Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 100

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
་ཀྱི་
བདག་ཡོད་པར་གྲུབ་པས་དེའི་ཕྱིར་གཞི་གྲུབ་པས་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་ཀྱི་སྐྱོན་མེད་དོ་ཞེས་བརྗོད་པར་བྱའོ། །གཅིག་དང་གཅིག་མ་ཡིན་ལ་གཅིག་པ་ཉིད་དུ་བརྟག་ན་ཡང་ཞེས་བྱ་བས་ནི་ཕ་རོལ་པོ་དག་བདག་དེ་གཅིག་ཉིད་ཀྱི་གྲངས་དང་ལྡན་པའི་ཕྱིར་གཅིག་པ་
ཉིད་དོ་ཞེས་ཟེར་བའི་གཞུང་དེ་རྣམ་པ་གཞན་གྱི་སྒོ་ནས་སུན་དབྱུང་བ་སྟོན་ཏེ། གཅིག་ཉིད་ལ་གཅིག་ཉིད་ཀྱི་གྲངས་དངོས་དང་ལྡན་པའི་ཕྱིར་གཅིག་པ་ཉིད་དུ་བརྟག་གམ་འོན་ཏེ་གཅིག་མ་ཡིན་པ་ལ་གཅིག་ཉིད་ཀྱི་གྲངས་དངོས་དང་ལྡན་པའི་ཕྱིར་གཅིག་པ་ཉིད་དུ་བརྟག་གྲང་ན། གཉི་ག་
ཡང་མི་འཐད་པར་སྟོན་ཏོ། །དེ་ལ་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར་འབྲེལ་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་གཅིག་ཡིན་པའི་ཕྱིར་གཅིག་གི་ངོ་བོ་ཉིད་ཡིན་བཞིན་དུ་ཡང་གཅིག་ཉིད་དང་ལྡན་པར་འདོད་ན་དེས་ན་འབྲེལ་པ་དོན་མེད་པ་ཉིད་དུ་འགྱུར་
ཏེ། སྔ་ནས་གཅིག་གི་ངོ་བོ་ཉིད་དུ་གྲུབ་ཟིན་པ་ལ་ཡང་གཅིག་ཉིད་དང་སྦྱོར་བ་དོན་མེད་པའི་ཕྱིར་རོ། །ཅི་སྟེ་གཅིག་ཉིད་དུ་གྲུབ་ཀྱང་གཅིག་ཉིད་དང་ལྡན་པར་བྱ་དགོས་ན་ནི་ཐུག་པ་མེད་པའི་སྐྱོན་དུ་འགྱུར་རོ། །བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར་མི་སྲིད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཅི་སྟེ་
གཅིག་གི་ངོ་བོ་ཉིད་མ་ཡིན་ན་ཅི་ལྟར་གཅིག་ཉིད་དང་ལྡན་པར་འགྱུར་ཏེ། མི་མཐུན་པ་གཉིས་གཅིག་ལ་དུས་གཅིག་ཏུ་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་སྔར་གཅིག་ཉིད་ཀྱི་ཁྱད་པར་དང་མི་ལྡན་པ་ཕྱིས་གཅིག་ཉིད་དང་ལྡན་པས་གཅིག་ཉིད་དུ་འགྱུར་ན་ནི་དེས་ན་སྔོན་གྱི་ངོ་བོ་ཉིད་སྤངས་པས་རྗེས་སུ་
དཔག་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པར་འགྱུར་རོ། །བཟང་པོ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། ཕ་རོལ་པོའི་གཞུང་ནི་རང་གི་འདོད་པ་ཉམས་པས་བཟང་པོ་མ་ཡིན་པ་ཉིད་དོ། །ཞར་ལ་བཤད་པས་ཆོག་སྟེ་ཞེས་བྱ་བས་ནི་ཕ་རོལ་པོའི་ལོ་རྒྱུས་ཉེས་པར་སྨྲས་

པ་དག་རྣམ་པར་དཔྱད་པས་ཆོག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་པོས་སྔར་ཕྱོགས་འབྲེལ་པར་བརྟག་ན་ཡང་དམ་བཅས་པ་ཉམས་པར་འགྱུར་ཏེ། ཕྲད་པ་དང་འདུ་བ་དག་ལ་ཡང་འབྲེལ་པ་ཡོད་པའི་ཕྱིར་དྲན་པ་དང་། ཤེས་པ་ལ་སོགས་པ་སྐྱེས་པ་དག་དངོས་མ་ཡིན་པས་མཛད་པའི་
མཐའ་དང་འགལ་ལོ་ཞེས་གང་སྨྲས་པ་དེ་ནི་སངས་རྒྱས་པའི་གཞུང་གསལ་བར་བྱེད་པ་ཡིན་པས་ལན་གདབ་མི་དགོས་ཏེ། འདི་ལྟར་ཁོ་བོ་ཅག་ཆོས་ཐམས་ཅད་ཉེ་བར་བཏགས་པ་ཙམ་དང་། ཐ་སྙད་ཙམ་དུ་འདོད་པ་ནི་མཛད་པའི་མཐའ་དང་མི་འགལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྡུག་
བསྔལ་བདག་གིས་བྱས་པ་མ་ཡིན་པར་འདོད་དོ་ཞེས་བྱ་བ་ནི་སྤྱིའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ་དེ་ལྟར་རེ་ཞིག་དམ་བཅས་པ་དང་པོ་བསྒྲུབས་ཟིན་ཏོ། །ད་ནི་དམ་བཅས་པ་གཉིས་པ་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་གཞན་གྱིས་བྱས་པ་ཡང་མ་ཡིན་ཏེ། ཅི་ལྟར་ཞེ་ན། གལ་ཏེ་དེ་ལས་
འདི་གཞན་ཞིང་། །གལ་ཏེ་འདི་ལས་དེ་གཞན་ན། །གཞན་དེ་དག་གིས་འདི་བྱས་པ། །སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་སྔོན་གྱི་ཕུང་པོ་དེ་དག་ལས་ད་ལྟར་གྱི་ཕུང་པོ་འདི་དག་གཞན་ཞིང་། ད་ལྟར་གྱི་ཕུང་པོ་འདི་དག་ལས་ཀྱང་སྔོན་གྱི་ཕུང་པོ་
དེ་དག་གཞན་པར་གྱུར་པ་དེ་ལྟར་བརྟག་ན་ནི། གཞན་དེ་དག་གིས་འདི་དག་བྱས་པས་སྡུག་བསྔལ་གཞན་གྱིས་བྱས་པར་ཡང་འགྱུར་བ་ཞིག་ན་དེ་དག་ལས་འདི་དག་གཞན་མ་ཡིན་ལ། འདི་དག་ལས་ཀྱང་དེ་དག་གཞན་མ་ཡིན་པས་གཞན་དེ་དག་གིས་འདི་དག་མ་བྱས་པས་སྡུག་
བསྔལ་གཞན་གྱིས་མ་བྱས་སོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་སྔོན་གྱི་ཚེ་རབས་སྔ་མའི་ཕུང་པོ་དེ་དག་ལས་ད་ལྟར་གཞན་དུ་ཉིང་མཚམས་སྦྱོར་བའི་ཕུང་པོ་ཕྱི་མ་འདི་དག་གཞན་ཡིན་པར་གྱུར་ཅིང་། གལ་ཏེ་འདི་དག་ལས་ཀྱང་སྔོན་གྱི་ཕུང་པོ་དེ་དག་གཞན་ཡིན་པར་གྱུར་ན་ནི་
དེ་ལྟར་བརྟགས་ན་གཞན་དེ་དག་གིས་འདི་དག་བྱས་པས་སྡུག་བསྔལ་གཞན་གྱིས་བྱས་པར་ཡང་འགྱུར་བ་ཞིག་ན་དེ་ལྟར་ནི་མི་འདོད་དེ་ཞེས་བྱ་བ་སྨྲས་སོ། །ཅིའི་ཕྱིར་དེ་ལྟར་མི་འདོད་ཅེ་ན། དེའི་ཕྱིར་གཞན་ཉིད་དུ་རྗེས་སུ་དཔོག་པས་དེའི་བྱེད་པ་པོ་ཉིད་མ་ཡིན་པས་དེ་བྱེད་པ་པོ་ཉིད་ཡིན་པ་

བསལ་བས་གང་གི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པར་དམ་བཅས་པའི་དམ་བཅས་པ་ལ་ཆོས་ཀྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ཕ་རོལ་པོ་དག་སྡུག་བསྔལ་གཞན་གྱིས་བྱས་པར་འདོད་པ་དེའི་ཕྱིར་ལྷས་བྱིན་གྱི་
སྔོན་གྱི་ཕུང་པོ་གཞན་དག་གིས་ད་ལྟར་གྱི་ཕུང་པོ་དག་མ་བྱས་ཏེ། གཞན་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་སྔོན་གྱི་ཕུང་པོ་གཞན་དག་གིས་ལྷས་བྱིན་གྱིས་ད་ལྟར་གྱི་ཕུང་པོ་དག་མ་བྱས་པ་བཞིན་ཏེ། སྔོན་གྱི་ཕུང་པོ་རྣམས་གཞན་ཉིད་དུ་རྗེས་སུ་དཔོག་པས་དེ་དག་ད་ལྟར་གྱི་ཕུང་པོ་དག་གི་
བྱེད་པ་པོ་ཉིད་མ་ཡིན་པས་དེ་དག་གི་དམ་བཅས་པ་ལ་སྡུག་བསྔལ་གྱི་ཆོས་གཞན་གྱིས་བྱས་པར་འདོད་པའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དེ། གཞན་ཉིད་ཡིན་ན་བྱེད་པ་པོ་དང་ལས་ཀྱི་མཚན་ཉིད་དུ་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ན། གཞན་དེ་དག་གིས་འདི་བྱས་
པས། །སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར། །ཞེས་བྱ་བ་ནི། གལ་ཏེ་དེ་ལས་འདི་གཞན་ཞིང་། །གལ་ཏེ་འདི་ལས་དེ་གཞན་ན། །ཞེས་བྱ་བའི་ཚིག་གི་ལྷག་མ་སྟེ། དེ་དག་ལས་འདི་དག་གཞན་ཞིང་འདི་དག་ལས་ཀྱང་དེ་དག་གཞན་པར་གྱུར་ན་ནི་གཞན་དེ་དག་གིས་འདི་དག་བྱས་
པས་སྡུག་བསྔལ་གཞན་གྱིས་བྱས་པར་ཡང་འགྱུར་བ་ཞིག་ན་དེ་དག་གཞན་ཉིད་དུ་མི་འཐད་པས་སྡུག་བསྔལ་གཞན་གྱིས་མ་བྱས་སོ་ཞེས་བྱ་བར་སྟོན་ཏེ། དེ་དག་ཇི་ལྟར་གཞན་ཉིད་དུ་མི་འཐད་ཅེ་ན། དེའི་ཕྱིར་འཐད་པ་དེ་དག་ལ་གཞན་ཉིད་དེ་ཡང་མི་སྲིད་པ་ཁོ་ནའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ།
གང་གི་ཕྱིར་གཉི་ག་ཡོད་ན་ནི་ཕན་ཚུན་ལྟོས་པས་གཞན་ཞེས་ཐ་སྙད་གདགས་སུ་རུང་གྲང་ན། སྔོན་གྱི་ཕུང་པོ་ཡོད་པའི་དུས་ན་ནི་ད་ལྟར་གྱི་མེད་ལ། ད་ལྟར་གྱི་ཕུང་པོ་ཡོད་པའི་དུས་ན་ནི་སྔོན་གྱི་མེད་པས་འཐད་པ་དེའི་སྒོ་ནས་དེ་དག་ལ་གཞན་ཉིད་དེ་ཡང་མི་སྲིད་པ་ཁོ་ནའི་ཕྱིར་སྡུག་བསྔལ་གཞན་
གྱིས་མ་བྱས་སོ། །གཞན་ཉིད་ཡིན་དུ་ཟིན་ཀྱང་སྐྱེ་བ་མེད་པའི་རབ་ཏུ་བྱེད་པར་གཞན་ལས་སྐྱེ་བ་མེད་པར་བསྟན་པ་བཞིན་དུ་དེ་ལས་སྐྱེ་བ་མེད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་གཞན་ཉིད་ཡིན་དུ་ཟིན་ཀྱང་དོན་དམ་པར་གཞན་ལས་སྐྱེ་བ་མེད་པར་བསྟན་པ་སྔ་མ་བཞིན་ནོ་ཞེས་

བསྟན་ཏོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར་ཅི་ལྟར་གཞན་ཉིད་མི་སྲིད་པར་དགོངས་ཤེ་ན། དོན་དམ་པར་ལྷས་བྱིན་གྱི་སྔོན་གྱི་ཕུང་པོ་རྣམས་ནི་ཕུང་པོ་ཕྱི་མ་རྣམས་ལས་གཞན་མ་ཡིན་ཏེ། ལྷས་བྱིན་གྱི་ཕུང་པོ་ཡིན་པའི་ཕྱིར་དཔེར་ན་ཕུང་པོ་ཕྱི་མའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་
དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་གྱི་ཕུང་པོ་ཕྱི་མ་རྣམས་ནི་ལྷས་བྱིན་གྱི་ཕུང་པོ་ཡིན་པའི་ཕྱིར་རང་གི་བདག་ཉིད་ལས་གཞན་མ་ཡིན་པ་དེ་བཞིན་དུ་ལྷས་བྱིན་གྱི་སྔོན་གྱི་ཕུང་པོ་རྣམས་ཀྱང་ལྷས་
བྱིན་གྱི་ཕུང་པོ་ཡིན་པའི་ཕྱིར་ཕུང་པོ་ཕྱི་མ་རྣམས་ལས་གཞན་མ་ཡིན་ནོ། །ཡང་ན་གཏན་ཚིགས་ནི་རྒྱུད་ཐ་མི་དད་པའི་སྡུག་བསྔལ་ཡིན་པའི་ཕྱིར་ཏེ། སྦྱོར་བའི་ཡན་ལག་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྔ་མ་དེ་ཉིད་ཀྱི་སྦྱོར་བའི་ཡན་ལག་ལྷག་མ་སྔ་མ་བཞིན་དུ་སྦྱར་ལ་དེའི་
གཏན་ཚིགས་ནི་ཕྱི་མ་འདི་དང་སྦྱར་དུ་ཡང་རུང་བའོ། །འདི་ལྟར་སྦྱར་ཏེ། དོན་དམ་པར་ལྷས་བྱིན་གྱི་སྔོན་གྱི་ཕུང་པོ་རྣམས་ནི་ཕུང་པོ་ཕྱི་མ་རྣམས་ལས་གཞན་མ་ཡིན་ཏེ་རྒྱུད་ཐ་མི་དད་པའི་སྡུག་བསྔལ་ཡིན་པའི་ཕྱིར་དཔེར་ན་ཕུང་པོ་ཕྱི་མའི་རང་གི་བདག་ཉིད་བཞིན་ཏེ། དེ་ལྟར་དམ་བཅས་
པ་གཉིས་པ་ཡང་བསྒྲུབས་ཟིན་ཏོ། །ད་ནི་དམ་བཅས་པ་གསུམ་པ་བསྒྲུབ་པར་བྱ་སྟེ། དེའི་ཕྱོགས་སྔ་མ་བསྟན་པའི་ཕྱིར་གཞན་དག་གིས་སྨྲས་པ། གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་མི་མྱོང་བའི་ཕྱིར་དང་། གང་ཟག་གནས་སྐབས་གཞན་ཐ་དད་པས་བྱས་པའི་ཕྱིར་སྡུག་བསྔལ་
བདག་གིས་བྱས་པ་ཡང་ཡིན་ལ། གཞན་གྱིས་བྱས་པ་ཡང་ཡིན་པས་ཕྱོགས་གཉི་གར་བསྟན་པའི་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་ན་རེ་གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་མི་མྱོང་བའི་ཕྱིར་གཞན་གྱིས་བྱས་པ་མ་ཡིན་ཏེ། བདག་གིས་བྱས་པ་ཡང་ཡིན་ལ་གང་ཟག་སྔོན་
གྱི་གནས་སྐབས་གཞན་ཐ་དད་པས་བྱས་པའི་ཕྱིར་བདག་གིས་བྱས་པ་མ་ཡིན་ཏེ། གཞན་གྱིས་བྱས་པ་ཡང་ཡིན་པས་སྔར་དབུ་མ་པས་བདག་གིས་མ་བྱས་པ་དང་གཞན་གྱིས་མ་བྱས་པའི་ཕྱོགས་གཉི་གར་བསྟན་པའི་སྐྱོན་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་

དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་གང་ཟག་བདག་གིས་སྡུག་བསྔལ་བྱས་པ་དང་། གང་ཟག་གཞན་གྱིས་སྡུག་བསྔལ་བྱས་པར་འདོད་པའི་ཕྱོགས་གཉི་ག་དགག་པ་རིམ་བཞིན་དུ་སྟོན་ཏེ། དེ་ལ་རེ་ཞིག་གང་ཟག་བདག་གིས་སྡུག་བསྔལ་བྱས་པར་འདོད་པའི་
ཕྱོགས་དགག་པའི་ཕྱིར་འདིར་བཤད་པ། གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་ན་གང་བདག་གིས། །སྡུག་བསྔལ་བྱས་པའི་གང་ཟག་ནི། །སྡུག་བསྔལ་མེད་པ་དེ་གང་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་གང་ཟག་བདག་ཉིད་ཀྱིས་རང་
གི་སྡུག་བསྔལ་བྱས་པར་བརྟག་ན་གང་ཟག་གང་གིས་བདག་ཉིད་ཀྱི་སྡུག་བསྔལ་བྱས་པ་དེའི་སྔོན་བདག་ཉིད་ཀྱི་སྡུག་བསྔལ་མ་བྱས་པའི་དུས་ན་དེ་ལ་སྡུག་བསྔལ་མེད་པར་འགྱུར་ཏེ། སྡུག་བསྔལ་མེད་པའི་གང་ཟག་ནི་མི་སྲིད་དེ་མེད་ན་གང་ཟག་སྡུག་བསྔལ་མེད་པ་གང་གིས་བདག་ཉིད་ཀྱི་
སྡུག་བསྔལ་མ་བྱས་པ་བྱེད་པ་དེ་གང་ཞིག་ཡིན། དེ་ནི་མེད་པས་དེས་སྡུག་བསྔལ་མ་བྱས་སོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། རང་གི་གྲུབ་པའི་མཐའ་ལ་གནོད་པ་བཅབ་པའི་ཕྱིར་གལ་ཏེ་གང་ཟག་གང་གིས་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྡུག་བསྔལ་བྱས་པར་རྟོག་ན་ཞེས་བྱ་བ་སྨྲས་ཏེ། ཕ་
རོལ་པོ་དག་སྔར་སྡུག་བསྔལ་བདག་གིས་བྱས་པར་འདོད་པ་མ་གྲུབ་པར་སུན་ཕྱུང་བས་རང་གི་གྲུབ་པའི་མཐའ་ལ་གནོད་པ་དེ་བཅབ་པའི་ཕྱིར་ད་འདིར་གལ་ཏེ་འདི་སྐད་ཅེས་གང་ཟག་བདག་ཉིད་ཀྱིས་རང་གི་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྡུག་བསྔལ་བྱས་པར་རྟོག་ནའོ། །དེ་ལྟ་ན་གང་གིས་
བདག་གིས་སྡུག་བསྔལ་བྱས་པའི་གང་ཟག་སྡུག་བསྔལ་མེད་པ་དེ་གང་ཞིག་ཡིན་ཏེ། བདག་གིས་དངོས་པོ་གང་གིས་སྡུག་བསྔལ་དེ་བྱས་པའི་གང་ཟག་ཅེས་བརྗོད་པ་སྡུག་བསྔལ་མེད་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་གང་གིས་
བདག་ཉིད་ཀྱི་སྡུག་བསྔལ་བྱས་པ་དེས་ད་དུང་མ་བྱས་པའི་སྔོན་རོལ་ན་གང་ཟག་སྡུག་བསྔལ་མེད་པ་ཡོད་པར་མི་སྲིད་པས་དེ་སྡུག་བསྔལ་མ་བྱས་སོ་ཞེས་བྱ་བར་དགོངས་སོ། །ཅི་སྟེ་ཡང་རང་གི་ལྟ་བ་བསྐྱང་བར་འདོད་པས་གང་ཟག་ནི་ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་

པར་བྱ་བ་མ་ཡིན་པ་ཉིད་དུ་བརྗོད་ན་ཞེས་བྱ་བ་ནི་དབུ་མ་པས་ཕ་རོལ་པོ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ཏེ། ཅི་སྟེ་ཡང་ཕ་རོལ་པོ་དག་རང་གི་ལྟ་བ་གང་ཟག་བདག་གི་སྡུག་བསྔལ་གྱི་བྱེད་པ་པོར་བསྒྲུབ་པ་དེ་བསྐྱང་ཞིང་གཞུང་གཟུགས་པར་འདོད་པས་གང་ཟག་ཕུང་པོ་ལས་གཞན་ཉིད་དུ་བརྗོད་
ན། དེ་བདག་གི་སྡུག་བསྔལ་གྱི་བྱེད་པ་པོ་མ་ཡིན་པར་སྔར་དབུ་མ་པས་སུན་ཕྱུང་བའི་སྐྱོན་དེ་བསུབ་པའི་ཕྱིར་འདིར་ཁོ་བོ་ཅག་གང་ཟག་ནི་ཕུང་པོ་རྣམས་དང་གཅིག་པ་ཉིད་ཀྱང་མ་ཡིན་ལ། གཞན་ཉིད་ཀྱང་མ་ཡིན་པར་འདོད་པས་ཁྱེད་དབུ་མ་པས་ཕུང་པོའི་སྔ་རོལ་ན་གང་ཟག་སྡུག་བསྔལ་མེད་
པ་ཡོད་པར་མི་སྲིད་དོ་ཞེས་བསྒྲུབ་པ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེ་ལ་ཡང་སྐྱོན་ཡོད་དེ། གལ་ཏེ་གང་ཟག་དེ་ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་དུ་ཟིན་ཀྱང་། གང་ཟག་ནི་ཕུང་པོའི་ཡུལ་ལ་ཡོད་པར་བརྟག་གྲང་ན། ཕུང་པོ་
རྣམས་ལ་ནི་གང་ཟག་མེད་པར་བསྟན་པའི་ཕྱིར་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལྟ་ན་ཡང་གང་ཟག་ནི་ལྷས་བྱིན་ཞེས་བྱ་བའི་ཕུང་པོ་ལྔ་པོ་འདི་དག་ལ་མེད་པར་ཤེས་པར་བྱ་སྟེ། བརྟེན་ནས་བྱུང་བའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་
བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་བརྟེན་ནས་བྱུང་བའི་ཕྱིར་ལྷས་བྱིན་ཞེས་བྱ་བའི་ཕུང་པོ་ལྔ་པོ་འདི་དག་ལ་མེད་པ་དེ་བཞིན་དུ་གང་ཟག་ཀྱང་བརྟེན་ནས་འབྱུང་བའི་ཕྱིར་ལྷས་བྱིན་ཞེས་བྱ་བའི་ཕུང་པོ་ལྔ་པོ་འདི་དག་ལ་མེད་དོ། །གལ་
ཏེ་ཡོད་པ་ཉིད་འགོག་པར་བྱེད་པའི་ཕྱིར་འདི་ནི་ཡོད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་འཇིག་རྟེན་ན་ཡོད་པ་ཉིད་འགོག་པར་བྱེད་ཀྱི་མེད་པ་ཉིད་འགོག་པར་མི་བྱེད་དེ། དཔེར་ན་ལྷས་བྱིན་ཁྱིམ་ན་མེད་དོ་ཞེས་བརྗོད་ཀྱི་ནམ་མཁའི་མེ་ཏོག་ཁྱིམ་ན་མེད་དོ་ཞེས་མི་ཟེར་བས་འདིར་ཁྱེད་ཀྱི་གང་ཟག་
ཕུང་པོ་རྣམས་ལ་མེད་དོ་ཞེས་བཀག་པ་ལས་ན་གང་ཟག་དངོས་ནི་ཡོད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་གཙོ་བོ་དང་སྐྱེས་བུ་དང་དབང་ཕྱུག་ལ་སོགས་པ་དག་

གིས་མ་ངེས་པ་ཉིད་ཡིན་པའི་ཕྱིར་དང་། དོན་དམ་པར་དཔེ་མེད་པའི་ཕྱིར་དང་ཡོད་པ་ཉིད་འགའ་ཡང་ནི་འཐད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འཇིག་རྟེན་ན་མུ་སྟེགས་བྱེད་དག་གིས་ཡོངས་སུ་བརྟག་པའི་གཙོ་བོ་ལ་སོགས་པ་མེད་པ་དག་འགོག་པར་བྱེད་པ་ཡང་མཐོང་བས་
དེས་ན་ཅི་རེ་ཞིག་དགག་པ་ཡོད་པའི་ཕྱིར་ལྷས་བྱིན་ཁྱིམ་ན་མེད་ཀྱང་དངོས་པོ་ཡོད་པ་བཞིན་དུ་གང་ཟག་ཕུང་པོ་རྣམས་ལ་མེད་ཀྱང་དངོས་པོ་ཡོད་པར་འགྱུར་རམ། འོན་ཏེ་དགག་པ་ཡོད་པའི་ཕྱིར་གཙོ་བོ་ལ་སོགས་པ་གཏན་མེད་པ་བཞིན་དུ་གང་ཟག་ཀྱང་གཏན་མེད་པར་འགྱུར་བ་མ་ངེས་པ་
ཉིད་ཡིན་པའི་ཕྱིར་དང་། དོན་དམ་པར་གང་ཟག་ཡོད་པའི་དཔེ་མེད་པའི་ཕྱིར་དང་། དོན་དམ་པར་ཡོད་པ་ཉིད་འགའ་ཡང་མི་འཐད་པའི་ཕྱིར་ཀླན་ཀ་དེ་ནི་བཟང་པོ་མ་ཡིན་ནོ། །གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་ཁྱེད་ཀྱི་གཏན་ཚིགས་བརྟེན་ནས་བྱུང་བའི་ཕྱིར་ཞེས་བྱ་བ་དེ་ཁོ་བོ་ཅག་ལ་
མ་གྲགས་པས་གཏན་ཚིགས་སུ་མི་རུང་ངོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་ཡང་སྔར་སློབ་དཔོན་གྱིས། གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཞེས་བྱ་བ་སྡུག་བསྔལ་གྱི་ཆོས་བརྟེན་ནས་
བྱུང་བ་ཉིད་ཡིན་པར་བསྟན་པ་དེའི་དབང་ཁོ་ནས་རྗེས་སུ་དཔག་པ་བསྟན་ཏོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ཕ་རོལ་པོ་དག་ལ་ཡང་གང་ཟག་དང་ཕུང་པོ་རྣམས་བརྟེན་ནས་བྱུང་བར་གྲགས་པ་དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དོན་དམ་པར་གང་
ཟག་མ་གྲུབ་པའི་ཕྱིར་སྡུག་བསྔལ་གང་ཟག་གང་གིས་ཀྱང་བདག་གིས་མ་བྱས་པར་གྲུབ་པོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་ན་རེ་ཞིག་གང་ཟག་བདག་གིས་སྡུག་བསྔལ་མ་བྱས་སོ། །དེ་ནི་གང་ཟག་གཞན་གྱིས་སྡུག་བསྔལ་བྱས་པར་འདོད་པའི་ཕྱོགས་དགག་པའི་
ཕྱིར། ད་ནི་ཅི་ལྟར་གང་ཟག་གཞན་དུ་གྱུར་པས་སྡུག་བསྔལ་བྱས་པར་མི་འཐད་པར་དེ་ལྟར་བཤད་པ། གལ་ཏེ་གང་ཟག་གཞན་གྱིས་ནི། །སྡུག་བསྔལ་བྱས་ན་གཞན་ཞིག་གིས། །སྡུག་བསྔལ་དེ་བྱས་གང་སྦྱིན་ཏེ། །སྡུག་བསྔལ་མེད་པར་ཅི་ལྟར་རུང་། །ཞེས་བྱ་བ་ལ་སོགས་པ་

སྨྲས་ཏེ། གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་སྔོན་གྱི་གང་ཟག་གཞན་གྱིས་སྡུག་བསྔལ་བྱས་ནས་ད་ལྟར་གྱི་གང་ཟག་ལ་སྦྱིན་པར་བརྟག་གྲང་ན་སྔོན་གྱི་གང་ཟག་གང་གིས་སྡུག་བསྔལ་བྱས་ནས་ད་ལྟར་གྱི་གང་ཟག་ལ་སྦྱིན་པར་བྱེད་པ་དེས་ད་དུང་དེ་ལ་མ་སྦྱིན་པའི་དུས་ན་གང་ལ་སྦྱིན་པར་
བྱ་བའི་གང་ཟག་དེ་སྡུག་བསྔལ་མེད་པར་ལེན་པ་པོའི་བདག་ཉིད་དུ་ཡོད་པར་ཅི་ལྟར་རུང་སྟེ་མི་རུང་ངོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་གང་ཟག་གཞན་གྱིས་སྡུག་བསྔལ་བྱས་ན་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་སྔོན་གྱི་གང་ཟག་གཞན་གྱིས་སྡུག་
བསྔལ་བྱས་ནས་ད་ལྟར་གྱི་གང་ཟག་ལ་སྦྱིན་པར་རྟོག་ནའོ། །དེ་ལྟ་ན། གནས་སྐབས་གཞན་ཐ་དད་པའི་གཞན་ཞིག་གིས་སྡུག་བསྔལ་དེ་བྱས་ནས་གང་ལ་སྦྱིན་པར་བྱ་བ་དེ་སྡུག་བསྔལ་མེད་པར་ཅི་ལྟར་རུང་སྟེ་དེ་ནི་ཡོད་པ་མ་ཡིན་པ་ཁོ་ན་སྟེ། གང་ཟག་སྡུག་བསྔལ་མེད་པ་བཀག་པའི་ཕྱིར་
དང་། དེ་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཚེ་སྔ་མའི་གནས་སྐབས་གཞན་ཐ་དད་པའི་གང་ཟག་གཞན་ཞིག་གིས་སྡུག་བསྔལ་དེ་བྱས་ནས་ད་ལྟར་གྱི་གང་ཟག་གང་ལ་སྦྱིན་པར་བྱ་བ་དེ་ལ་ད་དུང་མ་བྱིན་པའི་དུས་ན་ད་ལྟར་
གྱི་གང་ཟག་དེ་སྡུག་བསྔལ་མེད་པར་ལེན་པ་པོའི་དངོས་པོར་ཡོད་པར་ཅི་ལྟར་རུང་སྟེ། དེ་ནི་ཡོད་པ་མ་ཡིན་པ་ཁོ་ན་སྟེ། གང་ཟག་སྡུག་བསྔལ་མེད་པར་སྔར་བཀག་ཟིན་པའི་ཕྱིར་དང་། དེ་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་ཕ་རོལ་པོ་དག་ལ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་
སོ། །ད་ལྟར་གྱི་གང་ཟག་མེད་པའི་ཕྱིར་གནས་སྐབས་གཞན་ཐ་དད་པའི་གཞན་ཉིད་ཡོད་པ་མ་ཡིན་ན་གང་གི་ཕྱིར་དེས་བྱས་པ་གཞན་གྱིས་བྱས་པར་ཞེས་བྱ་བར་འགྱུར་ཞེས་བྱ་བས་ནི་གླགས་ཡོད་པའི་ཚིག་སྔ་མ་ལས་བཟློག་ནས་སྐབས་ཀྱི་དོན་ཉིད་སྟོན་ཏེ། གལ་ཏེ་གང་ལ་སྦྱིན་
པ་ད་ལྟར་གྱི་གང་ཟག་ལེན་པ་པོ་ཞིག་ཡོད་ན་ནི་དེ་ལ་ལྟོས་ནས་ཚེ་སྔ་མའི་གནས་སྐབས་གཞན་ཐ་དད་པའི་གང་ཟག་གཞན་ཉིད་ཀྱང་ཡོད་པར་འགྱུར། །དེས་སྡུག་བསྔལ་བྱས་པ་ནི་གང་ཟག་གཞན་གྱིས་བྱས་པ་ཞེས་བྱ་བར་ཡང་འགྱུར་གྲང་ན། གང་ལ་སྦྱིན་པ་ད་ལྟར་གྱི་གང་ཟག་

ལེན་པ་པོ་མེད་པའི་ཕྱིར་ཚེ་སྔ་མའི་གནས་སྐབས་གཞན་ཐ་དད་པའི་གང་ཟག་གཞན་ཉིད་ཡོད་པ་མ་ཡིན་པས་གང་གི་ཕྱིར་དེས་སྡུག་བསྔལ་བྱས་པ་གཞན་གྱིས་བྱས་པ་ཞེས་བྱ་བར་འགྱུར་ཏེ་མི་འགྱུར་རོ། །གཞན་ཡང་སྔར་རྗེས་སུ་དཔག་པ་ལ་སྡུག་བསྔལ་བདག་གིས་མ་བྱས་
སོ་ཞེས་བྱ་བ་དེ་བསྟན་ཟིན་པས་དེའི་ཕྱིར། བདག་གིས་བྱས་པ་མ་གྲུབ་པས། །སྡུག་བསྔལ་གཞན་གྱིས་ག་ལ་བྱས། །མ་བྱས་པ་ལ་གཞན་གྱི་ཐ་སྙད་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་གང་ཟག་གཞན་གྱིས་སྡུག་བསྔལ་མ་བྱས་པའི་འཐད་པ་གཞན་སྟོན་ཏོ། །སྔར།
གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང་། །ཞེས་རྗེས་སུ་དཔག་པ་ལས་སྡུག་བསྔལ་བདག་གིས་མ་བྱས་སོ་ཞེས་བྱ་བ་དེ་བསྟན་ཟིན་པས་དེའི་ཕྱིར་ཅི་ལྟར་རིང་པོ་ལ་ལྟོས་པ་མེད་ན་ཐུང་ངུ་ཡང་མེད་པ་དེ་
བཞིན་དུ་བདག་གིས་བྱས་པ་མེད་ན་གཞན་གྱིས་བྱས་པ་ཡང་མེད་པས་དེའི་ཕྱིར་བདག་གིས་མ་བྱས་ཤིང་བདག་ཉིད་མེད་པ་ལ་གཞན་གྱི་ཐ་སྙད་ཀྱང་མི་སྲིད་པའི་ཕྱིར་སྡུག་བསྔལ་གང་ཟག་གཞན་གྱིས་མ་བྱས་སོ་ཞེས་བྱ་བར་དགོངས་སོ། །ཡང་ན་རྒྱུད་སོ་སོར་ངེས་པ་ལ་ལས་རྣམ་པར་སྨིན་པ་ཅན་
གཞན་གྱིས་བྱེད་པ་མི་སྲིད་པའི་ཕྱིར། སྡུག་བསྔལ་གཞན་གྱིས་ག་ལ་བྱས། །ཞེས་གསུངས་ཏེ་ཞེས་བྱ་བས་ནི་ཚིག་ལེའུར་བྱས་པའི་རྩ་བ་འདིའི་དོན་རྣམ་པ་གཞན་དུ་བཤད་པ་སྟོན་ཏེ། ལྷ་དང་མི་ལ་སོགས་པ་རྒྱུད་སོ་སོར་ངེས་པ་ལས་དགེ་བ་དང་། མི་དགེ་བ་གང་ལ་རྣམ་པར་སྨིན་པ་ཡིད་དུ་འོང་
བ་དང་། མི་འོང་བ་ཡོད་པ་དེ་ནི་རྒྱུད་སོ་སོར་ངེས་པ་ལ་ལས་རྣམ་པར་སྨིན་པ་ཅན་ཞེས་བྱ་བ་དེ། ལས་དེ་ནི་རྒྱུད་སོ་སོར་ངེས་པ་རང་གིས་བྱེད་ཀྱི་གཞན་གྱིས་བྱེད་པ་མི་སྲིད་པའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། སྡུག་བསྔལ་གཞན་གྱིས་ག་ལ་བྱས། །ཞེས་གསུངས་སོ། །དེའི་ཕྱིར་
དེ་ལྟར་སྡུག་བསྔལ་བདག་དང་གཞན་གྱིས་བྱས་པ་ཉིད་དུ་མི་འཐད་དོ་ཞེས་བྱ་བ་ནི་སྐབས་གྱི་མཇུག་བསྡུ་བ་ཡིན་ཏེ། དེའི་ཕྱིར་དེ་ལྟར་དཔྱད་ན་གང་གི་ཚེ། གང་ཟག་བདག་དང་གང་ཟག་གཞན་བྱེད་པ་པོ་ཉིད་མ་ཡིན་པ་དེའི་ཚེ་སྡུག་བསྔལ་བདག་དང་གཞན་གྱིས་བྱས་པ་ཉིད་དུ་མི་འཐད་

དོ། །ཡང་གཞན་ཡང་། གཞན་གྱིས་སྡུག་བསྔལ་གང་བྱེད་པ། །དེ་ནི་དེ་ཡི་བདག་བྱས་འགྱུར། །གནས་སྐབས་གཞན་ཐ་དད་དུ་ཟིན་ཀྱང་གང་ཟག་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བས་ཀྱང་སྡུག་བསྔལ་གང་ཟག་གཞན་གྱིས་བྱས་པ་མ་ཡིན་པའི་གཞུང་བསྣན་པ་རྣམ་པ་གཞན་སྟོན་ཏེ།
གང་ཟག་གང་གིས་སྔོན་གྱི་ཕུང་པོ་ལ་བརྟེན་ནས་སྡུག་བསྔལ་གང་བྱེད་པ་དེ་ནི་གང་ཟག་དེའི་ད་ལྟར་གྱི་ཕུང་པོའི་གནས་སྐབས་སུ་ཡང་བདག་གིས་བྱས་པ་ཞེས་བྱ་བ་དེ་དག་ཡིན་པར་འགྱུར་གྱི། གཞན་གྱིས་བྱས་པ་ཡིན་པར་མི་འགྱུར་ཏེ། འདི་ལྟར་ཚེ་སྔ་མའི་ཕུང་པོའི་གནས་སྐབས་གཞན་
དང་ད་ལྟར་གྱི་ཕུང་པོ་ཐ་དད་དུ་ཟིན་ཀྱང་གང་ཟག་ཐ་དད་པ་མེད་པའི་ཕྱིར་དེ་ཡང་གཞན་གྱིས་བྱས་པར་མ་གྲུབ་པོ། །དེ་ལྟ་བས་ན་བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་ཞེས་བྱ་བ་དེ་དག་ནི་གྱི་ནའོ་ཞེས་བྱ་བ་ནི་སྔར་ཕ་རོལ་པོ་དག་ན་རེ་གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་མི་མྱོང་བའི་ཕྱིར་དང་།
གང་ཟག་གནས་སྐབས་གཞན་ཐ་དད་པས་བྱས་པའི་ཕྱིར་སྡུག་བསྔལ་བདག་གིས་བྱས་པ་ཡང་ཡིན་ལ། གཞན་གྱིས་བྱས་པ་ཡང་ཡིན་པས་ཕྱོགས་གཉི་གར་བསྟན་པའི་སྐྱོན་མེད་དོ་ཞེས་ཕུང་པོའི་མཚན་ཉིད་ཕྱོགས་སུ་བྱས་ནས་སྡུག་བསྔལ་གཉི་གས་བྱས་སོ་ཞེས་ཟེར་བའི་ལན་གྱི་མཇུག་བསྡུ་བ་
ཡིན་ནོ། །ད་ནི་དམ་བཅས་པ་གསུམ་པ་དེ་ཉིད་སྒྲུབ་པའི་ཕྱིར་གང་ཟག་གི་མཚན་ཉིད་ཕྱོགས་སུ་བྱས་ནས་སྡུག་བསྔལ་བདག་དང་གཞན་གཉི་གས་བྱས་པ་དགག་པའི་རྣམ་པ་གཞན་སྟོན་ཏེ། དེའི་ཕྱོགས་སྔ་མ་བསྟན་པའི་ཕྱིར་གཞན་དག་གིས་སྨྲས་པ། གང་ཟག་གི་བདག་གིས་བྱས་
པའི་ཕྱིར་སྡུག་བསྔལ་བདག་གིས་བྱས་པ་ཡང་ཡིན་ལ། སྡུག་བསྔལ་གང་ཡིན་པ་དེ་ཉིད་གང་ཟག་མ་ཡིན་པའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པ་ཡང་ཡིན་ཏེ། དེ་ལྟར་རྣམ་གྲངས་ལས་བདག་དང་གཞན་གྱིས་བྱས་པར་གྲུབ་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདིར་རང་གི་
སྡེ་པ་དག་ལས་རྣམ་པར་ཕྱེ་སྟེ་སྨྲ་བ་པའི་སྡེ་དང་། ཆོས་སྲུང་སྡེ་དང་། གོས་དམར་སྡེ་དང་། གནས་མའི་བུའི་སྡེ་དང་། ས་སྟོན་གྱི་སྡེ་དང་། ཆོས་མཆོག་སྡེ་དང་། སར་སྒྲོགས་རིགས་ཀྱི་སྡེ་ཞེས་བྱ་བ་སྡེ་པ་བདུན་པོ་དེ་དག་ནི་ཕལ་ཆེར་གང་ཟག་ཏུ་སྨྲ་བ་ཡིན་ཏེ། དེ་དག་ལས་ཁ་

ཅིག་ནི་ཕུང་པོ་དང་། གང་ཟག་གཅིག་པར་འདོད་པས་གང་ཟག་བདག་གིས་བྱས་པའི་ཕྱིར་སྡུག་བསྔལ་བདག་གིས་བྱས་པ་ཡིན་ཞེས་ཟེར། ཁ་ཅིག་ནི་ཕུང་པོ་དང་གང་ཟག་ཐ་དད་པར་འདོད་པས་སྡུག་བསྔལ་གང་ཡིན་པ་དེ་ཉིད་གང་ཟག་མ་ཡིན་པའི་ཕྱིར་སྡུག་བསྔལ་གཞན་གྱིས་
བྱས་སོ་ཞེས་ཟེར་ཏེ། དེའི་ཕྱིར་སྡེ་པ་བདུན་པོ་དེ་དག་ན་རེ་དེ་ལྟར་གཅིག་པ་དང་། ཐ་དད་པའི་རྣམ་གྲངས་ལས་སྡུག་བསྔལ་བདག་དང་གཞན་གྱིས་བྱས་པར་གྲུབ་པའི་ཕྱིར། ཁྱེད་དབུ་མ་པས་གཉི་གས་བྱས་པའི་ཕྱོགས་སུན་དབྱུང་བའི་སྐྱོན་སྔ་མ་དག་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་
ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། རེ་ཞིག་སྡུག་བསྔལ་བདག་བྱས་མིན། །གང་ཟག་བདག་གིས་མ་བྱས་སོ། །ཞེས་བྱ་བའི་ཐ་ཚིག་སྟེ། སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པའི་གང་ཟག་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་
ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་ཕུང་པོའི་མཚན་ཉིད་ལས་གཞན་པའི་གང་ཟག་གིས་སྡུག་བསྔལ་བདག་གིས་མ་བྱས་སོ་ཞེས་བསྟན་ཏེ། འདི་ལྟར་སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པའི་གང་ཟག་ནམ་མཁའི་མེ་ཏོག་ལྟ་བུ་གཞན་མེད་པའི་ཕྱིར་དེས་ན་སྡུག་བསྔལ་མ་བྱས་སོ་ཞེས་
བྱ་བར་དགོངས་སོ། །ཅི་སྟེ་སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པའི་གང་ཟག་མེད་པའི་ཕྱིར་དེས་དེ་མ་བྱས་པའི་སྐྱོན་དུ་གྱུར་ན་མི་རུང་ངོ་སྙམ་པས་གང་ཟག་ནི་སྡུག་བསྔལ་གྱི་ངོ་བོ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་སྡུག་བསྔལ་གྱི་ངོ་བོ་ཉིད་ཡིན་ན་ཡང་། དེ་ཉིད་ཀྱིས་ནི་དེ་མ་བྱས། གལ་ཏེ་བདག་གིས་བྱས་
གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཞེས་བྱ་བ་དེར་བཀག་ཟིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་གང་ཡིན་པ་དེ་ཉིད་སྡུག་བསྔལ་ཡིན་ལ། དེས་དེ་བྱས་པར་གྱུར་ན་གང་གི་ཕྱིར་བདག་གིས་བྱས་པ་ནི་རྒྱུ་དང་རྐྱེན་གྱིས་བྱས་པ་མ་ཡིན་པ་དེའི་ཕྱིར་དེ་ལ་
བརྟེན་ནས་བྱུང་བ་ཉིད་ཀྱི་ཆོས་མེད་པའི་ཕྱིར་དེ་ནི་མི་འདོད་དེ་སྔར་བཀག་ཟིན་ཏོ་ཞེས་བྱ་བར་དགོངས་སོ། །ཡང་ན། དེ་ཉིད་ཀྱིས་ནི་དེ་མ་བྱས། །ཞེས་བྱ་བ་ནི། རང་ལ་བྱ་བ་བྱེད་པ་མ་མཐོང་བའི་ཕྱིར་དང་། བདག་ལས་སྐྱེ་བ་མི་འཐད་པ་བཞིན་དུ་དེས་བྱེད་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་

བྱ་བས་ནི་ཚིག་ལེའུར་བྱས་པའི་རྩ་བ་འདིའི་དོན་རྣམ་པ་གཞན་དུ་བཤད་པ་སྟོན་ཏོ། །གང་ཟག་གང་ཡིན་པ་དེ་ཉིད་སྡུག་བསྔལ་ཡིན་པར་གྱུར་ན་དེ་ཉིད་ཀྱིས་དེ་མི་བྱེད་དེ་རང་ལ་བྱེད་པ་འགལ་བའི་ཕྱིར་དང་། བདག་ལས་སྐྱེ་བ་མི་འཐད་པ་བཞིན་དུ་དེས་དེ་བྱེད་པ་མི་འཐད་པའི་ཕྱིར་སྡུག་བསྔལ་བདག་
གིས་བྱས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྡུག་བསྔལ་གང་ཡིན་པ་དེ་ཉིད་གང་ཟག་མ་ཡིན་པའི་ཕྱིར་དེས་བྱས་པ་ནི་གཞན་གྱིས་བྱས་པ་ཡང་ཡིན་ཏེ་ཞེས་གང་སྨྲས་པ་དེ་ཡང་བཟང་པོ་མ་ཡིན་ཏེ་ཞེས་བྱ་བས་ནི་གང་ཟག་ཕུང་པོ་དང་གཅིག་པ་མ་ཡིན་པས་དེས་བྱས་པ་ནི་སྡུག་བསྔལ་
གཞན་གྱིས་བྱས་པ་ཡིན་པར་འདོད་པའི་ཕྱོགས་སུ་དགག་པ་སྟོན་ཏོ། །དེའི་ཕྱིར། གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་གལ་ཏེ་ཕ་རོལ་པོ་དག་གིས་ཕུང་པོ་ལས་གཞན་པའི་གང་ཟག་ཡོད་པར་བརྟགས་པ་དེས་བདག་
ཉིད་བྱས་ཏེ་ཡོད་པར་གྱུར་ན་ནི་དེ་ཉིད་གཞན་ཡིན་པས་དེས་བྱས་པའི་སྡུག་བསྔལ་ནི་གཞན་གྱིས་བྱས་པ་ཞེས་བྱ་བར་ཡང་འགྱུར་བ་ཞིག་ན། ཕུང་པོ་ལས་གཞན་པའི་གང་ཟག་དེས་བདག་ཉིད་མ་བྱས་ཏེ། ཡོད་པ་མ་ཡིན་པས་གཞན་ཉིད་མེད་ན་དེས་སྡུག་བསྔལ་བྱས་པར་ག་ལ་འགྱུར་ཏེ། མི་འགྱུར་
རོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ཕ་རོལ་པོ་དག་གིས་གཞན་ཉིད་དུ་བསམ་པ་གང་ཡིན་པ་དེ་གལ་ཏེ་བདག་གིས་མ་བྱས་ཤིང་བདག་ཉིད་མ་སྐྱེས་ཀྱང་ཡོད་པར་གྱུར་ན་ནི་དེས་ན་དེ་གཞན་ཉིད་དུ་གྲུབ་པའི་ཕྱིར་དེས་བྱས་པ་ཡང་གཞན་གྱིས་བྱས་པར་འགྱུར་གྲང་ན། མཁས་པ་རྣམས་ནི་མ་སྐྱེས་པ་
ཡོད་པ་ཉིད་དུ་མི་སྟོན་པས་དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པར་ག་ལ་འགྱུར་ཏེ། དེ་ནི་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ན། སྡུག་བསྔལ་བདག་གིས་བྱས་པ་དང་། །གཞན་གྱིས་བྱས་པར་མི་རིགས་སོ། །ཞེས་བྱ་བ་ནི་སྔར་ཕ་རོལ་པོ་དག་ན་རེ་གང་ཟག་བདག་
གིས་བྱས་པའི་ཕྱིར་སྡུག་བསྔལ་བདག་གིས་བྱས་པ་ཡང་ཡིན་ལ། སྡུག་བསྔལ་གང་ཡིན་པ་དེ་ཉིད་གང་ཟག་མ་ཡིན་པའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པ་ཡང་མ་ཡིན་ཏེ། དེ་ལྟར་རྣམ་གྲངས་ལས་བདག་དང་གཞན་གྱིས་བྱས་པར་གྲུབ་པའི་ཕྱིར་སྐྱོན་མེད་དོ་ཞེས་གང་ཟག་གི་མཚན་ཉིད་ཕྱོགས་

སུ་བྱས་ནས་སྡུག་བསྔལ་གཉི་གས་བྱས་སོ་ཞེས་ཟེར་བའི་ལན་གྱི་མཇུག་བསྡུ་བ་ཡིན་ནོ།། །།བམ་པོ་ལྔ་བཅུ་པ། ད་ནི་དམ་བཅས་པ་གསུམ་པ་དེ་ཉིད་སྒྲུབ་པའི་ཕྱིར་གྲངས་ཅན་དག་གིས། རང་བཞིན་དང་སྐྱེས་བུ་ཕྱོགས་སུ་བྱས་ནས་སྡུག་བསྔལ་བདག་དང་གཞན་གཉི་གས་བྱས་པ་དགག་
པའི་རྣམ་པ་གཞན་སྟོན་ཏེ། དེའི་ཕྱིར་ཕྱོགས་སྔ་མ་བསྟན་པའི་ཕྱིར་གྲངས་ཅན་དག་ནི་རྡུལ་ཤས་ཆེ་བས་བྱ་བ་བྱེད་པའི་འཇུག་པ་དེ་དག་དམིགས་པ་ནི་སྡུག་བསྔལ་ཡིན་ལ། དེ་ཡང་གང་གི་ཕྱིར་བདག་ཉིད་ཀྱི་ནང་གི་བྱེད་པ་དག་བྱེད་པ་པོ་ཉིད་ཡིན་པ་དེའི་ཕྱིར་བྱེད་པ་པོ་བདག་ཉིད་དང་ལྡན་པ་ཡིན་པ་ལ།
གང་གི་ཕྱིར་སྐྱེས་བུའི་ངོ་བོ་ཉིད་ལས་ཐ་དད་པའི་ནང་གི་བྱེད་པ་གཞན་དུ་གྱུར་པ་དག་བྱེད་པ་པོ་ཉིད་ཡིན་པ་དེའི་ཕྱིར་བྱེད་པ་པོ་གཞན་དང་ལྡན་པ་ཡིན་པ་ལས་དེས་བྱས་པའི་སྡུག་བསྔལ་ནི་བདག་དང་གཞན་གྱིས་བྱས་པ་ཡིན་ནོ་ཞེས་ཟེར་ཞིང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གྲངས་ཅན་དག་ན་རེ་སྐྱེས་བུ་མ་
གཏོགས་པའི་དངོས་པོ་ཐམས་ཅད་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ཡིན་པ་ལས་གང་གི་ཚེ་རྡུལ་ཤས་ཆེ་བས་ལུས་དང་། དབང་པོ་དང་། བློའི་ཚོགས་ཀྱི་བྱ་བ་བྱེད་པའི་འཇུག་པ་དེ་དག་དམིགས་པ་ནི་སྡུག་བསྔལ་ཡིན་ལ། སྡུག་བསྔལ་དེ་ཡང་རང་བཞིན་ལ་ལྟོས་ནས་བྱེད་པ་པོ་
བདག་ཉིད་དང་ལྡན་པས་བྱས་པ་ནི་བདག་གིས་བྱས་པ་ཡིན་ལ། སྐྱེས་བུ་ལ་ལྟོས་ནས་བྱེད་པ་པོ་གཞན་དང་ལྡན་པས་བྱས་པ་ནི་གཞན་གྱིས་བྱས་པ་ཡིན་པས་དེའི་ཕྱིར་སྡུག་བསྔལ་ནི་བདག་དང་གཞན་གྱིས་བྱས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་རང་བཞིན་ལ་ལྟོས་ནས་བྱེད་པ་པོ་བདག་ཉིད་དང་ལྡན་པ་
ཅི་ལྟ་བུ་ཡིན་ཞེ་ན། གང་གི་ཕྱིར་བདག་ཉིད་ཀྱི་ནང་གི་བྱེད་པ་དག་བྱེད་པ་པོ་ཡིན་པ་དེའི་ཕྱིར་བྱེད་པ་པོ་བདག་ཉིད་དང་ལྡན་པ་ཡིན་ཏེ། རྡུལ་ཤས་ཆེ་བའི་རང་བཞིན་ལས་ང་རྒྱལ་བྱུང་ཞིང་ང་རྒྱལ་ལས་དབང་པོ་རྣམས་དང་དེ་ཙམ་རྣམས་འབྱུང་བས་རྡུལ་ཤས་ཆེ་བ་ལས་ང་རྒྱལ་འབྱུང་བ་ནི་རྡུལ་གྱི་རང་
བཞིན་ལས་བྱུང་བའི་ནང་གི་བྱེད་པ་ཡིན་པས་དེ་དག་ནི་བདག་ཉིད་ཀྱི་ནང་གི་བྱེད་པ་དག་ཅེས་བྱའོ། །བདག་ཉིད་ཀྱི་ནང་གི་བྱེད་པ་དེ་དག་ལས་དབང་པོ་རྣམས་དང་དེ་ཙམ་རྣམས་བྱུང་བ་ནི་ཕུང་པོའི་ངོ་བོ་ཉིད་ཡིན་པས་སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་དེ་བདག་ཉིད་ཀྱི་ནང་གི་བྱེད་པ་དག་

གིས་བསྐྱེད་པ་ནི་བྱེད་པ་པོ་བདག་ཉིད་དང་ལྡན་པ་ཞེས་བྱའོ། །སྐྱེས་བུ་ལ་ལྟོས་ནས་བྱེད་པ་པོ་གཞན་དང་ལྡན་པ་ཅི་ལྟ་བུ་ཡིན་ཞེ་ན། གང་གི་ཕྱིར་སྐྱེས་བུའི་ངོ་བོ་ཉིད་ལས་ཐ་དད་པའི་ནང་གི་བྱེད་པ་གཞན་དུ་གྱུར་པ་དག་བྱེད་པ་པོ་ཉིད་ཡིན་པ་དེའི་ཕྱིར་བྱེད་པ་པོ་གཞན་དང་ལྡན་པ་ཡིན་ཏེ། སྐྱེས་བུའི་ངོ་བོ་ཉིད་
ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་མ་ཡིན་པས་རྡུལ་ཤས་ཆེ་བའི་རང་བཞིན་ལས་ང་རྒྱལ་འབྱུང་བ་ནི་སྐྱེས་བུའི་ངོ་བོ་ཉིད་ལས་ཐ་དད་པའི་ནང་གི་བྱེད་པ་གཞན་དུ་གྱུར་པ་དག་ཡིན་པས་དེ་དག་ནི་སྐྱེས་བུའི་ངོ་བོ་ཉིད་ལས་ཐ་དད་པའི་ནང་གི་བྱེད་པ་གཞན་དུ་གྱུར་པ་དག་ཅེས་བྱའོ། །སྐྱེས་བུའི་ངོ་བོ་ཉིད་ལས་
ཐ་དད་པའི་ནང་གི་བྱེད་པ་གཞན་དུ་གྱུར་པ་དེ་དག་ལས་དབང་པོ་རྣམས་དང་། དེ་ཙམ་རྣམས་བྱུང་བ་ཡང་ཕུང་པོའི་ངོ་བོ་ཉིད་ཡིན་པས་སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་དེ་སྐྱེས་བུའི་ངོ་བོ་ཉིད་ལས་ཐ་དད་པའི་ནང་གི་བྱེད་པ་གཞན་དུ་གྱུར་པ་དག་གིས་བསྐྱེད་པ་ནི་བྱེད་པ་པོ་གཞན་དང་ལྡན་པ་ཞེས་བྱའོ། །
དེ་ལྟར་བྱེད་པ་པོ་བདག་ཉིད་དང་ལྡན་པ་དང་། བྱེད་པ་པོ་གཞན་དང་ལྡན་པ་དེས་བྱས་པའི་སྡུག་བསྔལ་ནི་བདག་དང་གཞན་གྱིས་བྱས་པ་ཡིན་ནོ་ཞེས་ཟེར་ཞེས་གྲག་གོ། །དེ་དག་འདི་སྐད་ཅེས། ཕུང་པོ་སྐད་ཅིག་སྨྲ་བ་ཡི། །ཤཱཀྱ་པ་དག་བདག་མེད་ན། །མཐོ་རིས་ཐར་ལ་དགོས་པ་ཡི། །འབད་པ་
དོན་མེད་ཉིད་དུ་འགྱུར། །ཕུང་པོ་སྔ་མར་གཏོགས་པ་ཡི། །དགེ་བ་དེ་འབྲས་སྐྱེད་པ་ལས། །ཕུང་པོ་ཕྱི་མ་ཁྱད་པར་ཅན། །ཀུན་དུ་འབྱུང་བར་འདོད་མོད་ཀྱི། །འོན་ཀྱང་དེ་དག་གཞན་དོན་དུ། །འབད་པ་འཐད་པར་མི་འགྱུར་ཏེ། །གཞན་ལ་ཕན་པར་བྱ་བ་ནི། །འགའ་ཡང་འཇུག་པར་མི་བྱེད་དོ། །ཞེས་བྱ་བ་
ལ་སོགས་པ་ཡང་བརྗོད་དོ་ཞེས་བྱ་བ་ནི་གྲངས་ཅན་རང་བཞིན་དང་སྐྱེས་བུ་བརྟག་པར་འདོད་པ་དེ་དག་འདི་སྐད་ཅེས་ཀྱང་བརྗོད་ཅེས་གྲག་སྟེ་ཕུང་པོ་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་ཡིན་པར་སྨྲ་བའི་ཤཱཀྱ་པ་དག་ལ་ནི་གང་ཟག་ཅེས་བྱ་བའི་བདག་བརྟག་མེད་པས་དེ་དག་མཐོ་རིས་ལ་དགོས་
པའི་འབད་པ་བརྟུལ་ཞུགས་དང་། ངེས་པ་ལ་སོགས་པ་ཡང་དག་པར་ལེན་པ་དང་། ཐར་པ་ལ་དགོས་པའི་འབད་པ་བསྒོམ་པ་ལ་སོགས་པ་ཉམས་སུ་ལེན་པ་དག་དོན་མེད་པ་ཉིད་དུ་འགྱུར་ཏེ། ཕུང་པོ་རྣམས་སྐད་ཅིག་མའི་རྒྱུད་ཐ་དད་པ་ཡིན་པའི་ཕྱིར་ལྷས་བྱིན་མཐོ་རིས་དང་ཐར་པ་ལ་དགོས་པའི་

འབད་པ་རྩོམ་པ་དག་མཆོད་སྦྱིན་གྱི་རྒྱུད་ལ་དོན་མེད་པ་ཉིད་དུ་འགྱུར་བ་བཞིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། ཤཱཀྱ་པ་དག་ཕུང་པོ་སྔ་མའི་རྒྱུད་དུ་གཏོགས་པའི་ལས་དགེ་བ་དེའི་འབྲས་བུ་མཐོ་རིས་སྐྱེད་པ་ལས་ཕུང་པོ་ཕྱི་མ་ལྷ་དང་མིའི་ལུས་ཁྱད་པར་ཅན་དག་ས་བླ་དང་བར་སྣང་ཡན་ཆད་དུ་ཀུན་དུ་
འབྱུང་བར་འདོད་པས་ལས་དགེ་བ་དེ་དག་མངོན་པར་འདུ་བྱེད་ཅིང་ལས་མི་དགེ་བ་ངན་སོང་གི་འབྲས་བུ་སྐྱེད་པ་དག་སྤོང་བར་བྱེད་པ་ཙམ་ཞིག་དགེ་མོད་ཀྱི། འོན་ཀྱང་དེ་དག་ད་ལྟར་གྱི་ཕུང་པོ་སྐད་ཅིག་མ་འདིས་ཕྱི་མའི་ཕུང་པོ་སྐད་ཅིག་མ་གཞན་གྱི་དོན་དུ་འབད་པ་འཐད་པར་མི་འགྱུར་ཏེ། འདི་ལྟར་
འཇིག་རྟེན་ན་མཁས་པ་བདག་ལ་ལེགས་པར་འདོད་པ་དག་ལས་འགའ་ཡང་གཞན་ལ་ཕན་གདགས་པའི་དོན་དུ་འཇུག་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་ཅེས་གྲག་གོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྔར་གང་ཟག་གི་མཚན་ཉིད་ཕྱོགས་
སུ་བྱས་པ་སུན་དབྱུང་བའི་ཚིག་ལེའུར་བྱས་པ་དེ་ཉིད་ཡང་བཟླས་ཏེ། འདིར་བཤད་པ། རེ་ཞིག་སྡུག་བསྔལ་བདག་བྱས་མིན། །སྐྱེས་བུས་སོ་ཞེས་བྱ་བ་སྨྲས་ཏེ། རེ་ཞིག་སྡུག་བསྔལ་ནི་སྐྱེས་བུ་བདག་གིས་མ་བྱས་ཏེ། འདི་ལྟར་གྲངས་ཅན་དག་གི་གཞུང་ལས་རང་བཞིན་བྱེད་པ་པོ་ཡིན་ལ་སྐྱེས་བུ་ནི་ཟ་བ་
པོ་ཡིན་ཏེ། དཔེར་ན་ལོང་བ་དང་གྲུམ་པོའི་ཚུལ་བཞིན་ནོ་ཞེས་འབྱུང་བས་སྐྱེས་བུ་བྱེད་པ་པོ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ནང་གི་བྱེད་པས་བྱས་སོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་འདི་སྐད་ཅེས་ཁོ་བོ་ཅག་གི་གཞུང་ལས་བདག་ཉིད་ཀྱི་ནང་གི་བྱེད་པ་སྐྱེས་བུའི་ངོ་བོ་ཉིད་ལས་ཐ་དད་པ་གཞན་དུ་
གྱུར་པ་དག་སྡུག་བསྔལ་གྱི་བྱེད་པ་པོ་ཉིད་དུ་འདོད་པས་དེས་བྱས་སོ་ཞེས་ཟེར་ནའོ། །དེའི་ལན་དུ། ནང་གི་བྱེད་པ་རྡུལ་ཤས་ཆེ་བ་དེ་ནི་སྡུག་བསྔལ་ཡིན་པས་སྡུག་བསྔལ་དེ་ཉིད་ཀྱིས་དེ་ཉིད་བྱེད་པར་མི་འཐད་དེ། དཔེར་ན་བུམ་པ་དེ་ཉིད་ཀྱིས་བུམ་པ་དེ་ཉིད་བྱེད་པར་མི་འཐད་པ་བཞིན་ནོ་ཞེས་བྱ་བར་
སློབ་དཔོན་གྱིས་དགོངས་ནས། དེ་ཉིད་ཀྱིས་ནི་དེ་མ་བྱས། །ཞེས་གསུངས་ཏེ་ཞེས་བྱ་བ་སྨྲས་ཏེ། བདག་ཉིད་ཀྱི་ནང་གི་བྱེད་པ་ཞེས་བྱ་བ་རྡུལ་ཤས་ཆེ་བ་ལས་ང་རྒྱལ་འབྱུང་བ་དེ་ནི་དབང་པོ་རྣམས་དང་དེ་ཙམ་རྣམས་ཀྱི་ངོ་བོ་ཉིད་ཡིན་པས་དེ་ཉིད་ཀྱིས་དེ་ཉིད་བྱེད་པར་མི་འཐད་དེ་དཔེར་ན་བུམ་

པ་བཞིན་ནོ་ཞེས་བྱ་བར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དགོངས་ནས། དེ་ཉིད་ཀྱིས་ནི་དེ་མ་བྱས། །ཞེས་གསུངས་སོ། །དེའི་ཕྱིར་སྡུག་བསྔལ་བདག་གིས་མ་བྱས་སོ་ཞེས་བྱ་བ་ནི་གྲངས་ཅན་དག་གི་བྱེད་པ་པོ་བདག་ཉིད་དང་ལྡན་པས་སྡུག་བསྔལ་མ་བྱས་པར་དགག་པའི་མཇུག་བསྡུ་བ་
ཡིན་ནོ། །ད་ནི་གྲངས་ཅན་དག་གི་བྱེད་པ་པོ་གཞན་དང་ལྡན་པས་སྡུག་བསྔལ་མ་བྱས་པར་དགག་པའི་ཕྱིར། །གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་གལ་ཏེ་གྲངས་ཅན་དག་གིས་སྐྱེས་བུ་ལས་གཞན་པའི་ནང་གི་བྱེད་པ་ཡོད་
པར་བརྟགས་པ་དེ་བདག་ཉིད་གྲུབ་པར་གྱུར་ན་ནི་དེ་ཉིད་གཞན་ཡིན་པས་དེས་བྱས་པའི་སྡུག་བསྔལ་ནི་གཞན་གྱིས་བྱས་པ་ཞེས་བྱ་བར་ཡང་འགྱུར་བ་ཞིག་ན། སྐྱེས་བུ་ལས་གཞན་པའི་ནང་གི་བྱེད་པ་དེ་བདག་ཉིད་མ་གྲུབ་པས་གཞན་ཉིད་མེད་ན་དེས། སྡུག་བསྔལ་བྱས་པར་ག་ལ་འགྱུར་ཏེ་མི་འགྱུར་རོ་
ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ཕ་རོལ་པོ་དག་གིས་ནང་གི་བྱེད་པ་ལས་གཞན་ཡིན་པར་བསམས་པ་གང་ཡིན་པའི་གཞན་དེ་ནི་བདག་གིས་མ་བྱས་ཏེ། བདག་ཉིད་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་གི་གཞུང་ལས་སྙིང་སྟོབས་ལ་སོགས་པ་ཡོན་ཏན་གསུམ་ནི་རྟག་པ་དང་།
ཐམས་ཅད་དུ་སོང་བས་དངོས་པོ་ཐམས་ཅད་ཀྱང་ཐམས་ཅད་ཀྱི་བདག་ཉིད་ཡིན་པར་འདོད་པས་དེས་ན་ནང་གི་བྱེད་པ་ལས་གཞན་པའི་སྐྱེས་བུ་ཡང་གཞན་དུ་མ་གྲུབ་ལ། སྐྱེས་བུ་གཞན་དུ་མ་གྲུབ་ན་ནང་གི་བྱེད་པ་ཡང་དེ་ལས་གཞན་དུ་གྱུར་པ་མ་ཡིན་པས་གཞན་ཉིད་མེད་ན་སྡུག་བསྔལ་གཞན་གྱིས་བྱས་པར་
ག་ལ་འགྱུར་ཏེ་མི་འགྱུར་རོ། །འདིར་གལ་ཏེ་སྒྲའི་མཚན་ཉིད་ལ་འཆེལ་བ་དག་འདི་སྐད་ཅེས། གཞན་དེ་བདག་ཉིད་མ་གྲུབ་པའི་དོན་ཡིན་པ་ལས་ཚིག་ལེའུར་བྱས་པ་ལས་བདག་མ་བྱས་ཞེས་སྨོས་པ་ནི་ཚིག་ཟུར་ཆག་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་
པ་ཉིད་ཀྱིས། བདག་མ་བྱས་ཞེས་བྱ་བའི་སྒྲ་ནི་དོན་དུ་མ་ལ་འཇུག་པའི་ཕྱིར་དཔེར་ན་ཟན་བྱས་སོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ཟས་ཀྱི་གཡོས་གྲུབ་པ་ལ་ཟན་བྱས་སོ་ཞེས་བརྗོད་པ་ལ་ཚིག་ཟུར་ཆག་མེད་པ་དེ་བཞིན་དུ་འདིར་ཡང་བདག་ཉིད་མ་གྲུབ་པ་ལ་བདག་མ་བྱས་ཞེས་བརྗོད་པ་ལ་

ཚིག་ཟུར་ཆག་མེད་དོ། །དེའི་ཕྱིར་དེ་ཉིད་གཞན་ཞེས་བྱ་བ་བདག་ཉིད་མ་གྲུབ་པས་སྡུག་བསྔལ་གཞན་གྱིས་བྱས་པར་ག་ལ་འགྱུར་ཞེས་བྱ་བ་ནི་སྐྱེས་བུའི་ངོ་བོ་ཉིད་ལས་ཐ་དད་པའི་ནང་གི་བྱེད་པ་གཞན་དུ་གྱུར་པ་བདག་ཉིད་མ་གྲུབ་པས་གཞན་ཉིད་མེད་ན་དེས་སྡུག་བསྔལ་བྱས་པར་ག་ལ་འགྱུར་
ཞེས་བྱ་བར་སྦྱར་རོ། །ཡང་ན་གཞན་ཉིད་མ་གྲུབ་པའི་ཕྱིར་ཏེ་སྐྱེས་བུ་ནི་ནང་གི་བྱེད་པ་ལས་གཞན་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་ནང་གི་བྱེད་པའི་རང་གི་བདག་ཉིད་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བས་ནི་རྗེས་སུ་དཔག་པའི་སྒོ་ནས་གཞན་ཉིད་དགག་པ་སྟོན་ཏེ། དེ་
དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནང་གི་བྱེད་པ་ནི་དངོས་པོ་ཡིན་པའི་ཕྱིར་རང་གི་བདག་ཉིད་ལས་གཞན་མ་ཡིན་པ་དེ་བཞིན་དུ་སྐྱེས་བུ་ཡང་དངོས་པོ་ཡིན་པའི་ཕྱིར་ནང་གི་བྱེད་པ་ལས་
གཞན་མ་ཡིན་པས་དེའི་ཕྱིར་དངོས་པོ་ཉིད་དུ་རྗེས་སུ་དཔོག་པས་གཞན་ཉིད་མེད་པས་སྐྱེས་བུའི་གཞན་ཉིད་བསལ་བས་གྲངས་ཅན་དག་གི་རང་གི་རྗེས་སུ་དཔག་པ་ལ་གནོད་དོ། །གཞན་ཉིད་དུ་རྗེས་སུ་དཔོག་པས་སྡུག་བསྔལ་དམིགས་པའི་བྱེད་པ་པོ་མ་ཡིན་པ་ཉིད་ཀྱིས་དེ་བསལ་བའི་ཕྱིར། དམ་བཅས་པ་
ལ་ཆོས་ཀྱི་ངོ་བོ་ཉིད་བཟློག་པའི་སྐྱོན་ཡང་ཡོད་དོ་ཞེས་བྱ་བས་ནི་གྲངས་ཅན་དག་སྐྱེས་བུའི་ངོ་བོ་ཉིད་ལས་ནང་གི་བྱེད་པ་གཞན་ཉིད་དུ་རྗེས་སུ་དཔོག་པས་དེས་ན་ནང་གི་བྱེད་པ་སྡུག་བསྔལ་དམིགས་པའི་བྱེད་པ་པོ་མ་ཡིན་པ་ཉིད་ཀྱིས་བྱེད་པ་པོ་ཡིན་པ་དེ་བསལ་བའི་ཕྱིར་གྲངས་ཅན་དག་གིས་དམ་བཅས་པ་
ལ་ནང་གི་བྱེད་པ་སྡུག་བསྔལ་གྱི་བྱེད་པ་པོ་ཡིན་པར་བསྒྲུབ་པར་བྱ་བ་ཆོས་ཀྱི་ངོ་བོ་ཉིད་བཟློག་པའི་སྐྱོན་ནང་གི་བྱེད་པ་སྡུག་བསྔལ་གྱི་བྱེད་པ་པོ་མ་ཡིན་པ་ཉིད་དུ་གྲུབ་པ་ཡང་ཡོད་དོ་ཞེས་བསྟན་ཏོ། །དེ་ལྟར་ན་ཡང་སྡུག་བསྔལ་བདག་གིས་བྱས་པ་དང་གཞན་གྱིས་བྱས་པར་མི་རིགས་སོ་ཞེས་བྱ་བ་ནི་
སྔར་གྲངས་ཅན་དག་རང་བཞིན་དང་སྐྱེས་བུ་ཕྱོགས་སུ་བྱས་ནས་སྡུག་བསྔལ་གཉི་གས་བྱས་སོ་ཞེས་ཟེར་བའི་ལན་གྱི་མཇུག་བསྡུ་བ་ཡིན་ནོ། །ད་ནི་དམ་བཅས་པ་གསུམ་པ་དེ་ཉིད་སྒྲུབ་པའི་ཕྱིར་རྣམ་པ་གཉིས་སུ་སྨྲ་བ་དག་གི་ལུས་དང་སྲོག་གི་རྣམ་གྲངས་ཕྱོགས་སུ་བྱས་ནས་སྡུག་བསྔལ་བདག་དང་

གཞན་གཉི་གས་བྱས་པའི་དགག་པའི་རྣམ་པ་གཞན་སྟོན་ཏེ་དེའི་ཕྱོགས་སྔ་མ་བསྟན་པའི་ཕྱིར་རྣམ་པ་གཉིས་སུ་སྨྲ་བ་དག་ན་རེ་འོ་ན་རྣམ་གྲངས་ལས་སྡུག་བསྔལ་ནི་གཉི་གས་བྱས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། འདིར་རྣམ་གཉིས་སུ་སྨྲ་བ་ཞེས་བྱ་བ་མུ་སྟེགས་འོས་པ་པ་ནམ་མཁའི་གོས་ཅན་
དག་ན་རེ། ལུས་ཀྱི་རྣམ་གྲངས་ནི་སྡུག་བསྔལ་ཉིད་ཡིན་པས་དེས་བྱས་པ་ནི་སྡུག་བསྔལ་བདག་གིས་བྱས་པ་ཡིན་ལ། སྲོག་གི་རྣམ་གྲངས་ནི་སྡུག་བསྔལ་ལས་གཞན་ཡིན་པས་དེས་བྱས་པ་ནི་སྡུག་བསྔལ་གཞན་གྱིས་བྱས་པ་ཡིན་པའི་ཕྱོགས་སྔ་མ་དག་ཏུ་བསྟན་པའི་སྐྱོན་ཁོ་བོ་ཅག་གི་ཕྱོགས་ལ་མེད་
དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་ཕྱིར་དེ་དགག་པའི་ཕྱིར་བཤད་པ། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉི་གས་བྱས་པར་འགྱུར། །གང་གི་ཚེ་ཅི་སྐད་བསྟན་པའི་བསྒྲུབས་པས་བདག་གིས་བྱས་པ་དང་གཞན་གྱིས་བྱས་པར་མི་རིགས་པ་
དེའི་ཚེ་གཉི་གས་བྱས་སོ་ཞེས་བྱ་བའི་སྐབས་མེད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་སྔར་བདག་དང་གཞན་ཕྱོགས་སུ་བྱས་པ་དང་ཕུང་པོའི་མཚན་ཉིད་ཕྱོགས་སུ་བྱས་པ་དང་གང་ཟག་གི་མཚན་ཉིད་ཕྱོགས་སུ་བྱས་པ་དང་རང་བཞིན་དང་སྐྱེས་བུ་ཕྱོགས་སུ་བྱས་པ་དག་དགག་པའི་
སྒྲུབ་པ་ཅི་སྐད་བསྟན་པ་དག་གིས་བདག་གིས་བྱས་པ་དང་གཞན་གྱིས་བྱས་པར་མི་རིགས་པ་དེའི་ཚེ། འདིར་ལུས་དང་སྲོག་གི་རྣམ་གྲངས་གཉི་གས་བྱས་སོ་ཞེས་བྱ་བའི་ཕྱོགས་ཀྱང་དེ་དག་གི་ཁོངས་སུ་འདུས་པའི་ཕྱིར་བཀག་ཟིན་ཏོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་དམ་བཅས་པ་གསུམ་པ་ཡང་
བསྒྲུབས་ཟིན་ཏོ། །ད་ནི་དམ་བཅས་པ་བཞི་པ་སྒྲུབ་པའི་ཕྱིར་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། སྐྱེ་བ་མེད་པའི་རབ་ཏུ་བྱེད་པ་རྒྱུ་མེད་པར་སྨྲ་བ་བསལ་བས་དེའི་ཕྱིར་བཤད་པ། གཞན་གྱིས་མ་བྱས་བདག་མ་བྱས། །སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔར་
རྐྱེན་བརྟག་པའི་རབ་ཏུ་བྱེད་པར་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ། དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་། རྗེས་སུ་དཔག་པ་དང་། གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ་ཞེས་པ་དང་། ཡང་ན་རྒྱུ་མེད་ཅེས་བྱ་བ་ནི་རྒྱུ་ངན་

པ་སྟེ། ངོ་བོ་ཉིད་དང་། དབང་ཕྱུག་དང་། སྐྱེས་བུ་དང་། གཙོ་བོ་དང་། དུས་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་དག་ལས་སྐྱེ་བ་མེད་པར་བཀག་པ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ་ཞེས་བྱ་བར་དགོངས་ནས་དམ་བཅས་པ་བཞི་པའི་སྐབས་འདི་བསྒྲུབ་པ་མཛད་དོ་ཞེས་བྱ་བར་སྦྱར་རོ། །གཞན་
གྱིས་མ་བྱས་བདག་མ་བྱས། །ཞེས་བྱ་བའི་ཚིག་གི་དོན་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། གཞན་གྱིས་བྱས་པ་ནི་གཞན་གྱིས་དེ་བྱས་པ་སྟེ་གཞན་གྱིས་དེ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་མ་བྱས་པ་ནི་གཞན་གྱིས་མི་བྱེད་པའོ། །བདག་གིས་བྱས་པ་ཡང་བདག་གིས་དེ་བྱས་པ་སྟེ་བདག་
གིས་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བདག་གིས་མ་བྱས་པ་ནི་བདག་གིས་མི་བྱེད་པའོ། །གཞན་གྱིས་མ་བྱས་པ་དང་། བདག་གིས་མ་བྱས་པ་ནི་གཞན་གྱིས་མི་བྱེད་པ་དང་བདག་གིས་མི་བྱེད་པའོ་ཞེས་བྱ་བ་སྨྲས་སོ། །གཞན་གྱིས་མ་བྱས་པ་དང་། བདག་གིས་མ་བྱས་པའི་ཕྱིར་སྡུག་བསྔལ་རྒྱུ་མེད་པ་ལས་
བྱུང་བ་མ་ཡིན་པར་བསྒྲུབ་པའི་འཐད་པ་བསྟན་པའི་ཕྱིར། གང་གི་ཚེ་ཇི་སྐད་སྨོས་པའི་ཚད་མས་གནོད་པའི་ཕྱིར་དོན་དམ་པར་སྡུག་བསྔལ་དམིགས་སུ་མེད་པ་དེའི་ཚེ་སྡུག་བསྔལ་རྒྱུ་མེད་པ་ལས་བྱུང་བར་ག་ལ་འགྱུར་ཏེ། དེ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏེ་ཞེས་བྱ་བ་སྨྲས་ཏེ། སྔར་
རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་སྨོས་པའི་ཚད་མས་དོན་དམ་པར་སྡུག་བསྔལ་ལ་སོགས་པ་དངོས་པོ་ཐམས་ཅད་དམིགས་སུ་མེད་པ་
དེའི་ཚེ་སྡུག་བསྔལ་ངོ་བོ་ཉིད་མེད་པ་རྒྱུ་མེད་པ་ལས་བྱུང་བར་ག་ལ་འགྱུར་ཏེ། སྡུག་བསྔལ་དེ་ཡོད་པ་མ་ཡིན་ན་རྒྱུ་མེད་པ་ལས་བྱུང་བ་ལྟ་ཡོད་པར་ག་ལ་འགྱུར་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེའི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་དུ་སྡུག་བསྔལ་མི་སྲིད་པས་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་དོན་དམ་
པར་ཕུང་པོ་རྣམས་ཡོད་པ་ཁོ་ན་ཡིན་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱིས་བསྟན་བཅོས་མཛད་པའི་དམ་བཅས་པ་

གྲུབ་པོ། །ད་ནི་སློབ་དཔོན་གྱིས་སྡུག་བསྔལ་རྣམ་པ་བཞི་ཡོད་པར་མི་འཐད་པར་བསྟན་པ་བཞིན་དུ་དངོས་པོ་ལྷག་མ་རྣམས་ལ་ཡང་འདྲ་བར་བསྟན་པར་བཞེད་ནས། སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་མ་ཡིན་པ་མ་ཡིན་གྱི། །ཕྱི་རོལ་དངོས་པོ་རྣམས་ལ་ཡང་། །རྣམ་པ་བཞི་པོ་ཡོད་མ་ཡིན། །ཇི་སྐད་
བསྟན་པའི་ཚུལ་གྱིས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམས་ལ་ཡང་རྣམ་པ་བཞི་པོ་དེ་དག་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་དངོས་པོ་ཐམས་ཅད་བདག་དང་། གཞན་དང་། གཉིས་དང་། རྒྱུ་མེད་པས་བྱས་པར་མི་འཐད་པ་དེའི་
ཕྱིར་སྡུག་བསྔལ་འབའ་ཞིག་ལ་བདག་དང་། གཞན་དང་། གཉིས་དང་། རྒྱུ་མེད་པས་བྱས་པ་ཡོད་པ་མ་ཡིན་པར་མ་ཟད་ཀྱི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དངོས་པོར་འདོད་པ་ཐམས་ཅད་ལ་ཡང་བདག་དང་། གཞན་དང་། གཉིས་དང་། རྒྱུ་མེད་པས་བྱས་པ་ཡོད་པ་མ་ཡིན་པར་སྟོན་ཏོ། །དེ་ལ་རེ་
ཞིག་གཟུགས་ཀྱི་དབང་དུ་བྱས་ནས་བཤད་པར་བྱ་སྟེ། གཟུགས་ནི་བདག་ཉིད་ཀྱིས་མ་བྱས་ཏེ། ཡོད་པ་དང་མེད་པ་ལ་བྱེད་པ་མི་འཐད་པའི་ཕྱིར་ཚུལ་སྔར་བསྟན་པ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།
དེ་ལ་རེ་ཞིག་ཡོད་པ་བདག་ཉིད་ཀྱིས་བྱས་པ་མི་འཐད་པའི་དབང་དུ་བྱས་ནས་དཔེར་ན་བུམ་པ་ཡོད་པ་ནི་ཡོད་པའི་ཕྱིར་བདག་ཉིད་ཀྱིས་མ་བྱས་པ་དེ་བཞིན་དུ་གཟུགས་ཡོད་པ་ཡང་ཡོད་པའི་ཕྱིར་བདག་ཉིད་ཀྱིས་མ་བྱས་སོ། །མེད་པ་བདག་ཉིད་ཀྱིས་བྱས་པ་མི་འཐད་པའི་དབང་དུ་བྱས་ནས་
དཔེར་ན་ནམ་མཁའི་མེ་ཏོག་མེད་པ་ནི་མེད་པའི་ཕྱིར། བདག་ཉིད་ཀྱིས་མ་བྱས་པ་དེ་བཞིན་དུ་གཟུགས་མེད་པ་ཡང་མེད་པའི་ཕྱིར་བདག་ཉིད་ཀྱིས་མ་བྱས་སོ། །ཡང་ན་བརྟེན་ནས་བྱུང་བའི་ཕྱིར་དཔེར་ན་མྱུ་གུ་བཞིན་ནོ་ཞེས་བྱ་བ་ནི་བདག་གིས་མ་བྱས་པའི་རྗེས་སུ་དཔག་པ་གཞན་ཡིན་ཏེ། གཟུགས་
ནི་བདག་ཉིད་ཀྱིས་མ་བྱས་ཏེ་བརྟེན་ནས་འབྱུང་བའི་ཕྱིར་དཔེར་ན་མྱུ་གུ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །འབྱུང་བ་གཞན་དུ་གྱུར་པ་དག་གིས་ཀྱང་མ་བྱས་ཏེ་དེ་དག་གཞན་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བས་ནི་གཟུགས་གཞན་གྱིས་མ་བྱས་ཏེ་གཞན་མེད་པའི་ཕྱིར་རོ་ཞེས་སྟོན་ཏོ། །དེའི་ཕྱིར་དེ་ཇི་

ལྟར་མི་འཐད་ཅེ་ན། འབྱུང་བ་ཆེན་པོ་དེ་དག་ནི་གཟུགས་ལས་གཞན་དུ་གྱུར་པ་མ་ཡིན་ཏེ། ཕྱི་རོལ་པ་ཡིན་པའི་ཕྱིར་དཔེར་ན་གཟུགས་ཀྱི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་
དུ་སྦྱར་ཏེ། དཔེར་ན་གཟུགས་ནི་ཕྱི་རོལ་པ་ཡིན་པའི་ཕྱིར་རང་གི་བདག་ཉིད་ལས་གཞན་དུ་གྱུར་པ་མ་ཡིན་པ་དེ་བཞིན་དུ་འབྱུང་བ་ཆེན་པོ་དག་ཀྱང་ཕྱི་རོལ་པ་ཡིན་པའི་ཕྱིར་གཟུགས་ལས་གཞན་དུ་གྱུར་པ་མ་ཡིན་ནོ། །ཡང་ན་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་ཏེ། མེད་པ་ལ་གཞན་ཉིད་མི་འཐད་པའི་ཕྱིར་རོ་ཞེས་
བྱ་བ་ནི་འབྱུང་བ་ཆེན་པོ་དག་གཟུགས་ལས་གཞན་དུ་གྱུར་པ་མ་ཡིན་པར་རྗེས་སུ་དཔག་པ་གཞན་ཡིན་ཏེ། འབྱུང་བ་ཆེན་པོ་དག་ནི་གཟུགས་ལས་གཞན་དུ་གྱུར་པ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །གཉི་གས་ཀྱང་མ་བྱས་ཏེ། རེ་རེས་བྱེད་པ་མི་འཐད་པའི་
ཕྱིར་རོ་ཞེས་བྱ་བས་ནི་གཟུགས་བདག་དང་གཞན་གཉི་གས་མ་བྱས་པར་བསྟན་ཏོ། །རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ་རྒྱུ་མེད་པར་སྨྲ་བ་བཀག་པའི་ཕྱིར་རོ་ཞེས་བྱ་བས་ནི་གཟུགས་རྒྱུ་མེད་པ་ལས་བྱུང་བ་མ་ཡིན་པར་བསྟན་ཏོ། །དེ་བཞིན་དུ་སྒྲ་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་སྒྲ་
དང་། དྲི་དང་རོ་དང་རེག་པ་དང་། ཆོས་རྣམས་ལ་ཡང་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པས་བྱས་པ་རྣམ་པ་བཞི་པོ་དག་མི་འཐད་པར་སྔ་མ་བཞིན་དུ་སྦྱར་བ་བསྟན་ཏོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བརྗོད་
པས་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་བཞིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། སྡུག་བསྔལ་བརྟག་པའི་རབ་ཏུ་བྱེད་པ་བཅུ་གཉིས་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་བལྟ་བ་ནི་ཕ་རོལ་པོས་སྔར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་དོན་དམ་
པར་ཡོད་པར་བསྒྲུབ་པའི་ཕྱོགས་སྔ་མ་དོན་དམ་པར་ཕུང་པོ་རྣམས་ཡོད་པ་ཁོ་ན་ཡིན་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བརྗོད་པས་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་

ཏན་ཅི་ཡོད་པ་དང་དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་
པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་བདེ་བའམ་སྡུག་བསྔལ་བ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བདེ་བའམ་སྡུག་བསྔལ་བ་མ་ཡིན་ནོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་བདེ་བའམ་སྡུག་བསྔལ་བ་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་འཕགས་པ་ཚངས་པས་ཞུས་པའི་མདོ་ལས་ཚངས་པ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། སྡུག་བསྔལ་དང་། ཀུན་
འབྱུང་བ་དང་། འགོག་པ་དང་། ལམ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་གྱི། འདི་ལྟར་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མ་སྐྱེས་པ་ནི་འཕགས་པ་རྣམས་ཀྱི་ལམ་མོ་ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་མཐའ་ཡས་པ་དག་ལས་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་
དུ་གསུངས་པ་དང་། ཐེག་པ་ཆེན་པོའི་ལུང་འབའ་ཞིག་ལས་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་གསུངས་པར་མ་ཟད་ཀྱི། ཉན་ཐོས་ཀྱི་ཐེག་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། བཅོམ་ལྡན་འདས་ལ་བྲམ་ཟེ་ཞིག་གིས་ཀྱེ་གཽ་ཏ་མ་སྡུག་བསྔལ་བདག་གིས་བྱས་སམ་ཞེས་ཞུས་པ་དང་། བཀའ་སྩལ་
པ་ཚེ་དང་ལྡན་པ་མ་ཡིན་ནོ། །གསོལ་པ། གཞན་གྱིས་བྱས་སམ། བཀའ་སྩལ་པ། ཚེ་དང་ལྡན་པ་མ་ཡིན་ནོ། །གསོལ་པ་གཉི་གས་བྱས་སམ། བཀའ་སྩལ་པ། ཚེ་དང་ལྡན་པ་མ་ཡིན་ནོ། །གསོལ་པ་བདག་གིས་ཀྱང་མ་བྱས། གཞན་གྱིས་ཀྱང་མ་བྱས་སམ། བཀའ་སྩལ་པ། ཚེ་དང་ལྡན་པ་མ་ཡིན་ནོ་
ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །དེ་ལྟར་ཐེག་པ་ཆེ་ཆུང་གི་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ཏེ། དེའི་ཕྱིར་ཁོ་བོས་རང་གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱིས་བསྒྲུབས་པ་མ་ཡིན་ཏེ།

ལུང་དེ་དག་ཀྱང་ཡོད་དོ། །གང་གི་ཕྱིར་དེ་ལྟར་ཐེག་པ་ཆེ་ཆུང་གི་མདོ་སྡེ་མཐའ་ཡས་པ་དག་ལས་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་
པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མའི་རྩ་བའི་འགྲེལ་པ། ཤེས་རབ་སྒྲོན་མ་ལས་སྡུག་བསྔལ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པ་རྒྱ་ཆེར་འགྲེལ་པ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་སུན་
འབྱིན་པའི་ལན་བཏབ་པ་དང་རང་དབང་དུ་རྗེས་སུ་དཔག་པའི་མཐུས་འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་གསུམ་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་
ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་ད་ནི་སུན་འབྱིན་པའི་ལན་བཏབ་པ་དང་རང་དབང་དུ་རྗེས་སུ་དཔག་པའི་མཐུས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་
སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅས་པ་མཛད་པས་འདིར་ཡང་སྔར་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། སུན་འབྱིན་པའི་ལན་བཏབ་པའི་མཐུས་ཞེས་བྱ་བ་ནི་དབུ་མ་པས་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་
ཉིད་དུ་དམ་བཅས་པ་ལ་ཕ་རོལ་པོ་དག་གིས་སུན་འབྱིན་པའི་སྒྲུབ་པ་གང་དག་སྨྲས་པའི་ལན་དབུ་མ་པས་བཏབ་པ་ལས་མཐུ་གང་སྐྱེས་སོ། །རང་དབང་དུ་རྗེས་སུ་དཔག་པའི་མཐུས་ཞེས་བྱ་བ་ནི་དབུ་མ་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པའི་རྗེས་སུ་དཔག་པ་རང་དབང་དུ་
སྨྲས་པ་ལས་མཐུ་གང་སྐྱེས་པས་ཏེ། དེ་ལྟར་ན་བསྟན་བཅོས་མཛད་པས་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་དམ་བཅས་ནས་བརྒལ་བའི་ལན་བཏབ་པ་དང་རང་གི་དམ་བཅས་པ་སྒྲུབ་པ་ལས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བའི་མཐུ་གང་དག་སྐྱེས་པ་དེས་སྔར་དམ་བཅས་པ་ལ་འཇུག་པའི་རྒྱུའི་

དོན་གྱི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཅུ་གསུམ་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཅུ་གསུམ་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། དེ་ཁོ་ན་
བརྟག་པའི་རབ་ཏུ་བྱེད་པ་བཅུ་གསུམ་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་འདུ་བྱེད་རྣམས་སྔར་བསྟན་པའི་རྣམ་པ་ལས་གཞན་པའི་སྒོ་ནས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པས་དེ་ཁོ་ནའི་དོན་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན་རྣམ་པ་
གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པས་དེ་ཁོ་ནའི་དོན་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སུན་འབྱིན་པའི་ལན་བཏབ་པ་དང་། རང་དབང་དུ་རྗེས་སུ་དཔག་པའི་མཐུའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་
བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཡང་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །རྣམ་པ་གང་གིས་འབྲས་བུ་དེ་འཐོབ་པའི་ཐབས་ཉིད་བསྟན་པའི་ཕྱིར། ཆོས་གང་སླུ་བ་དེ་བརྫུན་ཞེས། །ཞེས་བྱ་བ་ལ་སོགས་པ་དེ་ལ་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་གྱིས་འདུ་བྱེད་རྣམས་རྣམ་
པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་དེ་ཉིད་སྒྲུབ་པའི་ཐབས་སུ། ཆོས་གང་སླུ་བ་དེ་བརྫུན་ཞེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་བྱ་བ་ཚིག་ལེའུར་བྱས་པ་འདི་གསུངས་སོ་ཞེས་བྱ་བར་སྦྱར་ཏེ་འདུས་བྱས་སླུ་བ་གང་
ཡིན་པ་དེ་ནི་བརྫུན་པའོ་ཞེས། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ་གང་གི་ཕྱིར་འདུ་བྱེད་རྣམས་སླུ་བའི་ཆོས་ཡིན་པ་དེའི་ཕྱིར་དེས་ན་འདུ་བྱེད་དེ་དག་བརྫུན་པ་ཡིན་ཏེ། ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །སྔར་བསྟན་བཅོས་མཛད་པས་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་དམ་བཅས་པ་ལ་གཞན་དག་ན་རེ་འདུ་
བྱེད་རྣམས་དོན་དམ་པར་རྫས་སུ་ཡོད་པ་ཡིན་ཏེ། མི་སླུ་བའི་ཕྱིར་རོ་ཞེས་སུན་འབྱིན་པ་དེའི་ལན་དུ་འདིར་འདུས་བྱས་སླུ་བ་གང་ཡིན་པ་དེ་ནི་བརྫུན་པའོ་ཞེས། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་སོ་ཞེས་བཤད་པ་ནི་སུན་འབྱིན་པའི་ལན་བཏབ་པ་ཡིན་ལ། ཅིའི་ཕྱིར་རོ་འདུས་བྱས་བརྫུན་པ་ཡིན་ཞེ་ན། གང་གི་

ཕྱིར་འདུ་བྱེད་ཐམས་ཅད་སླུ་བའི་ཆོས་ཡིན་པ་དེའི་ཕྱིར་དེས་ན་འདུ་བྱེད་དེ་དག་བརྫུན་པ་ཡིན་ནོ་ཞེས་རྗེས་སུ་དཔག་པ་འོག་ནས་སྟོན་པ་དེ་དག་ནི་རང་དབང་དུ་རྗེས་སུ་དཔག་པ་ཡིན་ཏེ། དེ་ལྟར་སུན་འབྱིན་པའི་ལན་བཏབ་པ་དང་། རང་དབང་དུ་རྗེས་སུ་དཔག་པ་ལས་མཐུ་གང་དག་སྐྱེས་པའི་རྣམ་པ་དེ་
དག་གིས་འདུ་བྱེད་རྣམས་རྣམ་པ་ལས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེ་ཁོ་ནའི་དོན་དེ་རྟོགས་པར་འགྱུར་བ་ནི་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུར་འབྲེལ་པ་ཡིན་པར་སྟོན་ཏོ། །དེ་ལ་འདིར་འདུས་བྱས་ཞེས་བྱ་བ་ནི་ཆོས་ཅན་ཡིན། བརྫུན་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། སླུ་བའི་ཆོས་ཞེས་
བྱ་བ་ནི་སྒྲུབ་པའི་ཆོས་ཡིན། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་ལ་སོགས་པ་དག་ནི་དཔེ་ཡིན་པར་སྟོན་ཏེ། དེ་ལ་རེ་ཞིག་བརྫུན་པ་ཞེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར་བརྫུན་པ་ཞེས་བྱ་བ་ནི་ལོག་པའི་ཤེས་པས་དམིགས་པར་བྱ་བ་ཡིན་པའི་ཕྱིར་དང་། བྱིས་པའི་སྐྱེ་བོ་དག་ལ་སོགས་པའི་ཚུལ་
གྱིས་འདྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་འདུས་བྱས་ནི་ལོག་པ་བརྫུན་པའི་ཤེས་པས་དམིགས་པར་བྱ་བ་ཡིན་གྱི་ཡང་དག་པའི་ཤེས་པ་དོན་དམ་པ་ལས་དམིགས་པར་བྱ་བ་མ་ཡིན་པའི་ཕྱིར་བརྫུན་པ་ཞེས་བྱའོ། །ཡང་ན་འདུས་བྱས་ནི་བྱིས་པའི་སྐྱེ་བོ་འདྲིད་པའི་ཕྱིར་བརྫུན་པ་ཞེས་བྱའོ། །ཇི་ལྟར་
འདྲིད་ཅེ་ན། བདག་ལ་སོགས་པའི་ཚུལ་གྱིས་འདྲིད་པའི་ཕྱིར་ཏེ། གང་གི་ཕྱིར་བྱིས་པ་རྣམས་ཀྱིས་བདག་དང་གཙང་བ་དང་རྟག་པ་དང་བདེ་བར་དམིགས་པ་དེའི་ཕྱིར་བྱིས་པའི་སྐྱེ་བོ་འདྲིད་པས་བརྫུན་པ་ཞེས་བྱའོ། །སླུ་བ་ཞེས་བྱ་བ་ནི་དྲན་པ་ལ་སོགས་པ་དོན་དམ་པའི་ཡུལ་ཅན་དག་རབ་ཏུ་སླུ་བའི་རྒྱུ་ཡིན་པའི་
ཕྱིར་རོ་ཞེས་བྱ་བ་ནི་འདུས་བྱས་ནི་དྲན་པ་དང་། ཤེས་པ་དང་། བསྒོམ་པ་དང་། ཏིང་ངེ་འཛིན་ལ་སོགས་པ་ཉོན་མོངས་པ་སྤོང་བ་གང་དག་ལ་དོན་དམ་པའི་ཡུལ་ཡོད་པའི་དྲན་པ་ལ་སོགས་པའི་དོན་དམ་པའི་ཡུལ་ཅན་དག་རབ་ཏུ་སླུ་བའི་རྒྱུ་ཡིན་པའི་ཕྱིར་སླུ་བའི་ཆོས་ཞེས་བྱའོ། །དེ་ལ་བརྫུན་པ་ཞེས་བྱ་བ་ནི་བསྟན་
པའི་ཚིག་ཡིན་ལ། སླུ་བ་ཞེས་བྱ་བ་ནི་བཤད་པའི་ཚིག་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་སུས་གང་དུ་གསུངས་ཤེ་ན། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཞེས་བྱ་བ་ནི་མདོ་སྡེ་ལས་སོ་ཞེས་བྱ་བ་སྨྲས་སོ། །དེ་སྐད་ཅེས་བྱ་བའི་སྒྲ་ནི་ཉེ་

བར་བསྟན་པའི་དོན་ཏོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་འདི་སྐད་གསུངས་པ་དངོས་ཉེ་བར་མཚོན་པའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཇི་སྐད་གསུངས་ཤེ་ན། ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་འདི་ལྟ་སྟེ། འདུས་བྱས་གང་ཡིན་པ་དེ་ནི་བརྫུན་པ་སླུ་བའི་ཆོས་
སོ། །དགེ་སློང་དག་འདི་ལྟ་སྟེ་མི་སླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ། །འདུས་བྱས་དེ་ནི་སླུ་བའི་ཆོས་ཀྱང་ཡིན་དེ་ནི་རབ་ཏུ་འཇིག་པའི་ཆོས་ཀྱང་ཡིན་ནོ་ཞེས་ཀྱང་གསུངས་ལ། ཐེག་པ་ཆེན་པོ་ལས། རབ་འབྱོར་ཇི་ཙམ་དུ་འདུས་བྱས་པ་དེ་ཙམ་དུ་བརྫུན་ལ་ཇི་ཙམ་དུ་འདུས་མ་བྱས་པ་དེ་ཙམ་དུ་
མི་བརྫུན་ནོ་ཞེས་གསུངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་གིས་ནི་ཕྱོགས་གཉི་ག་ལ་གྲགས་པའི་ལུང་གི་ཁུངས་ཀྱིས་འདུས་བྱས་ནི་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་བརྫུན་པ་ཡིན་ལ། འདུས་མ་བྱས་ནི་མི་སླུ་བའི་ཕྱིར་བདེན་པའི་མཆོག་ཡིན་པར་བསྟན་ཏོ། །དེའི་ཕྱིར་དེ་ལྟར་ཕྱོགས་གཉི་ག་ལ་གྲགས་པའི་ལུང་དག་
ཡོད་པའི་ཕྱིར། འདུ་བྱེད་ཐམས་ཅད་སླུ་བའི་ཆོས། འདིས་ནི་འདུ་བྱེད་ཀྱི་ཆོས་ནི་སླུ་བའི་ཆོས་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་རྩ་བ་འདིས་ནི་འདུ་བྱེད་གང་ཡིན་པ་དེ་བརྫུན་པ་ཉིད་དུ་བསྒྲུབ་པའི་ཆོས་གཏན་ཚིགས་ནི་སླུ་བའི་ཆོས་ཉིད་ཡིན་པར་བསྟན་ཏེ། སླུ་བའི་ཆོས་ཡིན་པའི་ཕྱིར་བརྫུན་པ་ཡིན་ནོ་
ཞེས་བྱ་བར་སྦྱར་རོ། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དེ་ནི་མཇུག་བསྡུ་བའི་ཚིག་ཡིན་ནོ་ཞེས་བྱ་བས་ནི་སླུ་བའི་ཆོས་ཡིན་པའི་གཏན་ཚིགས་དེས་ན་འདུ་བྱེད་དེ་དག་བརྫུན་པ་ཡིན་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་བསྟན་ཏོ། །འདིར་
སྦྱོར་བའི་ཚིག་ནི་དོན་དམ་པར་ནང་གི་དངོས་པོ་རྣམས་ནི་ངོ་བོ་ཉིད་སྟོང་པ་ཡིན་ཏེ། སླུ་བའི་ཆོས་ཡིན་པའི་ཕྱིར་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་
ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་ནི་སླུ་བའི་ཆོས་ཡིན་པའི་ཕྱིར་ངོ་བོ་ཉིད་སྟོང་པ་དེ་བཞིན་དུ་ནང་གི་དངོས་པོ་རྣམས་ཀྱང་སླུ་བའི་ཆོས་ཡིན་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཡིན་ནོ། །འདིར་ཁ་ཅིག་གིས་སྨྲས་པ། འདི་ལྟར་སངས་རྒྱས་པ་དག་ནི་ཡན་ལག་གསུམ་སྨྲ་བ་ཡིན་པས་དེའི་ཕྱིར་ཉེ་བར་སྦྱར་

བ་དང་མཇུག་བསྡུ་བའི་ཚིག་དག་མི་རིགས་སོ་ཞེས་བྱ་བ་ནི་སངས་རྒྱས་པ་དག་གིས་རྗེས་སུ་དཔག་པའི་ཡན་ལག་ལྔ་པོ་ཕྱོགས་དང་། གཏན་ཚིགས་དང་། དཔེ་དང་། ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་ལས་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་གཉིས་སུན་ཕྱུང་སྟེ་ཡན་ལག་ལྷག་མ་གསུམ་
ཁས་བླངས་པས་དེའི་ཕྱིར་ཡན་ལག་ལྔར་སྨྲ་བ་དག་གིས་འདིར། སངས་རྒྱས་པས་ཉེ་བར་སྦྱར་བ་དང་མཇུག་བསྡུ་བའི་ཚིག་སྨོས་པ་དེ་དག་མི་བཟོད་པས་དེ་སྐད་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་འདི་ལྟར་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་
ཡན་ལག་གཞན་ཉིད་དུ་མི་འདོད་མེད་ཀྱི། དེ་དག་སྦྱར་བར་མི་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁོ་བོ་ཅག་སངས་རྒྱས་པ་དག་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་ཡན་ལག་གསུམ་པོ་ཕྱོགས་དང་། གཏན་ཚིགས་དང་། དཔེ་དེ་དག་ལས་གཞན་ཉིད་དུ་མི་འདོད་པས་ཡན་ལག་ལྔར་ནི་
མི་སྨྲ་མོད་ཀྱི་འོན་ཀྱང་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་སྦྱར་བར་མི་བྱ་བ་ནི་མ་ཡིན་པས་ཁོ་བོ་ཅག་གིས་ཉེ་བར་སྦྱར་བ་དང་མཇུག་བསྡུ་བའི་ཚིག་དག་བྱས་པ་མི་རིགས་པ་མ་ཡིན་ནོ། །གཞན་དུ་ན་ཞེས་བྱ་བས་ནི་གལ་ཏེ་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་མ་སྨོས་ན་སྦྱོར་བ་གང་ལ་གཏན་ཚིགས་
མ་སྨོས་པར་ཆོས་མཐུན་པའི་དཔེ་དང་ཆོས་མི་མཐུན་པའི་དཔེ་ཉི་ཚེ་ཡོད་པ་དེ་དག་ལ་དམ་བཅས་པའི་གཏན་ཚིགས་གྱི་དོན་གསལ་བར་མི་འགྱུར་བས་དེ་དག་ལ་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་དག་སྦྱར་བར་བྱ་དགོས་པར་སྟོན་ཏོ། །དེ་ལ་སྦྱོར་བ་གང་ལ་ཆོས་མཐུན་པའི་དཔེ་ཉི་ཚེ་ཡོད་པ་ལ་ཉེ་བར་སྦྱར་བ་དང་།
མཇུག་བསྡུ་བ་དག་མ་སྦྱར་བ་དམ་བཅས་པའི་གཏན་ཚིགས་ཀྱི་དོན་གསལ་བར་མི་འགྱུར་བར་བསྟན་པའི་ཕྱིར། གང་ལ་ཆོས་མཐུན་པའི་དཔེ་ཉི་ཚེ་ཡོད་པ་ལ་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ། །བྱས་པ་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ནོ། །སྒྲ་ཡང་དེ་བཞིན་པས་དེ་ལྟར་བྱས་པའི་ཕྱིར་མི་རྟག་
གོ་ཞེས་བྱ་བ་དག་ལ་དམ་བཅས་པའི་གཏན་ཚིགས་ཀྱི་དོན་ཇི་ལྟར་གསལ་བར་འགྱུར་ཞེས་བྱ་བ་སྨྲས་ཏེ། སྦྱོར་བ་གང་ལ་ཆོས་མཐུན་པའི་དཔེ་ཉི་ཚེ་ཡོད་པ་འདི་ལྟ་སྟེ་སྒྲ་ནི་མི་རྟག་སྟེ། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུ་དེ་ལ་ནི་ཉེ་བར་སྦྱར་བས་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ། །བྱས་པ་ནི་མི་རྟག་

པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ནོ། །སྒྲ་ཡང་དེ་བཞིན་པས་ཞེས་ཉེ་བར་སྦྱར་བའི་སྦྱོར་བ་ཡང་བྱས་ལ་མཇུག་བསྡུ་བས་དེ་ལྟར་བྱས་པའི་ཕྱིར་མི་རྟག་གོ་ཞེས་མཇུག་བསྡུས་ན་དམ་བཅས་པའི་གཏན་ཚིགས་ཀྱི་དོན་གསལ་བར་འགྱུར་གྱི། དེ་ལ་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བའི་ཚིག་དག་མ་སྦྱར་ན་
དམ་བཅས་པའི་གཏན་ཚིགས་ཀྱི་དོན་ཇི་ལྟར་གསལ་བར་འགྱུར་ཏེ། དེ་བས་ན་སྦྱོར་བ་གང་ལ་ཆོས་མཐུན་པའི་དཔེ་ཉི་ཚེ་ཡོད་པ་ལ་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བའི་ཚིག་དག་སྦྱར་བར་བྱ་དགོས་སོ། །དེ་བཞིན་དུ་སྦྱོར་བ་གང་ལ་ཆོས་མི་མཐུན་པའི་དཔེ་ཉི་ཚེ་ཡོད་པ་ལ་ཡང་ཉེ་བར་སྦྱར་བ་དང་མཇུག་བསྡུ་
བ་དག་མ་སྦྱར་ན་དམ་བཅས་པའི་གཏན་ཚིགས་ཀྱི་དོན་གསལ་བར་མི་འགྱུར་བར་བསྟན་པའི་ཕྱིར་དེ་བཞིན་དུ་གང་ལ་ཆོས་མི་མཐུན་པའི་དཔེ་ཉི་ཚེ་ཡོད་པ་ལ་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་རོ། །མ་བྱས་པ་ནི་རྟག་པར་མཐོང་སྟེ་དཔེར་ན་ནམ་མཁའ་བཞིན་ནོ། །སྒྲ་ནི་དེ་ལྟར་མ་བྱས་པ་མ་ཡིན་ཏེ། དེ་ལྟར་བྱས་
པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་དག་ལ་དམ་བཅས་པའི་གཏན་ཚིགས་ཀྱི་དོན་ཇི་ལྟར་གསལ་བར་འགྱུར་ཞེས་བྱ་བ་སྨྲས་ཏེ། སྦྱོར་བ་གང་ལ་ཆོས་མི་མཐུན་པའི་དཔེ་ཉི་ཚེ་ཡོད་པ་འདི་ལྟ་སྟེ་སྒྲ་ནི་མི་རྟག་སྟེ་དཔེར་ན་ནམ་མཁའ་རྟག་པ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་དེ་ལ་ཡང་ཉེ་བར་སྦྱར་བས་སྒྲ་ནི་མི་རྟག་
སྟེ་བྱས་པའི་ཕྱིར་རོ། །མ་བྱས་པ་ནི་རྟག་པར་མཐོང་སྟེ། དཔེར་ན་ནམ་མཁའ་བཞིན་ནོ། །སྒྲ་ནི་དེ་ལྟར་མ་བྱས་པ་མ་ཡིན་ཏེ་བྱས་པ་ཡིན་པས་ཞེས་ཉེ་བར་སྦྱར་བའི་སྦྱོར་བ་ཡང་བྱས་ལ། མཇུག་བསྡུ་བས་དེ་ལྟར་བྱས་པའི་ཕྱིར་མི་རྟག་གོ་ཞེས་མཇུག་བསྡུས་ནས་དམ་བཅས་པའི་གཏན་ཚིགས་ཀྱི་དོན་གསལ་
བར་འགྱུར་གྱི། དེ་ལ་ཉེ་བར་སྦྱར་བ་དང་མཇུག་བསྡུ་བའི་ཚིག་དག་མ་སྦྱར་བ་དམ་བཅས་པའི་གཏན་ཚིགས་ཀྱི་དོན་ཇི་ལྟར་གསལ་བར་འགྱུར་ཏེ། དེ་བས་ན་སྦྱོར་བ་གང་ལ་ཆོས་མི་མཐུན་པའི་དཔེ་ཉི་ཚེ་ཡོད་པ་ལ་ཡང་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བའི་ཚིག་དག་སྦྱར་བར་བྱ་དགོས་སོ། །དེ་ལྟ་བུ་དང་
མཐུན་པའི་དོན་གྱི་ཚིག་དག་ལ་དམ་བཅས་པའི་གཏན་ཚིགས་ཀྱི་དོན་ཇི་ལྟར་གསལ་བར་འགྱུར་ཞེས་བྱ་བ་ནི་སྦྱོར་བ་གང་ལ་ཆོས་མཐུན་པའི་དཔེའམ། ཆོས་མི་མཐུན་པའི་དཔེ་ཉི་ཚེ་ཡོད་པ་དེ་ལྟ་བུ་དང་མཐུན་པ་སྦྱོར་བ་གང་ལ་དམ་བཅས་པའི་དོན་གྱི་ཚིག་ཉི་ཚེ་ཡོད་པ་ལ་གཏན་ཚིགས་དངོས་སུ་མ་སྨོས་པ་

དག་ལ་གལ་ཏེ་ཉེ་བར་སྦྱར་བ་དང་མཇུག་བསྡུ་བའི་ཚིག་དག་མ་སྨོས་ན་དམ་བཅས་པའི་གཏན་ཚིགས་ཀྱི་དོན་གསལ་བར་མི་འགྱུར་བས་དེ་དག་ལ་ནི་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བའི་ཚིག་དག་སྦྱར་བར་བྱ་དགོས་སོ། །སྦྱོར་བའི་ཚིག་དག་ལ་ནི་དེ་དག་མི་དགོས་ཏེ། དོན་མེད་པའི་
ཕྱིར་རོ་ཞེས་བྱ་བས་ནི་སྦྱོར་བའི་ཚིག་གང་དག་ལ་ཡང་ཡན་ལག་གསུམ་ཚང་བར་ཡོད་པ་འདི་ལྟ་སྟེ་སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུ་དག་ལ་ནི་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དེ་དག་མི་དགོས་ཏེ། འདི་ལྟར་གཏན་ཚིགས་ཉིད་ཀྱི་ཉེ་བར་སྦྱར་བ་དང་།
མཇུག་བསྡུ་བ་དག་སྨོས་ཟིན་པས་དེ་དག་སྨོས་པ་དོན་མེད་པའི་ཕྱིར་རོ། །ཡན་ལག་ལྔར་སྨྲ་བ་དག་ན་རེ་ཡན་ལག་གསུམ་ཉིད་དུ་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཡན་ལག་ལྔར་སྨྲ་བ་དག་སངས་རྒྱས་པ་ཡན་ལག་གསུམ་དུ་སྨྲ་བར་མི་རིགས་པར་སུན་འབྱིན་པའི་གཞུང་སྟོན་ཏེ། དེ་དག་ན་རེ་སྦྱོར་
བ་གང་ལ་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་ཡན་ལག་གསུམ་ཆར་ཚང་བ་ཡོད་དུ་ཟིན་ཀྱང་དེ་ལ་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་མེད་ན་དམ་བཅས་པའི་གཏན་ཚིགས་ཀྱི་དོན་གསལ་བར་མི་འགྱུར་རོ་ཞེས་ཟེར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་ཆོས་འབའ་ཞིག་ལ་གཏན་
ཚིགས་བརྗོད་ན་ནི་དཔེ་ལ་དེ་མེད་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་ཆོས་ནི་སྒྲ་མི་རྟག་སྟེ་ཞེས་བྱ་བའོ། །དེ་འབའ་ཞིག་ལ་གཏན་ཚིགས་བྱས་པའི་ཕྱིར་ཞེས་བྱ་བ་དེ་བརྗོད་ན་ནི་དཔེ་བུམ་པ་ཞེས་བྱ་བ་ལ་སྒྲའི་བྱས་པ་རྐན་དང་མཆུ་དང་ལྕེ་ལ་སོགས་པས་བྱས་པ་དེ་མེད་པོའི་
ཕྱིར་གཏན་ཚིགས་དེ་བསྒྲུབ་པར་བྱ་བ་ཆོས་དང་དཔེ་གཉི་གའི་ཐུན་མོང་མ་ཡིན་པ་ཉིད་ཡིན་པས་དེས་དམ་བཅས་པའི་གཏན་ཚིགས་ཀྱི་དོན་གསལ་བར་མི་འགྱུར་རོ། །དེ་ལ་ཉེ་བར་སྦྱར་བས་འདི་ན་གང་བྱས་པ་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་འཇིམ་པ་དང་དབྱུ་གུ་དང་འཁོར་ལོ་ལ་སོགས་པས་
བྱས་པ་མི་རྟག་པ་དེ་བཞིན་དུ་སྒྲ་ཡང་རྐན་དང་མཆུ་དང་ལྕེ་ལ་སོགས་པས་བྱས་པའི་ཕྱིར་མི་རྟག་པས་ཞེས་ཉེ་བར་སྦྱར་བའི་སྦྱོར་བ་བྱས་ལ། མཇུག་བསྡུ་བས་ཀྱང་དེ་ལྟར་བྱས་པའི་ཕྱིར་མི་རྟག་གོ་ཞེས་བསྣན་ན་དམ་བཅས་པའི་གཏན་ཚིགས་ཀྱི་དོན་གསལ་བར་འགྱུར་བས་དེའི་ཕྱིར་ཉེ་བར་སྦྱར་བ་དང་

མཇུག་བསྡུ་བ་གཉིས་ཀྱང་ཡན་ལག་རེ་རེར་གཞག་དགོས་སོ་ཞེས་ཟེར་རོ། །དཔེའི་ཆོས་འབའ་ཞིག་ལ་གཏན་ཚིགས་བརྗོད་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བས་ནི་གལ་ཏེ་ཁྱེད་སངས་རྒྱས་པས། དཔེའི་ཆོས་བུམ་པ་འབའ་ཞིག་ལ་བྱས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་བརྗོད་ན་ནི་སྒྲ་མི་
རྟག་པར་བསྒྲུབ་པའི་གཏན་ཚིགས་ཀྱི་དོན་བྱས་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དེ། འདི་ལྟར་བུམ་པ་ལ་འཇིམ་པ་དང་དབྱུ་གུ་དང་འཁོར་ལོ་ལ་སོགས་པས་བྱས་པ་ཡོད་པ་དེ་སྒྲ་ལ་མེད་པས་བུམ་པ་འཇིམ་པ་དང་། དབྱུ་གུ་དང་འཁོར་ལོ་ལ་སོགས་པས་བྱས་པའི་གཏན་ཚིགས་ཀྱི་སྒྲ་མི་རྟག་པར་མི་
འགྱུར་བའི་ཕྱིར་རོ། །དེ་ལ་ཉེ་བར་སྦྱར་བས་འདི་ན་གང་བྱས་པ་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་འཇིམ་པ་དང་དབྱུ་གུ་དང་འཁོར་ལོ་ལ་སོགས་པས་བྱས་པ་མི་རྟག་པ་དེ་བཞིན་དུ་སྒྲ་ཡང་རྐན་དང་མཆུ་དང་ལྕེ་ལ་སོག