Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 94

Văn bản gốc(Tây Tạng)

Trang 14 / 21 (50.000 ký tự/trang)
་ཏེ། དེས་ན་རྣམ་པར་གཞག་པ་མེད་པ་ནི་མ་ཡིན་ནོ། །འདིར་ནི་བརྗོད་པར་བྱ་སྟེ། ནུས་པ་དེ་ནུས་པའི་རྒྱུ་ལ་བརྟེན་པ་ཐམས་ཅད་དུ་ཡོད་པར་འགྱུར་རམ། འོན་ཏེ་ནུས་པར་བྱ་བ་
ལ་ཡོད་པར་འགྱུར། གལ་ཏེ་ཐམས་ཅད་དུ་ཡིན་ན་རྣམ་པར་གཞག་པ་དེའི་གནས་སྐབས་ཁོ་ནའོ། །གལ་ཏེ་ནུས་པར་བྱ་བ་ལ་ཡིན་ན་ནུས་པར་བྱ་བ་མེད་པ་ལ་དེ་ལ་ཇི་ལྟར་ནུས་པ་ཐ་དད་པ་བརྗོད་པར་བྱའོ། །ནུས་པ་ཐ་དད་པ་ཉིད་ནི་དེ་དེ་ལྟ་བུ་གང་གི་ཕྱིར་འབྲས་བུ་ཅུང་ཟད་ཉིད་དེ་ཐམས་ཅད་
ནི་མ་ཡིན་ཞེས་སེམས་ལ་ཡང་ནུས་པའི་ཁྱད་པར་འབྲས་བུ་དང་འབྲེལ་པའམ་མ་འབྲེལ་བ་སྟེ་འབྲེལ་པ་ཉིད་ལ་ནི་མེད་པ་ལ་འབྲེལ་པ་སུ་ཞིག་ཡིན། མ་འབྲེལ་པ་ཉིད་ལ་ནི་རྣམ་པར་གཞག་པ་མེད་པ་ཉིད་དོ། །གཉི་ག་ལས་སྐྱེ་བ་ལ་ཡང་སྐྱོན་གཉིས་པོ་འདི་ལས་གྲོལ་བ་མེད་དོ། །རྒྱུ་མེད་
པ་ལས་སྐྱེ་བའང་མི་རིགས་ཏེ། དུས་རྟག་ཏུ་རྣམ་པ་ཐམས་ཅད་ཀྱིས་སྐྱེ་བར་ཐལ་པའི་ཕྱིར་རོ། །དེ་ལྟར་རྣམ་པར་དཔྱད་པ་ལས་དོན་དམ་པར་སྐྱེ་བ་མི་འཐད་པའོ། །ཇི་སྐད་དུ་གསུངས་པ། རང་ལས་མ་ཡིན་གཞན་ལས་མིན། །གཉི་ག་ལས་མིན་རྒྱུ་མེད་མིན། །དངོས་པོ་
གང་དང་གང་དེ་ནི། །ནམ་ཡང་སྐྱེ་བ་མ་ཡིན་ནོ། །ཞེས་བྱ་བའོ། །ངན་འགྲོའི་ལམ་དང་བདེ་འགྲོའི་ལམ་དང་མྱ་ངན་ལས་འདས་པའི་ལམ་ཞེས་བྱ་བ་ནི་ལམ་རྣམས་སོ། །དེ་མེད་པས་ལམ་མ་མཆིས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་ལམ་ཐམས་ཅད་མི་དམིགས་པའི་སླད་དུའོ། །
དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྗེས་སུ་མཐུན་པར་སྐྱེས་པ་ཞེས་བྱ་བ་ནི་རྗེས་སུའི་སྒྲ་ནི་འདྲ་བ་ལའོ། །རྗེས་སུ་མཐུན་པར་སྐྱེས་པ་ནི་རྗེས་སུ་མཐུན་པར་སྐྱེས་པའོ། །བྱེད་པ་པོ་ལ་ནི་ཏའི་རྐྱེན་ནོ། །ལས་ཀྱི་དྲུག་པ་སྟེ་འབྲེལ་པ་བརྗོད་པར་འདོད་པས། བཅོམ་ལྡན་འདས་ཀྱི་རྗེས་སུ་མཐུན་

པར་སྐྱེས་པ་རབ་འབྱོར་ཞེས་བྱ་བའོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དེའི་རྗེས་སུ་མཐུན་པར་སྐྱེས་པ་ཉིད་ཅིའི་ཕྱིར་ཞེ་ན། ལན་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པས་སོ། །བཅོམ་ལྡན་འདས་ཀྱི་འདི་སྲས་ཏེ་འདྲ་བ་ཡང་ཡིན་ལ་
སྟོང་པ་ཉིད་སྨྲ་བའི་ཕྱིར་ཞེས་བྱ་བ་དགོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། མ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་སྐྱེས་པ་ཉིད་ལ་གཏན་ཚིགས་གསུངས་སོ། །མ་སྐྱེས་པ་ཉིད་ཀྱི་ཕ་དང་བུ་དག་ལ་འདྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དགོངས་པའོ། །གལ་ཏེ་མ་སྐྱེས་
པ་ཡིན་ན་ཇི་ལྟར་ཕ་དང་བུ་དག་གྲུབ་པ་ཞེས་བྱ་བའི་དགོངས་པའོ། །རྗེས་སུ་མཐུན་པར་སྐྱེས་པ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གཞན་གསུངས་པ་ནི། རྗེས་སུ་མཐུན་པར་སྐྱེས་ཏེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བ་དེ་བས་ཀྱང་དེ་བཞིན་གཤེགས་པའི་
རྗེས་སུ་མཐུན་པར་སྐྱེས་པའོ། །རྗེས་སུ་འགྲོ་ཞིང་སྐྱེས་པ་ནི་རྗེས་སུ་མཐུན་པར་སྐྱེས་པ་ཞེས་བྱ་བའི་དགོངས་པའོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་འོང་བ་མེད་པ་དང་འགྲོ་བ་མེད་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་འོང་བ་མེད་པ་དང་འགྲོ་བ་མེད་པ་
ཞེས་བྱ་བ་འདིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། རབ་འབྱོར་གྱི་དེ་བཞིན་ཉིད་ལ་མཉམ་པ་ཉིད་སྟོན་པར་བྱེད་དེ། རྗེས་སུ་མཐུན་པར་སྐྱེས་པ་ཉིད་རབ་ཏུ་བསྒྲུབ་པའི་དོན་དུ་འོང་བ་ཡང་མེད་སོང་བ་ཡང་མེད་ཅེས་བྱ་བ་སྟེ། གང་ལས་ཀྱང་འོངས་པ་མེད་པ་གང་དུ་
ཡང་འགྲོ་བ་མེད་པའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་དང་རོ་གཅིག་པའི་རྟོགས་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཐམས་ཅད་དུ་འགྲོ་བའི་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པས་བསྐལ་པ་གྲངས་
མེད་པ་དང་པོ་འདས་པར་གྱུར་པ་ལ། མདོར་བསྡུས་པས་རབ་ཏུ་དགའ་བ་ལ་མཐོང་བའི་ལམ་གྱི་རང་བཞིན་ས་དང་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་སྐྱེ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་གཞན་དང་གཞན་རྣམས་དེ་བཞིན་ཉིད་ལ་གཞན་དང་གཞན་གྱི་ངོ་བོ་

རྟོགས་པ་ལ་རྣམ་པར་དག་པའོ། །དེ་བཞིན་གཤེགས་པའི་ས་ལ་དེའི་རྣམ་པར་དག་པ་ནི་གཏན་དུ་བ་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གསང་བར་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཕུན་
སུམ་ཚོགས་པའི་རྒྱུ་ཁ་ཅིག་བདག་ཅག་གིས་མི་མཐོང་ཞེས་དམུས་ལོང་ལྟར་ཉི་མའི་འོད་ཟེར་གྱིས་མུན་པ་རྩ་བ་ནས་འབྱིན་པའི་ཉི་མའི་དཔལ་ལ་སུན་འབྱིན་པར་བྱེད་པ་བག་མེད་པ་ཆེན་པོ་ཀུན་ལ་སྤྱོད་པ་ཡིན་ནོ། །ཇི་སྐད་དུ་གསུངས་པ། གང་ཞིག་འདི་གཟུང་བ་ལ་སོགས་པས་དབེན་པའི་
སྣང་བ་ཙམ་དེ་སྔ་མ་དང་ཕྱི་མ་ལ་རྗེས་སུ་མཚམས་སྦྱོར་བ་མ་ཡིན་པ་རང་གི་ཆ་ཙམ་ལ་ཡང་ཐ་མ་ཡིན་པའི་ཕྱིར་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལ་ཡང་ཕན་ཚུན་དུ་མཚན་ཉིད་མི་འདྲ་བའི་གཟུགས་ལ་སོགས་པའི་སྣང་བ་ཙམ་ལས་ཐ་དད་པར་གཞན་དག་གིས་ཡོངས་སུ་བརྟགས་པའི་
བ་གླང་ལ་སོགས་པ་བཞིན་དུ་མི་དམིགས་པའི་ཕྱིར་རོ། །རྐྱེན་ཐམས་ཅད་ལ་རང་གི་ཆ་ཙམ་ཐ་མ་ཉིད་ལ་ཅིའི་ཕྱིར་འདི་རྣམས་ཀྱི་མཚན་ཉིད་མི་འདྲ་བ་རྟོགས་པ་ཡིན་ཞེ་ན། དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་སོ། །གང་གི་ཕྱིར་ཕན་ཚུན་དུ་མཚན་ཉིད་མི་འདྲ་བའི་གཟུགས་ལ་སོགས་
པ་སྣང་བ་རྣམས་ལ་གང་ཟག་ལ་སོགས་པས་དབེན་པ་ཙམ་གྱི་བློས་རྣམ་པར་བསྟན་ནས་དེ་བཞིན་ཉིད་ཅེས་བྱ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ཡང་དེའི་ཀུན་ཏུ་རྟོག་པ་ཙམ་ལས་ཐ་དད་པར་ཉེ་བར་དམིགས་པ་མ་ཡིན་ནོ། །དེ་བས་ན་དེ་ཉིད་ལས་དེའི་ངོ་བོ་གྲུབ་པ་ཡིན་ནོ། །རྣམ་པར་
རྟོག་པར་བྱས་པའི་དེ་བཞིན་ཉིད་གྲུབ་པ་མ་ཡིན་ནོ་ཞེ་ན། རྣམ་པར་རྟོག་པ་མེད་པ་ལས་ཀྱང་དེའི་འགྲུབ་པ་གང་ཡིན། གཅིག་ཉིད་ལ་ནི་སྣ་ཚོགས་པ་ཉིད་ཀྱི་རྣམ་པར་གཞག་པ་ལ་ཐམས་ཅད་དུ་རྣམ་པར་རྟོག་པ་གཅིག་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་ཉིད་ཀྱི་
ཐ་སྙད་ཀྱང་གང་ཟག་ལ་སོགས་པའི་ཐ་སྙད་ཀྱི་རྣམ་པར་རྟོག་པ་འགག་པའི་དོན་དུ་ཀུན་བརྟགས་ཙམ་གྱི་མཚན་ཉིད་ཅེས་བྱ་བའོ། །འདིར་ནི་བརྗོད་པར་བྱ་སྟེ། དེ་བཞིན་ཉིད་ཐ་དད་པར་མི་མཐོང་ཞེས་བྱ་བ་གང་ཞིག་བརྗོད་པ་དེ་མ་རིག་པས་ལོང་བ་ལ་ལྟོས་པས་ལེགས་པར་སྨྲས་པ་ཉིད་དོ། །

ཇི་སྐད་དུ་གསུངས་པ། མ་རིག་པ་ནི་སྐྱེས་གྱུར་པ། །མིག་སེར་གདུངས་པ་འཇུག་པ་ལྟར། །མི་བདེན་དོན་ནི་མཐོང་བར་བྱེད། །བདེན་པ་བསྒྲིབས་ནས་གནས་པ་ཡིན། །ཞེས་བྱ་བའོ། །དེ་བས་ན་འདི་ལ་སོ་སོ་སྐྱེ་བོའི་ཤེས་པ་ལ་མི་སྣང་བ་ནི་
རྒྱན་ཁོ་ན་སྟེ་སྐྱོན་ནི་མ་ཡིན་ཏེ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ནི་དོན་དམ་པ་ཞེས་བརྗོད་དོ། །རྣམ་པར་རྟོག་པ་ཙམ་གྱིས་ཉེ་བར་བརྟགས་པར་བྱས་པའི་ལུས་ཅན་ནི་མ་ཡིན་ཏེ། འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བའི་ཕྱིར་རོ། །
དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པའི་དོན་གྱིས་ཡང་དག་པའི་མཐའ་ཞེས་བརྗོད་དོ། །དེ་ལྟ་ན་ཡང་གསུངས་པ། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །ཆོས་ཀྱི་དབྱིངས་དང་རྣམ་གྲངས་ནི། །སྟོང་པ་ཉིད་ཀྱི་མདོར་བསྡུས་པ། །ཕྱིན་ཅི་མ་ལོག་གཞན་དུ་མེད། །
དེ་འགོག་པ་དང་འཕགས་པའི་ཡུལ། །འཕགས་པའི་ཆོས་ཀྱི་རྒྱུ་ཉིད་ཕྱིར། །རིམ་པ་ཇི་བཞིན་རྣམ་གྲངས་དོན། །འདི་ལ་འགྲེལ་པ་ནི་གཞན་དུ་མེད་པའི་དོན་གྱིས་དེ་བཞིན་ཉིད་དང་ཕྱིན་ཅི་མ་ལོག་པའི་དོན་གྱིས་ཡང་དག་པའི་མཐའ་དང་མཚན་མ་དགག་པའི་དོན་གྱིས་མཚན་མ་མེད་པ་དང་།
འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ཀྱི་ཕྱིར་དོན་དམ་པ་དང་། དོན་དམ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པའོ། །རང་བཞིན་གསུམ་ལ་ཡང་གསུངས་པ། །དེ་ཉིད་དོན་ལ་སོ་སོར་རྟོག །ཅིག་ཅར་མཚན་ཉིད་གསུམ་ལ་ནི། །ཡོངས་སུ་ཤེས་དང་སྤང་བ་དང་། །རིམ་པ་ཇི་བཞིན་ཐོབ་
པར་འདོད། །གཉིས་ནི་ཡང་དག་མི་དམིགས་པས། །གཉིས་ཀྱི་རྣམ་པ་རྣམ་པར་འགྲོ། །དེ་དང་བྲལ་བས་ཡོངས་གྲུབ་ནི། །གཉིས་མེད་པ་ནི་རྟོག་པར་བྱེད། །གླང་པོ་ཆེ་ནི་མི་དམིགས་པ། །དེ་ཡི་རྣམ་པར་བྲལ་བ་དང་། །ཤིང་ལ་ཉེ་བར་དམིགས་པ་ནི། །ཇི་ལྟར་ཅིག་ཅར་སྒྱུ་མ་ལ། །སེམས་ཙམ་ཉེ་བར་
དམིགས་པས་ནི། །དོན་ལ་མི་དམིགས་པ་ཉིད་ཅེས། །ཤེས་བྱའི་དོན་ནི་མི་དམིགས་པས། །སེམས་ལ་ཡང་ནི་མི་དམིགས་པ། །གཉི་ག་མི་དམིགས་པ་ཉིད་ཀྱིས། །ཆོས་ཀྱི་དབྱིངས་ལ་དམིགས་པ་ཉིད། །ཆོས་ཀྱི་དབྱིངས་ལ་ཉེར་དམིགས་པས། །སེམས་ལ་མི་དམིགས་པ་ཉིད་

འགྱུར། །ཉེ་བར་དམིགས་པ་ཁྱབ་བདག་ཉིད། །རང་བཞིན་དོན་ནི་རབ་བསྒྲུབ་པས། །བླ་ན་མེད་པའི་བྱང་ཆུབ་ཐོབ། །བློ་ལྡན་སྐུ་གསུམ་བདག་ཉིད་ཅན། །ཞེས་བྱ་བའོ། །རྣམ་བཤད་རིགས་པ་ལས་ཀྱང་། དམ་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པ་སྟེ། དེའི་དོན་ནི་དོན་དམ་
པའོ། །དེའི་ཡུལ་ནི་རང་གི་མཚན་ཉིད་མ་ཡིན་ཏེ། དེའི་བརྗོད་པར་བྱ་བ་མ་ཡིན་པ་སྤྱིའི་མཚན་ཉིད་ཡུལ་ཡིན་པའི་ཕྱིར་རོ། །སླར་འདི་ལ་ཚད་མ་ཅི་ཞིག་ཡིན་འཇིག་རྟེན་པའི་ཡེ་ཤེས་ཡིན་ནམ་འོན་ཏེ་འཇིག་རྟེན་ལས་འདས་པ་ཡིན། མཐའ་གཅིག་ཏུ་འཇིག་རྟེན་ལས་འདས་པ་སྟེ། འཇིག་
རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་འཇིག་རྟེན་པ་ནི། དེ་ཚད་མ་སྟེ་གཞན་ནི་ཚད་མ་མ་ཡིན་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། ཐོག་མ་མེད་པའི་དུས་ཅན་ཁམས། །ཆོས་རྣམས་ཀུན་ལ་ཡང་དག་བརྟེན། །དེ་ཡོད་པ་ལས་འགྲོ་བ་ཀུན། །མྱ་ངན་འདས་པ་རྟོགས་པ་ཡང་། །
དད་པ་ཉིད་ཀྱིས་འདིར་འགྲོ་བྱ། །རང་བྱུང་རྣམས་ཀྱི་དོན་དམ་ལ། །མིག་མེད་འོད་ཟེར་གྱིས་འབར་བ། །ཉི་མའི་དཀྱིལ་འཁོར་མཐོང་བ་མིན། །ཞེས་བྱ་བའོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་ཡང་རྗེས་སུ་མཐུན་པར་འགྱུར་བ་ཡིན་ནོ། །མིག་ནི་ཚད་མ་མ་ཡིན་ཏེ། །རྣ་བ་མ་ཡིན་
སྣ་མ་ཡིན། །ལྕེ་ནི་ཚད་མ་མ་ཡིན་ལ། །ལུས་དང་སེམས་ཀྱང་མ་ཡིན་ནོ། །གལ་ཏེ་དབང་པོ་འདི་དག་ཚད་མར་གྱུར་པ་ནི། །འཕགས་པའི་ལམ་གྱིས་བྱ་བར་འགྱུར་བ་མ་ཡིན་ནོ། །ཞེས་བྱ་བའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། རྟེན་མེད་དེ་བཞིན་མི་གསལ་བ། །
བསམ་གྱིས་མི་ཁྱབ་བསྟན་དུ་མེད། །གང་ཞིག་འབྱུང་མིན་འཇིག་པ་མིན། །རྟག་པ་མ་ཡིན་ཆད་པ་མིན། །དེ་ནི་ནམ་མཁའ་དང་མཉམ་པ། །ཡིག་མིན་ཤེས་པའི་སྤྱོད་ཡུལ་མིན། །དེ་ནི་དེ་ཉིད་དོན་དམ་ཡང་། །དེ་བཞིན་ཉིད་ནི་རྫས་སུ་འདོད། །དེ་ནི་བདེན་པ་མི་སླུ་བ། །དེ་རྟོགས་པ་ན་
སངས་རྒྱས་བརྗོད། །དེ་བཞིན་དུ་སྐྱེ་བ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། ཆོས་ཀྱི་དབྱིངས་ནི་སྐྱེ་བ་མིན། །འགག་པ་མེད་པ་ནམ་དུ་ཡང་། །དུས་ཀུན་དུ་ནི་ཉོན་མོངས་མེད། །ཐོག་མ་དབུས་མཐའ་དྲི་མ་བྲལ། །ཇི་ལྟར་རིན་ཆེན་བཻ་ཌཱུརྱ། །དུས་ཀུན་དུ་ནི་འོད་གསལ་བ། །རྡོ་བའི་

དབུས་སུ་ཀུན་ནས་དཀྲིས། །དེ་ཡི་དོན་ནི་སྣང་བ་མིན། །དེ་བཞིན་ཉོན་མོངས་ཀུན་དཀྲིས་པ། །ཤིན་ཏུ་དྲི་བྲལ་ཆོས་ཀྱི་དབྱིངས། །འདི་ནི་འཁོར་བར་སྣང་མིན་ཏེ། །མྱ་ངན་འདས་དེ་འོད་གསལ་བ། །ཁམས་ཡོད་ན་ནི་བྱ་བ་སྟེ། །སྐྱེས་པ་གཟུགས་ནི་མཐོང་
བའི་ཕྱིར། །ཁམས་མེད་པ་ལ་བྱ་བ་ནི། །ངལ་བ་འབའ་ཞིག་འདོད་པ་ཡིན། །ཞེས་བྱ་བའོ། །ཇི་ཙམ་ཡང་སྤྱིའི་མཚན་ཉིད་ལ་དོན་དམ་པར་ཡོད་པ་ལ་འཕགས་པ་དང་སློབ་དཔོན་གྱི་ཚིག་ནི་བྲི་བར་ནུས་པ་ཡིན་ཏེ། རྟོག་གེའི་རིགས་པ་ཉེ་བར་དགོད་པ་ཡང་འདིར་དོན་མེད་པ་ཉིད་དེ་བདེན་པའི་
རྟེན་མ་མཐོང་བ་ནི་རྟོག་གེ་སྟེ། ཇི་སྐད་དུ་གསུངས་པ། ཕྱོགས་གཅིག་མ་ངེས་མ་ཁྱབ་པ། །ཀུན་རྫོབ་པ་དང་ངལ་ལྡན་ཡང་། །གང་ཕྱིར་བྱིས་པའི་རྟེན་རྟོག་གེ །དེ་ཕྱིར་དེ་ཡི་དེ་ཡུལ་མིན། །དེ་བས་ན་རང་གི་མཚན་ཉིད་རྣམས་ལ་གཉིས་དང་དབེན་པའི་མཚན་ཉིད་ལྡོག་པའི་ཐ་སྙད་ཀྱིས་
དུས་ཐམས་ཅད་དུ་རྣམ་པར་རྟོག་པའི་ཤེས་པས་གཟུང་བར་བྱ་བ་ཉིད་དེ་བཞིན་ཉིད་དང་ཆོས་ཉིད་ཅེས་བརྗོད་པ་ཡིན་ཞེས་པ་གང་ཞིག་སྨྲ་བ་དེ་རྣམས་ལ་ཕྱིན་ཅི་ལོག་ཆེན་པོ་ཉིད་དེ་ཡོངས་སུ་གྲུབ་པ་ཉིད་ཀྱི་རང་བཞིན་དེ་ལྟར་ཐ་སྙད་དུ་ཡོད་པ་ཀུན་རྫོབ་ཏུ་ཡོད་པར་འགྱུར་རོ། །གཞན་དབང་ནི་དོན་དམ་
པར་ཡོད་པ་ཞེས་བྱ་བའོ། །དེ་ལྟར་དེ་བཞིན་ནི་མ་ཡིན་ནོ། །དེ་བཞིན་ཉིད་ལ་དྲི་བ་རྣམ་པར་ངེས་པ་ལ་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱིས་ཐ་སྙད་དུ་ཡོད་པའི་ངོ་བོ་ཉིད་ནི་ཀུན་བརྟགས་ཏེ། རྫས་སུ་ཡོད་པ་ནི་གཞན་དབང་ངོ་། །ཀུན་རྫོབ་ཏུ་ཡོད་པ་ནི་གང་ཡིན་ཞེ་ན། གང་ཞིག་ཐ་
སྙད་དུ་ཡོད་པའོ། །གང་ཞིག་རྫས་སུ་ཡོད་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པར་རིག་པར་བྱའོ། །དོན་དམ་པར་ཡོད་པ་ནི་གང་ཡིན་ཞེ་ན། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་མཆོག་གི་ཡེ་ཤེས་ཀྱི་དོན་ནི་དོན་དམ་པའོ། །འདི་ལྟ་སྟེ། དེ་བཞིན་ཉིད་དོ། །དེ་ཡང་དོན་དམ་པའི་མཚན་ཉིད་རྫས་དང་ཐ་སྙད་
དང་ཀུན་རྫོབ་ཀྱི་མཚན་ཉིད་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་སྟེ། ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ཀྱི་སླད་དུ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་རྟོག་གེའི་བསྟན་བཅོས་ལ་རྣམ་འགྲེལ་ལས། དོན་གྱི་བྱ་བ་ནུས་པ་གང་། །དེ་ནི་འདིར་ནི་དོན་དམ་ཡོད། །གཞན་ནི་ཀུན་རྫོབ་ཡོད་བཤད་པ། །དེ་

དག་རང་དང་སྤྱིའི་མཚན་ཉིད། །ཅེས་བྱ་བའོ། །འདིར་ཞེས་བྱ་བ་ནི་རྟོག་གེའི་བསྟན་བཅོས་ལའོ། །ཐ་སྙད་པའི་ཚད་མའི་མཚན་ཉིད་འདིར་བརྗོད་ཅེས་བྱ་བའི་རིགས་པའོ། །ལུང་ལས་ནི་ཟློག་པ་སྟེ། རང་གི་མཚན་ཉིད་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། སྤྱིའི་མཚན་ཉིད་ནི་དོན་དམ་པར་
ཡོད་པ་ཞེས་བྱ་བའི་དགོངས་པས་སོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་མཁན་པོས་རྟོག་གེའི་བསྟན་བཅོས་འདི་ལ་དེ་ལྟར་བཤད་པ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང་གསུངས་པ། ཐུབ་དབང་བསྟན་པ་ལས་ནི་ཤིན་ཏུ་རིང་འདོད་དེ། །གང་ཞིག་རྟོག་གེའི་ལམ་གྱིས་ཆོས་
ཉིད་ཁྲིད་པར་འདོད། །ཅེས་བྱ་བའོ། །དེ་བཞིན་ཉིད་དེ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཅི་ཞིག་ཐ་དད་པ་ཡིན་ནམ་འོན་ཏེ་མ་ཡིན། འདི་ལྟ་སྟེ་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་མ་དག་པའི་སེམས་ཅན་གྱི་གནས་སྐབས་ལ་ཡང་ཡོད་དེ། དེ་བཞིན་ཉིད་དེ་ཉིད་ནི་བྱང་ཆུབ་སེམས་
དཔའི་ས་རབ་ཏུ་དགའ་བ་ལ་གང་གི་ཚེ་རྟོགས་པར་འགྱུར་བ་དེ་ནས་བཟུང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ནོ། །ཤིན་ཏུ་དག་པའི་གནས་སྐབས་ལ་དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །དགྲ་བཅོམ་པ་ཉིད་ཐོབ་པ་ལ་ཅི་ཞིག་རྗེས་སུ་སོང་བ་ཡིན་ནམ། འོན་
ཏེ་ཅི་ཞིག་སྔ་མ་ཉིད་དུ་ཞེས་བྱ་བ་དོགས་ནས་གནས་བརྟན་རབ་འབྱོར་རང་ཉིད་ཀྱིས་གསུངས་པ་ནི་དང་པོ་ཉིད་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་རྗེས་སུ་སོང་བའོ། །ཅིའི་ཕྱིར་ཞེས་དོགས་ནས། གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་
པས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། རབ་འབྱོར་གྱི་དེ་བཞིན་ཉིད་ལ་གཅིག་པ་ཉིད་དུ་རྗེས་སུ་སོང་བ་ཉིད་རབ་ཏུ་བསྒྲུབ་པའི་དོན་དུ་བསྟན་པར་བྱེད་པ་ནི་འོན་ཏེ། གལ་ཏེ་དེ་བཞིན་ཉིད་ཅེས་བྱ་བ་གང་ཡང་སྟོང་
པ་ཉིད་ཀྱི་ངོ་བོ་ཉིད་ཡོད་ན། དེ་ལྟར་ན་དེ་བཞིན་ཉིད་མ་ཡིན་པས་ཀྱང་སྟོང་པ་ཉིད་མ་ཡིན་པའི་ངོ་བོ་ཉིད་ཀྱིས་ཡོད་པར་འགྱུར་བ་སྟེ། མི་མཐུན་པའི་ཕྱོགས་མེད་པར་གཉེན་པོར་འཐད་པར་འགྱུར་བ་མ་ཡིན་ཏེ། དེས་ཀྱང་ཆོས་ཐམས་ཅད་མི་སྟོང་པར་ཡང་འགྱུར་རོ་ཞེས་གསུངས་

པ་ནི་དེ་བཞིན་ཉིད་དེ་ཡང་དེ་བཞིན་ཉིད་མ་ཡིན་ཏེ་ཞེས་བྱ་བ་ལ། དགོངས་པ་ནི་འདི་ཡིན་ཏེ། དེ་བཞིན་ཉིད་ནི་དོན་དམ་པ་སྟེ་དོན་དམ་པ་ཡང་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པ་ཞེས་དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་བའི་ཅུང་ཟད་
དངོས་པོ་གཞན་ཡོད་པ་མ་ཡིན་ཏེ། དེ་བས་ན་དེ་བཞིན་ཉིད་ནི་དེ་བཞིན་ཉིད་མ་ཡིན་ཞེས་བྱ་བའོ། །ཇི་སྐད་དུ་གསུངས་པ། སྟོང་ཉིད་ལྟ་བ་ཐམས་ཅད་ཀྱི། །ངེས་པར་འབྱུང་བ་རྒྱལ་བས་གསུངས། །གང་གི་སྟོང་ཉིད་ལྟ་བ་སྟེ། །དེ་རྣམས་བསྒྲུབ་བྱ་མ་ཡིན་སྨྲ། །ཞེས་བྱ་
བའོ། །དེ་བཞིན་ཉིད་ཀྱི་གནས་པ་གང་ཡིན་པའི་གནས་པ་དེས་བྱ་བ་ལ་སོགས་པ་སྟེ། གནས་པ་ཉིད་ནི་གནས་པ་ཉིད་དོ། །ཆོས་ཀྱི་གནས་པའི་མཚན་ཉིད་འདིས་ཀྱང་ཐ་མི་དད་པ་གཅིག་པ་ཉིད་ཅེས་སྟོན་པར་བྱེད་དོ། །རྣམ་པ་གཞན་གྱིས་ཀྱང་གཅིག་པ་ཉིད་ཅེས་གསུངས་
པ་ནི། འགྱུར་བ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྔ་མའི་རང་བཞིན་ལ་རྗེས་སུ་འཇུག་པའི་ཕྱིར་འགྱུར་བ་མེད་པའོ། །རང་བཞིན་གཞན་མི་སྐྱེད་པའི་ཕྱིར་རྣམ་པར་འགྱུར་བ་མེད་པའོ། །འདིས་ནི་མི་འགྱུར་བའི་ཡོངས་སུ་གྲུབ་པ་ཉིད་བསྟན་པར་བྱེད་དེ། རྣམ་པར་རྟོག་པའི་
རང་བཞིན་མེད་པའི་ཕྱིར་རྟོག་པ་མེད་པའོ། །རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པའོ། །འདིས་ནི་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པ་ཞེས་སྟོན་པར་བྱེད་དེ། གཅིག་ཉིད་ལ་གཏན་ཚིགས་གཞན་གསུངས་པ་ནི་ཇི་ལྟར་ཞེས་བྱ་བ་ལ་
སོགས་པ་སྟེ། དེ་གང་ལ་ཡང་ཐོགས་པ་མེད་པ་ནི་ཐམས་ཅད་དུ་སོང་བའི་ཕྱིར་རོ། །འདི་ནི་གཅིག་སྟེ་ཞེས་བྱ་བ་ནི་རིགས་མཚུངས་པ་ཉིད་ཀྱི་ཕྱིར་ཡང་འགྱུར་ཞེས་གསུངས་པ་ནི་གཉིས་སུ་མེད་ཅིང་ཞེས་བྱ་བ་སྟེ། རང་བཞིན་ལས་གཅིག་པའོ། །གཉིས་སུ་བྱར་མེད་ཅེས་
བྱ་བ་ནི་ཐ་དད་པར་བྱ་བའམ་གཉིས་སུ་བྱར་མི་ནུས་པའོ། །དེ་བས་ན་གཉིས་སུ་མེད་པའི་དེ་བཞིན་ཉིད་དེ། གཉིས་སུ་མེད་པའི་ཐ་དད་པའི་རྣམ་པ་ཐམས་ཅད་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱང་ཡིན་ནོ། །ཇི་ལྟར་ཡང་དེ་ལྟར་ཞེས་གསུངས་པ་ནི། གང་གི་ཡང་དེ་བཞིན་ཉིད་མ་ཡིན་

ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །གང་གི་ཕྱིར་ཡང་ཞེས་བྱ་བ་ནི་སོ་སོར་ངེས་པའི་འབྲེལ་པ་ཅན་གྱིའོ། །དེ་བཞིན་ཉིད་དེ་ཞེས་བྱ་བ་ནི་དེ་ལྟར་འགྱུར་བ་མ་ཡིན་ཏེ། འོན་ཀྱང་ཐམས་ཅད་ཉིད་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཇི་ལྟར་ཡིན་ཞེ་ན། གང་གི་ཡང་དེ་བཞིན་ཉིད་
མ་ཡིན་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་ཉིད་ལ་དེ་དེ་བཞིན་ཉིད་དེ་གཅིག་ལ་འགའ་ཞིག་ཏུ་ནི་མ་ཡིན་ནོ། །འདི་ཡང་ཅིའི་ཕྱིར་ཞེས་གསུངས་པ་ནི། གང་ལས་ཀྱང་དེ་བཞིན་ཉིད་ལ་ཡིན་ཞེས་བྱ་བ་སྟེ། དེ་ནི་གང་ལས་ཀྱང་སོ་སོར་ངེས་པའི་ཡུལ་ནས་སམ་དུས་ལས་སོ། །
དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་རྟོགས་པར་འགྱུར་ཞེས་བྱ་བ་འགྱུར་བ་མ་ཡིན་ཏེ། འོན་ཀྱང་ཡུལ་དང་དུས་ཐམས་ཅད་ལས་དེ་དེ་བཞིན་ཉིད་དུ་དེ་བས་ན་འགའ་ཞིག་ཏུ་སོ་སོར་ངེས་པའི་འབྲེལ་པ་ཅན་གྱི་དེ་བཞིན་ཉིད་དེ་མ་ཡིན་ནོ། །འོན་ཀྱང་ཐམས་ཅད་ཀྱིའོ། །གང་གི་ཕྱིར་དེ་དེ་བཞིན་ཉིད་དེ་གང་
གི་ཡང་མ་ཡིན་པ་དེ་བས་ན་དེ་གཉིས་སུ་མེད་པ་ཞེས་བྱ་བ་སྟེ། སྔ་མ་ཉིད་ཉེ་བར་སྟོན་པར་བྱེད་པ་དེ་རྗེས་སུ་སོང་བ་ཉིད་གཙོ་བོ་ཉེ་བར་སྡུད་པར་བྱེད་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་སོ། །མ་བྱས་པའི་དེ་ཉིད་ཅེས་བྱ་བ་སྟེ། མ་བྱས་པ་ཡང་ཡིན་ལ་རྟག་པའི་ཕྱིར་དེ་བཞིན་ཉིད་
ཀྱང་ཡིན་ཏེ་དེས་དེ་བཞིན་གཤེགས་པའི་རྗེས་སུ་སོང་བའོ། །དེ་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྗེས་སུ་སོང་བ་ཉིད་གནས་བརྟན་ལ་ཉེ་བར་བསྟན་ནས་དེ་བཞིན་གཤེགས་པ་ཉིད་ལ་རྗེས་སུ་སོང་བ་ཞེས་བསྟན་པའི་ཕྱིར་གསུངས་པ་ནི། མ་བྱས་པའི་དེ་བཞིན་
ཉིད་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་བཞིན་ཉིད་ནི་གཉིས་སུ་མེད་པ་དེ་བས་ན་གནས་བརྟན་དེ་བཞིན་གཤེགས་པ་ཉིད་ལས་སུ་གྱུར་པ་ལ་རྗེས་སུ་སོང་བ་དེ་བཞིན་གཤེགས་པ་དང་ཡང་ལྷན་ཅིག་ཏུ་བདག་ཉིད་གཅིག་པ་རྗེས་སུ་སོང་བའོ། །འོན་
ཏེ་དེ་བཞིན་གཤེགས་པ་དང་། གནས་བརྟན་རབ་འབྱོར་དག་ལ་དེ་བཞིན་ཉིད་གཅིག་པའི་ཕྱིར་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པ་ལ་རྗེས་སུ་སོང་བ་གནས་བརྟན་ཡོད་མོད་དེ་བཞིན་གཤེགས་པ་ཉིད་ལ་ནི་ཇི་ལྟར་རྗེས་སུ་སོང་བ་དེ་བཞིན་གཤེགས་པ་དང་། གནས་

བརྟན་དག་ལ་ཐ་དད་པ་ཡིན་པའི་ཕྱིར་ཞེས་དོགས་ནས་དེ་བཞིན་ཉིད་ལྟར་གཉི་ག་དེ་བཞིན་གཤེགས་པ་དང་གནས་བརྟན་དག་ལ་ཡང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཐ་དད་པ་མེད་ཅེས་སྟོན་པར་བྱེད་པ་ནི་ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ་
སོགས་པ་སྟེ། རྣམ་པ་ཐམས་ཅད་དུ་ཡུལ་དང་དུས་ལ་སོགས་པ་ལ་མི་རྟོག་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་མི་རྟོག་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ལས་དེ་བཞིན་གཤེགས་པ་དེ་ཉིད་ཀྱིས་རབ་འབྱོར་ཡང་སྤྲུལ་པའོ། །སྟོང་ཉིད་ངོ་
བོ་ཡིན་པ་སྟེ། །བག་ཆགས་ཀྱིས་ནི་བསྒོས་གྱུར་པ། །རླུང་གིས་བསྐོར་བས་བརྟན་གྱུར་ཏེ། །ཆོས་ཉིད་ཇི་ལྟར་རྡོ་བ་ཅན། །ཞེས་བྱ་བའི་དགོངས་པའོ། །འདི་གཉི་ག་ཡང་བསྐལ་པ་མ་ཡིན་ཞིང་ཐ་མི་དད་པ་སྟེ་ཞེས་བྱ་བ་ནི་གནོད་བྱེད་ཀྱིས་དོར་བར་བྱེད་པའོ། །ཐ་དད་པར་བྱེད་པ་
མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གཉི་ག་དང་དེ་བཞིན་ཉིད་ཀྱིས་སྤྲུལ་པ་ལ་གང་ཞིག་ཐ་དད་པར་བྱེད་པའི་རྒྱུ་དེ་མི་དམིགས་པས་སོ། །ཉེ་བར་སྡུད་པར་བྱེད་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྟེ། ད་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གཅིག་པ་
ཉིད་ཀྱི་ཕྱིར་གནས་བརྟན་དེ་བཞིན་གཤེགས་པའི་རྗེས་སུ་སོང་བ་ཞེས་སྟོན་པར་བྱེད་དེ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་ཞེས་བྱ་བ་ལ་སོགས་པས་སོ། །གཞན་མ་ཡིན་པ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །གཉིས་པ་མེད་པའི་ཕྱིར་གཞན་མ་ཡིན་པ་ཡང་འདི་ཡིན་ལ་དེ་བཞིན་
ཉིད་ཀྱང་ཡིན་པ་དེ་བས་ན་གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །དེའི་རྗེས་སུ་སོང་བ་སྟེ། དེས་དེ་བཞིན་གཤེགས་པ་ལ་རྗེས་སུ་སོང་བའོ། །གསུངས་པའི་རིམ་པས་རྗེས་སུ་སོང་བ་ཞེས་བྱ་བའི་ཆོས་ལ་དོན་དམ་པ་ཉིད་དོགས་པ་དགག་པར་བྱེད་དེ། འདིར་འགའ་ཞིག་ཏུ་འགའ་ཞིག་ཅེས་བྱ་
བ་ལ་སོགས་པ་སྟེ། འདི་ལ་ཞེས་བྱ་བ་ནི་རྗེས་སུ་སོང་བ་ཉེ་བར་བསྟན་པས་འགའ་ཞིག་ནི་རབ་འབྱོར་རམ་གཞན་ནོ། །འགའ་ཞིག་ཏུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའམ་གཞན་ལ་རྗེས་སུ་སོང་བ་ཉེ་བར་འགྲོ་བ་མ་ཡིན་ཏེ། རྗེས་སུ་སོང་བ་ཞེས་པའི་ཆོས་ལ་དོན་དམ་པར་མེད་པའི་ཕྱིར་

ཞེས་བྱ་བའི་དགོངས་པའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །ཇི་ལྟར་དེ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པས་འདི་སྟོན་པར་བྱེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་ཀུན་བརྟགས་ཀྱི་བདག་ཉིད་ཀྱིས་དུས་གསུམ་ལ་ལྟུང་
བ་རྣམས་ལ་ཡང་དེ་བཞིན་ཉིད་ནི་དུས་གསུམ་གྱིས་ཡང་དག་པར་བསྡུས་པར་འགྱུར་བ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀུན་དུ་བརྟགས་པ་རྣམས་ལ་ཡང་དེ་རྣམས་ཀྱི་དེ་བཞིན་ཉིད་ནི་དུས་གསུམ་གྱིས་ཡང་དག་པར་བསྡུས་པ་མ་ཡིན་ནོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་ཡང་དེ་
བཞིན་ཉིད་དུས་གསུམ་གྱིས་ཡང་དག་པར་བསྡུས་པར་མི་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་ལ་རྗེས་སུ་སོང་བ་ཞེས་བརྗོད་པ་ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་འདི་བསྟན་པར་བྱེད་པ་ནི་གང་ཞིག་དེ་བཞིན་གཤེགས་པའི་དེ་བཞིན་
ཉིད་དེས་འདས་པ་ལ་སོགས་པ་ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་དེ་བས་ན་དེ་བཞིན་ཉིད་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་ཕྱིར་གང་ཞིག་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ། རབ་འབྱོར་གྱི་དེ་བཞིན་ཉིད་ཅེས་བྱ་བའོ། །དེ་བཞིན་ཉིད་འདི་ལ་ཆེ་བའི་བདག་ཉིད་གསུངས་པ་ནི་དེ་ནི་དེ་བཞིན་ཉིད་འདི་ཡིན་
ནོ་ཞེས་བྱ་བ་ལ་སོགས་པས་སོ། །དེ་བཞིན་གཤེགས་པའི་མིང་ཐོབ་པར་འགྱུར་ཞེས་བྱ་བ་ནི། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་འདི་བདེན་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་ཉིད་དུ་གཤེགས་པ་ནི་ཐོབ་པའོ། །དེ་
ལ་བདག་ཉིད་གཅིག་པར་རྣམ་པར་གནས་པས་དེ་བཞིན་གཤེགས་པའོ། །བསྟན་པ་འདི་ལ་གང་ཞིག་འབྱུང་བ་དེ་གསུངས་པ་ནི་འདི་བསྟན་པ་དེའི་ཚེ་ན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །རྣམ་པར་འགྱུར་བ་དྲུག་དང་ལྟས་ཆེན་པོ་བཅོ་བརྒྱད་དུ་ཇི་ལྟར་འགྱུར་བ་དེ་ལྟར་འགུལ་བ་
ནས་ཇི་སྲིད་རབ་ཏུ་འུར་འུར་གྱི་བར་དུའོ། །དེ་ལ་འགུལ་བ་དང་གཡོས་པ་དང་ལྡེག་པ་དང་འཁྲུགས་པ་དང་ཆེམ་ཆེམ་དང་འུར་འུར་བ་ཞེས་བྱ་བ་ནི་རྣམ་པར་འགྱུར་བ་དྲུག་གོ། །དེ་ལ་རྒྱུ་གཉིས་ཀྱིས་འགུལ་བ་ལ་སོགས་པ་འདི་རྣམས་རབ་ཏུ་སྐྱེ་བར་འགྱུར་བ་ཡིན་ཏེ། མཐུ་ཆེ་བའི་ལྷ་

རྣམས་ཀྱིས་དམ་པའི་ཆོས་ཐོས་པ་ལས་སྐྱེས་པའི་དགའ་བ་དང་རབ་ཏུ་དགའ་བ་ཉི་མའི་སྒྲ་དེ་ལས་ཡོངས་སུ་བསྐོར་བ་དང་འཁྲུག་པ་ལས་སོ། །བརྟན་པའི་འཇིག་རྟེན་ལ་ཡང་འདས་པའི་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་དབང་པོ་ཉིད་དུ་འབྱུང་
བར་བྱ་བའི་ཕྱིར་ཆེ་བའི་བདག་ཉིད་ཤེས་པའི་དོན་དུ་ཆོས་ཉིད་ཀྱི་མཐུ་ལས་སོ། །དེ་ལ་ཕྱོགས་གཅིག་གིས་བར་བར་དུ་གཡོ་བར་བྱེད་པ་ནི་འགུལ་བའོ། །ཤིང་རྣམས་བཞིན་དུ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་འགུལ་བ་ནི་གཡོས་པའོ། །མགལ་མེའི་འཁོར་ལོ་ལྟར་བསྐོར་བ་ནི་ལྡེག་
པའོ། །ཤིན་ཏུ་འཇིགས་པར་བྱེད་པ་མ་ཡིན་པ་ངེས་པར་འཕྲོག་པའི་སྒྲ་ནི་འཁྲུགས་པའོ། །འཁྲུགས་པ་ཉིད་ཆེམ་པ་ཟབ་པའི་སྒྲ་ནི་འུར་འུར་བའོ། །ཡང་ན་སའི་འགུལ་བ་དང་ཤིང་ཐམས་ཅད་གཡོས་པ་དང་། ས་འཛིན་པ་ཐམས་ཅད་ལྡེག་པ་དང་ལྷའི་རྔ་རྣམས་
ལ་འཁྲུགས་པ་དང་རྒྱ་མཚོ་ལ་སོགས་པ་རྣམས་ལ་ཆེམ་ཆེམ་པ་དང་སྤྲིན་རྣམས་ཀྱི་འུར་འུར་བའོ། །དེ་རྣམས་ཀྱི་སྔར་གྱི་གནས་སྐབས་དང་པོ་ལ་དལ་ཞིང་དལ་བ་མཐོང་བ་ཡིན་པ་གང་ཞིག་བརྗོད་པ་ཡིན་ནོ། །འགུལ་བ་དང་གཡོས་ཞེས་བྱ་བ་ལ་སོགས་པས་སོ། །ཕྱིས་
ལྷག་པར་འགྱུར་བ་ཡིན་ཏེ། གང་ཞིག་རབ་ཏུ་འགུལ་བར་རབ་ཏུ་གཡོས་ཞེས་བྱ་བ་ལ་སོགས་པས་བརྗོད་པ་ཡིན་ནོ། །ཕྱིས་ནས་ཆེན་པོར་གྱུར་པ་ཡིན་ཏེ། གང་ཞིག་ཀུན་དུ་རབ་ཏུ་འགུལ་ཀུན་དུ་རབ་ཏུ་གཡོས་ཞེས་བྱ་བ་ལ་སོགས་པས་གསུངས་པ་གང་ཞིག་འགུལ་བ་ལ་
སོགས་པ་རྣམས་ཆུང་ངུ་དང་འབྲིང་དང་ཆེན་པོ་སྤྱིར་གཅིག་པ་ཉིད་ཀྱིས་བརྗོད་འདོད་པས་རྣམ་པར་འགྱུར་བ་དྲུག་ཅེས་བརྗོད་པ་ཡིན་ནོ། །ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཉིད་ཀྱི་དབྱེ་བ་བརྗོད་པར་འདོད་པས་ལྟས་ཆེན་པོ་བཅོ་བརྒྱད་དུ་འགྱུར་བ་ཡིན་ནོ། །ཅི་བཞིན་ཞེས་
གསུངས་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ལྟས་ཆེན་པོ་བསྟན་པའི་རྗེས་ལ་གནས་བརྟན་རབ་འབྱོར་གཙོ་བོ་ཉིད་ཀྱིས་བསྟན་པ་ལ་རྗེས་སུ་འབྲེལ་བར་འགྱུར་ཞེས་བསྟན་པར་བྱེད་པ་ནི། གཞན་ཡང་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དེ་རྣམས་

ལ་སྨྲས་པ་ཞེས་བྱ་བ་སྟེ། འདོན་པ་འདི་ཡང་འགའ་ཞིག་ཏུ་ཡོད་པ་མ་ཡིན་ཏེ། དེ་ལ་འབྲེལ་པ་ནི་མ་ཡིན་ནོ། །ལྟས་ཆེན་པོ་རྣམས་བརྗོད་པ་ནི་ཚིག་འདི་སྡུད་པ་པོའི་ཡིན་ཏེ། དེ་བས་ན་སྡུད་པ་པོས་གཙོ་བོ་བསྟན་པའི་གོ་སྐབས་བྱས་ཏེ། གཞན་རྣམས་གཞན་ཉིད་དུའོ། །དེ་
ལྟར་ན་ཞེས་བྱ་བ་ལ་སོགས་པ་གང་གི་ཚིག་ཏུ་འགྱུར་ཞེས་བྱ་བའོ། །དེ་ལྟར་ན་ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པས་སྔར་རབ་ཏུ་སྒྲུབ་པ་རྗེས་སུ་སོང་བའི་ཉེ་བར་བསྡུ་བའོ། །རྣམ་པ་གཞན་ཡང་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །གཟུགས་ཀྱི་རྗེས་སུ་མ་
སྐྱེས་པ་སྟེ། གཟུགས་མེད་པའི་ཕྱིར་རོ། །གནས་བརྟན་ཡང་མེད་པའི་ཕྱིར་གཟུགས་ལ་རྗེས་སུ་མ་སྐྱེས་པའོ། །གནས་བརྟན་ཡོད་པ་མ་ཡིན་ཞེས་བྱ་བ་ནི་བསྒྲུབ་བྱ་སྟེ། ཉེ་བར་མི་དམིགས་པ་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་གི་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་བྱེད་པར་གྱུར་པའི་ཆོས་
རྣམས་ཀྱིས་སོ། །གནས་བརྟན་ནི་བྱེད་པ་པོའོ། །རྗེས་སུ་སྐྱེ་བ་ཞེས་བྱ་བ་ནི་བྱེད་པ་པོ་ལ་ལི་ངའོ། །གང་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་སོ། །རྗེས་སུ་སྐྱེ་བ་ནི་ལས་ལ་ལི་ངའོ། །དེ་ལྟར་ན་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །འོན་ཏེ་གསུངས་པའི་རིམ་པས་རྗེས་སུ་སྐྱེས་པ་ཉིད་ལ་
མེད་པ་ཉེ་བར་བསྟན་ནས་ཇི་ལྟར་སླར་དེ་ཉིད་ཉེ་བར་བསྡུ་བར་བྱས་པའོ། །དགོངས་པ་ནི་འདི་ཡིན་ཏེ་ཀུན་བརྟག་དང་གཞན་དབང་དག་ལ་མེད་པའི་ཕྱིར་གནས་བརྟན་ཡང་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་མེད་པས་ཡོངས་སུ་གྲུབ་པའི་ངོ་བོ་ལྷག་མར་གྱུར་པ་ཡིན་ནོ། །ཡོངས་སུ་
གྲུབ་པའི་གནས་བརྟན་ནི་རྗེས་སུ་སྐྱེས་པ་སྟེ་གཉི་ག་ལ་ཡང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཁྱད་པར་མེད་པའི་ཕྱིར་ཡོངས་སུ་གྲུབ་པའི་དེ་བཞིན་གཤེགས་པ་ལ་ཡོངས་སུ་གྲུབ་པའི་གནས་བརྟན་རྗེས་སུ་སྐྱེས་པ་ཞེས་བྱ་བའོ། །རྗེས་སུ་སྐྱེས་པ་ཉིད་ནི་རྗེས་སུ་སྐྱེས་པ་
ཉིད་དོ། །འདི་ནི་སྤྱོད་པ་ཟབ་མོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་ཇི་ལྟར་སྤྱོད་པ་སྟེ། དེ་ཙམ་ལ་གནས་པ་ལ་ཡང་ཀུན་རྫོབ་ལ་ཡང་བརྟེན་ནས་སྒྱུ་མ་ལྟ་བུའི་སྦྱིན་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་ཇི་ལྟར་ཟབ་པའོ། །ཀུན་བརྟགས་དང་རྣམ་པར་བརྟགས་པའི་ཆོས་རྣམས་ཐམས་

ཅད་ཡོངས་སུ་བསྒྱུར་བ་རྣམས་ལ་གང་ཞིག་འདི་དེའི་མཚན་ཉིད་དང་བྲལ་བ་བརྗོད་པར་བྱ་བ་མ་ཡིན་པའི་ཆོས་རྟོགས་པར་འགྱུར་བ་དེ་དུས་ཐམས་ཅད་ལ་གནས་ཀྱང་འཇིག་རྟེན་པ་དང་རྟོག་གེ་བ་རྣམས་ཀྱིས་རྟོགས་པར་འགྱུར་བ་མ་ཡིན་པ་དེའི་ཕྱིར་ཟབ་པའོ། །
འོག་ཏུ་ཆོས་མངོན་པར་རྟོགས་པ་ནི་གོ་སླའོ། །ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་ཅིའི་ཕྱིར་དེ་རྣམས་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །གང་གི་ཕྱིར་དེ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ལ་མཁས་པ་དང་། རྣམ་པར་བྲལ་བ་སྟེ།
ཅི་ཞིག་དེ་རྣམས་ལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་སྒོམ་པ་ཉིད་ཡོད་པར་འགྱུར་བ་མ་ཡིན་ནམ། གང་གིས་འདི་ལྟར་བརྗོད་ཅེས་གསུངས་པ་ནི། ཤཱ་རིའི་བུས་འདི་ལྟར་ཡང་ཞེས་བྱ་བ་སྟེ། འདི་ལྟར་ཡང་ཞེས་བྱ་བ་ལ་སོགས་པས་གལ་ཏེ་ཡང་ངོ་། །
སྙིང་རྗེས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་དང་ཤེས་རབ་ཀྱི་རྣམ་པར་དག་པ་དང་གནས་སྐབས་ཀུན་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་འདོར་བ་ནི་མདོར་བསྡུས་པའི་ཐབས་ལ་མཁས་པའོ། །འདི་རྣམས་ནི་ཕལ་ཆེར་དམིགས་པའི་ལྟ་བ་ཅན་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་
ལ་སྤྱོད་པ་དང་ལྡན་པའོ། །གང་ཞིག་ཡང་འདོད་རྒྱལ་བ་ནམ་ཞིག་ན་འབྱུང་བ་འདི་རྣམས་ཀྱི་སྟོང་པ་ཉིད་ལ་སོགས་པའི་བསྒོམ་པ་དེ་ཡང་འདི་ནི་སྟོང་པ་ཉིད་དང་། འདི་ནི་མཚན་མ་མེད་པ་དང་། འདི་ནི་སྨོན་པ་མེད་པ་ཞེས་མཚན་མའི་སྦྱོར་བ་ཉིད་ཀྱིས་སོ། །དེ་ལྟར་
ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱང་འདི་རྣམས་མཚན་མའི་སྦྱོར་བ་ཉིད་ཀྱིས་སྒོམ་པར་གྱུར་པ་དེ་བས་ན་ཉན་ཐོས་ཀྱི་བྱང་ཆུབ་ལ་ལྷུང་བའོ། །ཇི་ལྟར་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་སྒོམ་པ་འདི་ཉིད་ཐབས་ལ་མཁས་པ་དང་བྲལ་བ་རྣམས་
ཀྱི་ཉན་ཐོས་ཉིད་བྱེད་པ་དང་མ་བྲལ་བ་རྣམས་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཏད་པར་བྱེད་ཅེས་བྱ་བའི་དོགས་པ་ལ་བྱ་བའི་དཔེའོ། །འདབ་ཆགས་ཞེས་བྱ་བ་ནི་རིགས་སོ། །འདི་ནི་རིགས་ཀྱི་སྒྲ་སྟེ་བསྟན་པའི་སྒྲ་ནི་མ་ཡིན་ཞེས་གསལ་བར་བྱེད་དེ། བྱ་ཞིག་

གི་ཞེས་བྱ་བ་སྟེ། སུམ་ཅུ་རྩ་གསུམ་པའི་ཞེས་བྱ་བ་ནི་ལེན་པ་ལ་ནི་ཏ་སེའི་རྐྱེན་ནོ། །ནམ་མཁའི་བར་སྣང་ལ་གནས་པའི་བར་དེར་ཞེས་བྱ་བ་ནི་དབུས་སུ་ཞུགས་ཏེ་ཇི་སྲིད་དུ་འཛམ་བུའི་གླིང་མ་ཡིན་པ་དེ་སྲིད་དུ་སེམས་ཀྱིས་ཏེ་ཡིད་ལ་འདི་ལྟར་འགྱུར་ཞེས་སྔ་མ་སེམས་ལ་བཤད་པར་གྱུར་པའི་
གཞན་པ་ཉིད་དོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱ་རིའི་བུའི་ཚིག་ནི་རྗེས་སུ་མཁྱེན་ནས། ཐབས་ལ་མཁས་པ་དང་བྲལ་བའི་གཏམ་དོན་ལ་ནི་གང་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གཏམ་འདི་ཡང་བྲལ་བར་འགྱུར་ཞེས་ཐ་
མར་གོ་སླ་བ་ཉིད་དོ། །དེ་བས་ན་གནས་བརྟན་ཤཱ་རིའི་བུས་ཇི་ལྟར་བདག་ཅེས་བྱ་བ་ལ་སོགས་པས་གཉི་ག་དང་བྲལ་བ་རྣམས་ལ་མེད་པ་ཡང་དག་པའི་བྱང་ཆུབ་དང་རིགས་ཀྱི་ཁྱད་པར་དང་མ་བྲལ་བ་རྣམས་ལ་ཡོད་ཅེས་བསྟན་པར་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་
བགྱི་ཞིང་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་དོན་དམ་པའི་ངོ་བོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཉེ་བར་སྤྱོད་པར་གྱུར་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་མ་མེད་པར་བྱེད་པའི་དོན་དུའོ། །ཐབས་མཁས་པ་ཞེས་བྱ་བ་ནི་དེ་ལ་ཐབས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་རྟག་
ཏུ་ཡོངས་སུ་དོར་བ་ལ་སོགས་པ་མེད་པའོ། །བཅོམ་ལྡན་འདས་བསྟན་པའི་དོན་དུ་རྗེས་སུ་རློམ་སེམས་སུ་བྱེད་པ་ནི་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་སོ། །ད་ནི་ཡོངས་སུ་མ་སྨིན་པའི་བློ་ཅན་རྣམས་ཀྱི་མངོན་པར་ཡང་དག་པར་བསྡུས་ཏེ། རྣམ་པ་གཉིས་ཀྱིས་ས་གཞན་ལ་
ལྷུང་བའི་མཚན་ཉིད་ཅན་གྱི་ཡོངས་སུ་ཉམས་པ་ལ་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་ཡོངས་སུ་ཐོབ་པའི་ཟབ་པ་ཉིད་དང་ཡང་དག་པའི་བྱང་ཆུབ་ལ་མངོན་པར་ཡང་དག་པར་འབྱུང་བར་དཀའ་བ་ཉིད་ལྷ་རྣམས་ཀྱིས་བརྗོད་པར་གྱུར་པ་ཞེས་གསུངས་པ་ནི། དེ་ནས་ལྷ་རྣམས་ཀྱི་དབང་
པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བར་དཀའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མི་དམིགས་པའི་སྤྱོད་པས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་འབྱུང་བར་དཀའ་བ་ཞེས་བྱ་བ་ནི་དེའི་སྤྱོད་པ་སྐྱེད་པར་བྱེད་པ་ལ་ཡང་བསྟན་པར་བྱེད་པའི་དངོས་པོ་ཤིན་ཏུ་བྱ་དཀའ་བ་ཉིད་

ཀྱི་ཕྱིར་རོ། །འདི་ནི་ལྷ་རྣམས་ཀྱིས་ཁྱད་པར་མེད་པར་སྨྲས་པ། བཅོམ་ལྡན་འདས་ཀྱིས་གང་ཟག་གི་ཁྱད་པར་གྱིས་གསུངས་པ་ནི་ཤེས་རབ་འཆལ་པ་ཞེས་བྱ་བ་ལ་སོགས་པས་སོ། །ཤེས་རབ་འཆལ་པ་ཉིད་ནི་འདི་ཉིད་ལ་ཆོས་ཀྱི་ལྟ་བ་ཉིད་ཀྱིས་སོ། །བརྩོན་
འགྲུས་དམན་པ་ཉིད་ནི་འཇུག་པ་དམན་པ་ཉིད་ཀྱིས་སོ། །མོས་པ་དམན་པ་ནི་རྫོགས་པའི་བྱང་ཆུབ་ལ་དང་བ་དང་འདོད་པ་མི་བརྟན་པ་ཉིད་ཀྱིས་སོ། །ཐབས་ལ་མི་མཁས་པ་ཉིད་ནི་མཚན་མ་མེད་པའི་སྦྱོར་བས་རྫོགས་པའི་བྱང་ཆུབ་ལ་བསོད་ནམས་རྣམས་ཡོངས་སུ་མ་བསྔོས་པའི་ཕྱིར་རོ། །
སྡིག་པའི་གྲོགས་པོ་ལ་བརྟེན་པ་ནི་མཚན་མ་མེད་པའི་སྤྱོད་པའི་ཉེ་བར་མི་སྟོན་པ་རྣམས་ལ་ཡང་དག་པར་བསྙེན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཇི་ལྟར་འབྱུང་བར་དཀའ་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ནི་འདི་ཡིན་ཏེ། ཆོས་རྣམས་ཐམས་ཅད་ལ་དངོས་པོ་མེད་པ་
ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་པ་ནི་དཀའ་བ་བྱེད་པ་མ་ཡིན་ཏེ། ཡོད་པར་གྱུར་པའི་ཆོས་རྣམས་ལ་ཇི་ལྟ་བ་བཞིན་གྱི་མཚན་ཉིད་སོ་སོར་རྟོགས་པར་དཀའ་བ་བྱེད་པའོ། །མེད་པ་རྣམས་ལ་ནི་མ་ཡིན་ཏེ་དངོས་པོ་མེད་པ་ཙམ་ཤེས་པ་སྒྲུབ་པ་ལ་ཆོས་རྣམས་ཡོད་པ་རྣམས་
ལ་དཀར་པོའི་ཆོས་མངོན་པར་འཕེལ་བའི་དོན་དང་ནག་པོའི་ཆོས་སྤང་བའི་ཕྱིར་ཕ་རོལ་དུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་བསྒྲུབ་པར་འགྱུར། གང་གི་ཕྱིར་ཡང་ཆོས་འདི་རྣམས་ཡོད་པ་མ་ཡིན་པ་དེ་བས་ན་བསྒྲུབ་པ་ཡང་དཀའ་བ་མ་ཡིན་ཏེ། དེ་བས་ན་འབྱུང་བར་སླ་བ་ཉིད་རྫོགས་
པའི་བྱང་ཆུབ་ཅེས་བྱ་བའོ། །བཅོམ་ལྡན་འདས་ཀྱིས་ལན་ནི་འབྱུང་བ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམས་ནི་གསུམ་སྟེ། ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པའོ། །འདི་རྣམས་ལ་ནི་དང་པོ་ཤེས་པར་བྱའོ། །གཉིས་
པ་སྤང་བར་བྱ་བའོ། །གསུམ་པ་མངོན་དུ་བྱས་པའོ། །དེ་ལ་དང་པོའི་དབང་དུ་མཛད་ནས་གསུངས་པ་ནི། འབྱུང་བ་མེད་པའི་ཕྱིར་འབྱུང་བར་དཀའ་བའོ་ཞེས་བྱ་བ་སྟེ། ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་ཤིན་ཏུ་མེད་པའི་ཕྱིར་དེ་ལྟར་ཤེས་པར་བྱའོ། །བྱིས་པ་རྣམས་ཀྱིས་ནི་དེ་ལྟར་

དེ་ཤེས་པ་མ་ཡིན་པ་སྟེ། དེ་བས་ན་དེ་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ། །གང་ཕྱིར་ཡོད་པས་གཟུང་བ་སྟེ། །ཤིན་ཏུ་དངོས་པོ་མེད་པ་ཉིད། །དེ་ཕྱིར་ཀུན་བརྟགས་ཀྱི་འདོད་པ། །རྟོགས་དཀའ་ཉིད་ནི་ཟབ་པ་ཉིད། །ཅེས་བྱ་བའོ། །གཉིས་པའི་དབང་དུ་མཛད་ནས་གསུངས་
པ་ནི་འབྱུང་བ་མེད་པའི་ཕྱིར་འབྱུང་བར་དཀའ་བ་ཞེས་བྱ་བ་ནི་མེད་པ་ཉིད་འདི་གཞན་དབང་གི་ངོ་བོ་ཉིད་མ་རིག་པའི་དབང་གིས་མི་བདེན་པ་སྐྱེས་པ་མི་བདེན་པའི་སྣང་བ་ཙམ་གྱི་རང་བཞིན་དང་ཡང་དེ་ལྟར་ཤེས་པ་མ་རིག་པའི་རང་བཞིན་གྱི་ཕྱིར་སྤང་བར་བྱ་བ་སྟེ། བྱིས་པ་རྣམས་
ཀྱིས་དེ་ལྟར་ཤེས་པ་མ་ཡིན་ཏེ། དེ་བས་ན་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ། །འཁྲུལ་པའི་ངོ་བོས་ཡོད་པ་དང་། །ཤེས་པ་ཇི་ལྟར་ཡོད་མ་ཡིན། །དེ་ངོའི་ཕྱིར་ནི་གཞན་དབང་ལ། །གོ་དཀའ་བ་ཉིད་ཟབ་པ་ཉིད། །ཅེས་བྱ་བའོ། །གསུམ་པའི་དབང་དུ་
མཛད་ནས་གསུངས་པ་ནི། རྣམ་པར་མི་རྟོག་པའི་ཕྱིར་དང་རྣམ་པར་མ་བསྒྲུབས་པའི་ཕྱིར་འབྱུང་བར་དཀའ་བ་ཞེས་བྱ་བ་ནི། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྣམ་པར་རྟོག་པའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་ཀྱིས་སྒྲུབ་པ་མ་ཡིན་པའོ། །བྱིས་པ་རྣམས་ནི་གཟུང་བ་
དང་འཛིན་པའི་རྣམ་པར་རྟོག་པ་ཉིད་ལ་སྤྱོད་པར་བྱེད་པ་དེ་བས་ན། དེ་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ། །གཟུང་དང་འཛིན་པའི་ངོ་བོས་ནི། །རྣམ་པར་རྟོག་པ་དོར་བྱས་པ། །ཡོངས་གྲུབ་དེས་ནི་དེ་ལ་ཡང་། །རྟོགས་དཀའ་ཉིད་ནི་ཟབ་པ་ཉིད། །ཅེས་བྱ་བའོ། །
བཅོམ་ལྡན་འདས་ཀྱི་དགོངས་པ་འདི་ཉིད་གནས་བརྟན་ཤཱ་རིའི་བུས་ནི་གསལ་བར་བྱེད་པ་ནི་སྟོང་པ་ཞེས་བྱ་བའི་རྣམ་གྲངས་འདིས་ཀྱང་འབྱུང་བར་དཀའ་བ་ཞེས་བྱ་བ་སྟེ། ཀུན་བརྟགས་དང་གཞན་དབང་དག་ལ་མེད་པའི་ཕྱིར་ཆོས་རྣམས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཁོ་ན་སྟེ། འོན་ཀྱང་
བྱིས་པ་རྣམས་ཀྱིས་དེ་ལྟར་མ་རྟོགས་པ་དེ་བས་ན་དེའི་ངོ་བོ་རྟོགས་པ་ལས་ཤིན་ཏུ་འབད་པ་ཆེན་པོས་བསྒྲུབ་པར་བྱ་བའི་ཕྱིར་འབྱུང་བར་དཀའ་བའོ། །གལ་ཏེ་ཆོས་རྣམས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་འདི་ཙམ་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་ལྟར་བྱ་བ་དང་བྲལ་

བ་ཡོད་པར་གྱུར་ན་སླ་བར་འགྱུར་རོ། །དེ་ཉིད་གསུངས་པ་ནི། ནམ་མཁའ་འདི་སྙམ་དུ་བདག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། ནམ་མཁའ་ནི་སྟོང་པའི་ངོ་བོ་ལས་གང་གིས་ཀྱང་དོར་བར་བྱས་པ་མ་ཡིན་པ་གང་གིས་དེ་སོང་བའི་ཕྱིར། ནམ་མཁའ་བཟུང་བ།
བྱང་ཆུབ་སེམས་དཔའ་ནི་དེ་ལྟར་མ་ཡིན་ཞེས་གསུངས་པ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུའོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཆོས་རྣམས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཀུན་
བརྟགས་དང་གཞན་དབང་དག་གིས་དེའི་ངོ་བོ་ལ་དོར་བར་བྱས་པའི་ཕྱིར་ནམ་མཁའ་ནི་རང་བཞིན་གྱིས་དེའི་ངོ་བོ་ལ་རྣམ་པར་གནས་པ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་ལྟོས་པ་མེད་པ་དེའི་ཕྱིར་ཆོས་ཐམས་ཅད་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པ་དངོས་པོ་ལ་ཤེས་པར་བྱས་ནས་ཀྱང་
འོག་ཏུ་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་རྣམས་ལ་སྦྱོར་བ་ཡིན་ནོ། །ཆོས་རྣམས་ཐམས་ཅད་ལ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལྟར་འབྱུང་དཀའ་བ་བྱང་ཆུབ་ཅེས་བྱ་བའི་དགོངས་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་འདི་ལྟར་བརྗོད་དེ། གལ་ཏེ་ཆོས་རྣམས་ཐམས་
ཅད་ལ་ཤིན་ཏུ་མེད་པ་ཉིད་ཀྱི་ཕྱིར་ནམ་མཁའ་དང་མཚུངས་པར་བྱས་པ་ལ་ཡང་བྱང་ཆུབ་ཐོབ་པ་མེད་པ་དེ་ལྟ་ན་ནི་བྱ་སླ་བར་འགྱུར་ཏེ། བྱ་དཀའ་བ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་གྱུར་ན་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་འགྱུར་བ་མ་ཡིན་ཏེ།
དམིགས་པའི་འདུ་ཤེས་མ་སྤངས་པས་རྫོགས་པའི་བྱང་ཆུབ་ལ་འཇུག་པར་འགྱུར་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དམིགས་པ་ལ་སྤྱོད་པ་རྣམས་ལ་བྱང་ཆུབ་ཡོད་པ་མ་ཡིན་པ་དེ་བས་ན་ཆོས་དེ་རྣམས་ཉིད་ལ་ཤིན་ཏུ་མེད་པ་མཐོང་བའི་ཕྱིར་ཆོས་དེ་རྣམས་ཉིད་ལ་མངོན་པར་རྫོགས་པར་འཚང་
རྒྱ་བ་ཞེས་མཆོག་ཏུ་དཀའ་བ་སྤྱད་པ་འདི་ཞེས་བྱ་བའོ། །སླར་གནས་བརྟན་རབ་འབྱོར་འབྱུང་བར་སླ་བ་ཉིད་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་དོན་དུ་བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་ཞེས་འདི་སྤྱོད་ཅིང་གསུངས་པ་ནི་ཡང་ཅི་ཞེས་བྱ་བ་ལ་སོགས་པ་སྟེ།

འདིར་ནི་རྣམ་པ་བཞི་སྟོན་པར་བྱེད་པ་ནི། གཟུགས་ལ་སོགས་པའི་ཆོས་རྣམས་ནི་ཕྱིར་ལྡོག་གམ། གཟུགས་ལ་སོགས་པ་རྣམས་ལས་གཞན་ཆོས་འགའ་ཞིག་ལྡོག་པར་འགྱུར་རམ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ལྡོག་པར་འགྱུར་རམ།
གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལས་ཆོས་གཞན་ནས་ལྡོག་པར་འགྱུར་རམ། དེ་ལྟར་རྣམ་པ་བཞིས་རྗེས་སུ་འགྲོ་བའི་སྒོ་ནས་ཕྱིར་ལྡོག་པ་མི་སྲིད་པ་བསྟན་པར་བྱས་ནས། དེ་ཉིད་རྫོགས་པའི་སངས་རྒྱས་པར་བྱེད་པ་དང་སངས་རྒྱས་པར་བྱ་བ་མེད་པས་ལྡོག་པའི་སྒོ་ནས་
བསྟན་པར་བྱེད་པ་ནི། ཡང་ཅི་གཟུགས་མངོན་པར་རྫོགས་པར་འཚང་རྒྱའམ་ཞེས་བྱ་བ་ལ་སོགས་པས་སོ། །དེའི་ཚེ་འགའ་ཞིག་ལྡོག་པར་འགྱུར། གལ་ཏེ་འགའ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་དགོངས་པའོ། །རྫོགས་པའི་བྱང་ཆུབ་ཀྱང་སྔ་མ་
བཞིན་དུ་རྣམ་པ་བཞིས་རྫོགས་པའི་སངས་རྒྱ་བར་བྱེད་པ་མེད་པས་བཀག་ནས་རྫོགས་པར་སངས་རྒྱས་སུ་བྱ་བ་ཡང་རྣམ་པ་བཞིས་མེད་པས་དགག་པ་བྱེད་དེ། ཡང་ཅི་གཟུགས་གང་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིག་པར་བྱ་བའམ་ཞེས་བྱ་བ་ལ་སོགས་པས་སོ། །
དེ་ལྟར་རྣམ་པ་བཞིས་འཇུག་པ་མི་སྲིད་པ་རྗེས་སུ་འགྲོ་བའི་སྒོ་དང་ལྡོག་པའི་སྒོ་ནས་བསྟན་ནས་ཡང་འཇུག་པ་ཉིད་ལ་མི་སྲིད་པ་རྣམ་པ་གཉིས་ཀྱིས་སྟོན་པར་བྱེད་དེ། དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་སོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་དྲི་མ་དང་བཅས་པ་གསུངས་པའོ། །
ད་ནི་ཤིན་ཏུ་རྣམ་པར་དག་པ་དྲི་མ་མེད་པའི་དེ་བཞིན་ཉིད་དེ་ལྡོག་པར་འགྱུར་རམ། དེ་ལས་གཞན་ཆོས་འགའ་ཞིག་ལོག་པར་འགྱུར་བ་གང་ཡང་ཆོས་རྣམས་ཐམས་ཅད་གང་ཞིག་ལོག་པར་འགྱུར་བ་ཞེས་བརྗོད་ནས་ལོག་པར་འགྱུར་བ་མ་ཡིན་པ་ཉིད་སྒྲུབ་པའི་ཕྱིར་གསུངས་པ་ནི་
གང་ཞིག་ཆོས་ཉིད་དེ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ལ་མི་གནས་པའི་ཚུལ་གྱིས་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་ལ་མི་གནས་པ་ཉིད་ནི་སྦྱོར་བ་སྟེ་ཚུལ་ལོ། །དེས་ཆོས་ཉིད་ལ་གནས་པའི་ཆོས་མེད་དེ། དེ་བཞིན་ཉིད་གཅིག་ཏུ་ནི་དོན་དམ་པར་ཡོད་པ་ཡིན་

ཞེས་བྱ་བའི་དགོངས་པའོ། །འོ་ན་དེ་ཉིད་དོན་དམ་པར་ཡོད་པ་ལྡོག་པར་འགྱུར་ཞེས་གསུངས་པ་ནི། གང་ཞིག་དེ་བཞིན་ཉིད་དུ་གྱུར་པའི་ཆོས་དེ་ཡང་གང་ཡིན་ཞེས་བྱ་བ་སྟེ། འདི་ལྟར་རློམ་སེམས་སུ་བྱེད་དོ། །གཉིས་སུ་མེད་པའི་ངོ་བོ་ཉིད་ནི་དེ་
བཞིན་ཉིད་དེ། གཉིས་དང་བྲལ་བའི་ངོ་བོ་ཉིད་ཀྱང་རི་བོང་གི་རྭ་བཞིན་དུ་མེད་པ་མ་ཡིན་ཏེ། འོན་ཀྱང་གཉིས་མེད་པ་ཡོད་པའོ། །དེ་ཉིད་ཀྱི་ངོ་བོས་འཕགས་པ་རྣམས་ཀྱི་སོ་སོར་རང་གིས་རིག་པར་བྱ་བ་དོན་དམ་པར་ཡོད་པ་འདི་ནི་དངོས་པོའི་ངོ་བོ་མ་ཡིན་ནོ། །གང་ཞིག་བསྟན་བཅོས་
ལས། གཉིས་མེད་པ་ནི་མེད་པ་ཡི། །ཡོད་པ་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བའོ། །སྣང་བའི་ཕྲེང་བ་ལས་ཀྱང་། གནས་སྐབས་དེ་གང་ཤེས་བྱ་མིན། །བདག་ཅག་གིས་ནི་སྟོང་ཉིད་བརྗོད། །འཇིག་རྟེན་གྲགས་པ་ཉིད་དུ་ཡང་། །མེད་པའི་དོན་ལ་རྗེས་ལྷུང་མིན། །ཞེས་བྱ་བའོ། །
འོ་ན་དེའི་ངོ་བོ་ཉིད་དེའི་ངོ་བོས་ཡོད་པར་གྱུར་པ་ལྡོག་པར་འགྱུར་ཞེས་གསུངས་པ་ནི་ཅི་དེ་བཞིན་ཕྱིར་ལྡོག་པར་འགྱུར་བ་ཡང་ཡོད་དམ་ཞེས་བྱ་བ་སྟེ། དེ་ལྟར་དོན་དམ་པར་ཡོད་པར་ཡོད་མོད་ཅེས་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་ལྡོག་པར་རུང་བའི་ངོ་བོ་ཅུང་ཟད་ཡོད་པ་མ་
ཡིན་ཞེས་གསུངས་པ་དེ་ནི་མ་ཡིན་ཞེས་བྱ་བ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་འདི་སྟོན་པར་བྱེད་དེ། དེ་ལྟར་རྣམ་པ་འདི་རྣམས་ཡང་དག་པར་སྲིད་པ་རྣམས་ལས་ལྡོག་པར་གྱུར་པ་ཡང་ཆོས་འགའ་ཞིག་དོན་དམ་པར་ཡོད་པ་མ་ཡིན་ཞེས་བྱ་བའོ། །བདེན་པ་ཉིད་
ཅེས་བྱ་བ་ནི་དོན་དམ་པའི་བདེན་པ་གཉིས་ལས་སོ། །གནས་པ་ཉིད་དུ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་རྣམ་པར་གཞག་པར་བྱེད་པའི་ཐ་སྙད་ལས་སོ། །ཆོས་ཀྱི་ཚུལ་གྱི་རྣམ་པ་གང་ཞིག་ཅེས་བྱ་བ་ལ་སོགས་པས་གནས་བརྟན་ཤཱ་རིའི་བུས་འདི་གསུངས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ཕྱིར་
ལྡོག་པ་མེད་ན་དེ་ལྟ་ན་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་སངས་རྒྱས་རྣམས་སུ་འགྱུར་རོ། །ཕྱིར་ལྡོག་ནས་ཉན་ཐོས་སམ་སངས་རྒྱས་རྣམས་སུ་མི་འགྱུར་རོ། །དེ་ལྟར་ཡོད་པ་ལ་བྱང་ཆུབ་སེམས་དཔའ་གསུམ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུམ་ཉིད་མེད་པར་འགྱུར་ཞེས་བྱ་

བའོ། །ཆོས་ཀྱི་ཚུལ་གྱི་རྣམ་པས་ཞེས་བྱ་བ་ནི་ཆོས་རྣམས་ལ་རྣམ་པར་གཞག་པར་བྱེད་པའི་རྣམ་པས་སོ། །གནས་བརྟན་གང་པོའི་གང་ཅི་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་དགོངས་པ་ཡིན་ཏེ། གལ་ཏེ་རབ་འབྱོར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ཅན་བྱང་ཆུབ་སེམས་དཔའ་
གཅིག་པར་འདོད་ན། དེའི་ཚེ་གསུམ་ཡང་ཡང་དག་པར་འབྱུང་ངོ་། །གང་ཞིག་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་བ་དེ་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ཅན་ནོ། །ཤུགས་ཀྱིས་གང་ཞིག་ལོག་ནས་ཉན་ཐོས་ཀྱི་བྱང་ཆུབ་བམ་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལྟུང་བ་དེ་ནི་ཅིག་ཤོས་
བྱང་ཆུབ་སེམས་དཔའ་གཉིས་པའོ། །གང་གི་ཚེ་ཡང་གཅིག་ཀྱང་མི་འདོད་པ་དེའི་ཚེ་གཅིག་ཏུ་ན་ཕྱིར་ལྡོག་པ་ལ་མི་སྲིད་པ་ཞེས་བྱ་བའོ། །ཤཱ་རིའི་བུས་གང་པོའི་ཚིག་ལས་ཡང་རབ་འབྱོར་ལ་དྲི་བར་བྱེད་པ་ནི། ཅི་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་གནས་བརྟན་རབ་འབྱོར་བྱང་ཆུབ་
སེམས་དཔའ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བའི་ཚིག་འདི་མི་བཟོད་ཅིང་གསུངས་པ་ནི། ཤཱ་རིའི་བུ་ཅི་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་དང་ཐམས་ཅད་ཀྱང་འཕགས་པའི་གང་ཟག་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་
སངས་རྒྱས་ཀྱི་དེ་བཞིན་ཉིད་ཀྱི་དབང་གིས་གཅིག་ཉིད་དེ་དེ་རྣམས་ལ་སྣ་ཚོགས་པ་ཉིད་ནི་ཡོད་པ་མ་ཡིན་ནོ་ཞེས་འོག་ཏུ་གསུངས་པ་ཉིད་དེ། ཐམས་ཅད་ལ་གཅིག་པ་ཉིད་དེ་ཁྱོད་ཀྱང་བྱང་ཆུབ་སེམས་དཔའ་གསུམ་འདོད་པ་རྣམ་པ་ཐམས་ཅད་དུ་ཐ་མི་དད་པའི་དེ་བཞིན་ཉིད་ལ་གཅིག་དང་གཉིས་དང་གསུམ་
ཞེས་བྱ་བའི་ཐ་དད་པ་ཇི་ལྟར་རིགས་ཞེས་བྱ་བའི་དགོངས་པའོ། །དེ་བཞིན་ཉིད་གང་ཡིན་པ་ཞེས་བྱ་བ་ནི་དྲི་མ་དང་བཅས་པ་ལས་དྲི་མ་མེད་པའི་དེ་བཞིན་ཉིད་གང་ཡིན་པའོ། །དེ་བཞིན་ཉིད་དེ་ལ་ཞེས་བྱ་བའི་འདོན་པ་ནི་དོན་གསལ་བ་ཉིད་དོ། །རྣམ་པ་གསུམ་དུ་དམིགས་སུ་མེད་ན་ཞེས་བྱ་བ་ནི་
དེ་བཞིན་ཉིད་ཐ་མི་དད་པ་དང་ཆད་པ་མེད་པ་ལ་གཅིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཡང་ཅི་དེ་བཞིན་ཉིད་རྣམ་པ་གཅིག་ཏུ་ཡང་དམིགས་སུ་ཡོད་དམ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་ངོ་བོས་ཏེ་དངོས་པོའི་ངོ་བོ་ཉིད་ཀྱིས་སོ། །ཁྱད་པར་མེད་པ་དང་ཞེས་བྱ་བ་ནི་རང་གི་ངོ་བོ་ལས་ཀྱང་ཁྱད་པར་

མེད་པའི་ཕྱིར་རོ། །བྱེ་བྲག་མེད་པ་ཞེས་བྱ་བ་ནི་ཁྱད་པར་ལས་སོ། །ཐ་དད་དུ་བྱར་མེད་པ་ཞེས་བྱ་བ་ནི་རྣམ་པ་གསུམ་གྱི་བྱང་ཆུབ་སེམས་དཔའི་ཐ་དད་པའི་རྒྱུ་མི་དམིགས་པ་ལས་སོ། །བླ་ན་མེད་པའི་བྱང་ཆུབ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་འདི་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བའི་ཚིག་ཐོས་པ་ལས་གནས་པས་འོངས་པའི་ངེས་པར་འབྱུང་བར་སྒྲུབ་པའི་མཚན་ཉིད་ཤེས་པར་འདོད་པའི་འཁོར་རྣམས་ཀྱིས་དོན་དྲི་བར་བྱེད་པ་ནི་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། གནས་པར་བགྱི་ཞེས་བྱ་བ་ནི་འདོད་པ་
བསྐྱེད་པ་ལས་སོ། །བསླབ་པར་བགྱི་བ་ནི་གོམས་པ་ལས་སོ། །འོག་ཏུ་ནི་བསམ་པ་ཕུན་སུམ་ཚོགས་པ་དང་སྦྱོར་བ་ཕུན་སུམ་ཚོགས་པས་གནས་པ་བསྟན་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་སེམས་
ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པར་བྱའོ་ཞེས་བྱ་བས་བསམ་པ་ཕུན་སུམ་ཚོགས་པའོ། །བདག་ཉིད་སྡིག་པ་ཐམས་ཅད་ལས་ལྡོག་པ་ལ་གནས་པར་བྱ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་དེ་ལ་རྗེས་སུ་མཐུན་པས་དགའ་བར་བྱའོ་ཞེས་བྱ་བས་སྦྱོར་བ་ཕུན་སུམ་ཚོགས་པའོ། །འོག་ཏུ་
སྦྱོར་བའི་འབྲས་བུ་ནི་སྒྲིབ་པ་མེད་པའི་ཚུལ་ནས་ཇི་སྲིད་དམ་པའི་ཆོས་གནས་པ་དང་སྒྲིབ་པ་མེད་པའི་རང་བཞིན་གྱི་བར་དུ་འགྱུར་རོ་ཞེས་བྱ་བའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་མཉམ་པར་གནས་པར་བྱ་ཞེས་བྱ་བ་འདི་ཉིད་གསལ་བར་བྱེད་པ་ནི། སེམས་ཅན་ཐམས་ཅད་ལ་སེམས་
མཉམ་པ་བསྐྱེད་པར་བྱ་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་ཀྱི་དབང་གིས་སོ། །བསམ་པ་ཕུན་སུམ་ཚོགས་པ་འདི་ལ་སེམས་རྣམ་པ་བཅུ་བརྗོད་པ་ཡིན་ཏེ། མཉམ་པའི་སེམས་དང་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། གཡོ་མེད་པའི་སེམས་དང་། ང་རྒྱལ་
བཅག་པའི་སེམས་དང་། ཐོགས་པ་མེད་པའི་སེམས་དང་། སྙིང་རྗེའི་སེམས་དང་། མཐོ་མཙམས་པ་མེད་པའི་སེམས་དང་། ཕ་ལ་སོགས་པའི་སེམས་དང་། བུ་དང་བུ་མོ་ལ་སོགས་པའི་སེམས་སོ། །མགོན་དུ་གྱུར་པ་ཞེས་བྱ་བ་ནི་མགོན་དང་བཅས་པར་བྱེད་པ་ལའོ། །བདག་

ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། སྡིག་པ་ཐམས་ཅད་ནི་མི་དགེ་བ་བཅུ་རྣམས་སོ། །དེ་རྣམས་ལས་ལོག་པ་ནི་བྲལ་བ་ལའོ། །ཡོངས་སུ་རྒྱལ་བ་ནི་གོམས་པའོ། །མ་རིག་པའི་རྐྱེན་ཅན་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ཀྱི་རྐྱེན་ཅན་ནི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ལུགས་དང་
མཐུན་པའི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །མ་རིག་པ་འགགས་པས་འདུ་བྱེད་འགག་པ་ཞེས་བྱ་བ་ལ་སོགས་པ་ནི་ལུགས་ལས་བཟློག་པའོ། །གཞན་དག་ཀྱང་ཞེས་བྱ་བ་ནི་ཕ་རོལ་པོ་རྣམས་ཀྱིའོ། །ཡང་དག་པར་བསྐུལ་བ་ནི་ཡང་དག་པར་འཛིན་པར་བྱེད་པའོ། །དེའི་བསྔགས་པ་བརྗོད་
པ་ནི་ཡོན་ཏན་བརྗོད་པའོ། །དེ་ལ་རྗེས་སུ་མཐུན་པ་ནི་རྗེས་སུ་མཐུན་པའོ། །དེ་བཞིན་དུ་བདེན་པ་ནས་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་བདེན་པའི་ཡུལ་རྣམས་ལ་རིམ་པ་ཇི་ལྟ་བར་ཡོངས་སུ་ཤེས་པ་དང་སྤང་བ་དང་བསྒོམ་པ་དང་མངོན་དུ་བྱ་བ་རྣམས་ལ་ཡོངས་སུ་རྒྱལ་བའི་ཤེས་པས་གནས་
པར་བྱའོ། །སྒྲིབ་པ་མེད་པའི་རང་བཞིན་ཞེས་བྱ་བ་ནི་སྒྲིབ་པའི་ཕྱིར་རྟོགས་པ་མ་ཡིན་ནོ། །གང་གི་ཕྱིར་ཆོས་རྣམས་ཐམས་ཅད་ལ་ཡོངས་སུ་མི་འཛིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སློབ་པར་བྱེད་དེ། དམ་པའི་ཆོས་གནས་པ་ཞེས་བྱ་བ་ནི་དམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་
པའི་ཆོས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་ཇི་སྲིད་ཐམས་ཅད་མཁྱེན་པ་ཉིད་ནི་དེའི་གནས་པའོ། །སྒྲིབ་པ་མེད་པའི་རང་བཞིན་ཞེས་བྱ་བ་ནི་དེ་ལ་ཡང་དམིགས་པའི་ལྟ་བས་ཡོངས་སུ་འཛིན་པའི་སྦྱོར་བས་བྱང་ཆུབ་སེམས་དཔའ་མི་སློབ་ཅེས་བྱ་བའི་དོན་ཏོ། །རང་ཉིད་ཀྱིས་ཀྱང་
སྡིག་པ་ཐམས་ཅད་ལྡོག་པ་ལ་གནས་པར་བྱའོ། །ཇི་སྲིད་དམ་པའི་ཆོས་གནས་པ་སྒྲིབ་པ་མེད་པར་འགྱུར་ཞེས་བྱ་བའི་འགྲེས་འདི་ནི་སྔ་མའི་བཅོམ་ལྡན་འདས་མའི་པོ་ཏི་རྣམས་ལ་མཐོང་བ་མ་ཡིན་ཏེ། འདི་ལྟར་ཡང་རྗོད་པར་བྱེད་དེ། བཅོམ་ལྡན་འདས་མ་འདི་ལ་མདོར་བསྡུས་པའི་ཕྱིར་
བསྟན་པའི་བསམ་པ་ཕུན་སུམ་ཚོགས་པ་ཉིད་བརྗོད་པ་སྟེ། སྦྱོར་བའི་ཕུན་སུམ་ཚོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་མངོན་རྟོགས་དང་སྦྱར་བ་འགྲུབ་པ་མ་ཡིན་ཞེས་བྱ་བའོ། །ཆེན་མོ་རྣམས་ཀྱི་འགྲེས་ཉིད་འདི་རང་གི་སྐད་ཀྱིས་མདོར་བསྡུས་ཏེ། དེ་དང་སྦྱོར་བ་ལ་ཆགས་པ་རྣམས་ཀྱིས་བསྣན་

པ་ཞེས་བྱ་བའོ། །དེ་བཞིན་ཉིད་ཀྱིས་གཙོ་བོར་བྱས་པའི་ལེའུ་ནི་དེ་བཞིན་ཉིད་ཀྱི་ལེའུ་སྟེ་ལེའུ་བཅུ་དྲུག་པའོ།། །།ད་ནི་གནས་བརྟན་རབ་འབྱོར་སྔར་དོན་དམ་པར་ཕྱིར་ལྡོག་པ་མེད་དེ་བྱང་ཆུབ་སེམས་དཔའ་གསུམ་ཡོད་པ་མ་ཡིན་ཞེས་བྱ་བའི་ཚིག་གིས་སོ། །
ཀུན་རྫོབ་ཏུ་ཕྱིར་ལྡོག་པ་དང་ཕྱིར་མི་ལྡོག་པ་ཡང་ཡོད་ཅེས་བྱ་བའི་དགོངས་པས་ཕྱིར་མི་ལྡོག་པའི་རྟགས་རྣམས་ལ་དྲི་བར་བྱེད་དེ། ཕྱིར་མི་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ས་ལས་ཕྱིར་མི་ལྡོག་པ་ཉིད་ཀྱིས་ཕྱིར་མི་ལྡོག་པའོ། །རྣམ་པར་བྱེད་པ་འདི་རྣམས་ཀྱིས་རྣམ་པར་
གསལ་བར་བྱེད་པས་ན་རྣམ་པའོ། །འགྲོ་བར་བྱེད་པ་འདི་རྣམས་ཀྱིས་གོ་བར་བྱེད་པས་ན་རྟགས་རྣམས་སོ། །ངེས་པར་འཇལ་བར་བྱེད་པ་འདི་རྣམས་ཀྱིས་ངེས་པར་དཔྱད་པས་ན་མཚན་མ་རྣམས་སོ། །དོན་གཅིག་པ་ཉིད་ལ་ཡང་གསུམ་ཉེ་བར་བཟུང་བ་ནི་དོན་གཞན་དོགས་པས་དེ་རྣམ་པར་བཅད་
པའི་དོན་དུ་འམ་ཡང་ན་རྣམ་གྲངས་སུ་བསྟན་པའི་དོན་དུའོ། །ཇི་ལྟར་བདག་གིས་འཚལ་བར་བགྱི་ཞེས་བྱ་བ་དྲིས་པའི་འབྲས་བུ་རང་གིས་རྟོགས་པ་གསུངས་པ་ནི། གཞན་གྱིས་ཉེ་བར་བསྟན་པ་ལ་དེའི་རྩ་བ་ཉིད་ཀྱི་ཕྱིར་དེ་བས་ན། བཅོམ་ལྡན་འདས་རྣམ་པ་མང་པོས་ཕྱིར་མི་ལྡོག་པའི་རྟགས་
རྣམས་ནི་ཉེ་བར་བསྟན་པར་བྱེད་དེ། དེ་ལ་དེ་བཞིན་ཉིད་ལ་གཉིས་སུ་མེད་པ་མཐོང་བ་ཞེས་བྱ་བ་རྟགས་དང་པོ་གསུངས་པ་ནི། རབ་འབྱོར་སོ་སོའི་སྐྱེ་བོའི་ཞེས་བྱ་བ་ལ་སོགས་པ་ལས་ནི་རྣམ་པ་བཞི་སྟེ་སོ་སོའི་སྐྱེ་བོ་ལ་སོགས་པའི་དབྱེ་བས་སོ། །འདི་ནི་རྣམ་པ་བཞི་ཡང་དེ་བཞིན་ཉིད་ཀྱི་ཞེས་བརྗོད་དོ། །ཅིའི་ཕྱིར་
ཞེ་ན་གསུངས་པ་ནི། འདི་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དང་གི་སྒྲ་ནི་རྒྱུ་ལའོ། །གང་གི་ཕྱིར་འདི་དག་ཐམས་ཅད་དེ་བཞིན་ཉིད་ལ་གཉིས་སུ་མེད་པ་སྟེ། སོ་སོའི་སྐྱེ་བོའི་ས་ལ་སོགས་པ་རྣམས་ལ་མཚན་ཉིད་ཇི་ལྟ་བར་མེད་པའི་ཕྱིར་རོ། །འདི་དག་ནི་དེ་བཞིན་ཉིད་ཁོ་ན་སྟེ། དེ་ལྟར་ན་ཡང་
གཅིག་ཁོ་ན་ལས་གཉིས་མ་ཡིན་མང་བ་མ་ཡིན་ནོ། །དེ་བས་ན་དེ་བཞིན་ཉིད་ལ་གཉིས་སུ་མེད་པ་སྟེ་ཐ་དད་མེད་པའོ། །གཉིས་སུ་བྱར་མེད་པ་ནི་རྣམ་པ་གཉིས་ཏེ། དངོས་པོའི་རྒྱུ་དང་བྲལ་བ་དང་རྣམ་པར་རྟོག་པའི་རང་བཞིན་དང་བྲལ་བའི་ཕྱིར་མི་རྟོག་པའོ། །རྣམ་པར་རྟོག་པའི་

ཡུལ་མ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའོ་ཞེས་བྱ་བ་ནི་དེ་ལྟ་བུའི་མཚན་ཉིད་ཅན་དེ་བཞིན་ཉིད་གང་ཡིན་པ་དེ་བཞིན་ཉིད་ཆོས་ཉིད་ལ་འཇུག་པར་བྱེད་པའོ། །ཇི་ལྟར་འཇུག་པར་བྱེད་ཅེ་ན་གསུངས་པ་ནི་དེ་བཞིན་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྟེ། གནས་ཤིང་དེ་
ཙམ་ལ་མཐོང་བའི་ཕྱིར་རོ། །མི་རྟོག་རྣམ་པར་མི་རྟོག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟར་འཇུག་ཅིང་ཞེས་བྱ་བ་ནི་དེ་ལྟར་ཡོད་པ་ལ་འཇུག་པའོ། །འཇུག་པ་གཉིས་ཀྱི་བསྟན་པ་ཉིད་ཀྱི་དོན་དུ་གསུངས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཐོས་ནས་ཞེས་བྱ་བ་ནི་ཐོས་པའི་ལ་ཡང་ངོ་། །
དེ་ལས་ཀྱང་སོང་ནས་ཞེས་བྱ་བ་ནི་དེ་ལས་ཕྱི་མའི་དུས་ལ་ཡང་ངོ་། །ནེམ་ནུར་མི་བྱེད་ཅེས་བྱ་བ་ནི་གནོད་པ་མི་བྱེད་པའོ། །འདི་ལྟར་མ་ཡིན་ནོ་ཞེས་བྱ་བ་དང་འབྲེལ་ཏེ། སྣ་ཚོགས་པའི་བློ་གྲོས་ནི་ཡིད་གཉིས་ཏེ་དེ་མི་བྱེད་པའོ། །དེ་ལྟར་ཡིན་ནམ་མ་ཡིན་ཞེས་བྱ་བའོ། །
དེ་ཉིད་ཀྱི་ཕྱིར་གསུངས་པ་ནི། ཐེ་ཚོམ་མི་བྱེད་ཅེས་བྱ་བའོ། །རྨོངས་པར་མི་བྱེད་པ་ནི་སྒྲུབ་པ་མ་ཡིན་པ་དགག་པའོ། །འོ་ན་ཅི་ཞིག་བྱེད་ཅེ་ན་གསུངས་པ་ནི་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་ཉིད་ཁོ་ན་ནི་ཐམས་ཅད་དེ་དེ་བཞིན་ཉིད་ལས་ལྷག་པའི་ཆོས་གཞན་མེད་
ཅེས་མོས་པར་བྱེད་ཅིང་དད་པས་སོ། །ཁོང་དུ་ཆུད་པར་བྱེད་པ་ནི་ཤེས་རབ་ཀྱིས་སོ། །འདི་ནི་དེ་བཞིན་ཉིད་ལ་གཉིས་སུ་མེད་པར་མཐོང་བ་དེ་འདི་ལ་ཡོད་པ་ཞེས་ཕ་རོལ་པོ་རྣམས་ཀྱིས་ཇི་ལྟར་རྟོགས་པར་བྱ་ཞེ་ན། གསུངས་པ་ནི་ཅི་ཐོད་ཐོད་སྨྲ་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་
སྟེ། དངོས་པོ་ལ་མངོན་པར་ཞེན་པ་ལས་ཡང་དག་པར་ལངས་པའི་སྨྲ་བ་མེད་པའི་ཕྱིར་རོ། །དོན་དང་ལྡན་པའི་ཚིག་ཏུ་སྨྲ་སྟེ་ཞེས་བྱ་བ་ནི་གང་ཟག་དང་ཆོས་ཀྱི་ཡོད་པ་ཉིད་དོར་ནས་ཐམས་ཅད་དུ་རང་དགར་སྐྲག་པ་མེད་པ་ལ་དེ་བཞིན་ཉིད་ཁོ་ན་ལ་སྨྲ་བའི་ཕྱིར་རོ། །ཕ་རོལ་གྱིས་བྱས་པ་
དང་མ་བྱས་པ་ལ་མི་ལྟ་སྟེ་ཞེས་བྱ་བ་ནི་དེ་བཞིན་ཉིད་དང་རོ་གཅིག་པའི་སྒྲུབ་པ་ལ་ནུབ་པའི་དེ་མི་སྲིད་པའི་ཕྱིར་རོ། །རྣམ་པ་དེ་དག་དང་རྟགས་དེ་དག་གི་ཞེས་བྱ་བ་ནི་མཆོག་གི་ཡེ་ཤེས་ཀྱི་མཚན་མ་ལ་ལྟོས་པས་མང་པོའི་ཚིག་གོ། །སྟོན་པ་གཞན་ལ་ཡང་དག་པར་གུས་པ་ལ་སོགས་པ་དམན་

པའི་ཆོས་མེད་པའི་རྟགས་གཉིས་པ་གསུངས་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དག་གི་ཞེས་བྱ་བ་ནི་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ་རྣམས་ཀྱིའོ། །དགེ་སྦྱོང་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་སོ། །དོར་མི་ལྟ་ཞིང་ཞེས་བྱ་བ་ནི་རབ་
ཏུ་འདུད་ཅིང་མཐོང་ངོ་། །ཅིའི་ཕྱིར་ཞེ་ན་གསུངས་པ་ནི་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་སོ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཤེས་པས་སོ། །མཐོང་ངོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པས་སོ། །མཐོང་ཞིང་མཐོང་བ་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པའོ། །དེ་ལ་མཐོང་བ་
ནི་ཁམས་གཞན་གསུངས་པའོ། །སྦྱིན་པར་ཞེས་བྱ་བ་ནི་གུས་པས་སྦྱིན་པར་བྱ་བའོ། །མི་རྟེན་དེ་ཞེས་བྱ་བ་ནི་སྟེན་པར་བྱེད་པའམ་སྐྱབས་སུ་འགྲོ་བའོ། །ངན་སོང་དུ་སྐྱེ་བ་མེད་པ་ཞེས་བྱ་བའི་རྟགས་གསུམ་གསུངས་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་ངན་སོང་རྣམས་
ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སོ། །བུད་མེད་ཀྱི་དངོས་པོ་ནི་བུད་མེད་ཉིད་དོ། །དེ་ལ་གཞན་རྣམས་ཀྱི་ཕྱིར་ཆོས་ཐོས་པ་དང་བསྟན་པ་ལ་སོགས་པ་རྗེས་སུ་མཐུན་པ་མེད་པའི་ཕྱིར་ཡོངས་སུ་སྤོང་བའོ། །དགེ་བ་བཅུ་ལ་བདག་ཉིད་ཀྱིས་གནས་ནས་ཕ་རོལ་ཕོ་རྣམས་དེ་ལ་ཡང་དག་
པར་འགོད་པའི་རྟགས་བཞི་པ་གསུངས་པ་ནི། རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་དག་པར་བླངས་ནས་ཞེས་བྱ་བ་ནི་མི་དགེ་བ་ལས་ལོག་པའི་སེམས་གཟུང་བར་བྱས་ཏེ། དེ་ཡང་དེའི་ལོག་པ་གཞན་གྱི་དོན་ལ་ཡང་བསྒྲུབ་པ་ཡིན་ནོ། །རང་ཉིད་ཀྱིས་མ་བསྲུངས་པར་
གཞན་གྱི་སླད་དུ་ངག་མི་ལེན་པའི་ཕྱིར་ཞེས་སྟོན་པར་བྱེད་པ་ནི་དེ་དག་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ལས་སླར་ལྡོག་པར་འགྱུར་རོ་ཞེས་བྱ་བ་ནི། །ཤིང་ཤུན་ལས་འབྱུང་འགའ་ཞིག་དང་། །སྦྲང་རྩིས་གཞན་ནི་བྱ་བ་སྟེ། །འབྲས་ཕྱེ་དང་ནི་ཆུས་
གཞན་ཏེ། །ཆང་ནི་རྣམ་པ་གསུམ་དུ་འདོད། །བཅོས་ཆང་ཡོན་ཏན་འཛིན་པའི་ཆུས། །དྷ་ཏ་ཀིས་ནི་འདུས་བྱས་སྨྲ། །ཟོས་ཤིང་འཐུངས་པས་མྱོས་པར་བྱེད། །གང་ཞིག་དེ་ནི་ཆང་ཞེས་དྲན། །དེ་འདི་རྣམ་པ་གསུམ་པོ་ཀུན། །དཀར་པོའི་ཆོས་དང་མི་མཐུན་པས། །བག་མེད་གནས་ཞེས་

གསུངས་པ་ནི། །ཞར་ལས་འོངས་པ་གཞན་ཡིན་ནོ། །འོན་ཏེ་མི་དགེ་བ་བཅུ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྟེ། ཆང་གི་བཏུང་བ་ནི་སླར་བཅུ་གཅིག་པར་འགྱུར་ཏེ་བཅས་པའི་ཁ་ན་མ་ཐོ་བའོ། །ཇི་སྐད་དུ་གསུངས་པ། སྤངས་པ་ཁ་ན་མ་ཐོ་བ། །ཆང་ཉིད་ལས་ནི་གཞན་པའི་ཕྱིར། །ཞེས་བྱ་བའོ་ཞེ་ན་བདེན་མོད་ཀྱི་
འོན་ཀྱང་མི་དགེ་བ་བཅུ་གསུངས་པའི་དོན་ཁོ་ནར་ཆང་གི་བཏུང་བ་ལས་ལོག་པའོ། །དེ་ལས་བཟློག་པ་ལས་དོན་ཐམས་ཅད་བསྒྲུབ་པའི་ཕྱིར་རོ། །ཆེན་མོ་རྣམས་དང་བཅོམ་ལྡན་འདས་མ་རྙིང་པ་རྣམས་ལས་ཆང་གི་བཏུང་བ་ལས་ལོག་པར་འདོན་པ་ཉིད་མ་ཡིན་ནོ། །སེམས་ཅན་ཐམས་
ཅད་ཀྱི་དོན་དུ་ཡན་ལག་བཅུ་གཉིས་པ་ཆོས་ཡོངས་སུ་ཚོལ་བ་རྟགས་ལ་སོགས་པ་གསུངས་པ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་གང་དང་གང་ཞེས་བྱ་བ་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཡན་ལག་བཅུ་གཉིས་པའི་བཀའོ། །ཀུན་ཆུབ་པར་བྱེད་པ་
ཞེས་བྱ་བ་ནི་ཀུན་ལས་ནི་ཐམས་ཅད་ལས་འཛིན་པ་དང་འཆང་བ་ལ་སོགས་པའི་རྣམ་པས་སོ། །ཆུབ་པར་བྱེད་པ་ནི་བདག་ཏུ་བྱེད་པའོ། །སྦྱིན་པར་བྱེད་པ་ནི་གཞན་གྱི་ཕྱིར་རོ། །ཕན་པ་དང་བདེ་བའི་ཕྱིར་འདི་གྱུར་ཅིག་ཅེས་བྱ་བ་ནི་དེ་རྣམས་ཉིད་ལ་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བའི་རྣམ་པ་
འདིས་ཐུན་མོང་བར་བྱེད་པའོ། །ཆེན་མོ་རྣམས་ལ་ནི་སོ་སོར་ཕྱིར་མི་ལྡོག་པའི་རྟགས་མང་བ་འདོན་པ་ཡིན་ཏེ། འདི་ནི་དེ་རྣམས་ཐམས་ཅད་གཅིག་ཏུ་བྱས་ཏེ་འདོན་པ་ཡིན་ནོ། །གཅིག་ཉིད་སེམས་རྣམ་པར་དག་པ་ཞེས་བྱ་བ་ནི་རྟགས་དྲུག་པ་གསུངས་པ་ནི། རབ་འབྱོར་གཞན་
ཡང་ཆོས་ཟབ་མོ་རྣམས་ལ་ཞེས་བྱ་བས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་བྱ་བའི་གཞུང་གིས་སོ། །དེ་ལ་ཁ་ཅིག་ནི་སེམས་ཡོངས་སུ་དག་པ་ལ་རྒྱུར་གྱུར་པ་དང་ཁ་ཅིག་ནི་འབྲས་བུར་གྱུར་པ་དང་ཁ་ཅིག་ནི་ལྷན་ཅིག་པ་
རྣམས་ཞེས་བྱ་བའོ། །འཁོར་དང་བཅས་པའི་སེམས་ཡོངས་སུ་དག་པ་ནི་འདིར་སེམས་ཡོངས་སུ་དག་པའོ། །བཤད་པ་ལ་ཞེས་བྱ་བ་ནི་རང་ངམ་གཞན་གྱིས་སོ། །ཕན་པའི་ཚིག་ཅེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་རྣམས་ཀྱིས་ཟིལ་གྱིས་ནོན་པ་རྣམས་ལ་མི་སྡུག་པ་དང་བྱམས་པ་

ལ་སོགས་པའི་གཏམ་བྱས་པའི་ཕྱིར་རོ། །ཚིག་རན་པ་ཞེས་བྱ་བ་ནི་རྒྱས་པའི་ཚིག་ཡང་དག་པར་འབྱུང་བ་ཉིད་ཀྱིས་འགལ་བ་མེད་པ་ལ་སོགས་པའི་དུས་ལ་རན་པར་སྨྲ་བའི་ཕྱིར་རོ། །ཚིག་འཇམ་པ་ཞེས་བྱ་བ་ནི་གཞན་གྱིས་སྨོད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །རྨུགས་
པ་དང་གཉིད་ཆུང་བར་འགྱུར་ཞེས་བྱ་བ་ནི་དགེ་སྦྱོར་གྱི་ཕྱིར་ལེ་ལོ་མེད་པ་ཉིད་ཀྱིས་སོ། །དེ་འོང་ངམ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་དང་བ་དང་རྗེས་སུ་མཐུན་པའི་སྤྱོད་ལམ་གསུངས་པ་ནི་འོང་བ་ནི་འགྲོ་བའོ། །འགྲོ་བ་ནི་འོང་བའོ། །འཁྲུལ་པ་ནི་རྣམ་པར་གཡེང་བའོ། །བུལ་བར་
མི་བྱེད་པ་ཞེས་བྱ་བ་ནི་བུལ་བ་ལ་རྣམ་པར་གཡེང་བའི་ཕྱིར་རོ། །གྱ་ཚོམ་དུ་ཞེས་བྱ་བ་ནི་ས་ལ་ཡང་དག་པར་མ་བལྟས་ནས་སོ། །དེ་ཉིད་གསལ་བར་བྱེད་པ་ནི་དེ་མཐོང་བཞིན་དུ་ཞེས་བྱ་བ་སྟེ། རང་དང་གཞན་གྱི་ཉེ་བར་འཚེ་བ་ཡོངས་སུ་ཞི་བའི་དོན་དུ་བསོད་ནམས་ཀྱིས་ཐོབ་པ་རྣལ་འབྱོར་དང་
རྗེས་སུ་མཐུན་པའི་ལུས་འདི་ལ་ཡོན་ཏན་ནི་སེམས་རྣམ་པར་དག་པའི་ཕྱིར་རོ། །ཡིད་ཆེས་པའི་རྒྱུ་གསུངས་པ་ནི། དེའི་ལུས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཤིག་དང་ལྡན་པས་ན་ཤིག་དང་ལྡན་པའོ། །གཞུག་མ་ལ་སོགས་པའི་ནང་དུ་བགྲངས་པའི་ཕྱིར་ཨེ་ལ་ཙའོ། །གཟོབ་པ་ནི་
གཙང་བའོ། །གནོད་པ་ནི་གདུང་བའོ། །སྐྱོན་ནི་གཞན་ལ་རྣམ་པར་འཚེ་བའོ། །སྲིན་བུའི་རིགས་ནི་སྲིན་བུའི་ཚོགས་སོ། །གང་དག་ཡོད་པ་ནི་སྐྱེ་བར་འགྱུར་བ་སྟེ། ལུས་ལ་ཟ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྟེ། རྒྱུའི་ཁྱད་པར་མེད་པར་ཐུན་མོང་མ་ཡིན་པའི་རྣམ་པར་སྨིན་
པའི་ངོ་བོ་མི་འཐད་པའི་ཕྱིར་གཏན་ཚིགས་གསུངས་པ་ནི། འདི་ལྟར་ཞེས་བྱ་བ་སྟེ། མངོན་པར་འཕགས་པ་ཞེས་བྱ་བ་ནི་སོ་སོའི་ཁྱད་པར་ཅན་ནོ། །ལུས་ཡོངས་སུ་དག་པ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ཡོངས་སུ་སྤོང་བའོ། །ངག་ཡོངས་སུ་དག་པ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་སྤོང་
བའོ། །སེམས་ཡོངས་སུ་དག་པ་ནི་གནོད་སེམས་ལ་སོགས་པ་དང་བྲལ་བའི་སེམས་བསྐྱེད་པའོ། །ལུས་དང་ངག་དག་ལ་དེ་སྔོན་དུ་འགྲོ་བའི་ཕྱིར་དེའི་དབང་བ་མཛད་ནས་གསུངས་པ་ནི་གང་ལགས་པར་རིགས་པར་བགྱི་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཆུང་བས་བྱས་པའི་ཕྱིར་

དང་འདོད་པ་ཆུང་བའི་ཕྱིར་དང་གཡེང་བ་མེད་པའི་ཕྱིར་རོ། །རང་གི་སྐྱོན་སྒྲིབ་པར་བྱེད་པའི་ཐབས་ནི་གཡོའོ། །གཞན་བསླུ་བའི་དོན་དུ་མེད་པའི་རང་གི་ཡོན་ཏན་ཡང་དག་པར་སྟོན་པ་ནི་སྒྱུའོ། །གྱ་གྱུ་ནི་གཡོ་ཉིད་དོ། །གཞན་བསླུ་བའི་དོན་ཅན་གྱི་བྱ་བ་ནི་ཡོན་པོའོ། །འདས་པར་འགྱུར་བ་
ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ས་མི་འདོད་པའི་ཕྱིར་རོ། །སེམས་རྣམ་པར་དག་པ་ཉིད་ལ་འབྲས་བུ་འགའ་ཞིག་སོ་སོར་བྱས་ནས་མོས་པ་ལ་སོགས་པ་ལྷུར་བྱེད་པ་རྟགས་བདུན་པ་གསུངས་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནས་གཟུང་བར་བྱའོ་ཞེས་བྱ་བའི་མཐར་ཐུག་
པས་སོ། །ཚོགས་པ་དང་བྲལ་བའི་སེམས་ཉིད་དང་སྙིང་རྗེས་ཕྲག་དོག་ལ་སོགས་པ་མང་བ་ཅན་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་གོས་ལ་སོགས་པ་ལ་ལྷུར་མི་བྱེད་པའོ། །ཕུན་སུམ་ཚོགས་པ་མ་ཡིན་པའི་སེམས་དང་སྙིང་རྗེ་དང་མི་ལྡན་པ་ལ་ཆོས་གོས་ལ་སོགས་པ་ལྷུར་བྱེད་པ་སྲིད་པའི་
ཕྱིར་རོ། །ཡང་དག་པར་མི་ཞུམ་པ་ནི་ཡང་དག་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཆོས་ཟབ་མོ་ལ་ལྷག་པར་མོས་པའི་ཕྱིར་རོ། །བློ་བརྟན་པ་ཞེས་བྱ་བ་ནི་ཕ་རོལ་པོ་རྣམས་ཀྱིས་ཀྱང་བློ་མི་གཡོ་བའི་ཕྱིར་རོ། །བློ་ཟབ་པ་ནི་སྟོང་པ་ཉིད་ལ་ཅི་ལྟ་བ་བཞིན་དུ་འཛིན་པའི་ཕྱིར་རོ། །སྦྱོར་བ་བྱེད་
པ་ནི་ཡང་དག་པར་སྦྱོར་བའོ། །བཟོའི་གནས་དང་ཞེས་བྱ་བ་ནི་རི་མོའི་གནས་ལ་སོགས་པ་རྣམས་སོ། །ལས་ཀྱི་གནས་ནི་བསྙེན་པ་ལ་སོགས་པ་རྣམས་སོ། །ཆོས་ཉིད་དང་སྦྱོར་བར་བྱེད་དེ་ཞེས་བྱ་བ་ནི་ཆོས་ཉིད་དང་ལྡན་པ་ཐམས་ཅད་རྟོགས་པར་བྱེད་པའོ། །བརྒྱད་པ་བདུད་ལ་སོགས་པ་
རྣམས་ཀྱིས་མི་འཕྲོགས་པ་ཉིད་ཀྱི་རྟགས་གསུངས་པ་ནི། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ལུང་བསྟན་པས་ཞེས་བྱ་བ་ནི་སྣ་ཚོགས་པའི་དམྱལ་བའི་འགྲོ་བའི་གཙོ་བོ་འདི་ཡིན་པས་ཁྱོད་ལ་ཕྱིར་མི་ལྡོག་པ་ཉིད་ལུང་བསྟན་པ་ཞེས་བྱ་བ་ཉེ་བར་བསྡུ་བའོ། །བཤགས་པར་གྱིས་ཤིག་ཅེས་བྱ་བ་
ནི་སྡིག་པ་ལ་སྡིག་པ་ཉིད་དུ་སོ་སོར་བཤགས་པར་གྱིས་ཤིག །སོ་སོར་སྤོངས་ཤིག་ཅེས་བྱ་བ་ནི་སོ་སོར་ངེས་པ་དང་གཏན་དུ་བ་ཉིད་ཀྱིས་ཡོངས་སུ་དོར་བར་གྱིས་ཤིག་པའོ། །དེ་ལྟར་ཁྱོད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དོར་བ་ཡོད་པ་ལའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་འདི་ལྟ་བུ་བདུད་ཀྱིས་

སྨྲས་པའོ། །མི་འཁྲུག་ཅེས་བྱ་བ་ནི་ཐེ་ཚོམ་མེད་པའི་ཕྱིར་རོ། །མི་གཡོ་ཞིང་ཞེས་བྱ་བ་ནི་ངེས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྐྱབ་པའི་བསམ་པ་ཆེན་པོས་འདི་ལྟ་བུར་གྱུར་པའི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །ཕ་རོལ་
པོས་རབ་ཏུ་ཁྱེར་བ་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི་ས་ལ་ལྟུང་བ་མེད་པ་རྟགས་དགུ་པ་གསུངས་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཐོས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་སོ་སོར་བཤགས་པར་གྱིས་ཤིག་ཅེས་སོ་སོར་
བརྟགས་ནས་གང་ཞིག་ཡོངས་སུ་འཛིན་པ་བྱང་ཆུབ་ཀྱི་སེམས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པ་དེ་ཡོངས་སུ་དོར་བར་གྱིས་ཤིག །སྙན་དངགས་བྱེད་པ་ནི་མི་བདེན་པ་སྣ་ཚོགས་སྨྲ་བའོ། །དེའི་ལས་ནི་སྙན་དངགས་སོ། །ཡང་བ་འཆད་པ་འདི་ནི་ཞེས་བྱ་བ་ནི་གཟུགས་ལ་
སོགས་པ་རྣམས་ལ་དོན་དམ་པར་ཡོད་པ་ཉིད་དོ། །ཕྱིར་མི་ལྡོག་པའི་ཁམས་ནི་རང་བཞིན་ནོ། །རྟེན་ཏེ་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ཆོས་ཉིད་ལས་སྐྱེ་བ་ཐམས་ཅད་རྗེས་སུ་འབྲངས་ནས་རྗེས་སུ་འགྲོ་བའི་ཕྱིར་རོ། །མི་བརྫི་བ་ནི་ཆོས་ཉིད་ཀྱི་རིགས་པ་རྣམས་ཀྱིས་ཕམ་པར་མི་ནུས་པའི་
ཕྱིར་རོ། །ཕྱིར་མི་ལྡོག་པའི་ཆོས་ཅན་ཞེས་བྱ་བ་ནི་ཉན་ཐོས་པ་ལ་སོགས་པའི་ཐེག་པ་ཅན་གྱིས་རང་གི་སའི་སླད་དུ་ངལ་བ་མེད་པ་དང་རྙེད་པ་ལ་སོགས་པས་བསྐུལ་བ་ལ་ཡང་དེའི་ས་ལ་མི་ལྟུང་བའི་ཕྱིར་རོ། །བདུད་ཀྱིས་ཉེ་བར་བསྟན་པ་ལ་བདུད་ཀྱི་སྨྲ་བ་ཉིད་རྟོགས་པ་རྟགས་བཅུ་པ་གསུངས་པ་
ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་བའི་སྤྱོད་པ་ཡིན་ཏེ་ཞེས་བྱ་བ་ནི་གྲངས་མེད་པ་གསུམ་འཁོར་བ་ཉིད་ལ་གནས་པའི་ཕྱིར་རོ། །ཁྱོད་འདི་ཉིད་དུ་ཞེས་བྱ་བ་ལ་སོགས་པས་ཉན་ཐོས་ལ་སོགས་པའི་ལམ་ལ་འཛིན་པར་བྱེད་པའོ། །མངོན་པར་གྲུབ་པར་མི་འགྱུར་བ་ནི་སྐྱེ་བ་
གཞན་ལ་མངོན་པར་གྲུབ་པར་མི་འགྱུར་བའི་ཆོས་ཉིད་ཐོབ་པའོ། །ཡོངས་སུ་གཟུང་བར་སེམས་པ་ཞེས་བྱ་བ་ནི། འདིར་འདོད་ཆགས་མ་ཟད་པ་ལ་ཅི་ནས་ཀྱང་སྲིད་པ་གཞན་ལེན་པའི་ཕྱིར་རོ། །འམ་གྱི་སྒྲ་ནི་རྣམ་པར་རྟོག་པ་ལའོ། །འདི་ཉིད་ཅེས་བྱ་བ་ལ་སོགས་པའམ་སྨྲ་བར་འགྱུར་རོ། །

ཀྱེ་མ་མ་ལ་རེ་ཞིག་ཅེས་བྱ་བ་ལ་སོགས་པའམ་སྤྱོད་པ་འདི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཅན་དུ་མི་འགྱུར་རོ། །ཡུན་རིང་པོར་སྤྱོད་པ་ཡང་ཉན་ཐོས་ཀྱི་ས་ལ་མཐར་ཕྱིན་པ་ཉིད་ཅེས་བསྟན་པར་བྱེད་དེ། བདུད་སྡིག་ཅན་ཞེས་བྱ་བ་ལ་སོགས་པས་སོ། །དགྲ་བཅོམ་པ་ཉིད་ཐོབ་ཅིང་ཞེས་བྱ་བ་ནི་
རུང་བ་ཉིད་ཅེས་བྱ་བའི་ཐོབ་པ་དང་འབྲེལ་པས་སོ། །དགྲ་བཅོམ་པ་ཉིད་ལ་གནས་པ་ནི་སོ་སོར་རྙེད་པའི་ཐོབ་པས་སོ། །ཁྱོད་ཀྱིས་ག་ལ་འགྱུར་ཞེས་བྱ་བ་ནི་ཡུན་རིང་པོར་སྤྱད་པའི་སྤྱོད་པ་ལ་སོགས་པ་ལ་རྒྱུ་གཞན་མེད་པའི་ཕྱིར་རོ། །དེ་སྐད་བཤད་ཅེས་བྱ་བ་ནི་སངས་རྒྱས་ཉིད་གང་གིས་
ཀྱང་ཐོབ་པ་མ་ཡིན་ཞེས་བྱ་བའོ། །སྤྱིར་བསྟན་པར་གྱུར་པ་ལ་ཡུན་རིང་པོར་སྤྱད་པའི་སྤྱོད་པ་འདི་རྣམས་ལ་ཡང་དགྲ་བཅོམ་པ་ཉིད་ཅེས་ཁྱད་པར་དུ་བསྟན་པའོ། །འབྲལ་བར་བྱེད་པ་ནི་ཐེག་པ་ཆེན་པོ་གཏོང་པའོ། །དེའི་དོན་ཅན་གྱི་ཚིག་རྣམས་ནི་འབྲལ་བར་བྱེད་པའི་ཚིག་རྣམས་སོ། །དེ་རྣམས་
གཞན་ལས་ནི་བདུད་ལ་སོགས་པ་རྣམས་ལས་ཐོས་ནས་སེམས་ཡོངས་སུ་ཉམས་པར་མི་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏོང་བ་འདིར་ཡོངས་སུ་ཉམས་པའོ། །ཅིའི་ཕྱིར་ཡོངས་སུ་དོར་བར་མི་བྱེད་ཅེ་ན་ཆོས་ཉིད་ཀྱི་སྟོབས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཕྱིར་ལྡོག་པར་མི་
འགྱུར་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ལས་རྒྱབ་ཕྱོགས་སུ་འགྱུར་བ་མ་ཡིན་ནོ། །གཞན་དུ་མི་འགྱུར་བ་ནི་ལོག་པ་མ་ཡིན་པ་སྟེ་ཐེག་པ་དམན་པ་ལ་འདོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་དག་ཅེས་བྱ་བ་ནི་འབྲེལ་པར་བྱེད་པའི་ཚིག་རྣམས་སོ། །དང་གི་སྒྲ་ནི་གཏན་ཚིགས་ལ་སྟེ་གང་གི་ཕྱིར་བདུད་
ཀྱི་ལས་ཤེས་ན་གནས་མ་ཡིན་ཞིང་ཞེས་བྱ་བ་གཞན་དང་འབྲེལ་པར་བྱའོ། །དེ་ལྟར་ཞེས་བྱ་བ་ནི་ཅི་ལྟར་ཤེས་ནས་རྗེས་སུ་བརྗོད་པའོ། །གལ་ཏེ་དེ་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པ་ཉིད་ལ་ཉེ་བར་སྡུད་པར་བྱེད་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་བ་རྟགས་བཅུ་གཅིག་
པ་གསུངས་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། མངོན་པར་འདུ་བྱེད་པ་ན་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཆོས་དེ་ཡང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །མི་དམིགས་ཤིང་ཞེས་བྱ་བ་ལ་སོགས་པ་སྟེ་འདིར་ནི་དམིགས་པ་ཉིད་མངོན་པར་འདུ་བྱེད་

པ་སྟེ། དེ་ཉིད་ནི་སྐྱེ་བར་བྱེད་པའོ། །མི་སྐྱེ་བའི་ཡེ་ཤེས་ལ་བཟོད་པ་འདི་ལ་ཡོད་པས་ཞེས་བྱ་བ་འབྲུ་མང་པོ་ཅན་ནོ། །འགྲེས་འདི་ཡང་ཆེན་མོ་རྣམས་ལ་ཡོད་དེ། བཅོམ་ལྡན་འདས་མ་འདི་ལ་ནི་མ་ཡིན་པ་དེ་བས་
ན་སྔོན་གྱི་པོ་ཏི་རྣམས་འདོན་པ་མ་ཡིན་ནོ། །ཕྱིར་མི་ལྡོག་པ་ཉིད་ཅེས་བྱ་བ་རྟགས་བཅུ་གཉིས་པ་གསུངས་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདུན་པ་ཟློག་པར་བྱེད་པ་ནི་འདུན་པ་ཟློག་པར་བྱེད་པར་འགྱུར་བའོ། །ནམ་མཁའ་དང་མཚུངས་པ་ཞེས་བྱ་བ་ནི་རང་གི་ངོ་བོ་མེད་པ་
ཉིད་ཀྱིས་སོ། །དེ་ཉིད་གསལ་བར་བྱེད་པའི་ཆོས