Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 100
Văn bản gốc(Tây Tạng)
Trang 18 / 23 (50.000 ký tự/trang)
་མཐུན་པའི་ཚིག་ཡིན་པས་རིགས་པ་མ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་ལ། འཁོར་བ་ལ་ཡང་ཐོག་མ་མེད་པར་ཤེས་པར་བྱའོ། །དམ་བཅས་པའི་དོན་རྒྱས་པར་ནི་དེ་བཞིན་ གཤེགས་པ་བརྟག་པའི་རབ་ཏུ་བྱེད་པ་ལས་རྟོག་པར་འགྱུར་རོ་ཞེས་བྱ་བ་ནི་འཁོར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པས་དངོས་པོར་སྣང་བ་སྒྱུ་མ་ལྟ་བུར་སྒྲུབ་པའི་དམ་བཅས་པའི་དོན་རྒྱས་པར་ནི་དེ་བཞིན་གཤེགས་པ་བརྟག་པའི་སྐབས་ ནས་སྟོན་ཏོ། །དཔྱད་པ་འཕྲོས་པས་ཆོག་གིས་སྐབས་གཉིས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་དང་པོའི་སྐབས་འདིའོ། །འདིར་ཚིགས་སུ་བཅད་པ་འདིས་འཁོར་བའི་ཆོས་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་ཡིན་པར་བསྟན་ཏེ་ཞེས་བྱ་བ་ནི། འདིར། སྔོན་མཐའ་མངོན་ ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་ཐ་མེད་དེ། །དེ་ལ་སྔོན་དང་ཕྱི་མ་མེད། །ཅེས་བྱ་བའི་ཚིག་ལེའུར་བྱས་པ་འདིས་འཁོར་བའི་སྔོན་དང་ཕྱི་མའི་མཐའ་མི་མངོན་པར་དམ་བཅས་པའི་སྒྲུབ་པའི་ཆོས་གཏན་ཚིགས་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་ ཡིན་པར་བསྟན་ཏོ། དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་ཕུང་པོ་རྣམས་ཅི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཏེ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་ པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལ་ནི་ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཅི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཕུང་པོ་རྣམས་ཀྱང་ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཅི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཏེ། དེས་ན་དངོས་པོ་འདོད་པ་ཐམས་ཅད་ལ་སྔ་ཕྱི་དང་། ལྷན་ཅིག་གི་རིམ་པ་དག་མི་འཐད་པས་དངོས་པོར་སྣང་བ་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་གྲུབ་པར་སྟོན་ཏོ། །འདིར་མཁས་སུ་རེ་བའི་བློ་ཅན་ཁ་ཅིག་ན་རེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལ་ཡང་ཤེས་པར་རྣམ་པར་རྟོག་པ་མེད་ པའི་ཡུལ་གཟུགས་ལ་སོགས་པ་གང་དག་ཡོད་པ་དེ་དག་དུས་ཕྱི་མར་ཡང་དེ་བཞིན་དུ་ཡོད་པའི་ཕྱིར་དཔེར་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པས་མེད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བ་ཆོས་དང་། མི་ལྡན་པས་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ན་རེ་རྩྭ་དང་ལོ་མ་ལ་སོགས་པ་གང་དག་གིས་སྒྱུ་མའི་སྐྱེས་བུ་བསྐྱེད་པའི་རྩྭ་དང་ལོ་མ་ལ་སོགས་པ་དེ་དག་ལ་གཟུགས་དང་། རོ་དང་དྲི་དང་རེག་པ་གང་དག་ཡོད་པ་དེ་དག་སྐྱེས་བུར་སྣང་བའི་སྤྲུལ་པའི་དུས་ན་ཡང་མིག་ལ་ སོགས་པའི་ཤེས་པ་ཉེ་བར་གནས་པ་ལས་བྱུང་བ་ཤེས་པ་རྣམ་པར་རྟོག་པ་མེད་པ་དག་གི་མངོན་སུམ་གྱིས་གཟུང་བར་ཡོད་པ་ཡིན་ལ། སྐྱེས་བུར་སྣང་བའི་སྤྲུལ་པ་བསྡུས་པའི་དུས་ཕྱི་མའི་ཚེ་ཡང་རྩྭ་དང་ལོ་མ་ལ་སོགས་པ་དེ་དག་གཟུགས་ལ་སོགས་པར་གང་དག་ཡོད་པ་དེ་དག་མིག་ལ་ སོགས་པའི་ཤེས་པ་རྣམ་པར་རྟོག་པ་མེད་པ་དེ་དག་གི་མངོན་སུམ་གྱིས་གཟུང་བ་དེ་བཞིན་དུ་ཡོད་པའི་ཕྱིར། དེས་ན་དབུ་མ་པས་ཕུང་པོ་རྣམས་ཅི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཏེ་ཞེས་གང་སྨྲས་པའི་བསྒྲུབ་པར་བྱ་བ་དེ་དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ཞེས་བྱ་བ་དེ་ལ་མེད་པས་ དཔེ་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པས་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལོག་པར་སྣང་བ་ཉིད་དཔེ་ཉིད་དུ་འདོད་པའི་ཕྱིར་དང་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ ཡུལ་གྱི་གཟུགས་ལ་སོགས་པ་དག་ལ་ཡང་སྐྱེས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་དཔེ་གྲུབ་པས་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་རྩྭ་དང་ལོ་མ་ལ་སོགས་པ་གང་དག་གིས་སྒྱུ་མའི་སྐྱེས་བུ་བསྐྱེད་པ་དེ་དག་ལ་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གཟུགས་ལ་སོགས་པ་གང་ དག་ཡོད་པ་དེ་དག་ཕྱིས་སྒྱུ་མ་བསྡུས་པའི་དུས་ན་ཡང་དེ་བཞིན་དུ་ཡོད་པ་དེ་དག་དགག་པའི་དཔེར་སྒྱུ་མའི་སྐྱེས་བུ་ཉེ་བར་མ་བཞག་གི །སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུར་སྣང་བ་དེ་ལོག་པར་སྣང་བས་དེ་ལ་སྐྱེས་བུའི་ངོ་བོ་ཉིད་མེད་པར་གྲུབ་པ་དེ་ཕུང་པོ་རྣམས་ཀུན་རྫོབ་ཏུ་ཇི་ལྟར་སྣང་ བ་དེ་ལྟར་དོན་དམ་པར་ཡོད་པ་མ་ཡིན་པའི་དཔེ་ཉིད་དུ་འདོད་པའི་ཕྱིར་དང་། རྩྭ་དང་ལོ་མ་ལ་སོགས་པ་གང་དག་གིས་སྒྱུ་མའི་སྐྱེས་བུ་བསྐྱེད་པ་དེ་དག་ལ་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གཟུགས་ལ་སོགས་པ་གང་དག་ཡོད་པ་དེ་དག་ལ་ཡང་སྐྱེས་བུའི་ངོ་བོ་ ཉིད་ཀྱིས་སྟོང་པའི་ཕྱིར་དེ་ཕུང་པོ་རྣམས་ཀུན་རྫོབ་ཏུ་ཅི་ལྟར་སྣང་བ་དེ་ལྟར་དོན་དམ་པར་ཡོད་པ་མ་ཡིན་པའི་དཔེ་ཉིད་དུ་གྲུབ་པའི་ཕྱིར་ཁོ་བོས་སྒྲུབ་པ་ལ་དཔེ་མ་ཚང་བའི་སྐྱོན་མེད་དོ། །དེ་ལྟ་བས་ན་འཁོར་བ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་མིང་དང་ཁྱད་པར་བསྟན་ནས་དེ་ཟད་པར་བྱ་བའི་ ཕྱིར་མན་ངག་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པའི་ཕྱིར་དབུ་མ་པས་དངོས་པོ་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་ པས་འཁོར་བ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པར་དམ་བཅས་པ་གྲུབ་པོ། །འདིར་སྨྲས་པ། དོན་དམ་པར་ཕུང་པོའི་རྒྱུད་ཅེས་བྱ་བའི་འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ། དེའི་དབུས་ཡོད་པའི་ཕྱིར་རོ། །འདི་ལ་གང་མེད་པ་དེ་ལ་ནི་དབུས་དམིགས་སུ་མེད་དེ། དཔེར་ན་རི་བོང་གི་རྭ་ བཞིན་ནོ། །འཁོར་བ་ལ་ནི་གང་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཡོད་པའི་དབུས་ཡོད་པས་དེའི་ཕྱིར་འཁོར་བ་ཡོད་པ་ཁོ་ན་ཡིན་ནོ། །དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་འགལ་བ་ཉིད་མེད་པས་འདོད་པའི་དོན་འགྲུབ་པོ་ཞེས་བྱ་བ་ནི་ཕ་རོལ་པོ་ དག་འཁོར་བ་ལ་དབུས་ཡོད་པའི་གཏན་ཚིགས་ཀྱིས་འཁོར་བ་ཡོད་པར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་དང་ཚད་མའི་ འབྲས་བུ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདིར་ན་རི་བོང་གི་རྭ་ལྟ་བུ་གང་མེད་པ་དེ་ལ་ནི་དབུས་དམིགས་སུ་མེད་ཀྱི་འཁོར་བ་ལ་ནི་གང་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཡོད་པའི་དབུས་ཡོད་པས་དེའི་ཕྱིར་ཕུང་པོའི་རྒྱུད་ཅེས་བྱ་བའི་འཁོར་བ་ཡོད་དེ། དེས་ན་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། འགལ་བ་ཉིད་མེད་པས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ་ཞེས་དམ་བཅས་པའི་འདོད་པའི་དོན་འགྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་ བཤད་པ། གང་ལ་ཐོག་མ་ཐ་མེད་པ། །དེ་ལ་དབུས་ནི་ག་ལ་ཡོད། །དེ་ལ་དབུས་ཡོད་པ་ཉིད་མ་ཡིན་ནོ་ཞེས་ཟེར་བའི་ཚིག་གི་དོན་ཏེ། སྒྱུ་མ་བྱས་པའི་སྐྱེས་བུའི་རྒྱུད་ལ་དབུས་མེད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དཔེར་ན་སྒྱུ་མ་བྱས་པའི་སྐྱེས་ བུའི་རྒྱུད་གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་མེད་པ་དེ་བཞིན་དུ་ཕུང་པོའི་རྒྱུད་ཅེས་བྱ་བའི་འཁོར་བ་གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་ཡང་དབུས་མེད་དེ། འདི་ལྟར་ཐོག་མ་དང་ཐ་མ་ལ་ལྟོས་ནས་དབུས་འགྲུབ་པར་འགྱུར་བ་ཡིན་ན་དེ་ལ་ཐོག་མ་དང་ཐ་མ་དེ་ཡང་མེད་དེ། དེ་མེད་ པའི་ཕྱིར་དེའི་དབུས་ཡོད་པར་ག་ལ་འགྱུར་ཞེས་བྱ་བར་དགོངས་སོ། །སློབ་དཔོན་འཕགས་པ་ལྷས་ཀྱང་། ཐོག་མ་དབུས་དང་ཐ་མ་རྣམས། །སྐྱེ་བའི་སྔ་རོལ་མི་སྲིད་དེ། །གཉིས་གཉིས་དག་ནི་མ་གཏོགས་པར། །རེ་རེས་རྩོམ་པར་ཅི་ལྟར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཐོག་ མ་དང་ཐ་མ་མ་གྲུབ་པའི་ཕྱིར་དང་། དཔེ་མེད་པའི་ཕྱིར་ཅི་སྐད་བསྟན་པའི་སྐྱོན་ལྡོག་པར་མི་འཐད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཞེས་བྱ་བ་ནི་དབུ་མ་པའི་གཏན་ཚིགས་ཡིན་ནོ། །དཔེ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཕ་རོལ་པོའི་སྒྲུབ་པ་ལ་དཔེར་ན་མགོ་ གཉིས་པའི་མིག་གི་ནད་མེད་པར་བྱ་བ་བཞིན་ནོ་ཞེས་བྱ་བ་དང་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བ་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དེ་དག་ལས་བཟློག་པ་ཆོས་དབེན་པའི་དཔེ་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བ་མེད་དེ། དེའི་ཕྱིར་ཅི་སྐད་བསྟན་པའི་སྐྱོན་ལོག་པར་མི་འཐད་དོ། །དེའི་ཕྱིར་ དེ་ལྟར་བརྟགས་ན་འཁོར་བ་ངོ་བོ་ཉིད་མེད་པ་དེའི་ཕྱིར་དེ་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་མི་འཐད་དོ། །སྐྱེ་བ་དང་རྒ་ཤི་དག་གིའོ་ཞེས་བྱ་བ་ནི་དེ་ལྟར་གང་གི་ཕྱིར་འཁོར་བ་ལ་ཐོག་མ་དང་དབུས་དང་ཐ་མ་དག་མེད་པ་དེའི་ཕྱིར་འཁོར་བ་མེད་པས་འཁོར་བ་དེ་ལ་འཁོར་བ་པོའི་སྐྱེ་བ་ དང་རྒ་ཤི་དག་གི་སྔ་ཕྱི་དང་། ལྷན་ཅིག་དག་གི་རིམ་པ་དག་མི་འཐད་པར་དམ་བཅའ་བ་ཡིན་ནོ། །དེ་ལ་སྨྲ་བ་གང་དག་ན་རེ་འཁོར་བ་ནི་ངོ་བོ་ཉིད་ཡོད་དེ་སྐྱེ་བ་དང་རྒ་ཤི་དང་ལྡན་པའི་ཕྱིར་རོ། །མོ་གཤམ་གྱི་བུ་མེད་པ་ནི་སྐྱེ་བ་དང་རྒ་ཤི་དང་ལྡན་པར་མི་རིགས་སོ་ཞེས་ཟེར་བ་དེ་ དག་ལ་ཡང་སྐྱེ་བ་དང་རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་དམ་པར་སྐྱེ་བ་ལ་སོགས་པ་དང་ལྡན་པ་གང་ཡང་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་དཔེ་མེད་པ་དང་། དོན་འགལ་བ་ཉིད་དུ་ཡང་འགྱུར་རོ་ཞེས་བྱ་བ་ནི་ དེ་ལྟར་འཁོར་བ་ལ་ཐོག་མ་དང་དབུས་དང་ཐ་མ་མེད་པས་འཁོར་བ་མེད་པའི་ཕྱིར་འཁོར་བ་པོའི་སྐྱེ་བ་དང་། རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པས་དེ་ལ་ཆོས་འདི་པ་ལ་སོགས་པས་སྨྲ་བ་གང་དག་འཁོར་བ་ངོ་བོ་ཉིད་ཡོད་པར་དམ་འཆའ་བའི་གཏན་ཚིགས་སྐྱེ་བ་དང་རྒ་ ཤི་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་བ་དེ་དག་གི་གཏན་ཚིགས་དེ་དོན་དམ་པར་བསྒྲུབ་ན་ནི་དོན་མ་གྲུབ་པ་ཉིད་དང་། དཔེ་མེད་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་བསྒྲུབ་ན་ནི་དོན་འགལ་བ་ཉིད་དུ་ཡང་འགྱུར་བས་མི་རུང་བར་བསྟན་ཏོ། །ཅི་ལྟར་སྐྱེ་བ་ལ་སོགས་པ་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་ པ་དག་མི་འགྲུབ་པ་དེ་ལྟར། འདི་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་དེ་ལྟར་བརྟག་པ་རྣམ་པ་གསུམ་གྱི་དམ་བཅའ་བའི་སྤྱི་བསྟན་ཏོ་དེ་ལ་རེ་ཞིག་བརྟག་པ་དང་པོ་བསྟན་པའི་ཕྱིར། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤིའི་ཕྱི་བ་ཡིན་ན་ནི། །གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་རོ་ཞེས་བྱ་བ་ལ་སོགས་ པ་སྨྲས་སོ། །དེ་ལྟ་ན་གླགས་ཡོད་པའི་ཚིག་ཅིར་འགྱུར་ཞེ་ན། དེའི་ཕྱིར་དེ་ལྟ་ན། སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་བྱ་བ་སྨྲས་སོ། །དེ་ལ་རེ་ཞིག་སྐྱེ་བ་རྒ་ཤི་མེད་པར་འགྱུར་བ་བསྟན་པའི་ཕྱིར་དེ་ལྟ་ན་སྐྱེ་བ་ལ་རྒ་ཤིའི་ངོ་བོ་ཉིད་མེད་པར་འགྱུར་ཏེ། རྒ་ཤི་ མེད་པར་ཡང་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར་གང་ཞིག་གང་མེད་པར་སྐྱེས་པ་དེ་ལ་དེའི་ངོ་བོ་ཉིད་མེད་དེ་དཔེར་ན་བ་ལང་རྟ་མེད་པར་སྐྱེས་པ་དེ་ལ་དེའི་ངོ་བོ་ཉིད་མེད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྐྱེ་བ་སྔ་བར་ གྱུར་ལ་རྒ་ཤི་འཕྱི་བར་གྱུར་ན་སྐྱེ་བ་དེ་ལ་རྒ་ཤིའི་ངོ་བོ་ཉིད་མེད་པར་འགྱུར་ཏེ། སྐྱེ་བ་ལ་རྒ་ཤི་མེད་ན་དེ་ལ་ཕྱིས་ཀྱང་རྒ་ཤི་འོང་བར་མི་འགྱུར་རོ། །ཅི་སྟེ་འོང་ན་ནི་རྒ་ཤི་གཞི་མེད་པར་འགྱུར་རོ། །ཅི་སྟེ་འོངས་སུ་ཟིན་ན་ཡང་སྐྱེ་བ་དེ་ལ་རྒ་ཤི་ཅི་ཡང་བྱར་མེད་དེ། དེ་ལ་ངོ་བོ་ཉིད་ཀྱིས་རྒ་ཤི་ མེད་པའི་ཕྱིར་རོ། །ད་ནི་མ་ཤི་བར་ཡང་སྐྱེ་བར་འགྱུར་བ་བསྟན་པའི་ཕྱིར་ཡང་གཞན་ཡང་མ་ཤི་བར་ཡང་སྐྱེ་བར་འགྱུར་ཏེ། སྔར་གཞན་དུ་མ་ཤི་བ་ཁོ་ནར་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་སྐྱེ་བ་སྔ་བར་བརྟགས་ན་སྐྱེ་བ་དེར་སྔར་གཞན་དུ་མ་ཤི་བར་སྐྱེས་པར་ཐལ་བར་འགྱུར་ རོ། །དེ་ལྟ་ན་འཁོར་བ་ཐོག་མ་དང་ལྡན་པར་འགྱུར་བས་དེ་ཡང་མི་འཐད་དོ། །དེ་དག་ནི་མི་འདོད་དོ་ཞེས་བྱ་བ་ནི། སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་དེ་དག་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་མི་འདོད་དོ། །སྐྱེ་བ་དང་རྒ་བ་དང་འཆི་བ་ཞེས་བྱ་བ་དག་ གི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་སྐྱེ་བ་ནི་བསྐྱེད་པ་དེ་མ་བྱུང་བ་ལས་འབྱུང་བའོ། །རྒ་བ་ནི་ལུས་ཡོངས་སུ་གྱུར་པའོ། །འཆི་བ་ནི་སྲོག་གི་དབང་པོ་འགག་པའོ་ཞེས་བྱ་བ་སྨྲས་སོ། །དེ་ལ་འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་གླགས་ཡོད་པ་ལས་བཟློག་པས་རྗེས་སུ་དཔག་པ་མངོན་ཏེ་ ཞེས་བྱ་བ་ནི། སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་བྱ་བ་དེ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་ལས་བཟློག་པས་སྐབས་ཀྱི་དོན་བསྟན་པའི་རྗེས་སུ་དཔག་པ་ནི་འདི་ལྟར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར། སྐྱེ་བ་ནི་རྒ་ཤི་བས་སྔ་བ་མ་ཡིན་ཏེ་དེའི་བདག་ ཉིད་ཡིན་པའི་ཕྱིར་དཔེར་ན་མེ་ཚ་བ་བས་སྔ་བ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་ནི་ཚ་བ་དེའི་བདག་ཉིད་ཡིན་པའི་ཕྱིར་ཚ་བ་བས་སྔ་མ་ཡིན་པ་དེ་བཞིན་དུ་ སྐྱེ་བ་ཡང་རྒ་ཤི་དེའི་བདག་ཉིད་ཡིན་པའི་ཕྱིར་རྒ་ཤི་བས་སྔ་བ་མ་ཡིན་ནོ། །བརྟག་པ་གཉིས་པ་བསྟན་པའི་ཕྱིར་ཅི་སྟེ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་པས་རྒ་ཤི་སྔ་བར་འདོད་ན་དེ་ལྟ་ན་ཡང་། གལ་ཏེ་སྐྱེ་བ་འཕྱི་གྱུར་ལ། །རྒ་ཤི་སྔ་བ་ཡིན་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟ་ན་སྐྱོན་ ཅིར་འགྱུར་ཞེ་ན། དེའི་ཕྱིར་དེ་ལྟ་ན། སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཅི་ལྟར་འགྱུར། །སྨྲ་བ་གཞན་དག་ཀྱང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བར་འདོད་པས་དེ་མེད་ན་སྐྱེ་བ་མེད་པའི་རྒ་ཤི་རྐྱེན་མེད་པར་ཅི་ལྟར་འབྱུང་བར་འགྱུར་ཏེ། སྐྱེ་བ་མེད་པའི་རྒ་ཤི་ནི་ཡོད་པ་ མ་ཡིན་པ་ཁོ་ན་སྟེ། མ་སྐྱེས་པས་གཞི་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེའི་ཚད་མ་བསྟན་པའི་ཕྱིར་འདིར་རྗེས་སུ་དཔག་པ་ནི་རྒ་ཤི་ནི་སྐྱེ་བ་བས་སྔ་བར་མི་རིགས་ཏེ། དེ་ཡོད་ན་འབྱུང་བའི་ཕྱིར་དཔེར་ན་གནས་པ་བཞིན་ནོ་ཞེས་བྱ་བར་སྨྲས་ཏེ། དེ་དག་ ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གནས་པ་ནི་སྐྱེ་བ་དེ་ཡོད་ན་འབྱུང་བའི་ཕྱིར་སྐྱེ་བ་བས་སྔ་བར་མི་རིགས་པ་དེ་བཞིན་དུ་རྒ་ཤི་ཡང་སྐྱེ་བ་དེ་ཡོད་ན་འབྱུང་བའི་ཕྱིར་སྐྱེ་བ་བས་སྔ་བར་མི་རིགས་སོ། ། བརྟག་པ་གསུམ་པ་བསྟན་པའི་ཕྱིར། གལ་ཏེ་སྐྱེ་བ་ནི་རྒ་ཤི་དང་རྗེས་སུ་འབྲེལ་བཞིན་ཁོ་ནར་ཡོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟ་ན་སྐྱོན་ཅི་འགྱུར་ཞེ་ན། དེའི་ཕྱིར། གང་གི་ཕྱིར་དེ་ ལྟར་རྟོག་ན། །སྐྱེ་བཞིན་པ་ན་འཆི་འགྱུར་ཞིང་། །གཉི་ག་རྒྱུ་མེད་ཅན་དུ་འགྱུར། །དེ་གཉིས་ནི་དགག་པ་མི་མཐུན་པ་ཡིན་པས་སྐྱེ་བ་ཞེས་བྱ་བ་ཉིད་དུ་ཡང་མི་འགྱུར་ཏེ། སྐྱེ་བཞིན་པ་ཉིད་ན་འཆི་བའི་ཕྱིར་རོ། །དེ་ལྟར་སྐྱེ་བ་མེད་ན་སྔ་མ་བཞིན་དུ་སྐྱེ་བ་དང་རྒ་ཤི་གཉི་ག་རྒྱུ་མེད་པ་ཅན་ དུ་འགྱུར་ཏེ། ལྷན་ཅིག་ཏུ་འབྱུང་བའི་ཕྱིར་དཔེར་ན་སྐྱེ་བའི་རྒྱུ་རྒ་ཤི་མ་ཡིན་པ་དེ་བཞིན་དུ་དེ་གཉིས་ཀྱི་རྒྱུ་ཡང་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཏུ་གྱུར་ན་དེ་ལྟ་ན་དེ་སྐྱེ་བཞིན་པ་ཉིད་ན་འཆི་བར་འགྱུར་བས་དེ་ཡང་མི་འཐད་ དེ། འདི་ལྟར་སྐྱེ་བ་དང་འགག་པ་མི་མཐུན་པ་གཉིས་གཅིག་ལ་དུས་གཅིག་ཏུ་ཅི་ལྟར་འབྱུང་བར་འགྱུར། ཡང་གཞན་ཡང་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། ལྷན་ཅིག་ཏུ་འབྱུང་བའི་ཕྱིར་ཕན་ཚུན་ལྟོས་པ་མེད་པས་གཅིག་གི་རྒྱུར་གཅིག་མི་འགྱུར་བས་དེ་དག་ཀྱང་མི་འདོད་ དེ། སློབ་དཔོན་འཇིག་བྱེད་ཀྱིས་ཀྱང་། གལ་ཏེ་ལས་ལས་ལུས་སྐྱེས་ལ། །ལུས་མ་གཏོགས་པར་ལས་མེད་ན། །སྔོན་ལུས་ལས་ལས་མ་སྐྱེས་པ། །གང་གི་རྒྱུས་ནི་སྐྱེས་པར་གྱུར། །ཞེས་གསུངས་སོ། །གལ་ཏེ་ལྷན་ཅིག་སྐྱེས་པ་རྣམས་ཀྱང་རྒྱུ་ཉིད་ཡིན་ཏེ། མཚན་དང་དཔེ་བྱད་དང་སྐྱེས་བུ་ ཆེན་པོ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པས་སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཉིད་དུ་རྟོག་པ་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེས་བཤད་པ་དེ་མ་ངེས་པར་སུན་འབྱིན་པའི་ཚིག་ཡིན་ཏེ། དེ་དག་ན་རེ་དཔེར་ན་མཚན་ཉིད་མཚན་དང་དཔེ་བྱད་བཟང་པོ་དག་དང་། མཚན་ཉིད་ཀྱི་གཞི་ སྐྱེས་བུ་ཆེན་པོ་དག་ལྷན་ཅིག་ཏུ་བྱུང་བ་ཡིན་ཡང་མཚན་ཉིད་དང་མཚན་ཉིད་ཀྱི་གཞིའི་ཚུལ་གྱིས་ཕན་ཚུན་རྒྱུ་ཉིད་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་ལྷན་ཅིག་ཏུ་འབྱུང་བའི་ཕྱིར་སྐྱེ་བ་དང་། རྒ་ཤི་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་རམ། འོན་ཏེ་ལྷན་ཅིག་ཏུ་བྱུང་བའི་ཕྱིར་དཔེར་ན་མཚན་ཉིད་ དང་། མཚན་ཉིད་ཀྱི་གཞི་དག་བཞིན་དུ་ཕན་ཚུན་རྒྱུ་ཉིད་དུ་འགྱུར་བ་མ་ངེས་པས་དབུ་མ་པའི་སྒྲུབ་པ་དེ་ནི་འགྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་ལན་མ་ཡིན་ཏེ། དགག་པ་སྔར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྔར། འདོད་ ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདི་ལྟར་འདོད་ཆགས་ཆགས་པ་དང་། །ཕན་ཚུན་ལྟོས་པ་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་དག་གིས་ལྷན་ཅིག་འབྱུང་བའི་རྒྱུ་དགག་པའི་སྐབས་སུ་བསྟན་ཟིན་ཏོ། །དེའི་ཕྱིར་ཡང་སྐྱེ་བ་དང་རྒ་ཤི་དག་ལ་ལྷན་ཅིག་ཉིད་མི་ སྲིད་དོ་ཞེས་བྱ་བ་ནི་བརྟག་པ་གསུམ་པའི་མཇུག་བསྡུ་བའོ། །དེའི་ཕྱིར་དེ་ལྟར་བརྟག་ན། གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་དེ་དང་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོས་པར་བྱེད། །དོན་དམ་པར་དེ་དག་སྤྲོས་པར་བྱ་བ་མི་རིགས་པ་ཁོ་ན་སྟེ། དེ་དག་མ་སྐྱེས་པའི་ཕྱིར་ རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་བརྟག་པ་གསུམ་ཆར་གྱི་མཇུག་བསྡུ་བ་སྟེ། འདི་ལྟར་རིགས་པ་སྔོན་དུ་བཏང་སྟེ་བརྟགས་ནས་སྐྱེ་བ་གང་དང་རྒ་ཤི་གང་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་སྲིད་ཅིང་མེད་པ་དེ་ལ་ཁྱོད་སྐྱེ་བ་ནི་དེ་ཡིན། རྒ་ཤི་ནི་དེ་ཡིན་ཞེས་ཅིའི་ཕྱིར་སྤྲོས་པར་ བྱེད་ཅིང་རྗོད་པར་བྱེད་དེ། དོན་དམ་པར་དེ་དག་སྤྲོས་པར་བྱ་བར་མི་རིགས་པ་ཁོ་ན་སྟེ་དེ་དག་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་འཁོར་བ་བསྒྲུབ་པའི་གཏན་ཚིགས་སྐྱེ་བ་དང་རྒ་ཤི་དང་ལྡན་པ་ཉིད་མ་གྲུབ་པའི་ཕྱིར་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྨྲས་ པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་གྱི་ལན་གདབ་པར་དཀའོ་ཞེས་བྱ་བ་ནི་སྤྱིའི་ཚད་མའི་འབྲས་བུ་ཡིན་ཏེ། ད་ནི་སློབ་དཔོན་གྱིས་སྐྱེ་བ་ལ་སོགས་པ་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་ཡོད་པར་མི་འཐད་པ་བཞིན་དུ་དངོས་པོ་ལྷག་མ་རྣམས་ལ་ཡང་འདྲ་བར་བསྟན་པར་ བཞེད་ནས་བཤད་པ། རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང་། །ཞེས་བྱ་བས་ནི་ཅི་ལྟར་བརྟགས་ན་སྐྱེ་བ་དང་རྒ་ཤི་དག་གི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པ་དེ་བཞིན་དུ། རྒྱུ་དང་འབྲས་ བུ་དང་། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དང་། ཚོར་བ་དང་ཚོར་བ་པོ་དང་། ཕ་རོལ་པོ་དག་གིས་དོན་གཞན་གང་དག་ཡོད་པར་བརྟགས་པ་དེ་དག་ཐམས་ཅད་ལ་ཡང་སྔ་ཕྱི་དང་། ལྷན་ཅིག་གི་རིམ་པ་དག་མི་འཐད་པར་འདྲ་བར་བསྟན་པ་ཡིན་ནོ། །དོན་ཡོད་གང་དག་ཅི་ཡང་ རུང་། །ཞེས་བྱ་བ་བསྟན་པའི་ཕྱིར། ཚད་མ་དང་། གཞལ་བྱ་དང་། ཤེས་པ་དང་ཤེས་བྱ་དང་། གྲོལ་བ་དང་ཐར་པའི་མཚན་ཉིད་དག་གོ་ཞེས་བྱ་བ་སྨྲས་སོ། །དེ་དག་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པར་འདྲ་བར་བསྟན་པའི་ཕྱིར། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། ། ཡོད་མ་ཡིན་པ་མ་ཡིན་གྱི། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་ཡང་དག་པ་ཅི་ལྟ་བ་བཞིན་དུ་བརྟགས་ན་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང་། ལྷན་ཅིག་གི་རིམ་པ་དག་མི་འཐད་པ་དེའི་ཕྱིར་འཁོར་བ་འབའ་ ཞིག་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་མ་ཟད་ཀྱི་དངོས་པོར་འདོད་པ་ཐམས་ཅད་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པས་དངོས་པོར་སྣང་བ་ནི་སྒྱུ་མ་དང་སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། གཟུགས་བརྙན་བཞིན་དུ་མ་གྲུབ་པར་བསྟན་ཏོ། །དེ་ལ་རེ་ཞིག་འདིར་རྒྱུ་དང་འབྲས་བུ་ དང་མཚན་ཉིད་དང་མཚན་ཉིད་ཀྱི་གཞིའི་དབང་དུ་བྱས་ནས་ཕྱོགས་ཙམ་ཞིག་བཤད་པར་བྱ་སྟེ་ཞེས་བྱ་བས་ནི་དེ་དག་ལ་སྔ་ཕྱི་དང་། ལྷན་ཅིག་གི་རིམ་པ་དག་མི་འཐད་པར་སྟོན་ཏོ། །དོན་དམ་པར་འབྲུ་ནི་མྱུ་གུའི་སྔ་ན་ཡོད་པ་མ་ཡིན་པར་ཤེས་པར་བྱ་སྟེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་ མྱུ་གུའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུའི་སྔ་རོལ་ན་མེད་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མྱུ་གུ་ནི་འབྲས་བུ་ཡིན་པའི་ཕྱིར་རང་གི་བདག་ཉིད་ཀྱི་སྔ་ན་ ཡོད་པ་མ་ཡིན་པ་དེ་བཞིན་དུ་ས་བོན་འབྲུ་ཡང་ས་ལ་སོགས་པ་རྐྱེན་གཞན་གྱི་འབྲས་བུ་ཡིན་པའི་ཕྱིར་མྱུ་གུའི་སྔ་ན་ཡོད་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་རྒྱུད་ཐ་དད་པའི་འབྲས་བུ་དུས་སྔར་བྱུང་བ་དག་གིས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག །དབུ་མ་པའི་གཏན་ཚིགས་ འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ནས་འཇིག་རྟེན་ན་རྒྱུ་སེའུ་འབྲུ་ལ་སོགས་པའི་ས་བོན་རྒྱུད་ཐ་དད་པ་དག་འབྲས་བུ་ནས་ཀྱི་མྱུ་གུའི་སྔ་རོལ་ན་ཡོད་པར་མཐོང་བས་དེས་ན་ཅི་རེ་ཞིག་འབྲས་བུ་ཡིན་པའི་ཕྱིར་དཔེར་ན་མྱུ་གུའི་རང་གི་བདག་ ཉིད་བཞིན་དུ་ས་བོན་འབྲུ་མྱུ་གུའི་སྔ་ན་ཡོད་པ་མ་ཡིན་པར་འགྱུར་རམ། འོན་ཏེ་འབྲས་བུ་ཡིན་པའི་ཕྱིར་དཔེར་ན་རྒྱུད་ཐ་དད་པའི་འབྲས་བུ་དུས་སྔར་བྱུང་བ་དག་བཞིན་དུ་འབྲས་བུ་སྔ་ན་ཡོད་པར་འགྱུར་བ་མ་ངེས་པས་དབུ་མ་པའི་གཏན་ཚིགས་དེ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་ དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ཀྱང་དོན་དམ་པར་དེ་བཞིན་དུ་བཀག་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྒྱུད་ཐ་དད་པའི་རྒྱུ་དེ་དག་ཀྱང་དོན་དམ་པར་འབྲས་བུའི་སྔ་རོལ་དུ་མེད་པར་བཀག་པའི་ཕྱིར་མི་མཐུན་པའི་ ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །ཅི་སྟེ་འབྲས་བུ་རྒྱུ་བས་སྔ་བར་འདོད་ན་ཡང་དོན་དམ་པར་འབྲས་བུ་རྒྱུ་བས་སྔ་བར་འདོད་པར་མི་བྱ་སྟེ། རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བས་ནི་འབྲས་བུ་རྒྱུའི་སྔ་རོལ་ན་མེད་པར་སྟོན་ཏེ། །གལ་ཏེ་འབྲས་བུ་རྒྱུ་བས་སྔ་བར་ གྱུར་ན་འབྲས་བུ་རྒྱུ་མེད་པ་ཅན་དུ་འགྱུར་བ་དང་། འབྲས་བུ་ཡོད་ན་ཡང་རྒྱུས་ཅི་བྱ་སྟེ་རྒྱུར་བརྟགས་པ་དོན་མེད་པ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །གང་དག་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ཉིད་གསལ་བར་བྱེད་དོ་ཞེས་ཟེར་བ་དེ་དག་ལ་ཡང་ཞེས་བྱ་བ་ལ་སོགས་པས་ ནི་གྲངས་ཅན་དག་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་རྐྱེན་རྣམས་ཀྱིས་ཕྱིས་གསལ་བར་བྱེད་དོ་ཞེས་ཟེར་བའི་གཞུང་འགོག་པར་བྱེད་དོ། །དེའི་ཕྱིར་འབྲས་བུ་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པར་མི་འཐད་དེ་དེ་དག་ཞིག་པས་དེ་འཇིག་པར་འགྱུར་བའི་ཕྱིར་དཔེར་ན་ འཇིམ་པ་ལ་སོགས་པ་ཞིག་པས་བུམ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུ་བུམ་པ་ནི་རྐྱེན་འཇིམ་པ་ལ་སོགས་པ་དག་ཞིག་ཅིང་མེད་ན་ འཇིག་ཅིང་མི་འབྱུང་བའི་ཕྱིར་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་འབྲས་བུ་མྱུ་གུ་ཡང་རྐྱེན་ས་བོན་ལ་སོགས་པ་ཞིག་ཅིང་མེད་ན་འཇིག་ཅིང་མི་འབྱུང་བའི་ཕྱིར་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པར་མི་འཐད་དོ། །གང་ཞིག་གང་གིས་གསལ་བར་བྱེད་པ་དེ་ནི་ དེ་ཞིག་པས་འཇིག་པར་མི་འགྱུར་ཏེ། དཔེར་ན་ཉི་མ་དང་། ནོར་བུ་དང་། མར་མེ་དང་། སྨན་གྱི་འོད་ཞིག་པས་གསལ་བར་བྱ་བ་ཁྲིའུ་དང་། གཏན་པ་དག་ཞིག་པར་མི་འགྱུར་བ་བཞིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བས་ནི་གསལ་བར་བྱེད་པའི་རྐྱེན་ཉི་མ་ལ་སོགས་པའི་འོད་དག་ ཞིག་ཅིང་མེད་པས་ནི་གསལ་བར་བྱ་བའི་འབྲས་བུ་ཁྲིའུ་དང་། གཏན་པ་ལ་སོགས་པ་དག་འཇིག་ཅིང་མེད་པར་མི་འགྱུར་ལ། རྐྱེན་ས་བོན་ལ་སོགས་པ་དག་ཞིག་ཅིང་མེད་པས་ནི་འབྲས་བུ་མྱུ་གུ་ལ་སོགས་པ་དག་འཇིག་ཅིང་མེད་པར་འགྱུར་བས་འབྲས་བུ་རྐྱེན་རྣམས་ ཀྱིས་གསལ་བར་མི་བྱེད་པར་མངོན་པའི་དཔེ་བསྟན་ཏོ། །གསལ་བ་ཡང་སྔོན་མ་བྱུང་བ་ལས་འབྱུང་བའི་ཕྱིར་འབྲས་བུ་སྔ་ན་མེད་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི་གྲངས་ཅན་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ཕྱིས་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པས་འབྲས་ བུ་སྔ་ན་ཡོད་པ་ཡིན་ནོ་ཞེས་ཟེར་བའི་གཞུང་སུན་དབྱུང་བ་སྟོན་ཏེ། འབྲས་བུ་གསལ་བ་ཞེས་བྱ་བའི་ངོ་བོ་ཉིད་རྒྱུ་ལ་སྔ་ན་མེད་པ་ལས་ཕྱིས་རྐྱེན་གྱི་མཐུས་བྱུང་བའི་ཕྱིར་དེས་ན་ཁྱེད་འདོད་པ་ལྟར་འབྲས་བུ་སྔ་ན་ཡོད་པ་མ་ཡིན་གྱི། སངས་རྒྱས་པ་དག་འདོད་པ་ལྟར་འབྲས་བུ་སྔོན་མ་བྱུང་བ་ལས་ཕྱིས་ རྐྱེན་གྱི་མཐུས་བྱུང་བར་སྨྲ་བའི་གཞུང་ལྟར་འགྱུར་རོ། །རྒྱུ་དང་འབྲས་བུ་དག་དུས་མཉམ་པ་ཉིད་དོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ་གང་གི་དུས་ཁོ་ནའི་ཚེ་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་ཡོད་པ་ཁོ་ནའི་དུས་ན་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པ་དེས་ན་ རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་བཞིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དུས་མཉམ་པ་ཉིད་མི་འཐད་པའི་ཕྱིར་རོ། །ཅི་སྟེ་ལྷན་ཅིག་ཏུའོ་ཞེ་ན། དེ་ལྟ་ན་ཡང་དོན་དམ་པར་འབྲུ་དང་མྱུ་གུ་ལྷན་ཅིག་ཏུ་འབྱུང་བ་དག །རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་སྟེ་ལྷན་ཅིག་ཏུ་བྱུང་བའི་ཕྱིར་ དཔེར་ན་བ་ལང་གི་རྭ་དག་བཞིན་ནོ་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུ་ལྷན་ཅིག་ཏུ་འབྱུང་བ་དགག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བ་ལང་གི་རྭ་དག་ལྷན་ཅིག་ཏུ་བྱུང་བའི་ཕྱིར་རྒྱུ་དང་ འབྲས་བུའི་དངོས་པོར་མི་རུང་བ་དེ་བཞིན་དུ་འབྲུ་དང་མྱུ་གུ་དག་ཀྱང་ལྷན་ཅིག་ཏུ་བྱུང་བའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་སྟེ། ཅི་སྟེ་རྒྱུ་དང་འབྲས་བུ་དག་ལྷན་ཅིག་ཏུ་འགྱུར་ན་གཉི་ག་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་བ་དང་། རྒྱུ་འབྲས་བུ་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་ འགྱུར་བ་དང་འབྲས་བུ་ཡང་རྒྱུ་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བས། དེ་ཡང་མི་འཐད་དོ། །དེ་བཞིན་དུ་ལྐོག་ཤལ་ལ་སོགས་པའི་མཚན་ཉིད་ཀྱང་མཚན་ཉིད་ཀྱི་གཞི་བས་སྔ་བར་མི་འདོད་དེ་གཞི་མེད་པའི་ཕྱིར་དཔེར་ན་རི་མོ་རྩིག་པ་བས་སྔ་བ་མ་ཡིན་པ་བཞིན་ནོ་ ཞེས་བྱ་བས་ནི་མཚན་ཉིད་སྔ་བ་མ་ཡིན་པར་སྟོན་ཏོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་མོ་རྩིག་པ་བས་སྔ་བར་གྱུར་ན་གཞི་མེད་པའི་ཕྱིར་རྩིག་པ་བས་སྔ་བ་མ་ཡིན་པ་དེ་བཞིན་དུ་ ལྐོག་ཤལ་ལ་སོགས་པ་མཚན་ཉིད་ཀྱང་མཚན་ཉིད་ཀྱི་གཞི་བས་སྔ་བར་གྱུར་ན་གཞི་མེད་པའི་ཕྱིར་མཚན་ཉིད་ཀྱི་གཞི་བས་སྔ་བ་མ་ཡིན་ནོ། །དེ་བཞིན་དུ་མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་ཡིན་པས་སྔ་བར་མི་རིགས་ཏེ། ལྐོག་ཤལ་ལ་སོགས་པའི་མཚན་ཉིད་ཀྱི་གཞི་ཡིན་ པའི་ཕྱིར་དཔེར་ན་སྐྱེས་བུ་ཆེན་པོ་ཉིད་སྐྱེས་བུ་ཆེན་པོའི་མཚན་རྣམས་པས་སྔ་བར་མི་རིགས་པ་དང་། ས་ཉིད་སྲ་བ་བས་སྔ་བར་མི་རིགས་པ་བཞིན་ནོ་ཞེས་བྱ་བས་ན་མཚན་ཉིད་ཀྱི་གཞི་སྔ་བ་མ་ཡིན་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྐྱེས་བུ་ཆེན་པོ་ཉིད་དང་། ས་ཉིད་ནི་མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་མཚན་ཉིད་པས་སྔ་བར་མི་རིགས་པ་དེ་བཞིན་དུ། མཚན་ཉིད་ཀྱི་གཞི་བ་ལང་ཡང་། མཚན་ཉིད་ཀྱི་གཞི་ཡིན་པའི་ཕྱིར་མཚན་ཉིད་ལྐོག་ཤལ་ལ་སོགས་པ་དག་ པས་སྔ་བར་མི་རིགས་སོ། །མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ལྷན་ཅིག་ཏུ་བྱུང་བ་དག་ཀྱང་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ཉིད་དུ་མི་འདོད་དེ་ལྷན་ཅིག་ཏུ་བྱུང་བའི་ཕྱིར་དཔེར་ན་དྲི་དང་རོ་ལྷན་ཅིག་ཏུ་བྱུང་བ་དག་བཞིན་ནོ་ཞེས་བྱ་བས་ནི་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དག་ལྷན་ཅིག་ ཉིད་དུ་མི་འཐད་པར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དྲི་དང་རོ་ལྷན་ཅིག་ཏུ་བྱང་བ་དག་ནི་ལྷན་ཅིག་ཏུ་བྱུང་བའི་ཕྱིར་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ཉིད་དུ་མི་འདོད་པ་དེ་ བཞིན་དུ་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ལྷན་ཅིག་ཏུ་བྱུང་བ་དག་ཀྱང་ལྷན་ཅིག་ཏུ་འབྱུང་བའི་ཕྱིར། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་ཉིད་དུ་མི་འདོད་དེ། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དག་ལྷན་ཅིག་ཏུ་གྱུར་ན་གཉི་ག་རྒྱུ་མེད་པ་ཅན་དུ་འགྱུར་བ་དང་། མཚན་ཉིད་ཀྱང་མཚན་ ཉིད་ཀྱི་གཞི་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བ་དང་། མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་ལ་མི་ལྟོས་པ་ཁོ་ནར་རང་ལས་རབ་ཏུ་གྲུབ་པར་འགྱུར་བས་དེ་ཡང་མི་འཐད་དོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བས་ནི་ཚོར་བ་དང་ཚོར་བ་པོ་དང་། ཚད་མ་དང་། གཞལ་བྱ་དང་། ཤེས་པ་དང་། ཤེས་བྱ་དང་། གྲོལ་བ་དང་། ཐར་པ་དག་སྔ་ཕྱི་དང་ལྷན་ཅིག་ཏུ་མི་འཐད་པ་ཡང་སྔ་མ་བཞིན་དུ་སྦྱར་བར་བསྟན་ཏོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་སྒྲུབ་པའི་སྐྱོན་བརྗོད་པས་འཁོར་བ་ངོ་བོ་ཉིད་མེད་པ་ ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འཁོར་བ་བརྟག་པའི་རབ་ཏུ་བྱེད་པ་བཅུ་གཅིག་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་བལྟ་བ་ནི་ཕ་རོལ་པོས་ཕུང་པོ་ལ་སོགས་པ་དག་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདིའི་ དང་པོར་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མིང་དང་ཁྱད་པར་བསྟན་ནས་དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པའི་སྒྲུབ་པའི་སྐྱོན་བརྗོད་པས་འཁོར་བ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །འཁོར་ བ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པར་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར། འདིར་ཡིད་ཆེས་པའི་ལུང་ གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོའི་མདོ་སྡེའི་མཐའ་གཞན་དག་ལས་དེ་བཞིན་དུ་འདི་ལ་འགའ་ཡང་འཁོར་བར་མི་འགྱུར། མྱ་ངན་ལས་འདའ་བར་མི་འགྱུར། ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་ པ་གསུངས་པ་དང་། དེ་བཞིན་དུ་འཕགས་པ་ཚངས་པས་ཞུས་པའི་མདོ་ལས། ཚངས་པ་ངས་འཁོར་བ་ཡང་མ་དམིགས། མྱ་ངན་ལས་འདས་པ་ཡང་མ་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་འཁོར་བ་འདོགས་པར་མཛད་ཀྱང་དེར་འགའ་ཡང་འཁོར་ བར་མི་འགྱུར་ཞིང་། དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པ་འདོགས་པར་མཛད་ཀྱང་དེར་འགའ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་ གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་སྐྱེ་བའམ་འཆི་བར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བའམ་འཆི་བར་མི་འགྱུར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་ གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བའམ་འཆི་བར་མི་འགྱུར་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ་དེ་ཉིད་ལས་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་ པ། སྔོན་དང་། ཕྱི་མ་དང་། དབུས་ཀྱི་མཐའ་མེད་པ་ནི་མྱ་ངན་ལས་འདས་པའི་མཐའོ། །ཇི་ལྟར་བརྗོད་པ་དེ་ལྟར་མ་ཡིན་ཏེ། ཆོས་ཐམས་ཅད་མཐའ་མེད་པ་ནི་མྱ་ངན་ལས་འདས་པའི་མཐའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཡིད་ཆེས་པའི་ ལུང་དེ་དག་གྲུབ་པ་ནི་འཁོར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དག་མི་འཐད་པར་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ཏེ། དེའི་ཕྱིར་ཁོ་བོས་རང་གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱིས་བསྒྲུབས་པ་མ་ཡིན་ཏེ། ལུང་དེ་དག་ཀྱང་ཡོད་དོ། །གང་ གི་ཕྱིར་དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་འཁོར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་སྔ་ཕྱི་དང་། ལྷན་ཅིག་གི་རིམ་པ་དག་མི་འཐད་པར་བསྟན་པ་དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ ནས་ཀྱི་མཁྱེན་རླབས་དང་། འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་འཁོར་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པ་རྒྱ་ཆེར་འགྲེལ་པ། སློབ་དཔོན་སྤྱན་རས་གཟིགས་ བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།བམ་པོ་བཞི་བཅུ་དགུ་པ། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་གཉིས་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས། འདིར་ཡང་སྔར་བསྟན་བཅོས་མཛད་པས་ཅི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་ གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་ ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་བཞག་པ་འོག་ནས་དོན་དམ་པར་ཕུང་པོ་རྣམས་ཡོད་པ་ཁོ་ན་ཡིན་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཕུང་པོ་རྣམས་ཡོད་པ་ཉིད་དུ་བསྒྲུབ་པའི་གཏན་ཚིགས་སྡུག་བསྔལ་ངོ་བོ་ཉིད་ ཡོད་པ་ཉིད་དུ་སྨྲ་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཅུ་གཉིས་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་ དབང་གིས་རབ་ཏུ་བྱེད་པ་བཅུ་གཉིས་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། སྡུག་བསྔལ་བརྟག་པའི་རབ་ཏུ་བྱེད་པ་བཅུ་གཉིས་པའི་གཞུང་འོག་ནས་དབྱུང་བ་འདིའི་དོན་ནི་སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་ འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། སྡུག་བསྔལ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་ བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རང་གི་སྡེ་པ་དག་དོན་ དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མིང་དང་ཁྱད་པར་བསྟན་ནས་དེ་ཟད་པར་བྱ་བའི་ཕྱིར་མན་ངག་བསྟན་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་སུན་ཕྱུང་བས་ཕུང་པོ་ལ་སོགས་པ་དག་བཀག་ཏུ་ཟིན་ཀྱང་། དེ་དག་ལ་མངོན་པར་ ཞེན་པ་རང་གི་སྡེ་པ་དག་ལས་ཁ་ཅིག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་ཕུང་པོ་རྣམས་ཡོད་པ་ཁོ་ན་ཡིན་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་གང་མེད་པ་དེ་ནི་སྡུག་བསྔལ་བ་མ་ཡིན་ཏེ། དཔེར་ན་མགོ་གཉིས་པ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །ཕུང་པོ་རྣམས་ནི་སྡུག་བསྔལ་ཡིན་ཏེ། མདོ་སྡེ་ལས་མདོར་ན་ ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུངས་པའི་ཕྱིར་དང་། ཆོས་མངོན་པ་ལས་ཀྱང་། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་བའི་གནས་དང་སྲིད་པ་ཡིན། །ཞེས་འབྱུང་བས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ སྡུག་བསྔལ་གསུམ་དང་བརྒྱད་བསྟན་པའི་སྐབས་ནས་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུངས་པའི་ཕྱིར་དང་། ཆོས་མངོན་པའི་མཛོད་ལས་ཀྱང་། ཕུང་པོ་ལྔ་ནི་སྡུག་བསྔལ་དང་། །ཀུན་འབྱུང་བ་དང་འཇིག་རྟེན་དང་། །ལྟ་བའི་གནས་དང་སྲིད་པ་ཡིན། ། ཞེས་འབྱུང་བའི་ཕྱིར་ཕུང་པོ་རྣམས་ནི་སྡུག་བསྔལ་ཡིན་པས་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཉེ་བར་སྦྱར་བར་བྱའོ། །དེའི་ཕྱིར་གཏན་ཚིགས་ཅི་སྐད་སྨོས་པའི་མཐུས་དོན་དམ་པར་ཕུང་པོ་རྣམས་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འདི་ན་བཅོམ་ལྡན་འདས་ཀྱིས་མགོ་གཉིས་པ་ལ་སོགས་པ་མེད་པ་གང་དག་སྡུག་བསྔལ་ཡིན་པར་མ་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་པ་མ་ཡིན་གྱི། ཕུང་པོ་ལ་སོགས་པ་གང་དག་སྡུག་བསྔལ་ཡིན་པར་བསྟན་པ་དེ་དག་ནི་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། སྡུག་བསྔལ་དུ་རྣམ་པར་རྟོག་པ་ཉེ་བར་བཞག་ནས། །ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་པ་ལས་བྱུང་བར་འདོད། །དེ་ནི་བྱ་བར་མི་རུང་ངོ་། །སྨྲ་བ་ཁ་ཅིག་སྡུག་བསྔལ་ བདག་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་། གཉི་གས་བྱས་པ་དང་། རྒྱུ་མེད་པ་ལས་བྱུང་བར་འདོད་དེ། རྣམ་པ་དུ་མར་རྣམ་པར་བརྟགས་པ་དེ་ནི་བྱ་བའི་འབྲས་བུར་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་སྡུག་བསྔལ་ཡོད་པར་རྣམ་པར་རྟོག་པ་སློབ་དཔོན་གྱིས་ ཕྱོགས་སྔ་མ་ཉེ་བར་བཞག་ནས་ཚིག་ལེའུར་བྱས་པ་འདི་གསུངས་ཏེ། འདི་ན་སྨྲ་བ་ཁ་ཅིག་ནི་སྡུག་བསྔལ་བདག་གིས་བྱས་པར་འདོད། ཁ་ཅིག་ནི་གཞན་གྱིས་བྱས་པར་འདོད། ཁ་ཅིག་ནི་བདག་དང་གཞན་གཉི་གས་བྱས་པར་འདོད། ཁ་ཅིག་ནི་རྒྱུ་མེད་པ་ལས་བྱུང་བར་འདོད་དེ། རྣམ་པ་དུ་མར་རྣམ་པར་བརྟགས་པའི་སྡུག་བསྔལ་དེ་ནི་བདག་དང་། གཞན་དང་། གཉིས་དང་། རྒྱུ་མེད་པ་དག་གིས་ལས་སུ་བྱ་བའི་འབྲས་བུར་མི་རུང་བས་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་མི་འགྲུབ་པ་ཉིད་དུ་དམ་བཅའ་བ་རྣམ་པ་བཞི་སྟོན་ཏོ། །ཅི་ལྟར་ ཞེ་ན་ཞེས་བྱ་བ་ནི་བརྟག་པ་རྣམ་པ་བཞི་པོ་དེ་དག་ཇི་ལྟར་མི་འཐད་ཅེས་འདྲི་བའི་ཚིག་ཡིན་ནོ། །དེ་ལ་རེ་ཞིག་དམ་བཅའ་བ་དང་པོ་བསྟན་པའི་ཕྱིར་དེ་ལ་རེ་ཞིག་ཅི་ལྟར་དོན་དམ་པར་སྡུག་བསྔལ་བ་དག་གིས་བྱས་པར་མི་རུང་བ་དེ་ལྟར་འདི་བསྟན་པར་བྱ་སྟེ། གལ་ཏེ་བདག་གིས་བྱས་ གྱུར་ན། །དེའི་ཕྱིར་བརྟེན་ནས་འབྱུང་མི་འགྱུར། གང་གི་ཕྱིར་བདག་གིས་བྱས་པ་ནི་རྒྱུ་དང་རྐྱེན་གྱིས་བྱས་པ་མ་ཡིན་པ་དེའི་ཕྱིར་དེ་ལ་བརྟེན་ནས་བྱུང་བ་ཉིད་ཀྱི་ཆོས་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་མི་འདོད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འོ་ན་ཅི་ལྟར་འདོད་ཅེ་ན། བརྟེན་ནས་བྱུང་བ་ཉིད་དུ་འདོད་དེ། འདིས་ནི་སྡུག་བསྔལ་གྱི་ཆོས་བརྟེན་ནས་བྱུང་བ་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི། སྡུག་བསྔལ་བདག་གིས་བྱས་པ་མ་ཡིན་པར་བསྒྲུབ་པའི་ཆོས་ནི་བརྟེན་ནས་བྱུང་བ་ཉིད་ཡིན་པར་བསྟན་ཏོ། །གང་ཕྱིར་ཕུང་པོ་འདི་དག་ལ། ། བརྟེན་ནས་ཕུང་པོ་དེ་དག་འབྱུང་། །གང་གི་ཕྱིར་ད་ལྟར་གྱི་ཕུང་པོ་འདི་དག་ལ་བརྟེན་ནས་འབྱུང་བར་འདོད་པའི་ཕུང་པོ་དེ་དག་འབྱུང་སྟེ། གང་གི་ཕྱིར་ཞེས་བྱ་བའི་སྒྲ་ནི་འདི་ལྟར་ཞེས་བྱ་བའི་དོན་དུ་བལྟ་བར་བྱའོ། །དེ་ལྟར་ན་དེ་ནི་ཆོས་མཐུན་པའི་དཔེའི་ཚིག་ཡིན་ཏེ་ཞེས་བྱ་བས་ནི། ད་ལྟར་གྱི་སྡུག་བསྔལ་འདི་སྔོན་གྱི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཉིད་ཡིན་པས་བདག་གིས་བྱས་པ་མ་ཡིན་པར་སྒྲུབ་པའི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ནི་ད་ལྟར་གྱི་ཕུང་པོ་འདི་དག་ལ་བརྟེན་ནས། ད་ལྟར་གྱི་ཕུང་པོའི་རྒྱུན་ཕྱི་མ་དག་འབྱུང་བ་ཡིན་པར་བསྟན་ཏོ། །དེའི་ཕྱིར་འདིར་རྗེས་སུ་ དཔག་པ་ནི་དོན་དམ་པར་ལྷས་བྱིན་ཞེས་བྱ་བའི་ཕུང་པོ་ལྔ་ནི་བྱེད་པ་པོ་ལྷས་བྱིན་དང་ལྡན་པ་མ་ཡིན་ཏེ། བརྟེན་ནས་འབྱུང་བའི་ཕྱིར་དཔེར་ན་སྲིད་པ་གཅིག་ཏུ་གཏོགས་པའི་ཕུང་པོ་ལྔ་པོ་ཕྱི་མ་དག་ཕུང་པོ་ལྔ་པོ་སྔ་མའི་རྒྱུ་ལས་བྱུང་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ད་ལྟར་གྱི་སྲིད་པ་གཅིག་ཏུ་གཏོགས་པའི་ཕུང་པོ་ལྔ་པོའི་རྒྱུན་ཕྱི་མ་དག་ནི་ད་ལྟར་གྱི་ཕུང་པོ་ལྔ་པོའི་རྒྱུན་སྔ་མ་ལ་བརྟེན་ནས་བྱུང་བའི་ཕྱིར་བྱེད་པ་པོ་བདག་ཉིད་དང་ལྡན་པ་མ་ཡིན་པ་ དེ་བཞིན་དུ་ལྷས་བྱིན་ཞེས་བྱ་བའི་ད་ལྟར་གྱི་ཕུང་པོ་ལྔ་པོ་དག་ཀྱང་ཚེ་སྔ་མའི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་ཕྱིར་བྱེད་པ་པོ་ལྷས་བྱིན་ཉིད་དང་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་བདག་གིས་བྱས་པ་མ་ཡིན་ནོ། །ཡང་ན་ཚིག་ལེའུར་བྱས་པ་སྔ་མ་ཤོས་དེ་ཉིད་མུ་སྟེགས་བྱེ་བྲག་ པ་དག་གི་གཞུང་དགག་པའི་དབང་དུ་བྱས་ཏེ། རྣམ་པ་གཞན་དུ་རྣམ་པར་བཤད་པའི་ཕྱིར་ཡང་ན་བྱེ་བྲག་པ་དག་ན་རེ་ལུས་དང་། དབང་པོ་དང་། བློའི་ཚོགས་དག་ཞིག་ཀྱང་བདག་ནི་མི་འཇིག་ལ་དེ་ཡང་ཁོ་བོ་ཅག་གི་ཕྱོགས་ལ་བྱེད་པ་པོ་དེ་དང་བཅས་པ་ཉིད་དུ་གནས་པ་གཅིག་པུ་ ཡིན་པས་དེའི་ཕྱིར་དེས་བྱས་པའི་སྡུག་བསྔལ་ནི་བདག་གིས་བྱས་པ་ཞེས་བྱར་རུང་གི །གང་ལ་འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་ཡིན་པ་དེ་ལ་ནི་སེམས་ཀྱི་སྐད་ཅིག་མ་གང་ལ་སྡུག་བསྔལ་སྐྱེ་བ་དེ། བྱེད་པ་པོ་དེ་དང་ལྡན་པ་མ་ཡིན་པས་བདག་གིས་བྱས་པ་མ་ཡིན་ལ། གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་མི་སྲིད་པས་གཞན་གྱིས་བྱས་པ་ཡང་མ་ཡིན་ཏེ། མཛད་པའི་མཐའ་དང་འགལ་ལོ་ཞེས་ཟེར་བས་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་པ་དག་ན་རེ་ཚེ་སྔ་མའི་ལུས་དང་དབང་པོ་དང་། བློའི་ཚོགས་དག་ཞིག་ཀྱང་བདག་ནི་མི་འཇིག་ལ། བདག་ དེ་ཡང་ཁོ་བོ་ཅག་གི་ཕྱོགས་ལ་ལས་དགེ་བ་དང་མི་དགེ་བའི་བྱེད་པ་པོ་ཡང་ཡིན་ཞིང་། ཚེ་སྔ་མའི་བདག་དེ་ཚེ་སྔ་མའི་ལས་དགེ་བ་དང་མི་དགེ་བའི་བྱེད་པ་པོ་ཡང་ཡིན་ལ། ད་ལྟར་གྱི་ལུས་ལ་གནས་པའི་ཟ་བ་པོ་ཡང་ཡིན་པས་ད་ལྟར་གྱི་ལུས་ཀྱི་བདག་ནི་ཚེ་སྔ་མའི་བདག་དེ་དང་བཅས་པ་ཉིད་ དུ་ཐ་མི་དད་པར་གནས་པ་གཅིག་པུ་ཡིན་པས་དེའི་ཕྱིར་བདག་དེས་བྱས་པའི་སྡུག་བསྔལ་ནི་བདག་གིས་བྱས་པ་ཞེས་བྱར་རུང་གི །ཁྱེད་སངས་རྒྱས་པ་གང་ལ་འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ལ་འཇུག་པའི་ངང་ཅན་ཡིན་པ་དེ་ལ་ནི་སེམས་ཀྱི་སྐད་ཅིག་མ་གང་ལ་སྡུག་བསྔལ་སྐྱེ་བ་དེ། དེ་ཉིད་དུ་ འགག་པས་སྐད་ཅིག་མ་ཕྱི་མ་ལ་བྱེད་པ་པོ་དེ་དང་ལྡན་པ་མ་ཡིན་པས་སྡུག་བསྔལ་བདག་གིས་བྱས་པ་མ་ཡིན་ནོ། །ཅི་སྟེ་ཁྱེད་སངས་རྒྱས་པ་དག་འདི་སྐད་ཅེས་སྐད་ཅིག་མ་སྔ་མ་ལ་ལས་བྱས་པའི་འབྲས་བུ་སྐད་ཅིག་མ་ཕྱི་མ་ལ་མྱོང་བར་འགྱུར་རོ་ཞེས་ཟེར་ན་དེ་ཡང་མི་རུང་སྟེ། སྐད་ ཅིག་མ་གཞན་ལ་སེམས་གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་སྐད་ཅིག་མ་ཕྱི་མའི་སེམས་ཀྱིས་ལོངས་སྤྱོད་པ་མི་སྲིད་པས་སྡུག་བསྔལ་གཞན་གྱིས་བྱས་པ་ཡང་མ་ཡིན་ཏེ། བདག་གིས་བྱས་པ་ཉིད་ཡིན་ནོ། །ཅི་སྟེ་ཁྱེད་སངས་རྒྱས་པ་དག་འདི་སྐད་ཅེས་སྐད་ཅིག་མའི་རྒྱུན་ཐ་ དད་དུ་ཟིན་ཀྱང་སྔ་མ་ལས་བྱས་པའི་འབྲས་བུ་ཕྱི་མ་མྱོང་བར་འགྱུར་རོ་ཞེས་ཟེར་ན། དེ་ཡང་ཁྱེད་ཉིད་ཀྱིས་མཛད་པའི་མཐའ་དང་འགལ་བས་མི་རུང་སྟེ། འདི་ལྟར་ཁྱེད་ཀྱི་གྲུབ་པའི་མཐའ་ལས་རང་གིས་བྱས་པར་མྱོང་བར་འགྱུར་རོ་ཞེས་འབྱུང་ལ། ད་ནི་སྐད་ཅིག་མ་སྔ་མ་ལ་གཞན་ གྱིས་བྱས་པའི་སྐད་ཅིག་མ་ཕྱི་མ་ལ་གཞན་གྱིས་མྱོང་བར་འགྱུར་རོ་ཞེས་ཟེར་བས་ཁས་བླངས་པ་ལ་གནོད་པར་འགྱུར་རོ། །དེའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་བྱེད་པ་པོ་བདག་བརྟག་པ་གཅིག་པུ་དེས་ཚེ་སྔ་མའི་ལུས་ཀྱི་གནས་སྐབས་སུ་ལས་བྱས་པའི་འབྲས་བུ་ད་ལྟར་གྱི་ ལུས་ཀྱི་གནས་སྐབས་སུ་མྱོང་བ་ནི་སྡུག་བསྔལ་བདག་གིས་བྱས་པ་ཞེས་བྱར་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ལ་ཡང་དེ་ནི་བྱ་བར་མི་རུང་ངོ་། །སྡུག་བསྔལ་དེ་ནི་བྱ་བར་མི་རུང་སྟེ་བདག་དེ་དང་བཅས་པ་ཉིད་དུ་གནས་པ་ལ་ རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་པ་དག་གིས་བརྟགས་པའི་བྱེད་པ་པོ་བདག་བརྟག་པ་གཅིག་པུ་དེ་ཉིད་བྱེད་པ་པོ་ཉིད་དུ་མི་རུང་བའི་ཕྱིར་དེས་སྡུག་བསྔལ་དེ་བྱ་བར་མི་རུང་བས་སྡུག་བསྔལ་བདག་གིས་མ་བྱས་སོ། །དེ་ལ་འདིར་རྗེས་སུ་དཔག་པ་ནི་སྐྱེས་ བུ་ནི་བྱེད་པ་པོ་མ་ཡིན་ཏེ། རྟག་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའ་ནི་རྟག་པའི་ཕྱིར་བྱེད་པ་པོ་མ་ཡིན་པ་དེ་བཞིན་དུ་སྐྱེས་བུ་ཡང་རྟག་ པའི་ཕྱིར་བྱེད་པ་པོ་མ་ཡིན་ནོ། །དེ་ཉིད་བརྣན་པའི་ཕྱིར་རྟག་པ་ཉིད་དུ་རྗེས་སུ་དཔོག་པས་བྱེད་པ་པོ་མ་ཡིན་པ་ཉིད་ཀྱིས་བྱེད་པ་པོ་ཉིད་བསལ་བའི་ཕྱིར། དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་པ་དག་བརྟག་པ་ཉིད་དུ་རྗེས་སུ་ དཔོག་པས་རྟག་པ་ནི་ནམ་མཁའ་བཞིན་དུ་བྱེད་པ་པོ་མ་ཡིན་པ་ཉིད་ཀྱིས་བྱེད་པ་པོ་བསལ་བའི་ཕྱིར། བྱེ་བྲག་པ་དག་གིས་བདག་བྱེད་པ་པོ་མ་ཡིན་པར་དམ་བཅས་པ་ལ་ཆོས་ཅན་བདག་གི་ངོ་བོ་ཉིད་བྱེད་པ་པོ་ཡིན་པར་འདོད་པ་བྱེད་པ་པོ་མ་ཡིན་པས་བསལ་བའི་སྐྱོན་ཡོད་པས་དམ་ བཅས་པའི་ཕྱོགས་མ་གྲུབ་པོ། །གཞན་ཡང་། གལ་ཏེ་བདག་གིས་བྱས་གྱུར་ན། །དེའི་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །བདག་གི་རྐྱེན་ལས་བྱུང་བར་མི་འགྱུར་ཏེ། བྱེད་པ་པོ་མ་སྐྱེས་པ་ལ་བྱ་བ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་ མ་ཤོས་འདི་རྣམ་པ་གཞན་དུ་བཤད་པ་སྟོན་ཏེ། གལ་ཏེ་བྱེ་བྲག་པ་དག་འདོད་པ་ལྟར་སྡུག་བསྔལ་བདག་གིས་བྱས་པར་རྟོག་ན་དེའི་ཕྱིར་སྡུག་བསྔལ་བདག་གི་རྐྱེན་ལས་འབྱུང་བར་མི་འགྱུར་ཏེ། སངས་རྒྱས་པ་དག་གི་ཕྱོགས་ལ་བྱེད་པ་པོ་བདག་ཅེས་བྱ་བ་དེ་མ་སྐྱེས་པ་ཡིན་པས་མ་སྐྱེས་པ་ལ་བྱ་ བ་མི་འཐད་པས་སྡུག་བསྔལ་བདག་གིས་མ་བྱས་སོ་ཞེས་བྱ་བར་དགོངས་སོ། །ཡང་ན་གལ་ཏེ་སྡུག་བསྔལ་བྱེད་པ་པོ་བདག་དང་ལྡན་པར་འདོད་ན་དེ་ལྟ་ན་ཡང་། དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཁོ་བོ་ཅག་གི་ཕྱོགས་ལ་སྡུག་བསྔལ་ཉིད་བདག་གི་སྒྲར་བརྗོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ ཞེས་བྱ་བས་ནི་ཚིག་ལེའུར་བྱས་པའི་རྩ་བ་འདིའི་དོན་རྣམ་པ་གཞན་དུ་བཤད་པ་སྟོན་ཏེ། ཕ་རོལ་པོ་དག་ན་རེ་ཁོ་བོ་ཅག་གི་ཕྱོགས་ལ་བདག་སྐྱེས་པས་སྡུག་བསྔལ་བྱེད་པར་འདོད་པས་སྡུག་བསྔལ་ནི་བྱེད་པ་པོ་དག་དང་ལྡན་ནོ་ཞེ་ན། དེ་ལྟ་ན་ཡང་བརྟེན་ནས་འབྱུང་བར་མི་འགྱུར་ཏེ། ཅིའི་ཕྱིར་ ཞེ་ན། ཁོ་བོ་ཅག་སངས་རྒྱས་པའི་ཕྱོགས་ལ་སྡུག་བསྔལ་ཉིད་བདག་གི་སྒྲར་བརྗོད་པའི་ཕྱིར་དེ་ཉིད་ལས་དེ་ཉིད་བརྟེན་ནས་འབྱུང་བར་མི་འགྱུར་བའི་ཕྱིར། སྡུག་བསྔལ་བདག་གིས་བྱས་པར་བརྗོད་པར་མི་བྱའོ་ཞེས་བྱ་བར་དགོངས་སོ། །ཡང་ན་གལ་ཏེ་སྐྱེས་བུ་རང་གིས་ལས་དེ་བྱས་པར་གྱུར་ན། དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ལྷན་ཅིག་བྱེད་པའི་རྒྱུ་གཞན་དག་ལ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བས་ཀྱང་ཚིག་ལེའུར་བྱས་པའི་རྩ་བ་དེ་ཉིད་ཀྱི་དོན་རྣམ་པ་གཞན་དུ་བཤད་པ་སྟོན་ཏེ། གལ་ཏེ་ཕ་རོལ་པོ་དག་ན་རེ་སྐྱེས་བུ་དེ་ཉིད་བྱེད་པ་པོ་ཡིན་པས་དེས་དགེ་བ་དང་མི་དགེ་བའི་ལས་ དེ་བྱས་ལ་དེ་ཉིད་ཀྱི་འབྲས་བུ་བདེ་བ་དང་སྡུག་བསྔལ་ཡང་ཟད་པར་བྱེད་པས། དེས་ན་སྡུག་བསྔལ་བདག་གིས་བྱས་པ་ཡིན་ནོ་ཞེས་ཟེར་ན་དེ་ལྟ་ན་ཡང་སྐྱེས་བུ་དེ་བྱེད་པ་པོ་ཡིན་པས་སྡུག་བསྔལ་དེ་ལྷན་ཅིག་བྱེད་པའི་རྒྱུ་གཞན་དག་ལ་བརྟེན་ནས་འབྱུང་བ་མ་ཡིན་པར་འགྱུར་བས་དེ་ཡང་མི་ རུང་ངོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། སྡུག་བསྔལ་ནི་བྱེད་པ་པོ་བདག་དང་ལྡན་པར་འདོད་པར་མི་བྱ་སྟེ། རྒྱུ་དུ་མ་དག་གིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། དཔེར་ན་རླུང་ཤུགས་དྲག་པ་དག་གིས་ཤིང་སྐམ་པོའི་ཡན་ལག་དག་བསྐྱོད་དོ། །དྲུད་པ་ལས་བྱུང་བའི་ནགས་ཀྱི་མེས་ ནགས་ཚལ་སྲེག་པའི་ལས་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ལྷས་བྱིན་གྱི་སྡུག་བསྔལ་ནི་བྱེད་པ་པོ་ལྷས་བྱིན་གྱི་བདག་དང་ལྡན་པ་མ་ཡིན་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་དཔེར་ན་མཆོད་ སྦྱིན་གྱི་སྡུག་བསྔལ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་སྡུག་བསྔལ་ནི་སྡུག་བསྔལ་ཡིན་པའི་ཕྱིར། བྱེད་པ་པོ་ལྷས་བྱིན་གྱི་བདག་དང་ལྡན་པ་མ་ཡིན་པ་ དེ་བཞིན་དུ་ལྷས་བྱིན་གྱི་སྡུག་བསྔལ་ཡང་སྡུག་བསྔལ་ཡིན་པའི་ཕྱིར་བྱེད་པ་པོ་ལྷས་བྱིན་གྱི་བདག་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་མཆོད་སྦྱིན་གྱི་སྡུག་བསྔལ་སྐྱེ་བ་ལ་ཡང་ལན་འགའ་ལྷས་བྱིན་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་དཔེ་ མཆོད་སྦྱིན་གྱི་སྡུག་བསྔལ་བཞིན་ནོ་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ན་རེ་ལན་འགའ་ལྷས་བྱིན་གྱིས་མཆོད་སྦྱིན་བརྡེགས་པ་ལ་སོགས་པའི་སྒོ་ནས། མཆོད་སྦྱིན་ལ་སྡུག་བསྔལ་སྐྱེ་བའི་བྱེད་པ་པོ་ཉིད་ལྷས་བྱིན་ཡིན་པའི་ཕྱིར་དེས་ན་ཁྱེད་ན་རེ་དཔེར་ ན་མཆོད་སྦྱིན་གྱི་སྡུག་བསྔལ་ནི་སྡུག་བསྔལ་ཡིན་པའི་ཕྱིར་དཔེར་ན་བྱེད་པ་པོ་ལྷས་བྱིན་གྱི་བདག་དང་ལྡན་པ་མ་ཡིན་ནོ་ཞེས་ཟེར་བ་དེ་མ་ངེས་པ་ཉིད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་མྱོང་བ་ཡིན་ པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ལན་འགའ་ལྷས་བྱིན་གྱིས་མཆོད་སྦྱིན་བརྡེགས་པ་ལ་སོགས་པའི་སྒོ་ནས་མཆོད་སྦྱིན་ལ་སྡུག་བསྔལ་སྐྱེ་བ་ནི། མཆོད་སྦྱིན་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་མྱོང་བ་ཡིན་པའི་ཕྱིར། དེའི་བྱེད་པ་པོ་ཉིད་ལྷས་བྱིན་མ་ཡིན་པས་ཁོ་བོའི་ དཔེ་ལ་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ། །གལ་ཏེ་ཕ་རོལ་པོ་དག་ན་རེ་དེ་རང་གིས་བྱས་པའི་ལས་ཀྱི་འབྲས་བུས་མྱོང་བ་ཡིན་དུ་ཟིན་ཀྱང་། དེ་ལ་སྡུག་བསྔལ་སྐྱེ་བ་དེ་ལྷས་བྱིན་གྱིས་བརྡེགས་པ་ལ་སོགས་པའི་རྣམ་པར་འགྱུར་བ་ཡིན་པས། དེས་ན་ལྷས་བྱིན་དེའི་བྱེད་པ་པོ་ཡིན་ནོ་ཞེས་ཟེར་ བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་རྣམ་པར་འགྱུར་བ་ཡིན་ཡང་བྱེད་པ་པོའི་ངོ་བོ་ཉིད་མ་ཡིན་པ་བོང་བ་ལ་སོགས་པ་དག་ཀྱང་ཐ་སྙད་དུ་ལྷན་ཅིག་བྱེད་པའི་རྒྱུའི་དངོས་པོ་དེའི་ཡན་ལག་ཉིད་དུ་འགྱུར་བའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། མཆོད་སྦྱིན་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་མྱོང་བའི་རྐྱེན་ལྷས་བྱིན་གྱིས་བརྡེགས་པ་ལ་སོགས་པའི་རྣམ་པར་འགྱུར་བ་ཡིན་དུ་ཟིན་ཀྱང་དེ་བྱེད་པ་པོ་ཉིད་མ་ཡིན་ཏེ། དཔེར་ན་བྱེད་པ་པོའི་ངོ་བོ་ཉིད་མ་ཡིན་པ་བོང་བ་ལ་སོགས་པ་དག་ཀྱང་ཐ་སྙད་དུ་མཆོད་སྦྱིན་རང་གིས་བྱས་པའི་ལས་ཀྱི་ འབྲས་བུ་མྱོང་བའི་ལྷན་ཅིག་བྱེད་པའི་རྒྱུའི་དངོས་པོ་དེའི་རྣམ་པར་འགྱུར་བའི་ཡན་ལག་ཉིད་དུ་འགྱུར་མོད་ཀྱི་དེ་དག་བྱེད་པ་པོ་ཉིད་མ་ཡིན་པ་བཞིན་པས་ཁོ་བོའི་དཔེ་ལ་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ། །གང་ལ་འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་ཡིན་པ་དེ་ལ་ནི་སེམས་ཀྱི་ སྐད་ཅིག་མ་གང་ལ་སྡུག་བསྔལ་སྐྱེ་བ་དེ་བྱེད་པ་པོ་དེ་དང་ལྡན་པ་མ་ཡིན་པས་བདག་གིས་བྱས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ཡང་ཉོན་ཅིག་ཅེས་བྱ་བས་ནི་སྔར་ཡང་ན་བྱེ་བྲག་པ་དག་ན་རེ་ལུས་དང་། དབང་པོ་དང་། བློའི་ཚོགས་དག་ཞིག་ཀྱང་བདག་ནི་མི་འཇིག་ལ་ དེ་ཡང་ཁོ་བོ་ཅག་གི་ཕྱོགས་ལ་བྱེད་པ་པོ་དེ་དང་བཅས་པ་ཉིད་དུ་གནས་པ་གཅིག་པུ་ཡིན་པས་དེའི་ཕྱིར། དེས་བྱས་པའི་སྡུག་བསྔལ་ནི་བདག་གིས་བྱས་པ་ཞེས་བྱར་རུང་གི །གང་ལ་འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་ཡིན་པ་དེ་ལ་ནི་སེམས་ཀྱི་སྐད་ཅིག་མ་གང་ལ་སྡུག་ བསྔལ་སྐྱེ་བ་དེ་བྱེད་པ་པོ་དེ་དང་ལྡན་པ་མ་ཡིན་པས་བདག་གིས་བྱས་པ་མ་ཡིན་ལ། གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་མི་སྲིད་པས་གཞན་གྱིས་བྱས་པ་ཡང་མ་ཡིན་ཏེ། མཛད་པའི་མཐའ་དང་འགལ་ལོ་ཞེས་ཟེར་བའི་ཡན་སྔར་ཡང་བཏབ་ཟིན་མོད་ཀྱི། ཡང་ འདིར་དེའི་ལན་རྣམ་པ་གཞན་གྱི་སྒོ་ནས་གདབ་ཀྱིས་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །དེའི་ཕྱིར། དོན་དམ་པར་ནི་སྡུག་བསྔལ་བདག་གིས་བྱས་པ་དང་། གཞན་གྱིས་བྱས་པར་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དེ་དག་མི་སྲིད་པར་བསྟན་པ་མི་གནོད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ ནི་ཁོ་བོ་ཅག་དབུ་མ་པའི་ཕྱོགས་ལ་དོན་དམ་པར་ནི་དངོས་པོ་ཐམས་ཅད་ལ་བྱེད་པ་པོ་དང་ལས་སུ་བརྗོད་པར་བྱ་བ་མེད་པས་སྡུག་བསྔལ་བདག་གིས་བྱས་པ་དང་། གཞན་གྱིས་བྱས་པར་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཁྱེད་ཀྱིས་བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་དེ་ དག་མི་སྲེད་པར་བསྟན་པ་ཁོ་བོ་ཅག་གི་ཕྱོགས་ལ་མི་གནོད་དོ། །ཐ་སྙད་དུ་ནི་འཇིག་རྟེན་ན་དེ་དང་རིགས་མཐུན་པ་ཉིད་ཀྱིས་རྒྱུད་དང་འབྲས་བུའི་རྒྱུད་ཐ་མི་དད་པ་ལ་ཐ་སྙད་དེ་དག་མཐོང་སྟེ། དཔེར་ན་བདག་གིས་བཙུགས་པའི་མར་མེ་དེ་ཉིད་འདི་ཡིན་ནོ། །བདག་གིས་བསྐྱེད་པའི་ཤིང་ཨ་མྲ་ དེ་ཉིད་འདི་ཡིན་ནོ་ཞེས་བརྗོད་པ་དེ་བཞིན་དུ་འདི་ལ་ཡང་སེམས་ཅན་གྱི་སྐད་ཅིག་མ་སྔ་མ་སེམས་ཅན་གྱི་སྐད་ཅིག་མ་ཕྱི་མ་དང་། རྒྱུ་དང་འབྲས་བུའི་འབྲེལ་པ་ཐ་མི་དད་པས་བྱས་པ་ལ་བདག་གིས་བྱས་པ་ཞེས་བྱའོ་ཞེས་བྱ་བས་ནི་ཁོ་བོ་ཅག་དབུ་མ་པ་ཡང་ཀུན་རྫོབ་ཏུ་ནི་འཇིག་རྟེན་ལ་ ཇི་ལྟར་གྲགས་པ་བཞིན་དུ་རྒྱུ་དང་འབྲས་བུ་རིགས་མཐུན་པའི་འབྲེལ་པ་དེ་དག་ཁས་ལེན་པས་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་དུས་གཞན་ན་རང་ཉིད་ཀྱིས་མྱོང་བར་འདོད་པས་བདག་གིས་བྱས་པའི་ཐ་སྙད་འགོག་པར་མི་བྱེད་པས་ཁྱེད་ཀྱི་ཀླན་ཀའི་སྐབས་མེད་དོ། །གལ་ཏེ་ཕ་རོལ་ པོ་དག་ན་རེ། དེ་ལྟ་ན་སེམས་ཅན་གྱི་སྐད་ཅིག་མ་སྔ་མ་དང་ཕྱི་མ་གཞན་ཉིད་ཡིན་པས་སྔ་མས་བྱས་པ་ཕྱི་མས་མྱོང་ན་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟ་བའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གཞན་ ཉིད་ཡིན་དུ་ཟིན་ཀྱང་རྒྱུ་དང་འབྲས་བུར་འབྲེལ་པའི་ཕྱིར་སེམས་ཅན་གྱི་སྐད་ཅིག་མ་སྔ་མས་དགེ་བ་དང་། མི་དགེ་བ་ཉེ་བར་བསགས་པ་དག་གི་རྣམ་པར་སྨིན་པ་མི་མྱོང་བ་མ་ཡིན་ཏེ། དཔེར་ན་དུག་གི་མཐུ་འོ་མའི་སྐད་ཅིག་མར་བླུགས་པ་དེའི་རྣམ་པར་འགྱུར་བ་ཞོའི་སྐད་ཅིག་མར་མྱོང་བ་ བཞིན་པས་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཀུན་རྫོབ་ཏུ་སེམས་ཅན་གྱི་སྐད་ཅིག་མ་སྔ་མ་དང་། ཕྱི་མ་གཞན་ཉིད་ཡིན་དུ་ཟིན་ཀྱང་རིགས་མཐུན་པ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་རྒྱུད་ཐ་མི་དད་པ་ལ་རྣམ་པར་སྨིན་པ་མི་མྱོང་བ་མ་ ཡིན་པས། མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་མི་ཟ་བའི་སྐྱོན་དུ་ཡང་མི་འགྱུར་ལ་སེམས་ཅན་རིགས་མི་མཐུན་པ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་རྒྱུད་ཐ་དད་པ་ལ་རྣམ་པར་སྨིན་པ་མི་མྱོང་བས་གཞན་གྱིས་བྱས་པ་གཞན་གྱིས་མྱོང་བ་ཡང་མ་ཡིན་པར་བསྟན་ཏོ། །ཅི་སྟེ་སྐད་ཅིག་མ་སྔ་མ་ལ་ལས་ ཉེ་བར་བསགས་པའི་འབྲས་བུ་ནི་འདུ་བྱེད་ཀྱི་སྐད་ཅིག་མ་ཕྱི་མ་ལ་མྱོང་བར་མི་འགྱུར་ཏེ། གཞན་ཡིན་པའི་ཕྱིར་དཔེར་ན་རྒྱུད་ཐ་དད་པ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་སེམས་ཅན་རྒྱུད་ཐ་མི་དད་པའི་སྐད་ཅིག་མ་སྔ་མ་དང་། ཕྱི་མ་གཞན་ཉིད་ཡིན་པས་སྔ་མས་བྱས་པའི་འབྲས་བུ་ ཕྱི་མས་མི་མྱོང་བ་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་དང་མཆོད་སྦྱིན་གྱི་རྒྱུད་ཐ་དད་པ་ནི་གཞན་ཡིན་པའི་ཕྱིར་ལྷས་བྱིན་གྱི་རྒྱུད་ཀྱིས་ལས་ཉེ་བར་བསགས་ པའི་འབྲས་བུ་མཆོད་སྦྱིན་གྱིས་མྱོང་བར་མི་འགྱུར་བ་དེ་བཞིན་དུ་རྒྱུད་ཐ་མི་དད་པའི་སྐད་ཅིག་མ་སྔ་མ་དང་ཕྱི་མ་ཡང་གཞན་ཉིད་ཡིན་པའི་ཕྱིར་སྔ་མ་ལས་ཉེ་བར་བསགས་པའི་འབྲས་བུ་ཕྱི་མས་མྱོང་བར་མི་འགྱུར་ཏེ། གལ་ཏེ་མྱོང་བར་གྱུར་ན་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟ་བའི་ སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་བཟང་པོ་མ་ཡིན་ཏེ། མཛད་པའི་མཐའ་ལས། བརྟེན་ནས་གང་དང་གང་འབྱུང་བ། །རེ་ཞིག་དེ་ནི་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་འབྱུང་ བའི་ཕྱིར་གཞན་ཉིད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ཀྱིས་རྗེས་སུ་དཔག་པའི་གཏན་ཚིགས་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུད་ཐ་དད་པ་བཞིན་ནོ་ཞེས་བྱ་བ་དེ་ནི་ཁོ་བོ་ཅག་གི་ལུང་ལས་གཅིག་པ་ཉིད་དང་གཞན་ཉིད་བཀག་པས་མ་གྲུབ་པ་ཉིད་དོ། །ལུང་གི་ དོན་དེ་ཉིད་རྗེས་སུ་དཔག་པའི་ཚད་མས་སྒྲུབ་པའི་ཕྱིར་སེམས་ཀྱི་སྐད་ཅིག་མ་སྔ་མ་ལ་བསགས་པའི་མཐུའི་ཁྱད་པར་ནི་སྐྱེ་བའི་གཉེན་པོ་མ་སྐྱེས་པའི་རྒྱུད་ལ་འབྲས་བུར་འགྱུར་བར་གཟུང་བར་བྱ་སྟེ། མཐུའི་ཁྱད་པར་ཡིན་པའི་ཕྱིར། དཔེར་ན་མ་ཏུ་ལུང་གའི་མེ་ཏོག་གི་ཟེ་བ་དམར་བ་བཞིན་ པས་ཐ་སྙད་ཀྱི་བདེན་པ་ལ་གནོད་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མ་ཏུ་ལུང་གིའི་ས་བོན་རྒྱ་སྐྱེགས་ཀྱིས་བསྐུས་པ་ནི་འབྲས་བུ་སྐྱེད་ ནུས་པའི་མཐུའི་ཁྱད་པར་ཡིན་པའི་ཕྱིར་མྱུ་གུ་དང་། སྡོང་བུ་ལ་སོགས་པའི་གནས་སྐབས་བར་མ་དག་ལ་མི་མངོན་ཡང་ཟེ་བའི་གནས་སྐབས་ལ་རྒྱ་སྐྱེགས་ཀྱི་ཁ་དོག་དམར་བར་མངོན་པས་སྐད་ཅིག་མ་ཡིན་ཡང་ཐ་སྙད་ཀྱི་བདེན་པར་རྒྱུ་དང་འབྲས་བུར་འབྲེལ་པའི་ཚུལ་ལ་གནོད་པ་ མེད་པ་དེ་བཞིན་དུ་སེམས་ཀྱི་སྐད་ཅིག་མ་སྔ་མ་ལ་ལས་དགེ་བ་དང་མི་དགེ་བ་བསགས་པའི་མཐུའི་ཁྱད་པར་ཡང་འབྲས་བུ་སྐྱེད་ནུས་པའི་མཐུའི་ཁྱད་པར་ཡིན་པའི་ཕྱིར་སྐད་ཅིག་མ་གཉིས་པ་དང་གསུམ་པ་ལ་སོགས་པའི་གནས་སྐབས་བར་མ་དག་ལ་མི་མངོན་ཡང་། སྐྱེས་པ་ དང་ལན་གྲངས་གཞན་གྱི་གནས་སྐབས་ན་སྐྱེ་བའི་གཉེན་པོ་འཕགས་པའི་ལམ་མ་སྐྱེས་པའི་གང་ཟག་གི་རྒྱུད་ལ་འབྲས་བུ་བདེ་བ་དང་སྡུག་བསྔལ་མྱོང་བར་འགྱུར་བས་སྐད་ཅིག་མ་ཡིན་ཡང་ཐ་སྙད་ཀྱི་བདེན་པར་རྒྱུ་དང་འབྲས་བུར་འབྲེལ་པའི་ཚུལ་ལ་གནོད་པ་མེད་དེ་ལུང་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་ཅི་སྐད་གསུངས་པ་ལྟ་བུའོ། །གལ་ཏེ་ཕྱོགས་གཞན་གྱིས་ལས་བྱས་པའི་འབྲས་བུ་ཕྱོགས་གཞན་གྱིས་མྱོང་བར་འགྱུར་བས་ཕྱོགས་ སྔ་མ་ལ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟ་བའི་སྐྱོན་དུ་འགྱུར་ཏེ། དེ་ཉིད་ཀྱིས་ལན་འགའ་ཡང་འབྲས་བུ་མྱོང་བར་མི་འགྱུར་བའི་ཕྱིར་རོ། །ཕྱོགས་འབྲེལ་པར་བརྟག་ན་ཡང་དམ་བཅས་པ་ཉམས་པར་འགྱུར་ཏེ། ཕྲད་པ་དང་འདུ་བ་དག་ལ་ཡང་འབྲེལ་པ་ཡོད་པའི་ཕྱིར། དྲན་པ་དང་ཤེས་པ་ལ་སོགས་པ་སྐྱེས་པ་དག་དངོས་མ་ཡིན་པས་མཛད་པའི་མཐའ་དང་འགལ་ལོ། །བདག་གཅིག་པ་ཉིད་ཀྱི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག །སངས་རྒྱས་པ་དག་འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་ཡིན་པར་འདོད་པ་དག་གི་ ཕྱོགས་ནི་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟ་བའི་སྐྱོན་དུ་འགྱུར་ལ་བྱེ་བྲག་པ་ལ་སོགས་པ་བདག་བརྟག་པ་གཅིག་པུ་ཉིད་དུ་འདོད་པའི་ཕྱོགས་ལ་ནི་སྐྱོན་དེ་དག་མེད་དོ་ཞེས་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ན་རེ་ཁྱེད་སངས་རྒྱས་པ་དག་འདོད་པ་ལྟར་སེམས་ཀྱི་སྐད་ཅིག་མ་སྔ་མ་ ལ་བསགས་པའི་ལས་ཀྱི་འབྲས་བུ་སྐད་ཅིག་མ་ཕྱི་མ་ལ་མྱོང་བར་བརྟག་ན། དེ་ནི་སེམས་ཀྱི་སྐད་ཅིག་མ་སྔ་མའི་ཕྱོགས་གཞན་གྱིས་ལས་བྱས་པའི་འབྲས་བུ་སེམས་ཀྱི་སྐད་ཅིག་མ་ཕྱི་མའི་ཕྱོགས་གཞན་གྱིས་མྱོང་བར་འགྱུར་བས་དེ་ལྟ་ན་སེམས་ཀྱི་སྐད་ཅིག་མ་ཕྱི་མའི་ཕྱོགས་ལ་ མ་བྱས་པ་དང་ཕྲད་པ་དང་། སེམས་ཀྱི་སྐད་ཅིག་མ་སྔ་མའི་ཕྱོགས་ལ་བྱས་པ་ཆུད་ཟ་བའི་སྐྱོན་དུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། སེམས་ཀྱི་སྐད་ཅིག་མ་སྔ་མ་གང་གིས་ལས་བྱས་པ་དེ་ཉིད་ཀྱིས་ལན་འགའ་ཡང་འབྲས་བུ་མྱོང་བར་མི་འགྱུར་ལ། སེམས་ཀྱི་སྐད་ཅིག་མ་ཕྱི་མ་ལ་གང་ གིས་ལས་མ་བྱས་པ་དེ་ཉིད་ཀྱིས་རྟག་ཏུ་འབྲས་བུ་མྱོང་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཁྱེད་སངས་རྒྱས་པ་དག་འདི་སྐད་ཅེས་རིགས་མཐུན་པ་ཉིད་ཀྱི་རྒྱུ་དང་། འབྲས་བུའི་རྒྱུད་ཐ་མི་དད་པ་ལ་སེམས་ཀྱི་སྐད་ཅིག་མ་སྔ་མའི་ཕྱོགས་དང་། སེམས་ཀྱི་སྐད་ཅིག་མ་ཕྱི་མའི་ཕྱོགས་འབྲེལ་ བས་དེས་ནམ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟ་བའི་སྐྱོན་དུ་མི་འགྱུར་རོ་ཞེས་ཟེར་ན། དེའི་ཕྱིར་ཕྱོགས་འབྲེལ་པར་བརྟགས་ན་ཡང་དམ་བཅས་པ་ཉམས་པར་འགྱུར་ཏེ། ཕྱོགས་འབྲེལ་པར་བརྟག་པ་ནི་ཉེ་བར་བཏགས་པ་ཡིན་གྱི། དངོས་མ་ཡིན་ལ། ཁྱེད་སངས་རྒྱས་པའི་རིགས་ མཐུན་པ་ཉིད་ཀྱི་རྒྱུ་དང་འབྲས་བུའི་རྒྱུད་ཐ་མི་དད་པར་དམ་བཅས་པ་ནི་དངོས་ཉིད་ཡིན་པར་འདོད་པས་གལ་ཏེ་ཕྱོགས་འབྲེལ་པར་འདོད་ན་ཁྱེད་རང་གིས་དམ་བཅས་པ་ཉམས་པར་འགྱུར་རོ། །འབྲེལ་པར་བརྟག་པ་ཅི་ལྟར་ན་ཉེ་བར་བཏགས་པ་ཡིན་གྱི་དངོས་མ་ཡིན་ཞེ་ན། ཕྲད་པ་དང་ འདུ་བ་དག་ལ་ཡང་འབྲེལ་པ་ཡོད་པའི་ཕྱིར་ཏེ། ཁོ་བོ་ཅག་བྱེ་བྲག་པའི་གྲུབ་པའི་མཐའ་ལས་ཕྲད་པ་ཞེས་བྱ་བའི་ཚིག་གི་དོན་ལ་ཡང་འབྲེལ་པ་ཡོད་དེ། དཔེར་ན་ལྷས་བྱིན་དབྱུག་པ་དང་འབྲེལ་པའི་ཕྱིར་དབྱུག་པ་ཅན་ཞེས་བྱ་བ་ནི་ཕྲད་པའི་ཚིག་གི་དོན་ཡིན་ལ། དེ་ནི་དབྱུག་ པ་དང་འབྲེལ་བ་ཙམ་ལས་དབྱུག་པ་ཅན་ཞེས་ཉེ་བར་གདགས་པར་ཟད་ཀྱི། ལྷས་བྱིན་དངོས་ཉིད་ཀྱང་མ་ཡིན་ལ་དབྱུག་པ་དངོས་ཉིད་ཀྱང་མ་ཡིན་ནོ། །དེ་བཞིན་དུ་འདུ་བ་ཞེས་བྱ་བའི་ཚིག་གི་དོན་ལ་ཡང་འབྲེལ་པ་ཡོད་དེ། དཔེར་ན་བ་ལང་གི་སྤྱི་འདུས་པ་རྭ་དང་འབྲེལ་ བའི་ཕྱིར་རྭ་ཅན་ཞེས་བྱ་བ་ནི་འདུ་བའི་ཚིག་གི་དོན་ཡིན་ལ་དེ་ནི་རྭ་དང་འབྲེལ་པ་ཙམ་ལས་རྭ་ཅན་ཞེས་ཉེ་བར་གདགས་པར་ཟད་ཀྱི། བ་ལང་དངོས་ཉིད་ཀྱང་མ་ཡིན་ལ་རྭ་དངོས་ཉིད་ཀྱང་མ་ཡིན་ནོ། །དེའི་ཕྱིར་ཁྱེད་སངས་རྒྱས་པ་ཕྱོགས་འབྲེལ་པར་རྟོག་ན་ཁྱེད་ཀྱི་དྲན་པ་དང་། ཤེས་ པ་ལ་སོགས་པ་སྐྱེས་པ་དག་དངོས་ཡིན་པས་མཛད་པའི་མཐའ་དང་འགལ་ལོ། །ཅིའི་ཕྱིར་ཞེ་ན། ཁྱེད་སངས་རྒྱས་པས་བདག་གིས་སྔོན་ལས་དགེ་བ་དང་མི་དགེ་བ་འདི་དང་འདི་ལྟ་བུ་ཞིག་བྱས་སོ་སྙམ་དུ་དྲན་པ་དང་ད་ལྟར་སྐྱེས་པ་དང་། བདག་གིས་ད་ལྟར་འབྲས་བུ་བདེ་བ་དང་། སྡུག་བསྔལ་འདི་དང་འདི་ལྟ་བུ་ཞིག་མྱོང་ངོ་སྙམ་དུ་ཤེས་པ་ད་ལྟར་སྐྱེས་པ་དང་། སོགས་པའི་སྒྲས་བདག་གིས་སྔོན་འདོད་ཆགས་ཀྱིས་བསྐྱེད་པ་དང་། ཞེ་སྡང་གིས་བསྐྱེད་པ་དང་གཏི་མུག་གིས་བསྐྱེད་པའི་ལས་འདི་ལྟ་བུ་ཞིག་བྱས་སོ་སྙམ་དུ་དྲན་པ་ད་ལྟར་སྐྱེས་པ་དང་། བདག་ གིས་དེ་དག་གིས་བསྐྱེད་པའི་འབྲས་བུ་ད་ལྟར་འདི་དང་འདི་ལྟ་བུ་ཞིག་མྱོང་ངོ་སྙམ་དུ་ཤེས་པ་ད་ལྟར་སྐྱེས་པ་དེ་དག་ཐམས་ཅད་ཀྱང་ཕྲད་པའི་ཚིག་གི་དོན་གྱི་མཚན་ཉིད་ཀྱིས་འབྲེལ་པའམ་འདུ་བའི་ཚིག་གི་དོན་གྱི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་པའི་ཕྱིར་དེ་དག་འབྲེལ་པ་ཙམ་ལས་རྒྱུ་དང་ འབྲས་བུ་ཞེས་ཉེ་བར་གདགས་པར་ཟད་ཀྱི། སེམས་ཀྱི་སྐད་ཅིག་མ་སྔ་མའི་བྱེད་པ་པོ་དངོས་ཉིད་ཀྱང་མ་ཡིན་ལ། སེམས་ཀྱི་སྐད་ཅིག་མ་ཕྱི་མའི་ཟ་བ་པོ་དངོས་ཉིད་ཀྱང་མ་ཡིན་ནོ། །དེ་ལྟ་ན་ཁྱེད་སངས་རྒྱས་པ་ཉིད་ཀྱི་མཛད་པའི་མཐའ་དང་འགལ་བར་འགྱུར་ཏེ། འདི་ལྟར་ཁྱེད་ཀྱི་མཛད་ པའི་མཐའ་ལས་བྱེད་པ་པོ་དང་། ཟ་བ་པོ་ལ་སོགས་པ་དེ་དག་ཐམས་ཅད་དངོས་ཡིན་པར་འབྱུང་ལ། ཁྱོད་ཀྱིས་འདིར་དེ་དག་ཉེ་བར་བཏགས་པ་ཡིན་པར་སྨྲས་པའི་ཕྱིར་རོ། །གལ་ཏེ་ཁྱེད་སངས་རྒྱས་པ་དག་འདི་སྐད་ཅེས་ངེད་སངས་རྒྱས་པ་འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་ པའི་ངང་ཅན་ཡིན་པར་སྨྲ་བའི་ཕྱོགས་ལ་སྐྱོན་ཅི་སྐད་བསྟན་པ་དེ་དག་ཏུ་འགྱུར་བར་ཁྱེད་སྨྲ་ན། བྱེ་བྲག་པ་ལ་སོགས་པ་ཁྱེད་བདག་བརྟག་པ་གཅིག་པུ་ཉིད་དུ་སྨྲ་བའི་ཕྱོགས་ལ་སྐྱོན་དེ་དག་ཏུ་ཇི་ལྟར་མི་འགྱུར་ཞེས་ཟེར་ན། དེའི་ཕྱིར་བདག་གཅིག་པ་ཉིད་ཀྱི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ ཏེ། ཁོ་བོ་ཅག་གི་ཕྱོགས་ལ་དང་པོ་སྤྲུལ་པ་པོ་ནས་བཟུང་སྟེ། ཐ་མ་འཇིགས་པ་ཆེན་པོའི་བར་དུ་བདག་བརྟག་པ་གཅིག་པ་ཉིད་ཡིན་པའི་ཕྱིར་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟ་བའི་སྐྱོན་མེད་དོ། །ཁོ་བོ་ཅག་གི་གྲུབ་པའི་མཐའ་ལས་བྱེད་པ་པོ་ཡང་དེ་ཉིད་ཡིན་ལ་ཟ་བ་པོ་ཡང་དེ་ཉིད་ཡིན་ནོ་ཞེས་ འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཇི་ལྟར་གཅིག་པ་ཉིད་ཡིན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་ཁྱེད་ཀྱིས་བདག་གཅིག་པ་ཉིད་ཅེས་བྱ་བ་དེ་ཅི་ལྟར་གཅིག་པ་ཉིད་ཡིན་ཞེས་དྲི་བ་བསྟན་ཏོ། །དེ་སྐད་ཅེས་དྲིས་པ་ནི་གལ་ཏེ་ཕ་རོལ་ པོ་དག་ན་རེ་གཅིག་ཉིད་ཀྱི་གྲངས་དང་ལྡན་པའི་ཕྱིར་རོ་ཞེ་ན་ནི་ཞེས་བྱ་བས་ནི་ཕ་རོལ་པོའི་གཞུང་ཉིད་བརྣན་པ་སྟོན་ཏེ། བྱེ་བྲག་པ་དག་གི་གཞུང་ལས་བདག་ལ་སོགས་པ་དངོས་པོ་ཐམས་ཅད་ནི་གཅིག་པ་ཉིད་ཀྱང་མ་ཡིན་ལ། གཞན་ཉིད་ཀྱང་མ་ཡིན་ཏེ་ཚིག་གི་དོན་དྲུག་པས་ཡོན་ཏན་ གྱི་གྲངས་གཅིག་ཅེས་བྱ་བ་དང་ལྡན་ན་གཅིག་ཉིད་བྱ་ཞིང་གཞན་ཉིད་དང་ལྡན་ན་གཞན་ཞེས་བྱའོ་ཞེས་འབྱུང་བས་འདིར་བདག་དེ་ཡང་ཡོན་ཏན་གྱི་གྲངས་གཅིག་ཅེས་བྱ་བ་དངོས་དང་ལྡན་པའི་ཕྱིར་གཅིག་པ་ཉིད་ཡིན་པར་འདོད་དོ་ཞེའོ། །ད་ནི་སུན་དབྱུང་བའི་རྗེས་སུ་དཔག་པ་བསྟན་ པའི་ཕྱིར་བདག་ནི་གཅིག་ཉིད་ཀྱི་གྲངས་དངོས་དང་ལྡན་པ་མ་ཡིན་ཏེ། ཡོད་པའི་ཕྱིར་གཅིག་ཉིད་ཀྱི་གྲངས་དངོས་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཅིག་ ཉིད་ཀྱི་གྲངས་དངོས་ནི་ཡོད་པའི་ཕྱིར་གཅིག་ཉིད་ཀྱི་གྲངས་དངོས་དང་ལྡན་པ་མ་ཡིན་ཏེ། དེ་ཉིད་དེ་ཉིད་དང་ལྡན་པར་མི་རུང་བ་དེ་བཞིན་དུ་བདག་ཀྱང་ཡོད་པའི་ཕྱིར་གཅིག་ཉིད་ཀྱི་གྲངས་དངོས་དང་ལྡན་པ་མ་ཡིན་ཏེ། ཡོད་པ་ཉིད་ཡོད་པ་ཉིད་དང་ལྡན་པར་མི་རུང་ངོ་། །ཅི་སྟེ་ཕ་རོལ་པོ་དག་ འདི་སྐད་ཅེས་ཁྱེད་སངས་རྒྱས་པ་ལ་དོན་དམ་པར་བདག་ཡོད་པར་མ་གྲུབ་པས་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་གཞི་གང་ཡང་རུང་བ་ལ་མ་གྲུབ་པའི་སྐྱོན་ཡོད་དོ་ཞེས་ཟེར་ན། དེའི་ལན་དུ་ཁོ་བོ་ཅག་སངས་རྒྱས་པ་ལ་ཡང་ཀུན་རྫོབ་ཏུ་ཕུང་པོའི་མཚན་ཉིད