན་གང་དག་གི་དེ་ཁོ་ན་མཐོང་བ་ལ་དེ་ཁོ་ན་མཐོང་བ་ཞེས་བྱ། འདི་ལྟར་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་མེད་པ་དག་གི་དེ་ཁོ་ན་མཐོང་བར་ནི་མི་རུང་ངོ་སྙམ་དུ་སེམས་
པ་དེ་དག་གི་ཐེ་ཚོམ་བཅད་པའི་ཕྱིར། ཐུབ་པ་ཆེན་པོའི་སྲས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའི་ཉི་མའི་འོད་ཟེར་གྱིས་མི་ཤེས་པའི་མུན་པ་བསལ་བ་གང་དག་དངོས་པོ་རྒྱུ་དང་རྐྱེན་ལས་བྱུང་བ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་དག་ལ་ཤེས་རབ་ཀྱིས་ཡོངས་སུ་རྟོག་པ་ནི་ངོ་བོ་ཉིད་ཀྱང་མེད། གཞན་
གྱི་དངོས་པོ་ཡང་མེད། དངོས་པོ་ཡང་མེད་དངོས་པོ་མེད་པ་ཡང་མེད་དོ་ཞེས་དགག་པའི་ཚུལ་གྱིས་མཐོང་བ་དེ་དག་ནི་དེ་ཁོ་ན་མཐོང་བ་ཡིན་ཏེ། དེ་ཁོ་ན་མཐོང་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ངོ་བོ་ཉིད་ལ་སོགས་པ་དག་དགག་པའི་ཚུལ་ནི་དེ་ཁོ་ན་མཐོང་བ་སྐྱེ་བ་དེའི་
ཕྱིར་ངོ་བོ་ཉིད་ལ་སོགས་པ་དག་དགག་པའི་ཚུལ་ནི་དེ་ཁོ་ན་མཐོང་བའི་རྒྱུ་ཡིན་ནོ་ཞེས་ཉེ་བར་གདགས་པའི་ཕྱིར་རོ། །དེ་ལས་བཟློག་པའི་སེམས་ཅན་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ལ་སོགས་པར་ལྟ་བས་འཇིགས་ཤིང་སྐྲག་པར་གྱུར་པ་དག་དེ་ཁོ་ན་མཐོང་བ་མ་ཡིན་པར་བསྟན་པའི་ཕྱིར། གཞན་སྟོང་
པ་ཉིད་དུ་ལྟ་བས་འཇིགས་ཤིང་སྐྲག་པར་གྱུར་པ། ནམ་མཁའ་འཇིགས་ཤིང་སྐྲག་པ་ཐོགས་པ་དང་བཅས་པའི་རྫས་ཀྱི་གནས་སུ་གྱུར་པའི་ནམ་མཁའ་སེལ་བར་འདོད་པ་ལྟ་བུ་ངོ་བོ་ཉིད་ལ་སོགས་པར་ལྟ་བ་ལ་གནས་པ། གང་དག་དངོས་ཉིད་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །
དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །དེ་དག་མཐོང་བ་ནི་ལོག་པའི་ཤེས་པས་མཐོང་བ་ཡིན་པའི་ཕྱིར་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ངོ་བོ་ཉིད་ལ་སོགས་པ་དེ་དག་མཐོང་བ་ནི་ལོག་པའི་ཤེས་པས་མཐོང་བ་ཡིན་པའི་ཕྱིར་དེ་ཁོ་ན་མཐོང་བ་མ་ཡིན་ནོ་ཞེས་བྱ་
བར་དགོངས་སོ། །དེའི་ཕྱིར་ངོ་བོ་ཉིད་ལ་སོགས་པར་ལྟ་བ་ནི་ལུང་དང་འགལ་བ་ཉིད་ཡིན་པས། ངོ་བོ་ཉིད་ལ་སོགས་པར་མི་ལྟ་བ་ནི་དེ་ཁོ་ན་མཐོང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱ་བ་ཉིད་དུ་རིགས་པར་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་དངོས་དང་དངོས་མེད་པ། །

སྟོན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉི་གའང་དགག་པ་མཛད། །ངོ་བོ་ཉིད་ལ་སོགས་པར་མི་ལྟ་བ་ནི་དེ་ཁོ་ན་མཐོང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱ་བ་ཉིད་དུ་རིགས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དངོས་པོ་དང་། དངོས་པོ་མེད་པར་
མཐོང་བ་དེ་ཁོ་ན་མཐོང་བ་ཡིན་ན་ནི་དེ་ཁོ་ན་མ་མཐོང་བ་འགའ་ཡང་མེད་པར་འགྱུར་བས་དེ་ནི་དེ་ཁོ་ན་མཐོང་བ་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ནི་དེ་ཁོ་ན་ཡིན་ལ། དེ་མཐོང་བ་ཁོ་ནས་ཐར་པར་འགྱུར་བས་ངོ་བོ་ཉིད་ལ་སོགས་པར་མི་ལྟ་བ་ནི་དེ་ཁོ་ན་མཐོང་བ་ཡིན་ནོ་ཞེས་
བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱ་བ་ཉིད་དུ་རིགས་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་
ནི་ངོ་བོ་ཉིད་ལ་སོགས་པར་མི་ལྟ་བ་ནི་དེ་ཁོ་ན་མཐོང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱ་བ་ཉིད་དུ་རིགས་སོ་ཞེས་བསྟན་པའི་འཐད་པ་སྟོན་ཏེ། དེ་ནི་དེ་ལྟར་ངེས་པ་ཁོ་ནར་ཤེས་པར་བྱའོ། །གཞན་དུ་ན། གལ་ཏེ་རང་བཞིན་ཡོད་ཉིད་ན། དེ་ནི་མེད་ཉིད་མི་འགྱུར་རོ། །གལ་ཏེ་དངོས་པོ་རྣམས་
རང་བཞིན་གྱིས་ཡོད་པ་ཉིད་ཡིན་པར་གྱུར་ན། ཡོད་པ་ཉིད་རང་བཞིན་གྱིས་ཡོད་པ་དེ་ནི་ཕྱིས་མེད་པ་ཉིད་དུ་མི་འགྱུར་བ་ཞིག་ན་དངོས་པོ་རྣམས་ལ་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པ་ཉིད་དག་ཀྱང་ཡོད་དོ། །དེ་བས་ན་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པ་ཉིད་མ་ཡིན་པས་ངོ་བོ་ཉིད་ལ་སོགས་པར་མི་
ལྟ་བ་ནི་དེ་ཁོ་ན་མཐོང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཁོང་དུ་ཆུད་པར་བྱ་བ་ཉིད་དུ་རིགས་སོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་དངོས་པོའི་ཆོས་གཞན་དུ་འགྱུར་བ་ཉིད་བསྟན་ཏོ་ཞེས་བྱ་བ་ནི། ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་ནི་དངོས་པོ་རྣམས་ངོ་བོ་ཉིད་ལ་སོགས་པ་མེད་པར་བསྒྲུབ་པའི་ཆོས་གཏན་
ཚིགས་ནི་གཞན་དུ་འགྱུར་བ་ཉིད་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་དངོས་པོའི་བདག་ཉིད་རང་བཞིན་གྱི་ཡོད་པ་ཉིད་ཡིན་ན་གཞན་དུ་འགྱུར་བ་ཉིད་དུ་མི་འདོད་ཅེ་ན། དེའི་ཕྱིར་དངོས་པོའི་མཚན་ཉིད་ཀྱི། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། མེའི་ཚ་བའི་

མཚན་ཉིད་ཀྱི་རང་བཞིན་གྲང་བ་ཉིད་དུ་མི་འགྱུར་བ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི། འདི་ལྟར་གཞན་དུ་འགྱུར་བའི་གཉེན་པོ་ནི་རང་བཞིན་ཡིན་པས་དེའི་ཕྱིར་རང་བཞིན་ནི་མི་འགྱུར་བ་རྟག་པ་ཡིན་པའི་རིགས་ན་དངོས་པོ་རྣམས་ལ་ནི་གཞན་དུ་འགྱུར་བ་སྣང་བས་དེའི་ཕྱིར་དེ་དག་ལ་རང་བཞིན་
གྱིས་ཡོད་པ་ཉིད་མི་འཐད་དོ། །རང་བཞིན་ནི་མེའི་ཚ་བའི་མཚན་ཉིད་ཀྱི་རང་བཞིན་གྲང་བ་ཉིད་དུ་མི་འགྱུར་བ་བཞིན་དུ་གཞན་དུ་འགྱུར་བར་མི་འཐད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་དེ་ནི་ཆོས་མི་མཐུན་པའི་དཔེའི་ཚིག་ཡིན་ཏེ། དཔེར་ན་རྟག་པ་ལ་བྱས་པ་ཉིད་ཡོད་པས་མི་རིགས་པ་བཞིན་
ནོ་ཞེས་བྱ་བ་ནི། ཚིག་ལེའུར་བྱས་པའི་ཕྱེད་འོག་མ་ཤོས་དེ་ནི་དངོས་པོ་རྣམས་ངོ་བོ་ཉིད་ལ་སོགས་པ་མེད་པར་སྒྲུབ་པའི་ཆོས་མི་མཐུན་པའི་ཚིག་ཡིན་ཏེ། དཔེར་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཆོས་མི་མཐུན་པའི་དཔེ་ནམ་མཁའ་རྟག་སྟེ། མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་བཞིན་
ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ཅི་ལྟར་རྟོགས་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། གཞན་དུ་འགྱུར་བའི་ཕྱིར་དཔེར་ན་ཆུའི་རེག་པ་མེ་དང་ཕྲད་པས་ཚ་བའི་དངོས་པོར་གྱུར་པ་ལ་དོན་དམ་པ་པའི་ཚ་བའི་ངོ་བོ་ཉིད་མེད་པ་བཞིན་ནོ་ཞེས་བྱ་བ་དག་
ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཆུའི་རེག་པ་མེ་དང་ཕྲད་པས་ཚ་བའི་དངོས་པོར་གྱུར་ན་ནི་གཞན་དུ་འགྱུར་བའི་ཕྱིར། དེ་ལ་དོན་དམ་པ་པའི་ཚ་བའི་ངོ་བོ་ཉིད་མེད་པ་དེ་བཞིན་དུ་མིག་ལ་
སོགས་པ་ནང་གི་དངོས་པོ་ཡུལ་འཛིན་པ་རྣམས་དང་། ལུས་ཀྱི་ཁོངས་སུ་གཏོགས་པའི་ནང་གི་དངོས་པོ་སྲ་བ་ལ་སོགས་པ་རྣམས་ཀྱང་གཞན་དུ་འགྱུར་བའི་ཕྱིར་དེ་དག་ལ་ཡང་ཡུལ་འཛིན་པ་ཡིན་ནོ་ཞེའམ་སྲ་བ་ལ་སོགས་པ་ཡིན་ནོ་ཞེས་ཅི་ལྟར་རྟོག་པའི་ངོ་བོ་ཉིད་ཡོད་པ་
མ་ཡིན་ནོ། །ཅི་སྟེ་ཡང་ལ་ལ་འདི་སྙམ་དུ་སེམས་ཏེ་ལུང་ལས། ཤིང་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་གསུངས་པས་ཆུ་ལ་ཡང་ཚ་བ་ཉིད་ཡོད་པའི་ཕྱིར་དཔེ་མེད་དོ་སྙམ་ན་ཞེས་བྱ་བ་ནི་རང་གི་སྡེ་པ་དག་ན་རེ་ལུང་ལས། ཤིང་སྡོང་པོ་འདི་ལ་འབྱུང་བ་

ཆེན་པོ་ཐམས་ཅད་ཀྱི་ཁམས་སྣ་ཚོགས་ཡོད་དོ་ཞེས་གསུངས་པས་དེས་ན་ཆུ་ལ་ཡང་མེའི་ཁམས་ཡོད་པའི་ཕྱིར། དབུ་མ་པའི་དཔེ་ཆུའི་རེག་པ་མེ་དང་ཕྲད་པས་ཚ་བའི་དངོས་པོར་གྱུར་པ་ལ་དོན་དམ་པ་པའི་ཚ་བའི་དངོས་པོ་ཉིད་མེད་པ་བཞིན་ནོ་ཞེས་བྱ་བ་དེ་མི་རུང་ངོ་
ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་རྫུ་འཕྲུལ་དང་ལྡན་པའམ། སེམས་ལ་དབང་ཐོབ་པས་རྩྭ་དང་ཕུབ་མ་དང་ལྕི་བ་ལ་སོགས་པ་གང་དང་གང་དག་ལ་ནོར་བུ་དང་གསེར་དང་དངུལ་ལ་སོགས་པར་གྱུར་ཅིག་ཅེས་བྱིན་
གྱིས་རློབ་པར་བྱེད་པ་དེ་དང་དེ་དེ་བཞིན་དུ་འགྱུར་བ་ཤིང་ལ་ཡང་ཞལ་གྱིས་བཞེས་ནས་ཤིང་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཤིང་སྡོང་པོ་ལ་གཞན་གྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། དཔེར་ན་རྣལ་འབྱོར་པ་རྫུ་འཕྲུལ་དང་ལྡན་
པའམ། འཕགས་པ་སེམས་ལ་དབང་ཐོབ་པ་རིན་ཆེན་ལག་པ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པ་དག་གིས་རྩྭ་ལ་སོགས་པ་ལ་ནོར་བུ་ལ་སོགས་པར་བྱིན་གྱིས་རློབ་པར་བྱེད་པ་དེ་དེ་བཞིན་དུ་འགྱུར་བ་ལ་ནོར་བུ་ལ་སོགས་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་གྱི། རྫུ་འཕྲུལ་ལམ་
སེམས་ཀྱི་དབང་གིས་དེ་བཞིན་དུ་འགྱུར་བ་དེ་བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་ནས། ཤིང་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་གསུངས་པ་ཡིན་གྱི། དེ་ལ་མེ་ལ་སོགས་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་པས་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ། །གལ་ཏེ་ཁམས་སྣ་
ཚོགས་ཞེས་བྱ་བ་ནི་ནུས་པ་སྣ་ཚོགས་ཞེས་བྱ་བའི་དོན་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གྲངས་ཅན་དག་ན་རེ་ཁམས་སྣ་ཚོགས་ཞེས་བྱ་བའི་སྒྲ་ནི་ནུས་པ་སྣ་ཚོགས་ཞེས་བྱ་བའི་དོན་ཡིན་པས་དེས་ན་ཆུ་ལ་སོགས་པ་ལ་ཡང་མེ་ལ་སོགས་པའི་ནུས་པ་སྣ་ཚོགས་ཀྱི་ངོ་བོ་ཉིད་ཡོད་པའི་ཕྱིར་དབུ་མ་པའི་
དཔེ་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་བ་བྱེད་པ་ཉིད་ཀྱིས། གང་ཞིག་གང་གི་ནུས་པ་དང་ལྡན་པ་དེ་ནི་དེའི་ངོ་བོ་ཉིད་ཡིན་པར་མི་རིགས་ཏེ། སའི་སྲ་བ་ཉིད་དང་གཤེར་བ་ཉིད་དང་ཚ་བ་ཉིད་དང་གཡོ་བ་ཉིད་གྱི་ངོ་བོ་ཉིད་དུ་

གྱུར་ན་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ནུས་པ་ཡོད་པའི་ཕྱིར་དེའི་ངོ་བོ་ཉིད་ཡིན་པར་འདོད་ན་དེ་ལྟ་ན་ས་ལ་སོགས་པ་ལ་ཡང་ཁམས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡོད་པར་ཐལ་བར་འགྱུར་བས་དེ་ནི་མི་རུང་བའི་ཕྱིར་ཁོ་བོའི་དཔེ་གྲུབ་པོ།། །།བམ་པོ་ལྔ་བཅུ་བཞི་པ། བྱེ་
བྲག་ཏུ་སྨྲ་བ་དག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག །འདས་པ་དང་མ་འོངས་པའི་དངོས་པོ་དག་རྫས་སུ་ཡོད་པ་ཉིད་དུ་སྒྲུབ་པའི་གཞུང་སྟོན་ཏེ། དེའི་ཕྱིར་དངོས་པོ་གནས་སྐབས་དང་དུས་གཞན་དུ་གྱུར་པ་དག་ཀྱང་ཡོད་པ་ཉིད་དུ་ཤེས་པར་བྱ་སྟེ། རྣམ་
པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་ད་ལྟར་བཞིན་པས་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ད་ལྟར་གྱི་དངོས་པོ་ནི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཡོད་
པ་ཉིད་དུ་ཤེས་པར་བྱ་བ་དེ་བཞིན་དུ་འདས་པ་དང་མ་འོངས་པའི་དངོས་པོ་གནས་སྐབས་དང་དུས་གཞན་དུ་གྱུར་པ་དག་ཀྱང་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཡོད་པ་ཉིད་དུ་ཤེས་པར་བྱའོ། །དེས་ན་གཞན་དུ་འགྱུར་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེའི་དོན་གལ་ཏེ་བྱུང་
ནས་འཇིག་པ་ཡིན་ན་ནི་གཞན་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ལ། ཅི་སྟེ་གཞན་དུ་འགྱུར་བ་ཡིན་ན་ནི་རང་ལས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་དེ་ལྟར་འདས་པ་དང་མ་འོངས་པའི་དངོས་པོ་གནས་སྐབས་དང་། དུས་གཞན་དུ་གྱུར་པ་དག་ཀྱང་ཡོད་
པ་ཉིད་ཡིན་པ་དེས་ན་སྔར་དབུ་མ་པས་དོན་དམ་པར་ནང་གི་དངོས་པོ་རྣམས་ལ་ཅི་ལྟར་རྟོགས་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། གཞན་དུ་འགྱུར་བའི་ཕྱིར་དཔེར་ན་ཆུའི་རེག་པ་མེ་དང་ཕྲད་པས་ཚ་བའི་དངོས་པོར་གྱུར་པ་ལ་དོན་དམ་པའི་ཚ་བའི་ངོ་བོ་ཉིད་མེད་པ་བཞིན་ནོ་ཞེས་སྨྲས་
པའི་གཏན་ཚིགས་དེའི་དོན་གཞན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་དེའི་དོན་གལ་ཏེ་བྱུང་ནས་འཇིག་པ་ཡིན་ན་ནི་གཞན་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་དངོས་པོ་རྣམས་བྱུང་ནས་འཇིག་པར་མི་འདོད་པས་གཏན་ཚིགས་གང་ཡང་རུང་བ་ལ་མ་

གྲུབ་པའི་ཕྱིར་རོ། །ཅི་སྟེ་གཏན་ཚིགས་དེའི་གཞན་དུ་འགྱུར་བ་ཡིན་ན་ནི་རང་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། ཁྱེད་དབུ་མ་པས་དངོས་པོ་རྣམས་གཞན་དུ་འགྱུར་བ་མི་འདོད་པས་གཏན་ཚིགས་རང་ལ་མ་གྲུབ་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་
ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། དོན་དམ་པར་ད་ལྟར་བྱུང་བའི་དངོས་པོ་ཡང་ཡོད་པ་ཉིད་དུ་མ་གྲུབ་པས་དཔེ་མ་ཚང་བ་ཉིད་ཀྱི་ཕྱིར་དང་། གནས་སྐབས་དང་དུས་གཞན་དུ་གྱུར་པ་ཡང་མེད་དེ་སྐྱེ་བ་བཀག་པ་བཞིན་དུ་དེ་དག་ཀྱང་བཀག་པའི་ཕྱིར་
རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདས་པ་དང་མ་འོངས་པོའི་དངོས་པོ་གནས་སྐབས་དང་དུས་གཞན་དུ་གྱུར་པ་དག་འབའ་ཞིག་མ་གྲུབ་པར་མ་ཟད་ཀྱི། འདི་ལྟར་དོན་དམ་པར་ད་ལྟར་བྱུང་བའི་དངོས་པོ་ཡང་ཡོད་པ་ཉིད་དུ་མ་གྲུབ་པས་ཁྱེད་ཀྱི་དཔེ་ད་ལྟར་བཞིན་པས་ཞེས་
བྱ་བ་དེ་མེད་པ་ཉིད་ཀྱི་ཕྱིར་དང་། གཞན་ཡང་བྱེ་བྲག་ཏུ་སྨྲ་བ་དག་གིས་ཡོངས་སུ་བརྟགས་པའི་གནས་སྐབས་དང་དུས་གཞན་དུ་གྱུར་པ་ཞེས་བྱ་བ་དག་ཀྱང་མེད་དེ། སྐྱེ་བ་བཀག་པ་བཞིན་དུ་དེ་དག་ཀྱང་བཀག་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །འདས་པ་དང་མ་འོངས་པའི་དངོས་
པོ་རྣམས་ཡོད་པ་ཉིད་མ་ཡིན་པར་དགག་པའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་འདས་པ་དང་མ་འོངས་པའི་དངོས་པོ་རྣམས་ཀྱང་ཡོད་པ་ཉིད་མ་ཡིན་ཏེ། ད་ལྟར་མ་ཡིན་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་
ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ནི་དེ་ལྟར་མ་ཡིན་པའི་ཕྱིར་ཡོད་པ་ཉིད་མ་ཡིན་པ་དེ་བཞིན་དུ་འདས་པ་དང་མ་འོངས་པའི་དངོས་པོ་རྣམས་ཀྱང་ད་ལྟར་མ་ཡིན་པའི་ཕྱིར་ཡོད་པ་ཉིད་མ་ཡིན་ནོ། །འདིར་གལ་ཏེ་ཕ་
རོལ་པོ་དག་ན་རེ་དབུ་མ་པ་ལ་འདས་པ་དང་མ་འོངས་པའི་དངོས་པོ་རྣམས་ཡོད་པ་ཉིད་དུ་མ་གྲུབ་པ་ཕྱོགས་སུ་བྱས་པས་ཕྱོགས་ཀྱི་ཁྱད་པར་གྱི་གཞི་མ་གྲུབ་པ་དང་། གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་སྐྱོན་ཡོད་དོ་ཞེས་ཟེར་ན་དེའི་ལན་དུ། འདས་པ་དང་མ་འོངས་པ་ཞེས་བྱ་བའི་

སྒྲའི་ཡུལ་ལ་སྒྲ་གང་གིས་འདས་པ་དང་མ་འོངས་པ་ཉིད་དུ་རྟོགས་པར་འགྱུར་བའི་སྒྲ་དེ་ལ་འདས་པ་དང་མ་འོངས་པའི་ཡུལ་དུ་ཉེ་བར་བཏགས་ནས་འདས་པ་དང་མ་འོངས་པ་ཞེས་བྱ་བའི་སྒྲ་ཡོད་པ་དེ་ཕྱོགས་སུ་བྱས་པས་ཕྱོགས་ཀྱི་ཁྱད་པར་གྱི་གཞི་མ་གྲུབ་པ་དང་གཏན་ཚིགས་ཀྱི་གཞི་མ་གྲུབ་
པའི་སྐྱོན་མེད་དོ་ཞེས་བརྗོད་པར་བྱའོ། །དོན་དམ་པར་ལྟ་བར་ཞོག་གི་ཐ་སྙད་དུ་ཡང་འདས་པ་དང་མ་འོངས་པའི་དངོས་པོ་རྣམས་ཡོད་པ་ཉིད་དུ་མི་འགྲུབ་སྟེ། ཅིའི་ཕྱིར་ཞེ་ན། འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པའི་ཕྱིར་ཏེ། འདི་ལྟར་ཁྱོད་ན་རེ་དངོས་པོའི་གནས་སྐབས་
དང་དུས་གཞན་དུ་གྱུར་པ་དག་ཀྱང་ཡོད་པ་ཉིད་དུ་ཤེས་པར་བྱ་སྟེ། རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་ད་ལྟར་བཞིན་པས་ཞེས་ཟེར་བ་དེ་ལ། ཁོ་བོས་འདས་པ་དང་མ་འོངས་པའི་དངོས་པོ་རྣམས་ཀྱང་ཡོད་པ་ཉིད་མ་ཡིན་ཏེ། ད་ལྟར་མ་ཡིན་པའི་ཕྱིར་དཔེར་ན་ནམ་
མཁའི་མེ་ཏོག་བཞིན་ནོ་ཞེས་སྨྲས་པས་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པའི་ཕྱིར་རོ། །གཞན་ཡང་ཁོ་བོ་ནི་དངོས་པོ་དང་དངོས་པོ་མེད་པ་དག་མི་སྒྲུབ་པའི་ཕྱིར་ཁོ་བོས་ནི་དངོས་པོ་ཡོད་པ་བཀག་པ་ལ། ཁྱོད་ཀྱིས་ནི་དངོས་པོ་མེད་པ་བཀག་པས་ཁོ་བོའི་འདོད་པའི་དོན་གྲུབ་པས་
བྱེ་བྲག་ཏུ་སྨྲ་བ་དག་གི་ཚིག་དེ་ནི་བཟང་པོ་མ་ཡིན་ནོ། །གྲངས་ཅན་དག་ལས་གང་དག་ཡོད་པ་ཉིད་ཟིལ་གྱིས་ནོན་པའི་ཕྱིར་རམ། བག་ལ་ཞ་བའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་དེ་དག་ལ་ཡང་། བསྒྲུབ་པ་བརྒལ་ཞིང་བརྟག་པར་བྱ་སྟེ་ཞེས་བྱ་བས་ནི་
གྲངས་ཅན་དག་རྒྱུ་འབྲུ་ལ་སོགས་པ་ལ་འབྲས་བུ་མྱུ་གུ་ལ་སོགས་པ་ནུས་པའི་ཚུལ་གྱིས་སྔ་ན་ཡོད་མོད་ཀྱི། གསལ་བའི་ཚུལ་དུ་མི་དམིགས་པ་ནི། ཧ་ཅིང་རིད་ཕྱིར་ཉེ་ཕྱིར་དང་། །དབང་པོ་ཉམས་ཕྱིར་ཡིད་མེད་ཕྱིར། །ཆ་ཕྲ་ཕྱིར་དང་བསྒྲིབས་ཕྱིར་དང་། །ཟིལ་གནོན་ཕྱིར་
དང་འདྲེས་ཕྱིར་རོ། །ཞེས་ཟེར་བས་འདིར་ཡང་དངོས་པོ་འགགས་པ་དང་མ་སྐྱེས་པ་དག་ཡོད་མོད་ཀྱི། དཔེར་ན་སྐར་མ་དང་ཟླ་བའི་འོད་ལ་སོགས་པ་ཉི་མས་