Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 94
Văn bản gốc(Tây Tạng)
Trang 13 / 21 (50.000 ký tự/trang)
ྟོགས་པ་ཡིན། །ཞེས་བྱ་བའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ བཞིན་གཤེགས་པ་རྣམས་ཀྱི་ཆགས་པ་མ་མཆིས་པའི་ཡེ་ཤེས་སོ། །ཐམས་ཅད་དུ་ཐོགས་པ་མེད་པའི་ཡེ་ཤེས་དང་ཆགས་པ་མེད་པའི་ཡེ་ཤེས་སོ། །དེ་ཡང་དོན་དམ་པར་ཆོས་ཐམས་ཅད་མི་དམིགས་པའི་ངོ་བོ་ཉིད་ཅེས་བྱ་བ་དེའི་ཕྱིར་ཆོས་ཐམས་ཅད་མི་དམིགས་ པའོ། །ཀུན་རྫོབ་ཏུ་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱིའི་ངོ་བོ་ཉིད་ཀྱིས་ཁྱད་པར་དུ་ཐ་དད་པ་བརྗོད་པར་འདོད་པས་གསུངས་པ་ནི། ཆགས་པ་མ་མཆིས་པའི་ཡེ་ཤེས་ཀྱི་སླད་དུ་ཞེས་བྱ་བ་སྟེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་ ལོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་མཚན་ཉིད་མེད་པ་དང་མཚན་ཉིད་ཡང་དག་པར་མཐོང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ལ་སྟོན་པར་མཛད་པ་ཞེས་ཉེ་བར་བསྟན་ནས། ཉེ་བར་སྡུད་བར་བྱེད་པ་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ད་ནི་བྱས་པ་ཤེས་པ་དང་བྱས་པ་ ཚོར་བ་ཉིད་ཀྱི་དབང་གིས་འཇིག་རྟེན་ཡང་དག་པར་སྟོན་པར་བྱེད་ཅིང་ཞེས་སྟོན་པར་བྱེད་པ་ནི། རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་འདི་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །མི་གནས་པ་ཞེས་བྱ་བ་ནི་རྫས་དང་ཆོས་ ཀྱི་གནས་ནི་རྟེན་ནོ། །དེ་མེད་པས་ནམ་མཁའ་བཞིན་དུ་ཆོས་ལ་བཀུར་སྟིར་མཛད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །དེ་བཞིན་དུ་འདི་ལ་བཀུར་སྟིར་མཛད་པ་ལ་སོགས་པའི་རྒྱུ་གང་ཡིན་ཞེ་ན། དེའི་ཕྱིར་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཡང་ཆོས་རྣམས་ཀྱི་དེ་ཉིད་ཆོས་ཉིད་དེ་དེ་ལྟ་ན་ཡང་ཅིའི་ཕྱིར་འདི་ལ་བཀུར་སྟིར་མཛད་པ་དེ་ཅིའི་ཕྱིར་ཞེས་གསུངས་པ་ནི་འདི་ལས་ཞེས་བྱ་བ་སྟེ། རབ་ཏུ་འབྱེད་པ་ནི་ཡོངས་སུ་གྲུབ་པའོ། །དེ་ལྟ་ན་ཡང་ཅིའི་ཕྱིར་བཀུར་སྟི་ལ་སོགས་པ་མཛད་ཅེས་གསུངས་པ་ནི། བྱས་པ་ཤེས་ཤིང་བྱས་པ་ ཚོར་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་བདག་གིས་བྱས་འདི་ནི་བདག་གིས་རྟོགས་ཞེས་རང་ཉིད་ཀྱིས་འོང་བ་དང་སྒྲུབ་པ་རྟོགས་པའི་ཕྱིར་རོ། །ཡང་གང་ཞིག་ཅེས་བྱ་བ་ལ་སོགས་པས་དེ་རྣམས་ཉིད་ལ་བྱས་པ་ཉིད་བསྔགས་པར་མཛད། དེ་བཞིན་གཤེགས་པ་ནི་ཞེས་བྱ་བ་སྟེ། གང་གི་ཕྱིར་གྱི་སྒྲ་ནི་ངེས་པ་ལའོ། །འདི་ནི་བྱས་པ་ཤེས་པ་ཉིད་དང་། བྱས་པ་ཚོར་བ་ཉིད་བསྟན་པར་བྱེད་པ་ནི། རབ་འབྱོར་གང་གིས་ཞེས་བྱ་བ་ལ་སོགས་པས་སོ། །ཐེག་པ་གང་དང་གང་གིས་ཞེས་བྱ་བ་ནི་ཐེག་པ་ཆེན་པོས་སོ། །སྒྲུབ་པ་གང་དང་གང་གིས་ཞེས་བྱ་བ་ནི་ མཐོང་བའི་ལམ་གྱིས་སོ། །རྗེས་སུ་འཛིན་ཅིང་ཞེས་བྱ་བ་ནི་རང་ཉིད་ཀྱིས་དེ་མི་བརྗེད་པ་ལས་སོ། །རྗེས་སུ་སྐྱོང་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་སྐལ་བ་ཇི་ལྟ་བ་དེ་བཞིན་དུ་སྟོན་པའི་ཕྱིར་རོ། །མ་བྱས་པ་མ་བྱས་པ་ཞེས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་གང་ གིས་ཀྱང་མ་བྱས་པའི་ཆོས་རྣམས་མ་བྱས་པའི་བདག་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའོ། །འགྱུར་བ་མེད་པ་མེད་པ་ནི་འགྱུར་བ་དང་བྲལ་བའོ། །འགྱུར་བ་མེད་པ་ཞེས་མངོན་པར་རྫོགས་པར་སངས་རྒྱས་པ་མི་འགྱུར་བའི་བདག་ཉིད་ཀྱིས་མཁྱེན་པར་རོ། །མངོན་ པར་འདུས་མ་བྱས་པ་ཞེས་བྱ་བའི་འདོན་པ་ལ་ཡང་དོན་འདི་ཉིད་དོ། དེ་བཞིན་གཤེགས་པའི་བྱས་པ་ཤེས་ཤིང་བྱས་པ་ཚོར་བར་རིག་པར་བྱའོ་ཞེས་བྱ་བ་སྟེ། ཇི་ལྟར་ཡང་མ་བྱས་པའོ་ཞེས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཇི་ལྟར་བྱས་པ་ཤེས་པ་ཉིད་མ་བྱས་པ་ཉིད་དུ་ཤེས་པས་མ་བྱས་པ་ ཉིད་འདིར་འགྱུར་རོ་ཞེས་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཡེ་ཤེས་འཇུག་སྟེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་མ་བྱས་པ་ཞེས་གང་ཞིག་ཡེ་ཤེས་འཇུག་པ་དེ་ཡང་འདི་དག་གིས་བྱས་པ་དང་འདི་དག་གིས་རྟོགས་པ་ ཞེས་རང་ཉིད་ཀྱིས་དོན་སྒྲུབ་པ་རྟོགས་པའི་ཕྱིར་བྱས་པ་ཤེས་པ་དང་བྱས་པ་ཚོར་བ་ཞེས་བྱ་བའི་དགོངས་པའོ། །ཆེན་མོ་རྣམས་ལ་རབ་འབྱོར་འདི་ནི་དེ་བཞིན་གཤེགས་པའི་བྱས་པ་ཤེས་ཤིང་བྱས་པ་ཚོར་བ་ཞེས་འདོན་པ་ཡིན་ནོ། །ཉེ་བར་སྡུད་པར་བྱེད་པ་ནི་འདིས་ཀྱང་ཞེས་བྱ་བ་ལ་ སོགས་པ་སྟེ། འདིས་ཞེས་བྱ་བ་ནི་བྱས་པ་ཤེས་པ་དང་བྱས་པ་ཚོར་བའི་དབང་གིས་ཡང་འཇིག་རྟེན་འདི་ཡང་དག་པར་སྟོན་པ་ཞེས་བྱ་བའོ། །བཅོམ་ལྡན་འདས་གང་གི་ཚེ་ཆོས་ཐམས་ཅད་ཤེས་པ་པོ་དང་མཐོང་བ་པོ་མེད་པ་ཡིན་པ་དེའི་ཚེ་ཞེས་བྱ་བ་ལ། ཤེས་པ་མེད་པས་ན་ཤེས་པ་པོ་མེད་པའོ། །དེའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེད་པར་བྱེད་པ་ཞེས་མི་འཐད་པའོ། །མཐོང་བ་མེད་པས་ན་མཐོང་བ་པོ་མེད་པའོ། །དེ་བས་ན་འཇིག་རྟེན་འདི་ཡང་དག་པར་སྟོན་པ་ཞེས་མི་འཐད་པ་ཞེས་སྟོན་པར་བྱེད་དོ། །ཡང་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་མིག་ ལ་སོགས་པ་རྣམ་པར་ཤེས་པ་དག་གིས་མི་འཛིན་པའི་ཕྱིར་ཡང་དག་པར་སྟོན་པར་བྱེད་པ་ཞེས་རིགས་པ་མ་ཡིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་འདི་སྟོན་པར་བྱེད་དེ་ཆོས་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དང་རྟེན་མེད་པའི་ཕྱིར་ཤེས་པ་པོ་མེད་པ་དང་མཐོང་བ་པོ་མེད་པ་ནི་བདེན་ མོད་ཀྱི། འོན་ཀྱང་དོན་འདི་ལ་འཇིག་རྟེན་དུ་ཤེས་པ་པོ་སུ་ཞིག་ཡོད་པ་མ་ཡིན་ཏེ། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་དོན་འདི་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བས་ན་དེ་དེ་བཞིན་གཤེགས་པ་རྣམས་སྐྱེད་པར་མཛད་པ་དང་འཇིག་རྟེན་འདི་ཡང་ དག་པར་སྟོན་པར་མཛད་པ་ཞེས་སྟོད་པར་བྱེད་པ་ཞེས་བསྟོད་པའི་ངག་འདི་ཞེས་བྱ་བའི་དོན་ཏོ། །ཉེ་བར་སྡུད་པར་བྱེད་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་ཡང་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཤེས་པ་པོ་མེད་པ་དང་མཐོང་བ་པོ་མེད་པ་ཡང་དག་པར་སྟོན་པས་སོ། །ཡང་ཆོས་ ཐམས་ཅད་མཐོང་བ་རྣམས་ལ་མ་མཐོང་བའི་ཕྱིར་འཇིག་རྟེན་ཡང་དག་པར་སྟོན་པ་ཞེས་སྟོན་པར་བྱེད་པ་ནི་གཟུགས་མ་མཐོང་བ་དང་ཞེས་བྱ་བ་ལ་སོགས་པས་སོ། །གང་གི་ཚེ་གཟུགས་ནི་དེ་བཞིན་གཤེགས་པས་གཟིགས་པ་དེའི་ཚེ་སྟོན་པར་མཛད་པའོ། །གལ་ཏེ་གཟུགས་མཐོང་བར་གྱུར་ ན་རབ་རིབ་ཅན་ལྟར་བདེན་པའི་དོན་མཐོང་བས་དེ་སྟོན་པར་བྱེད་པར་མི་འགྱུར་རོ། །དེ་ལྟར་ན་སྔར་གྱི་དུས་སུ་རབ་རིབ་ཅན་གྱིས་སྐྲ་ཤད་འཛིངས་པ་ལ་དམིགས་པའི་ཤེས་པ་སྐྱེ་བར་འགྱུར་བ་ནི་ཕྱིས་སྐྱེ་བར་མི་འགྱུར་བ་དེའི་ཚེ་མཐོང་བ་ཡོངས་སུ་དག་པ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་དུ་ འདིར་ཡང་གཟུགས་ལ་སོགས་པ་དམིགས་པའི་རྣམ་པར་ཤེས་པ་རྣམས་མི་སྐྱེད་པའི་ཕྱིར་སྟོན་པར་བྱེད་པ་ཞེས་བྱ་བར་འགྱུར་རོ། །འདི་ཉིད་གསུངས་པ་ནི་གང་གི་ཚེ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་སྐྱེད་པ་ཞེས་བྱ་བའོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ ཉེ་བར་སྡུད་པར་བྱེད་པ་ནི་འཇིག་རྟེན་སྟོང་པ་ཉིད་དང་། བསམ་གྱིས་མི་ཁྱབ་པ་ཉིད་ལ་སོགས་པ་མཐོང་བའི་དབང་གིས་ཀྱང་སྟོན་པར་བྱེད་པ་ཞེས་གསུངས་པ་ནི། རབ་འབྱོར་ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་སོ། །འཇིག་རྟེན་ཞེས་བྱ་ བ་ནི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་འཇིག་རྟེན་ནོ། །སྟོང་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའོ། །རྗོད་པར་བྱེད་པ་དང་ཤེས་པར་བྱེད་པ་དང་ཡང་དག་པར་མཐོང་བར་མཛད་པ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེ་བའི་རིམ་གྱིས་དེའི་དམིགས་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་ ཚིག་རྣམ་པ་གསུམ་མོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་རྟོག་གེའི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་སྨོན་པ་མེད་པའི་ངོ་བོ་ཉིད་ཀྱིས་སོ། །དབེན་པ་ཞེས་བྱ་བ་ནི་མཚན་མ་དང་བྲལ་བ་ཉིད་ཀྱིས་སོ། །རྣམ་པ་གང་གིས་ཤེ་ན། འཇིག་ རྟེན་རྣམ་པར་དག་པས་སོ། །འཇིག་རྟེན་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །དེ་ལྟར་འཇིག་རྟེན་མཐོང་བར་མཛད་དོ་ཞེས་བྱ་བའི་རྣམ་པ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ཡང་དག་པར་སྟོན་པར་བྱེད་ཅེས་བྱ་བ་གཙོ་བོ་ལ་ལྟོས་པར་བྱའོ། ། པོ་ཏི་གཞན་རྣམས་ལ་འདོན་པའི་ཐ་དད་པ་ཡང་ཚུལ་འདི་ཉིད་ཀྱིས་བཤད་པར་བྱ་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་བཞིན་གཤེགས་པ་ལ་འཇིག་རྟེན་ཡང་དག་པར་སྟོན་པ་དེ་གསལ་བར་བྱེད་པའི་ལེའུ་དེ་ལྟར་བརྗོད་པ་སྟེ་ལེའུ་བཅུ་གཉིས་པའོ།། །། འཇིག་རྟེན་དུ་བུ་རྣམས་ཀྱི་མ་ནི་འཛམ་བུའི་གླིང་སྣ་ཚོགས་པ་སྟོན་པར་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་མ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་སྟེ་དེ་བས་ན་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་སྐབས་ཉིད་ལ་རྣམ་པ་མང་པོས་འཇིག་རྟེན་སྟོན་པར་མཛད་པ་ཞེས་བྱ་བ་ ལེའུ་སྔ་མ་ལ་བསྟན་ཟིན་ཏོ། །ད་ནི་གནས་བརྟན་རབ་འབྱོར་བཅོམ་ལྡན་འདས་མ་སྔོན་གྱི་སྤྱོད་པ་རྣམས་ལ་ཡང་སངས་རྒྱས་རྣམས་ཀྱིས་ཕན་པར་མཛད་པ་ཞེས་སྟོན་པར་མཛད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སོ། །ཟབ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཅིའི་ཕྱིར་ཟབ་ཅེ་ན་གསུངས་པ་ ནི་བགྱི་བ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་བྱ་བ་ཆེན་པོས་ཉེ་བར་གནས་པ་དེའི་ཕྱིར་ཟབ་པའོ། །ཀྱེ་མའི་སྒྲ་ནི་དགའ་བ་ལའོ། །ཇི་ཙམ་གྱིས་ཤེ་ན། དེའི་ཕྱིར་གསུངས་པ། བགྱི་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་པ་ལས་རྣམ་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །མཉམ་པ་ལས་འདས་པའི་ཕྱིར་མཉམ་པ་མ་མཆིས་པའོ། །གཞལ་བ་ལས་འདས་པའི་ཕྱིར་གཞལ་དུ་མེད་པའོ། །གྲངས་ལས་འདས་པའི་ཕྱིར་གྲངས་མ་མཆིས་པའོ། །ཐུན་མོང་མ་ཡིན་པའི་ཕྱིར་མི་མཉམ་ པ་དང་མཉམ་པའོ། །སྔོན་གྱི་པོ་ཏི་རྣམས་ལ་གཞལ་དུ་མ་མཆིས་པ་དང་མི་མཉམ་པ་དང་མཉམ་པའི་སྒྲ་དག་འགྲེས་པ་ཐམས་ཅད་ལ་འདོན་པ་མ་ཡིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་ཁས་བླངས་པའོ། །དོན་འཆད་པར་འདོད་ཅིང་རང་ཉིད་ཀྱིས་དྲི་བར་བྱེད་པ་ནི་ཅི་ལྟར་ ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གྱིས་མི་ཁྱབ་པའི་དོན་གྱི་བྱ་བས་བྱ་བར་འོངས་པ་ཡང་དག་པར་བསྒྲུབས་པས་ཉེ་བར་གནས་པ་བསམ་གྱིས་མི་ཁྱབ་པ་དེ་ནི་ཅི་ཞིག་ཡིན་གང་ཞིག་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །ལན་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དེ་བཞིན་ གཤེགས་པ་ཉིད་ནི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་དེ་ལྟར་གསུངས་པ་ཉིད་དོ། །སངས་རྒྱས་ཉིད་ནི་དོན་དམ་པའི་ཆོས་ཀྱི་རང་གི་ངོ་བོ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །རང་འབྱུང་བ་ཉིད་ནི་སློབ་དཔོན་མེད་པར་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་ པ་ཐམས་ཅད་དུ་ཆོས་རྣམས་ཐམས་ཅད་ལ་དག་པ་ཆགས་པ་མེད་པ་ཐོགས་པ་མེད་པའི་ཡེ་ཤེས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟ་བུས་སོ། །བྱ་བ་འདི་ཇི་ལྟར་བསམ་གྱིས་མི་ཁྱབ་ཅེས་གསུངས་པ་ནི་སེམས་ཀྱིས་བསམ་པར་མི་ནུས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཞིག་བསམ་པའི་ ཡུལ་དེ་ཅིས་ཀྱང་སེམས་ལ་སོགས་པ་རྣམས་ཀྱི་ཡུལ་ཡིན་ཞེས་བྱ་བའི་དགོངས་པའོ། །སེམས་དང་རྣམ་པར་ཤེས་པ་དང་སེམས་པ་དང་ཡིད་ཀྱི་ལས་སེམས་ལས་བྱུང་བ་ཤེས་རབ་ལ་སོགས་པ་རྣམས་སོ། །དེ་ལ་ཀུན་བརྟགས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ནི་རི་བོང་ གི་རྭ་བཞིན་དུ་མེད་པའི་ཕྱིར་བསམ་པར་བྱ་བ་མི་ནུས་སོ། །རྣམ་པར་རྟོག་པ་ནི་སྒྱུ་མས་སྤྲུལ་པའི་གླང་པོ་ལ་སོགས་པ་བཞིན་དུ་བརྫུན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །ཆོས་ཉིད་ཀྱི་གཟུགས་ནི་རྣམ་པར་ཤེས་པ་གང་གིས་ཀྱང་བཟུང་བར་ནུས་པ་མ་ཡིན་པ་དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ ཞེས་བརྗོད་པ་ཡིན་ནོ། །བསམ་པར་བྱ་བའི་དོན་དང་གཞལ་བར་བྱ་བའི་དོན་དུ་ཞེས་བྱ་བ་ཡང་བསམ་པའི་སྒྲ་ནི་ཅིའི་ཕྱིར་ཏེ་གང་ཞིག་བསམ་པར་བྱ་བར་མི་ནུས་པ་དེ་ཤིན་ཏུ་ཡང་འཇལ་བར་མི་ནུས་ཞེས་གྲགས་པའི་དོན་དུའོ། །དེ་བཞིན་དུ་གཞལ་དུ་མེད་པ་ལ་སོགས་པའི་བྱ་བའི་དྲི་བ་དང་ ལན་རྣམས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ནི་འདི་ཡིན་ཏེ་གལ་ཏེ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་འདི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཉིད་ལ་ཡིན་ན་དེའི་ཚེ་འདི་ནི་ཆོས་ཐམས་ཅད་ལ་ཁྱབ་པར་བྱེད་པར་མི་ འགྱུར་རོ། །དེ་ལྟར་རིགས་པ་མ་ཡིན་ཏེ་གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཉིད་དེ་ཆོས་རྣམས་ཐམས་ཅད་ཀྱི་ཡང་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རིགས་པ་མཉམ་པའི་ཕྱིར་རྗེས་སུ་རློམ་སེམས་སུ་མཛད་ཅིང་གསུངས་པ་ནི་དེ་བཞིན་ཏེ་ཞེས་བྱ་བ་སྟེ། ཆོས་ཉིད་གང་ཡིན་པ་ ཞེས་བྱ་བ་ནི་གཟུགས་སུ་བྱེད་པ་ལ་སོགས་པའི་མཚན་ཉིད་དང་དབེན་པ་ཉིད་དོ། །འདིར་སེམས་པ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་ཆོས་ཉིད་ལ་མཚན་མ་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་ཞེས་བྱ་བ་ནི་སོ་སོར་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། ། གཞན་དུ་ན་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ལ་ཐ་མི་དད་པར་འགྱུར་རོ། །ནམ་མཁའ་དང་མཉམ་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མི་མཉམ་པ་དང་མཉམ་པ་ཉིད་ཀྱིའོ། །གཏན་ཚིགས་འདི་ཉིད་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་རྣམས་ཀྱི་ཞེས་བསྟན་པའི་དོན་དུ་གསུངས་ པ་ནི་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གྱིས་མི་ཁྱབ་པ་ཉིད་ལ་སོགས་པ་དང་ལྡན་པ་དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་སངས་རྒྱས་རྣམས་ལ་སྒྲུབ་པ་དེའི་ཕྱིར་སངས་རྒྱས་རྣམས་ལ་ཕན་པར་མཛད་པའོ། ། གལ་ཏེ་ཆོས་རྣམས་ཐམས་ཅད་ཡང་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་དང་ལྡན་པ་དེའི་ཚེ་སེམས་ཅན་ཐམས་ཅད་ཉིད་ལ་བསམ་གྱིས་མི་ཁྱབ་པའི་ཆོས་འདིས་ཉེ་བར་བསྟན་པར་མཛད་པ་དེའི་ཕྱིར་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་ཕན་པར་ མཛད་པ་ཞེས་གསུངས་པ་ནི། རབ་འབྱོར་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། །དོན་ནི་འདི་ཡིན་ཏེ་གལ་ཏེ་ཡང་ཆོས་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་ལས་གཞན་མེད་ དེ་གང་ཞིག་ཆོས་རྣམས་ཐམས་ཅད་འདི་ལྟ་བུར་གྱུར་པ་རྣམ་པར་ཤེས་པ་ཡིན་པ་དེ་བས་ན་ཆོས་རྣམས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཆོས་ཀྱི་དེ་བཞིན་གཤེགས་པའི་ཆོས་སུ་འབྱུང་བ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་དེའི་ངོ་བོས་ གཟུགས་ལ་སོགས་པ་རྣམས་སྟོན་པར་མཛད་ཅིང་ཕན་པར་མཛད་པ་སེམས་ཅན་གཞན་རྣམས་ལ་ནི་མ་ཡིན་ཞེས་བྱ་བའོ། །རྣམ་གྲངས་འདིས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ལྡན་པའི་ཆོས་རྣམས་ཐམས་ཅད་ཉིད་ཀྱི་དེ་བཞིན་གཤེགས་པའི་ཆོས་ཀྱིས་སོ། །དེ་བཞིན་གཤེགས་ པའི་ཆོས་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཇི་ལྟར་བསྒྲུབ་ཅེས་གསུངས་པ་ནི་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་དང་བྲལ་བ་དང་སྙོམས་པ་ལས་ཡང་དག་པར་འདས་པ་ཇི་ལྟར་གྲུབ་ཅེས་གསུངས་པ་ནི་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་ཞེས་བྱ་བ་འདི་ནི་རྣམ་ པར་ཤེས་པར་གྱུར་པའི་ཆོས་ཀྱི་ཚིག་བླ་དགས་སོ་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། ཆོས་རྣམས་ཐམས་ཅད་ནི་ཀུན་བརྟགས་དང་ཆོས་ཉིད་ཀྱི་ངོ་བོ་ཞེས་བྱ་བའི་ངོ་བོ་གསུམ་དང་ལྡན་པའོ། །ངོ་བོ་གསུམ་ཡང་འདི་རྣམས་ཀྱི་འདི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡོད་པ་ལ་འགྱུར་བ་ཡིན་ཏེ། གང་གི་ཚེ་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་ཀྱི་ཆོས་རྣམས་ཐམས་ཅད་དེའི་ཚེ་འདི་རྣམས་ཀྱི་དོན་གྱི་ངོ་བོ་ཉིད་ལོག་པར་རྟོགས་པ་ཞེས་འགྲུབ་པ་ཡིན་ནོ། །དོན་མེད་པ་ལ་རྣམ་པར་རིག་པའི་ངོ་བོ་ཉིད་བརྫུན་དུ་སྣང་བ་ཙམ་དེའི་ཕྱིར་རྣམ་པར་བརྟགས་པ་གྲུབ་པའོ། །གང་གི་ཚེ་རྣམ་པར་རིག་པ་ལ་ཡང་བརྫུན་ པ་ཉིད་དེའི་ཚེ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་རྣམས་ཐམས་ཅད་ལ་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་བྲལ་བ་ལ་གཉིས་མེད་པའི་ངོ་བོ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་སྒྲུབ་བོ། །དེ་ལྟར་ཡང་ཀུན་བརྟགས་ནི་རི་བོང་གི་རྭ་བཞིན་དུ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་མེད་པ་རྣམ་པར་བརྟགས་ པ་དེ་བརྫུན་པའི་ཕྱིར་རོ། །ཆོས་ཉིད་ཀྱི་གཟུགས་ནི་རྣམ་པར་ཤེས་པ་གང་གིས་ཀྱང་གཟུང་བར་མི་ནུས་པའི་ཕྱིར་དེ་བཞིན་ཏེ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་དང་མཉམ་པ་མེད་པ་བཞིན་དུའོ། །གཞལ་དུ་མེད་པ་ལ་སོགས་པ་མ་གྲུབ་པ་ལ་ཡང་ནམ་མཁའ་དང་མཉམ་པ་ཉིད་གཙོ་ཆེར་གཏན་ ཚིགས་ལྟོས་པར་བྱ་ཞེས་གསུངས་པ་ནི་ནམ་མཁའ་དང་མཉམ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ནམ་མཁའ་དང་འདྲ་བ་དེ་བཞིན་གཤེགས་པའི་ཆོས་རྣམས་ཐམས་ཅད་དོ། །དེའི་ཕྱིར་ནམ་མཁའ་བཞིན་དུ་གཞལ་ དུ་མེད་པ་དང་གྲངས་མེད་པའི་མཉམ་པ་ཉིད་ཀྱིས་གྲངས་མེད་པ་དང་གཞལ་དུ་མེད་པ་དང་མི་མཉམ་པ་དང་མཉམ་པའི་ཆོས་རྣམས་འདི་དག་གོ། །དེ་བཞིན་དུ་ནམ་མཁའ་དང་འདྲ་བ་ཉིད་ཀྱིས་མི་མཉམ་པའོ། །འོན་ཏེ་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཆོས་རྣམས་ཐམས་ཅད་ལ་གཞལ་དུ་ མེད་པ་ལ་སོགས་པ་ཉིད་ཡོད་མོད། མི་འདྲ་བ་ཉིད་ནི་ཇི་ལྟར་ཡིན། གལ་ཏེ་ནམ་མཁའ་དང་མཉམ་པ་ཡིན་ན་དེའི་ཚེ་ནམ་མཁའ་དང་འདྲ་བ་ཉིད་དུ་འགྱུར་བ་ཡིན་ཏེ། མི་འདྲ་བ་ནི་མ་ཡིན་ཞེས་གསུངས་པ་ནི། ཀྱེ་མ་ཆོས་འདི་དག་ནི་མཉམ་པར་མི་འཇུག་པ་ཡིན་ཏེ། གང་གི་ཕྱིར་སྟོང་པ་ཉིད་ཀྱི་ངོ་ བོ་ཉིད་ཀྱི་ཆོས་རྣམས་འབྱུང་བ་ན་དངོས་པོའི་ངོ་བོ་གང་གིས་ཀྱང་མཉམ་པར་འཇུག་པ་མ་ཡིན་ནོ། །ངོ་བོ་འདི་ཡང་སྟོང་པ་ཉིད་སྤངས་ནས་གང་ལ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་མི་འདྲ་བར་བརྗོད་པ་ཡིན་ནོ། །དངོས་པོའི་ངོ་བོ་མེད་པ་ཙམ་ནམ་མཁའ་དང་མཉམ་པ་ཞེས་ཡང་བརྗོད་པ་ཡིན་ནོ། །དངོས་པོ་མེད་པ་ ལས་རྫས་མེད་པ་ལ་བཏགས་པ་ཙམ་ནི་ནམ་མཁའ་སྟེ། སྟོང་པ་ཉིད་ནི་དོན་དམ་པར་ཡོད་པ་ཞེས་ཁྱད་པར་ཆེན་པོའོ། །ཉེ་བར་སྡུད་པར་བྱེད་ཅིང་གསུངས་པ་ནི་ནམ་མཁའ་ཟག་པ་ནི་ཉོན་མོངས་པ་རྣམས་ཏེ། དེ་རྣམས་ལས་སེམས་རྣམ་པར་གྲོལ་བའོ། །ལེན་པ་མེད་པར་ནི་ཉོན་མོངས་པ་རྣམས་ཀྱི་ ས་བོན་བཞག་པར་མ་བྱས་པའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་བཞི་པོ་ཐམས་ཅད་ལའོ། །ཆོས་ཀྱང་འདི་ཡིན་ལ་ལམ་ཉིད་ཀྱི་ཕྱིར་མིག་ཀྱང་ཡིན་ཏེ་མཐོང་བ་ཉིད་ཀྱི་ཕྱིར་དེ་བས་ན་ཆོས་ཀྱི་མིག་སྟེ་མཐོང་བའི་ལམ་མོ། །བསམ་གྱིས་མི་ཁྱབ་པའི་ཕྱིར་ཞེས་བྱ་བ་ ལ་སོགས་པ་སྟེ། བསྟན་པ་འདི་ལ་དོན་གང་ཞིག་ཆོས་ཉན་པ་པོ་རྣམས་ལ་སྒྲུབ་པ་གཞན་དག་ལ་གུས་པས་ཉན་པ་ལ་སོགས་པའི་དོན་དུ་དེ་སྟོན་པར་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པ་འདི་དག་བཤད་པ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཟོད་པའི་སྐད་ཅིག་མ་ རྣམས་ཀྱིས་བྲལ་བ་ལས་སྐྱེས་པའི་དམ་པའི་ཡེ་ཤེས་ཀྱི་སྐད་ཅིག་མ་རྣམས་ཀྱིས་དྲི་མ་དང་བྲལ་བ་ཡོད་བཞིན་དུ་རྣམ་པར་དག་པའོ། །མི་སྐྱེ་བའི་ཆོས་རྣམས་ལ་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་ལའོ། །བཟོད་པ་ནི་ཟག་པ་མེད་པའི་ཤེས་རབ་སྟེ་དེ་ཐོབ་པར་གྱུར་པ་ནི་གང་ཞིག་ས་ བརྒྱད་པ་ལའོ། །ཟབ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཅིའི་ཕྱིར་ཡང་གནས་བརྟན་རབ་འབྱོར་བགྱི་བ་ཆེན་པོས་ཉེ་བར་གནས་པ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་ཉིད་ཀྱི་གནས་སྐབས་སྟོན་པར་བྱེད་ཅེ་ན། འཁོར་ཡང་དག་པར་རབ་ཏུ་བསྡུ་བའི་དོན་དུའོ། །འདི་ཉིད་བཟུང་ནས་ རྒྱས་པར་བཤད་པར་འདོད་པ་ཉིད་ཀྱིས་ཡང་སྟོན་པར་བྱེད་དེ་སྔར་ནི་སངས་རྒྱས་རྣམས་ལ་སྔོན་གྱི་སྤྱོད་པ་རྣམས་ལ་ཉེ་བར་ཕན་པར་མཛད་པ་ཞེས་བསྟན་ཏོ། །ད་ནི་སངས་རྒྱས་ཀྱི་མཛད་པ་བྱེད་ཅེས་སྟོན་པ་ཡིན་ནོ། །ཡང་དག་པར་ལྡན་པ་ཞེས་བྱ་བ་ནི་འབྲས་བུ་ཉིད་ཀྱིས་སོ་སོར་འབྲེལ་ བའོ། །འདི་ཉིད་བློན་པོའི་དཔེས་གསལ་བར་བྱེད་པ་ནི་འདི་ལྟ་སྟེ་ཞེས་བྱ་བ་སྟེ། རང་གི་ཡུལ་མི་རྣམས་ལ་རྒྱལ་སྲིད་ཉམས་པའི་དོགས་པ་དང་བྲལ་བའི་ཕྱིར་སྟོབས་ཐོབ་པའོ། །རྒྱལ་པོའི་བྱ་བ་ཡང་དག་པར་བསྒྲུབ་པ་ལ་ནུས་པ་ཡང་དག་པར་འབྱུང་བས་བརྩོན་འགྲུས་ཡང་དག་པར་ཐོབ་པའོ། ། བརྩོན་པ་ཆུང་ཞེས་བྱ་བ་ནི་རང་ཉིད་ཀྱིས་བྱ་བ་རྣམས་ལ་འཇུག་པའི་ཕྱིར་རོ། །ཁུར་བོར་བ་ནི་རང་ཉིད་ཀྱིས་འཚོ་བར་བྱ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་དོན་ནོ། །འདི་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །བྱ་བ་མེད་པར་ཇི་ལྟར་བགྱི་བ་ཆེན་པོས་ཉེ་ བར་གནས་པ་ཞེས་གསུངས་པ་ནི་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ལ་ཡོངས་སུ་མི་འཛིན་པའི་ཕྱིར་ཉེ་བར་གནས་པ་ཞེས་བྱ་བ་གཞན་དང་འབྲེལ་ཏོ། །གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྲེད་ པས་ཡོངས་སུ་འཛིན་པ་ལྟ་བ་རྣམ་པར་རྟོག་པའི་མཚན་ཉིད་ཅན་གྱིས་མངོན་པར་ཞེན་པ་སྐྱེ་བ་མ་ཡིན་ནོ། །དེ་བས་ན་དེ་ཡོངས་སུ་འཛིན་པ་མེད་པའི་ཕྱིར་དང་མངོན་པར་ཞེན་པ་མེད་པའི་ཕྱིར་ཉེ་བར་གནས་པ་ཞེས་འགྱུར་བ་ཡིན་ནོ། །དེའི་ཕྱིར་བགྱི་བ་ཆེན་པོ་ཉིད་སྟོན་པར་བྱེད་པ་ནི་ཇི་ ལྟར་ན་ཞེས་བྱ་བ་ལ་སོགས་པས་དྲི་བའོ། །དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་ལན་ནོ། །རབ་འབྱོར་ངས་ཀྱང་ཞེས་བྱ་བས་བདག་ཉིད་དབང་པོ་མཛད་ཅིང་སྨྲ་བའོ། །ཐེག་པ་ལ་གསར་དུ་ཞུགས་པ་ཞེས་བྱ་བ་ལ་སོགས་པས་ཟབ་པ་ཉིད་གསལ་བར་བྱེད་པ་ནི་དེ་ཁོ་ན་ཉིད་རྟོག་པ་ མ་གོམས་པ་ལ་འདི་སྐྲག་པ་ཡང་དག་པར་འབྱུང་བའི་ཕྱིར་རོ། །འདིས་ནི་བསྟན་པ་འདི་ལ་དེ་རྣམས་སྐལ་བ་དང་མི་ལྡན་པར་གསུངས་པ་ཡིན་ནོ། །སྐལ་བ་དང་ལྡན་པ་གསུངས་པ་ནི། བཅོམ་ལྡན་འདས་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ རིགས་ཕུན་སུམ་ཚོགས་པའོ། །སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པ་ཞེས་བྱ་བ་ནི་དགོས་པའི་བསོད་ནམས་བྱས་པའོ། །ཡུན་རིང་པོ་ནི་རིང་པོར་བསྐྲུན་པ་ནི་ཉེ་བར་བསགས་པ་དགེ་བའི་རྩ་བ་བཅོམ་ལྡན་འདས་མ་ཐོས་པ་ལ་སོགས་པ་གང་རྣམས་ཀྱིས་དེ་རྣམས་དེ་ལྟར་བརྗོད་པའོ། ། འདི་ཉིད་ལྷའི་བུ་རྣམས་ཀྱིས་སྨྲས་པ། ཟབ་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། ཅིའི་ཕྱིར་ཟབ་པ་ཞེས་དེའི་ཕྱིར་སྨྲས་པ་ནི། གང་གི་ཕྱིར་བལྟ་དཀའ་བ་སྟེ་འདི་ལ་དཀའ་བ་སྤྱོད་པས་ཡང་དག་པའི་ལྟ་བ་རྟོགས་པར་དཀའ་བ་སྟེ། མི་མཁས་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་ རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། དད་པའི་རྗེས་སུ་འབྲང་བ་ནི་ངེས་པར་འབྱེད་པའི་ཆ་རྣམས་ལའོ། །དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བ་ལ་སོགས་པ་རྣམས་ཏེ་ཆེན་མོ་རྣམས་ལས་དེ་ལྟར་ཉིད་དུ་འདོན་པའི་ཕྱིར་རོ། །གང་གི་ཚེ་སྐལ་བ་ལས་ཅུང་ཟད་མ་གྱུར་པ་དེ་ནི་སྐལ་བ་ ལས་ལྷག་པའོ། །བཟོད་ཅིང་ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་ལ་བཟོད་པའོ། །འདིས་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཆེན་པོ་ཉིད་བསྟན་པར་བྱེད་པ་ནི་སྲེད་དེ་ཞེས་བྱ་བ་ནི་འདོན་པའོ། །ཚོལ་བ་ནི་ཇི་ལྟར་ཞེས་བྱ་བས་སོ། །སེམས་པ་ཞེས་བྱ་བ་ནི་རིགས་པ་བཞེས་ སོ། །འཇལ་བ་ནི་ཡོངས་སུ་དཔྱོད་པ་སྟེ། དེ་ལྟར་འདི་ཞེས་བྱ་བའོ། །ཉེ་བར་རྟོག་པ་ནི་སོ་སོར་ཀུན་དུ་རྟོག་པའོ། །ཉེ་བར་སེམས་པར་བགྱིད་པ་ནི་མང་དུ་བྱས་པའོ། །དེ་དག་པས་མཆོག་ཏུ་འགྱུར་རོ་ཞེས་བྱ་བ་ནི་དད་པས་རྗེས་སུ་འབྲང་བའི་ཉན་ཐོས་རྣམ་པས་སོ། །ཉི་མ་གཅིག་བསྒོམས་ པའི་མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་དབང་གིས་ཐམས་ཅད་མཁྱེན་པ་ཉིད་ལ་སོ་སོར་ཉེ་བར་གནས་པའི་ཕྱིར་རོ། །འདི་ཉིད་གསུངས་པ་ནི་དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཉན་ན་ཞེས་བྱ་བ་ནི་ཉི་མ་གཅིག་བསྒོམས་པའི་ལྷག་པར་མོས་པ་ལྟ་ཞོག་གི །ཐོས་ པ་ཙམ་ཡང་འདི་ཞེས་བྱ་བ་ནི་ཐ་མ་ལའོ། །མྱ་ངན་ལས་འདའ་བ་ནི་རང་གི་བྱང་ཆུབ་བོ། །ཆེས་མྱུར་བར་རེ་བར་བྱ་སྟེ་བལྟ་བར་བྱའོ། །དེ་ལྟ་ན་ཡང་ཆེན་མོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས་དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱིས་རྗེས་སུ་འབྲང་བ་རྣམས་ངེས་ པར་འབྱུང་བར་འགྱུར་ཞེས་བྱ་བ་འདོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་བྱ་བ་ནི་སྔར་བཤད་པར་བགྱི་བ་ཆེན་པོས་ཉེ་བར་གནས་པའི་ཕྱིར་རོ། །དེ་དག་ཧ་ཅང་མི་རིང་བ་ཞིག་ཏུ་ཕྱིན་ནས་མི་སྣང་བར་གྱུར་ཏེ་ཞེས་བྱ་བ་ནི་དེ་རྣམས་ལ་བསྟན་པ་ འདིས་བྱ་བ་སྒྲུབ་ཅེས་བསྟན་པར་བྱེད་པའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ལེའུ་ནི་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་ལེའུ་བཅུ་གསུམ་པའོ།། །།ད་ནི་གནས་བརྟན་རབ་འབྱོར་བསྟན་པ་འདི་ལ་ལྷག་པར་མོས་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་གང་ཟག་རྣམས་ལ་ གུས་པ་ཡང་དག་པར་བསྐྱེད་པའི་དོན་དུ་སྐྱེ་བ་ལ་ཡོངས་སུ་དྲི་བར་བྱེད་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞེས་བྱ་བ་ལ་སོགས་པས་སོ། །མོས་ཤིང་ཞེས་བྱ་བ་ནི་ལྷག་པར་མོས་པ་དང་ལྡན་པར་འགྱུར་བའོ། །མི་འགོང་ཞེས་བྱ་བ་ནི་སྤྲོ་བ་དམན་པས་ མ་ཡིན་ནོ། །ཀུན་དུ་མི་ཞུམ་པ་ཞེས་བྱ་བ་ནི་སྤྲོ་བ་མེད་པས་མ་ཡིན་ནོ། །རྣམ་པར་མི་གནས་ཞེས་བྱ་བ་ནི་ལོག་པ་མ་ཡིན་པའོ། །རྨོངས་པ་ནི་མ་རྟོགས་པའོ། །ཐེ་ཚོམ་ནི་སོམ་ཉིའོ། །སོམ་ཉི་ནི་ཕྱིན་ཅི་ལོག་པའོ། །དེ་རྣམས་མེད་པའི་ཕྱིར་མི་རྨོངས་པ་ཐེ་ཚོམ་མི་ཟ་སོམ་ཉི་མི་ཟ་བའོ། ། མངོན་པར་དགའ་བ་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །ཐོས་པ་དང་ལྷན་ཅིག་ཁོ་ནར་ཞེས་བྱ་བ་ནི་ཤིན་ཏུ་ཡོངས་སུ་སྨིན་པའི་རྒྱུ་ཉིད་ཀྱི་ཕྱིར་ཐོས་པ་ཙམ་ཉིད་ཀྱིས་ལྷག་པར་མོས་པ་སྐྱེས་པའི་ཕྱིར་རོ། །མི་སྤོང་ཞིང་ཞེས་བྱ་བ་ནི་མི་འདོར་བའོ། །ཕྱིར་ཕྱོགས་པ་ནི་མངོན་དུ་ཕྱོགས་པ་མ་ཡིན་ པ་སྟེ་རྗེས་སུ་འབྲེལ་བར་བྱེད་པར་འགྱུར་བའོ། །ཇི་ལྟར་འདུན་པ་རྗེས་སུ་འགྲུབ་པའི་རྒྱུན་ནོ། །རྗེས་སུ་འབྲང་ཞིང་ཞེས་བྱ་བ་ནི་མདོར་བསྟན་པའོ། །མི་གཏོང་བར་འགྱུར་ཏེ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །བ་བེའུ་གཞོན་ནུ་ཞེས་བྱ་བ་ནི་བེའུ་ཆུང་བའོ། །ལུས་ལས་ཐོགས་པ་ཞེས་བྱ་ བ་ནི་སྙིང་ལ་གནས་པའོ། །འདིར་ཡང་དཀར་པོ་ལ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པ་གསུམ་སྟེ། མི་རྣམས་ཉིད་ལས་ཤི་འཕོས་པ་མི་རྣམས་ཀྱི་ནང་དུ་སྐྱེས་པ་ནི་ལེགས་པ་གཅིག་གོ། །སངས་རྒྱས་ཀྱི་ཞིང་གཞན་རྣམས་ནས་ཤི་འཕོས་པ་མི་རྣམས་ཀྱི་ ནང་དུ་སྐྱེས་པ་ནི་ལེགས་པ་གཉིས་པའོ། །དགའ་ལྡན་རྣམས་ནས་ཤི་འཕོས་པ་འདིར་སྐྱེས་པ་ནི་ལེགས་པ་གསུམ་པའོ། །འདི་རྣམས་ནི་རིམ་གྱིས་བསྟན་པར་བྱའོ། །དང་པོ་གསུངས་པ་ནི་དེ་ནི་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་སོ། །འདི་ལ་སྔར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་ལྷག་པར་མོས་པ་དང་དྲན་པ་དང་བག་ཡོད་པ་ལ་སོགས་པ་ཡོད་པར་འགྱུར་ཞེས་རྟོགས་པར་བྱའོ། །མི་རྣམས་ལས་ཤི་འཕོ་བ་ཙམ་ནི་མ་ཡིན་ནོ། །གཉིས་པ་གསུངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་ཞུས་ཞེས་ བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་གི་ངོ་བོ་ཙམ་མོ། །ཡོངས་སུ་དྲི་བ་བྱས་ཏེ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་འཐད་པ་རྣམས་ཀྱིས་བསྟན་པར་བྱས་ཏེ། འདིའི་སངས་རྒྱས་ཡང་དག་པར་ཡོངས་སུ་འཛིན་པ་དང་ལྡན་པའོ། །གསུམ་པ་གསུངས་པ་ནི་གཞན་ཡང་ཞེས་ བྱ་བ་ལ་སོགས་པ་སྟེ། བརྩམས་ཏེ་ཞེས་བྱ་བ་ནི་དབང་དུ་བྱས་པའོ། །སྔ་མ་ནི་སངས་རྒྱས་ཀྱིས་ཡང་དག་པར་ཡོངས་སུ་འཛིན་པའོ། །འདི་ནི་འཕགས་པ་མགོན་པོ་བྱམས་པས་ཡང་དག་པར་ཡོངས་སུ་འཛིན་པ་ཞེས་བྱ་བ་ཁྱད་པར་རོ། །ནག་པོའི་ཕྱོགས་ ལ་ཡང་རྣམ་པ་གསུམ་སྟེ། གང་གིས་སྔོན་གྱི་མཐར་བཅོམ་ལྡན་འདས་མ་ཐོས་པ་ཡོངས་སུ་དྲི་བར་བྱས་པ་ནི་མ་ཡིན་ནོ། །དེ་འདིར་སྐྱེས་པ་བསྟན་པ་ལ་ལྷག་པར་མོས་པ་མ་ཡིན་པ་ཞེས་བྱ་བ་ནི་གཅིག་གོ། །སྔོན་གྱི་མཐའ་ལ་ཐོས་པ་དང་ཡོངས་སུ་དྲི་བ་ལ་སོགས་པ་ཡང་དག་པར་འབྱུང་བ་ ལ་ཡང་ཤིན་ཏུ་རིང་པོ་ནས་རྗེས་སུ་ཞུགས་པ་དེ་འདིར་དད་པ་ཙམ་གྱིས་ཐོས་ནས་ཀྱང་ཡང་དག་པར་ཕྲོགས་པ་གཡོ་བ་དང་མི་གཡོ་བར་འགྱུར་བ་ཞེས་བྱ་བ་གཉིས་པའོ། །སྔར་གཡོ་བ་དང་མི་གཡོ་བར་གྱུར་ནས་ཕྱིས་རྣམ་པ་ཐམས་ཅད་དུ་ལྷག་པར་མོས་པ་ཡོངས་སུ་དོར་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལས་ལྟུང་ བ་ཞེས་བྱ་བ་ནི་གསུམ་པའོ། །འདི་རྣམས་ཀྱང་རིམ་གྱིས་བསྟན་པར་བྱ་བའོ། །དེ་ལ་དང་པོ་གསུངས་པ་ནི། རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་གང་གིས་ཞེས་བྱ་བ་ལ་སོགས་པས་སོ། །གཉིས་པ་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་དུས་རེ་ཞིག་ཅེས་བྱ་བས་ཏེ་ཞག་ ཁ་ཅིག་ལ་རྗེས་སུ་འཇུག་པའོ། །འཕྲོག་པར་འགྱུར་བ་ནི་འགལ་བ་ཅན་དང་ཉེ་བས་གསལ་བར་བྱེད་པའོ། །སླར་ཡང་མི་སྟོར་བར་འགྱུར་ཞེས་བྱ་བ་ནི་དུས་དེ་ཙམ་དུ་ཡོངས་སུ་དྲིས་པས་བསྟན་པར་བྱེད་པའི་ཕྱིར་རོ། །འདི་ནི་ལྷག་པར་མོས་པ་དང་ལྷག་པར་མོས་པ་མ་ཡིན་པ་དག་ལ་མ་ངེས་ པར་གསུངས་སོ། །འཕྲོག་པར་ཞེས་བྱ་བའི་འདོན་པ་ལ་གལ་ཏེ་གསལ་བར་མ་གྱུར་ན། དེ་ལྟ་ན་ཡང་གསལ་བའི་ཕྱིར་ཡང་དག་པར་ཡོངས་སུ་དྲི་བ་ལ་སོགས་པ་རྣམས་ལ་གུས་པ་ཡིན་ནོ། །ཡང་དག་པའི་སྒྲ་ནི་ཡང་དག་པའི་དོན་ལའོ། །གང་གིས་སྔར་ཡོངས་སུ་དྲིས་པར་ མི་འགྱུར་རོ། །རྗེས་སུ་མ་འབྲངས་པར་འགྱུར་བ་ཞེས་བྱ་བ་འགའ་ཞིག་ཏུ་འདོན་པ་སྟེ། གང་དུ་ཡོངས་སུ་དྲི་བ་དུས་རིང་པོར་རྗེས་སུ་འབྲེལ་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཡེང་བ་ནི་དད་པ་ལས་ཉམས་པའི་ཕྱིར་རོ། །ཞུམ་པར་འགྱུར་བ་ནི་ལྷག་པར་མོས་པ་ལ་འཕེལ་བ་མེད་ པའི་ཕྱིར་རོ། །དེའི་བློ་རྒོད་པར་འགྱུར་བ་ནི་ངེས་པའི་དོན་ལ་མ་དམིགས་པའི་ཕྱིར་རོ། །སྡོང་བུ་བྱ་བའི་ཕྱིར་འདུས་བྱས་པའི་རས་བལ་ནི་རས་བལ་དུ་བྱས་ནས་དེ་དང་མཚུངས་པའོ། །ཤིན་ཏུ་འཇལ་བའི་ཤེས་རབ་ཉིད་མེད་པས་ངལ་བ་སྟེ་གཞན་དུ་བྱས་པའི་ཕྱིར་རོ། །གསུམ་པ་ གསུངས་པ་ནི་བྱང་ཆུབ་སེམས་དཔའ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་ཞེས་བྱ་བ་ནི་སྔ་མ་ཁོ་ན་སྟེ་གང་གི་བློ་རྒོད་པར་གྱུར་ནས་རྣམ་པ་ཐམས་ཅད་དུ་བཅོམ་ལྡན་འདས་མ་ལ་ལྷག་པར་མོས་པ་དོར་བ་དེའི་ཚེ་གསུམ་པར་འགྱུར་རོ། །ཐེག་པ་ལ་གསར་དུ་ཞུགས་པ་ཞེས་བྱ་བ་ནི་གང་གི་ ཕྱིར་འདི་རྣམས་ཀྱིས་འགྲོ་བར་བྱས་པས་ན་ཐེག་པ་སྟེ། དད་པ་དང་བརྩོན་འགྲུས་ལ་སོགས་པ་རྣམས་སོ། །དེ་རྣམས་ནི་དེའི་གསར་པ་སྟེ་ཡུན་རིང་པོར་ཡང་དག་པར་གནས་པ་མ་ཡིན་ནོ། །རྗེས་སུ་འཛིན་པར་མི་འགྱུར་ཞེས་བྱ་བ་ནི་དང་པོར་བདག་ཏུ་བྱས་ནས་ཡང་ཕྱིས་རྣམ་པ་ཐམས་ཅད་དུ་ ཡོངས་སུ་དོར་བའི་ཕྱིར་རོ། །རྗེས་སུ་འཇུག་པར་མི་འགྱུར་ཞེས་བྱ་བ་ནི་ཕྱིས་རྣམ་པ་ཐམས་ཅད་དུ་རྗེས་སུ་འགྲུབ་པ་མེད་པའི་ཕྱིར་རོ། །རྗེས་སུ་བསྟན་པར་མི་འགྱུར་བ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་སུམ་ཅུ་རྩ་བདུན་གྱིས་སོ། །ཕྱིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་དཀྲིས་ པ་ཡོངས་སུ་དོར་བའི་ཕྱིར་རོ། །གསུངས་པ་ནི་ཉིད་ཀྱི་དོན་དཔེས་གསལ་བར་བྱེད་པ་ནི་རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་སྒྲ་ནི་གསལ་བའི་དོན་ལའོ། །བདེ་བར་ཞེས་བྱ་བའི་སྒྲ་ནི་མི་ཟད་པ་སྟེ་བདེ་བས་ཞེས་བྱ་བའི་དོན་ཏོ། །བར་ཆད་མེད་པ་ནི་བགེགས་ཀྱི་ དངོས་པོ་མེད་པའོ། །མ་སྨས་པ་ནི་མཉམས་པའོ། །མ་སྣད་པ་ནི་ཉེ་བར་འཚེ་བ་གཞན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་འདིར་དཔེས་རྣམ་པ་ཐམས་ཅད་དུ་མཚུངས་པར་སྦྱར་བ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསྟན་པ་ནི་ཡིད་ལ་མི་བྱེད་པའི་ཕྱིར་རོ། །བར་ མ་དོར་ཞེས་བྱ་བ་ནི་དབུས་སུའོ། །དཀའ་བའི་ལམ་ནི་ལམ་དཀའ་བའོ། །ཉེ་བར་སྦྱོར་བ་ལམ་ལས་ཞེས་བྱ་བས་ཨ་ཙར་གྱི་འགྱུར་རོ། །བསྡུ་བའི་མཐར་བསྒྲུབ་པ་ལ་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་འཇིག་པ་ནི་ལམ་དཀའ་བ་ལ་བསྡུ་བའོ། །དད་པ་ཡོད་པ་དང་ཞེས་བྱ་བ་ནི་ཡང་དག་ པར་རྫོགས་པའི་བྱང་ཆུབ་དང་དེའི་ལམ་ལ་ཡང་ཡིད་ཆེས་པའོ། །བཟོད་པ་ནི་སྦྱོར་བ་ཐེག་པ་ཉིད་དོ། །སྲིད་པ་ནི་དེ་འདོད་པ་ཉིད་དོ། །འདུན་པ་ནི་གོང་ནས་གང་གི་གནས་སྐབས་ལའོ། །བརྩོན་འགྲུས་ནི་སྤྲོ་བའོ། །བག་མེད་པ་ནི་དགེ་བ་ལ་བརྟེན་ པའོ། །མོས་པ་ནི་ཐབས་དང་ཐབས་ལས་བྱུང་བ་ལ་འདི་ལྟར་ཞེས་བསྟན་པ་འཛིན་པའོ། །ལྷག་པའི་བསམ་པ་ནི་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་ལྷག་པའི་བསམ་པའོ། །གཏོང་བ་ནི་ལམ་ལ་བར་ཆད་བྱེད་པའི་ཆོས་རྣམས་ལའོ། །གུས་པར་བྱེད་པ་ནི་རྫོགས་པའི་སངས་རྒྱས་ རྣམས་ལ་མི་འདོར་བ་ཉིད་ཀྱི་སྒྲུབ་པའོ། །དགའ་བ་ནི་འདི་རྣམས་ཉིད་ལ་མཆོད་པ་ལ་སོགས་པ་ལ་མངོན་པར་དགའ་བའོ། །དང་བ་ནི་ཇི་ལྟར་བཤད་པའི་ཡོན་ཏན་སྒྲུབ་པ་ལ་ཡང་དག་པར་སྲིད་པའོ། །རབ་ཏུ་དགའ་བ་ནི་རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་དང་ཆོས་ཐམས་ ཅད་ཀྱི་སྟོང་པ་ཉིད་ལ་ཀུན་ལས་ཕྱོགས་སུ་བྱེད་ཅིང་རབ་ཏུ་དགའ་བའོ། །བརྩོན་པ་མི་གཏོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་སྨོན་ལམ་མི་འདོར་བའོ། །དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པར་བྱེད་ན་དེ་ལྟར་ཡོད་པ་ལ་དེ་རྣམས་ཀྱི་དད་པ་དེ་ཇི་སྲིད་དུ་ བརྩོན་པ་མི་གཏོང་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་དེ་རྣམས་ཀྱང་བཅོམ་ལྡན་འདས་མ་ཐོབ་ནས་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་ཞེས་བྱ་བའོ། །པོ་ཏི་འགའ་ཞིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་ཞེས་བྱ་བ་ འདོན་པ་མ་ཡིན་ནོ། །དེ་ལ་དད་པ་ནི་དད་པ་གཞན་མ་ཡིན་ཞེས་འཆད་པར་བྱེད་དེ་དོན་གསུངས་པ་ནི་ཉིད་ལ་དཔེ་གཞན་པའི་དོན་དུ་གང་ལ་ཅུང་ཟད་གྲགས་པར་འགྱུར་ཞེས་གསུངས་པ་ནི་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་མཁས་པས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ ཀྱིས་སོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཡོངས་སུ་བཟུང་བའི་ཕྱིར་ཤིན་ཏུ་ཡོངས་སུ་སྨིན་པ་དང་འདྲ་བའི་སེམས་ཀྱི་དད་པ་ལ་སོགས་པ་ཆུ་དང་འདྲ་བ་ཁུར་ཞིང་དེ་བར་མ་དོར་འབིགས་པར་མི་འགྱུར་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །མ་སྨས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ ལ་སྨས་པ་མེད་པའི་ཕྱིར་རོ། །མ་སྣད་པ་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཀྱི་ཡུལ་དད་པ་དང་བརྩོན་འགྲུས་ལ་སོགས་པ་མ་སྣད་པའི་ཕྱིར་རོ། །ཡང་ཤིན་ཏུ་བརྟན་པའི་དོན་དུ་རྣམ་པ་གཞན་གྱིས་གྲུའི་དཔེ་གསུངས་པ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། ཤིན་ཏུ་གསལ་བ་ཡང་གྲུ་ཆག་ པར་དོགས་པའི་རྒྱུ་རྣམས་མ་རྟོགས་པའི་ཕྱིར་འཆལ་བའི་ཤེས་རབ་ཅན་ཞེས་བྱ་བའོ། །ཆག་པར་དོགས་པའི་རྒྱུ་རྣམས་དེ་ཉིད་གསུངས་པ་ནི་མིག་ཚགས་མ་བྱས་ཤིང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདིར་དོགས་པ་རྣམ་པ་གཉིས་ཏེ། རྩ་བ་ཉམས་པའི་དོགས་པ་དང་ འབྲས་བུ་ཉམས་པའི་དོགས་པའོ། །དེ་ལ་རྩ་བ་ཉམས་པའི་དོགས་པ་གསུངས་པ་ནི་དེའི་རྫས་ཀྱང་གཞན་དུ་འགྱུར་ལ་ཞེས་བྱ་བ་སྟེ། འབྲས་བུ་ཉམས་པར་དོགས་པ་གསུངས་པ་ནི་ཆེན་པོ་ལ་སོགས་པ་སྟེ། དོན་ཆེན་པོ་ལས་ཞེས་བྱ་བ་ནི་ཡང་དག་པའི་བྱང་ཆུབ་ལ་དམིགས་པའི་དད་པ་ལ་ སོགས་པ་རྣམས་ལས་སོ། །གཞན་གྱི་དོན་ཆེན་པོའི་རིན་པོ་ཆེའི་ཕུང་པོ་ལས་ཞེས་བྱ་བ་ནི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་ལས་སོ། །མིག་ཚགས་བྱ་བ་ལེགས་པར་བྱས་ནས་ཞེས་བྱ་བ་སྟེ། མིག་ཚགས་བྱས་པ་ཡང་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཡང་མིག་ ཚགས་བྱས་པར་འགྱུར་བའོ། །ལེགས་པར་བཤམས་ཤིང་ཞེས་བྱ་བ་ནི་ཚང་བ་ཉིད་ཀྱིས་བྱ་བ་ཐམས་ཅད་ཀྱི་སྦྱར་བར་བྱས་ཏེ་མཐུན་པ་ནི་རྗེས་སུ་མཐུན་པའོ། །དེའི་ཕྱིར་དེ་བཞོན་པ་ཞེས་རིག་པར་བྱའོ། །བཞོན་པ་ཞེས་བྱ་བ་ནི་བཞོན་པའི་སྣོད་དོ། །ཡང་བསྟན་པར་བྱ་བའི་ཕྱིར་དཔེ་ གཞན་གསུངས་པ་ནི་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྒན་པོ་ཞེས་བྱ་བ་ནི་འཁོགས་པའི་ལུས་ཡིན་པའི་ཕྱིར་རོ། །རྒས་པ་ནི་ན་སོ་མང་བའི་ཕྱིར་རོ། །འཁོགས་པར་གྱུར་པ་ནི་ན་སོ་མང་བ་ཉིད་ཀྱིས་དྲན་པ་ལ་སོགས་པ་ཡོངས་སུ་ཉམས་པའོ། །ལོ་བརྒྱ་ཉི་ཤུ་ལོན་པ་ ནི་དེ་ལོ་བརྒྱ་ཉི་ཤུའི་ཚད་འདི་ལ་ཡོད་པས་ན་ལོ་བརྒྱ་ཉི་ཤུ་པ་སྟེ། བརྒྱ་ལས་ཐ་ནའོ། །སྐྱེས་ནས་ཞེས་བྱ་བ་ནི་སྐྱེ་བས་ཞེས་བྱ་བའི་དོན་ཏོ། །འདི་ལ་སྐྱེ་བ་ལ་ལོ་འདི་ཙམ་སོང་བ་ཞེས་བྱ་བའི་བསྡུས་པའི་དོན་ནོ། །མ་བརྟེན་པར་ཁྲི་ལས་ལྡང་ནུས་སམ་ཞེས་བྱ་བ་ནི་གཞན་གྱིས་ཡོངས་སུ་མ་བཟུང་ བའོ། །ཁྲི་ནི་ཉལ་ཁྲིའོ། །འགྲོ་བ་ནི་འགྲོ་བའི་དོན་དུའོ། །བཅོམ་པ་ནི་ཟད་པའོ། །གང་དུ་ཞེས་བྱ་བ་ནི་ཕྱོགས་གང་ལའོ། །ཇི་སྲིད་ཅེས་བྱ་བ་ནི་རིང་པོ་ཇི་སྲིད་དོ། །གནས་དེར་ཞེས་བྱ་བ་ནི་གྲོང་ཁྱེར་དེར་ཞེས་བྱ་བ་ལའོ། །དཔེ་ཉིད་ནི་དཔེ་སྟེ་རྒྱ་མཚོའི་གྲུ་ལ་ སོགས་པའོ། །དེའི་མཐའ་ཅན་གྱི་ལེའུ་སྟེ་དཔེའི་ལེའུ་ལས་ལེའུ་བཅུ་བཞི་པའོ།། །།དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པ་དག་གིས་རྣམ་པར་བྲལ་བ་ཐེག་པ་གཉིས་ལས་ལྟུང་ངོ་། །མ་བྲལ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ འཚང་རྒྱ་བར་འགྱུར་རོ་ཞེས་དེ་ལྟར་རབ་ཏུ་བསྟན་པ་ལ་གནས་བརྟན་རབ་འབྱོར་འོ་ན་དེ་ལྟར་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་ལས་དང་པོ་པ་ལ་གཏམ་གང་ཡིན་ཞེས་འདྲི་བར་བྱེད་པ་ནི་ལས་དང་པོ་པས་ཞེས་བྱ་བ་ལ་སོགས་པ་སྟེ། གནས་པར་བགྱི་ཞེས་བྱ་བ་ནི་བསྒྲུབ་པ་ལས་ སོ། །བསླབ་པར་བགྱི་ཞེས་བྱ་བ་ནི་ཡོངས་སུ་ཤེས་པ་ལས་སོ། །དེ་ནས་བཅོམ་ལྡན་འདས་ལས་དང་པོ་ལ་ཅི་ནས་ཀྱང་དགེ་བའི་བཤེས་གཉེན་གྱིས་དགོངས་པ་དེའི་ཕྱིར་དགེ་བའི་བཤེས་གཉེན་རྣམས་བསྙེན་པར་བྱའོ་ཞེས་བསྟན་པར་མཛད་པ་ནི། རབ་འབྱོར་འདི་ལ་ཞེས་བྱ་བ་ལ་སོགས་ པ་སྟེ། བསྙེན་པར་བྱ་བ་ནི་ཡོངས་སུ་མི་འདོར་བ་ལས་སོ། །བསྟེན་པར་བྱ་ཞེས་བྱ་བ་ནི་ཆོས་སྟོན་པའི་དུས་སུ་ཡོངས་སུ་མི་འདོར་བ་ལས་སོ། །བསྙེན་བཀུར་བྱ་ཞེས་བྱ་བ་ནི་བསྟེན་པར་བྱ་བ་ལས་སོ། །དེ་རྣམས་ཀྱིས་ཅི་ཞིག་བྱ་ཞེ་ན། གསུངས་པ་ནི་གང་དག་འདི་ལ་ཞེས་ བྱ་བ་སྟེ། འདོམས་ཤིང་ཞེས་བྱ་བ་ནི་སྒྲུབ་པ་ལ་འཇུག་པའི་དོན་དུའོ། །རྗེས་སུ་སྟོན་པར་འགྱུར་བ་ནི་སྒྲུབ་པ་རྣམ་པར་སྦྱར་བའི་དོན་དུའོ། །གདམས་ངག་གི་རང་གི་ངོ་བོ་གསུངས་པ་ནི་གང་དག་ཅེས་བྱ་བ་ལ་སོགས་པ་སྟེ། སླར་འདི་དགེ་བའི་བཤེས་གཉེན་རྣམས་གང་ཡིན་ཞེས་དེའི་ ཕྱིར་གསུངས་པ་ནི་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ནི་འདིའི་ཕྱིར་ཇི་ལྟར་དོན་ཉེ་བར་སྟོན་པར་བྱེད་ཅེས་གསུངས་པ་ནི་དེ་ལ་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྐད་དུ་རྣམ་པ་འདིས་སོ། །ཁྱོད་ཚུར་ཤོག་ཅེས་བྱ་བ་ལ་སོགས་པ་ནས་འདོད་པར་མ་བྱེད་ཅིག་ཅེས་བྱ་བའི་བར་ གྱིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་འདི་ནི་རྣམ་པ་བཞི་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་དང་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པ་དང་། མཚན་མ་མཆོག་ཏུ་མི་འཛིན་པ་དང་། ས་གཞན་ལ་འདོད་པ་མི་བསྐྱེད་པ་ལས་སོ། །དང་པོ་གསུངས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཞེས་བྱ་བ་ནི་སྦྱོར་བའམ། མངོན་པར་བརྩོན་པའོ། །གཉིས་པ་གསུངས་པ་ནི་དེ་དག་ཐམས་ཅད་ཅེས་བྱ་བའོ། །གསུམ་པ་གསུངས་པ་ནི། གཟུགས་སུ་མ་སྙེམས་ཤིག་ཅེས་བྱ་བ་སྟེ། གཟུགས་ཀྱི་ངོ་བོས་རྣམ་པར་རྟོག་པའི་ལྟ་བས་ གཟུང་བར་མ་བྱེད་ཅིག །མི་སྙེམས་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་པའོ། །ཡོངས་སུ་སྦྱོང་བ་ནི་གོམས་པའོ། །བཞི་པ་གསུངས་པ་ནི་རིགས་ཀྱི་བུ་ཁྱོད་གཟུགས་སུ་མ་སྙེམས་ཤིག །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ཉེ་བར་བསྡུ་བའོ། །ད་ནི་གནས་ བརྟན་རབ་འབྱོར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ཐམས་ཅད་ལ་རང་ལ་རག་ལས་པའི་མྱ་ངན་ལས་འདས་པ་མི་འདོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དོན་དུ་གཉེར་བར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་བགྱིད་ཅེས་གསུངས་པ་ནི། བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལ་གསོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་བུའི་ངོ་བོའི་སྦྱིན་པ་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའོ། །རང་དབང་དུ་གྱུར་པ་ལགས་ཀྱང་ཞེས་བྱ་བ་ནི་ལམ་ལ་ཤིན་ཏུ་གོམས་པའི་ཕྱིར་རོ། །འདིར་ནི་སྙིང་རྗེ་ ཉིད་མྱ་ངན་ལས་འདས་པ་ལ་ལྟུང་བ་ལ་འགེགས་པའི་རྒྱུ་ཞེས་གསུངས་པ་ནི་ཤིན་ཏུ་སྡུག་བསྔལ་བ་ཞེས་བྱ་བ་སྟེ། ད་ནི་བཅོམ་ལྡན་འདས་གནས་སྐབས་དེ་ཉིད་ཀྱིས་འཇིག་རྟེན་ལ་ཕན་པའི་ཕྱིར་དང་བདེ་བའི་ཕྱིར་དང་སྙིང་བརྩེ་བའི་ཕྱིར་དང་སྐྱོབ་པ་དང་སྐྱབས་དང་གནས་དང་དཔུང་གཉེན་དང་ གླིང་དང་སྣང་བ་དང་ཡོངས་སུ་འདྲེན་པ་དང་རྟེན་དུ་གྱུར་པར་བྱའོ་ཞེས་ཉེ་བར་བཀོད་ནས་བསྟན་པ་ལ་རྒྱས་པར་བྱེད་པ་ནི་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་སོ། །འགྲོ་བ་ལྔ་རྣམས་ལས་ཡོངས་སུ་འགྲོ་བར་བྱ་བ་མི་འཇིགས་པའི་གནས་ལ་རབ་ཏུ་གནས་པའི་བསམ་པས་ཕན་པའི་ཕྱིར་དང་ སྡུག་བསྔལ་རྣམས་ལས་སེམས་ཅན་གྲོལ་ཏེ་བདེ་བ་ལ་རབ་ཏུ་གནས་པའི་བསམ་པས་བདེ་བའི་ཕྱིར་དང་གཉི་ག་དག་གིས་འཇིག་རྟེན་ལ་བརྩེ་བའི་ཕྱིར་དང་འཇིག་རྟེན་ལ་བརྩེ་བ་དེ་ཉིད་གསུངས་པ་ནི་སྡུག་བསྔལ་རྣམས་ལས་ཡོངས་སུ་གྲོལ་བའི་དོན་དུ་ཆོས་སྟོན་པའི་ བསམ་པས་སྐྱོབ་པའོ། །སྡུག་བསྔལ་གྱིས་གདུངས་པའི་སྡུག་བསྔལ་རྣམས་ལས་ཡོངས་སུ་གྲོལ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་པའི་བསམ་པས་སྐྱབས་སོ། །སྦྱོར་བ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་པའི་བསམ་པས་གནས་སོ། །གཟུགས་ ལ་སོགས་པའི་ཆོས་རྣམས་ཀྱི་ཕ་རོལ་དུ་ཆོས་སྟོན་པའི་བསམ་པས་དཔུང་གཉེན་ནོ། །གླིང་བཞིན་དུ་ཡོངས་སུ་གཅོད་པའི་རྣམ་པའི་ཆོས་སྟོན་པའི་བསམ་པས་གླིང་རྣམས་སོ། །འཇིག་རྟེན་ལ་མི་ཤེས་པའི་མུན་པ་ཐམས་ཅད་རྣམ་པར་གཡོ་བས་སྣང་བའོ། །སེམས་ཅན་རྣམས་ལ་ སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པ་ལ་ཉེ་བར་འདྲེན་པར་བྱེད་པའི་ཆོས་སྟོན་པའི་བསམ་པས་ཡོངས་སུ་འདྲེན་པའོ། །ནམ་མཁའ་ལ་འགྲོ་བ་ཉིད་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རྟོགས་པའི་དོན་དུ་ཆོས་སྟོན་པ་ལས་རྟེན་དུ་འགྱུར་ཞེས་བྱ་བ་མདོར་བསྡུས་པའི་དོན་ནོ། །འཇིག་རྟེན་ པའི་སྐྱབས་སུ་འགྱུར་བར་བྱ་བ་ལ་སོགས་པ་རྣམས་ཀྱིས་མདོར་བསྟན་པའོ། །དེ་ལྟ་བུའི་ངོ་བོ་བརྩོན་འགྲུས་རྩོམ་ཞེས་བྱ་བ་དང་འགྲེལ་ཏོ། །མདོར་བསྟན་པ་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་དག་བརྒྱད་ཀྱིས་རྒྱས་པར་བཤད་པའོ། །དེ་དག་ལས་ཞེས་བྱ་བ་ནི་སྡུག་བསྔལ་དེ་རྣམས་ ལས་སོ། །འདི་ཞེས་བྱ་བ་ནི་འཇིག་རྟེན་ནོ། །འབད་པར་བྱེད་ལ་ཞེས་བྱ་བ་ནི་གོ་ཆ་བགོ་བའོ། །བརྩོན་འགྲུས་ཞེས་བྱ་བ་ནི་སྦྱོར་བའོ། །སྐྱེ་བ་ལ་སོགས་པ་ཉིད་ཆོས་ཏེ་དེ་དང་ལྡན་པས་སྐྱེ་བ་ལ་སོགས་པའི་ཆོས་ཅན་རྣམས་སོ། །སྔོན་གྱི་བཅོམ་ལྡན་འདས་མ་རྣམས་ལ་རྟེན་གྱི་ འགྲེས་ཀྱི་རྗེས་ལ་སྐྱོབ་པའི་འགྲེས་འདོན་པ་ཡིན་ནོ། །གང་ཞིག་འབྲེལ་བ་མེད་པ་དེ་ནི་སྦྱོར་བ་མེད་པ་ཞེས་བྱ་བ་སྟེ། འཁོར་བའི་གནས་སྐབས་སུ་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པ་གང་གི་ཚེ་གཅིག་ཏུ་གྱུར་པ་སོ་སོ་མ་ཡིན་པར་གྱུར་པ་འཇུག་པ་དེའི་ཚེ་དེ་རྣམས་ཀྱིས་ སོ་སོ་མ་ཡིན་པར་འཇུག་པར་སྦྱོར་བ་ཞེས་བརྗོད་དོ། །གང་གི་ཚེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་རྒྱུ་མཐུན་པའི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལ་སོགས་པའི་སྟོབས་ཀྱིས་རིམ་གྱིས་གནས་ཡོངས་སུ་བསྒྱུར་བ་གྱུར་པ་ལ་ཡོངས་སུ་གྲུབ་པ་ཀུན་བརྟགས་དང་གཞན་དབང་ དག་གིས་སོ་སོར་གྱུར་པ་ཤིན་ཏུ་དྲི་མ་དང་བྲལ་བ་རང་བཞིན་གྱིས་གནས་པར་འགྱུར་བ་དེའི་ཚེ་སྦྱོར་བ་མེད་པ་ཞེས་བརྗོད་པ་ཡིན་ནོ། །འབྲལ་བ་མེད་པ་དང་སྐྱེ་བ་མེད་པ་དང་འགག་པ་མེད་པ་རྣམས་ནི་འདི་ཉིད་ཀྱི་རྣམ་གྲངས་སོ། །མཇུག་སྡུད་པར་བྱེད་པ་ནི། དེ་ལྟར་ན་ཞེས་བྱ་བ་ལ་ སོགས་པ་སྟེ། ལམ་ཞེས་བྱ་བ་ནི་སྦྱར་བ་ལས་ཏེ། དེ་བས་ན་འདིས་གནས་ཡིན་པས་ན་གནས་ཏེ། དེ་སྟོན་པའི་ཕྱིར་གནས་སུ་འགྱུར་རོ། །རབ་འབྱོར་གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་སྟེ། དེ་བཞིན་ཉིད་ནི་གཟུགས་སུ་བྱེད་པའི་མཚན་ཉིད་སྤངས་ པའི་ཕྱིར་གཟུགས་ཀྱི་ཕ་རོལ་དུ་གྱུར་པ་ཡིན་ནོ། །དེ་བས་ན་གང་ཞིག་གཟུགས་ཀྱི་ཕ་རོལ་དུ་གྱུར་པའི་དེ་བཞིན་ཉིད་ནི་ཀུན་བརྟགས་ཀྱི་གཟུགས་ཀྱི་རང་བཞིན་དུ་མི་འགྱུར་ཞེས་བརྗོད་པ་ཡིན་ནོ། །རབ་འབྱོར་ཕ་རོལ་ཇི་ལྟ་བར་ཞེས་བྱ་བ་ནི་དེ་བཞིན་ཉིད་དོ། །གཟུགས་ཀྱང་ དེ་བཞིན་དེ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་སོ། །གཟུགས་ཀྱི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་ཕ་རོལ་ཞེས་བྱ་བ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཅེས་བྱ་བ་ནི་དེ་རྣམས་ལ་ཡང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དགོངས་ པའོ། །འོན་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བ་ཉིད་ནི་ཆོས་རྣམས་ཐམས་ཅད་འགྱུར་ཞེས་བྱ་བ་ལ་དགོངས་པ་གང་ཡིན། གལ་ཏེ་གཟུགས་ཇི་ལྟ་བར་དེ་ལྟར་ཆོས་རྣམས་ཐམས་ཅད་ཡིན་ན། འོ་ན་དེ་ལྟར་གཟུགས་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱང་ མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལྟར་ཤེས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །བཅོམ་ལྡན་འདས་འདི་ལ་རྣམ་པར་རྟོག་པ་གང་ཡང་མ་མཆིས་པའི་སླད་དུ་ཞེས་བྱ་བ་སྟེ། འདི་ལ་ཞེས་བྱ་བ་ནི་ གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་པའི་སླད་དུ་ཞེས་བྱ་བའོ། །གལ་ཏེ་གཟུགས་ཀྱི་ཕ་རོལ་དུ་གྱུར་པའི་དེ་བཞིན་ཉིད་ལ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་འགྱུར་ན་དེའི་ཚེ་གཟུགས་ཀྱི་རང་གི་ངོ་བོ་རྟོགས་པའི་ཕྱིར་ཆོས་ ཐམས་ཅད་ཀྱིས་རྟོགས་པར་མི་འགྱུར་གྱི་གཟུགས་རྟོགས་པ་ཙམ་དུ་འགྱུར་རོ། །གང་གི་ཕྱིར་གཟུགས་ཀྱི་ཕ་རོལ་ན་གཟུགས་ཀྱི་རྣམ་པར་རྟོག་པ་མེད་པ་སྟེ། དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་ཕྱིར་དེ་བས་ན་དེ་ཙམ་དུ་རྟོགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་རྟོགས་པ་གྲུབ་པ་ཡིན་ཞེས་བྱ་བའོ། ། བཅོམ་ལྡན་འདས་ནི་དེ་དེ་བཞིན་ཏེ་ཞེས་བྱ་བ་རྗེས་སུ་གནང་ནས། རབ་འབྱོར་འདི་ཡང་ཞེས་བྱ་བ་ལ་སོགས་པས་སྤོང་བར་མཛད་དེ། གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་ཕ་རོལ་རྟོགས་པར་འགྱུར་བ་རྣམ་པ་ཐམས་ཅད་དུ་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །ཇི་ལྟར་དེ་བཞིན་ གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་རང་གི་ངོ་བོ་ངེས་པར་སེམས་པ་ལ་ཡང་མངོན་དུ་བྱ་བ་མ་ཡིན་པ་ཞེས་བྱ་བ་དཀའ་བ་བྱེད་པ་སྟེ། སེམས་ཅན་གྱི་ཁམས་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །འོ་ན་ཇི་ལྟར་དེ་རྣམས་ཤེས་པ་ཡིན་ཞེ་ན། དེ་ལྟར་བདག་ཅག་གིས་མངོན་པར་རྫོགས་ པར་འཚང་རྒྱ་བ་ཞེས་བྱ་བ་ནི་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་བྱ་བའི་དགོངས་པའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །ཕ་རོལ་གྱི་སྒྲ་ལ་ནི་ཐུང་བ་ཉིད་དམ་ཕ་རོལ་པའི་རྣམ་གྲངས་ནི་གཞན་གྱི་སྒྲའོ། །དེའི་ཤེས་པ་ནི་ཤེས་པ་སྟེ་དེ་ཉིད་ལ་ཆོས་ཉིད་སྟོན་པའི་ཕྱིར་ དཔུང་གཉེན་དུ་འགྱུར་ཞེས་བྱ་བའོ། །གླིང་གི་རྣམ་པའི་ཆོས་སྟོན་པའི་ཕྱིར་གླིང་རྣམས་སོ། །ཆུས་ཡོངས་སུ་བསྐོར་བ་ཞེས་བྱ་བ་ནི་ཆུས་ཡོངས་སུ་སྟེ་ཐམས་ཅད་ནས་བསྐོར་བ་ནི་བཏང་བ་རྣམས་སོ། །ཆུའི་དབུས་ན་གནས་པ་ཐང་གི་ཚེ་ཞེས་བྱ་བའི་དོན་ཏོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ ཡོངས་སུ་ཆད་པའོ་ཞེས་བྱ་བ་ལ་གཟུགས་ནི་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་ཉིད་སྔོན་གྱི་མཐའ་ནམ་ཡང་དོན་དམ་པར་མི་འབྱུང་བའོ། །ཕྱི་མའི་མཐའ་ལ་ཡང་དོན་དམ་པར་ནམ་གྱི་ཚེ་ན་ཡང་འབྱུང་བར་མི་འགྱུར་ཏེ། དུས་ཐམས་ཅད་དུ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་ ཆད་པ་གང་ཡིན་པ་ཞེས་བྱ་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་གིས་ཡོངས་སུ་ཆད་པ་སྟེ། དུས་གསུམ་གྱིས་སྟོང་པའི་ཕྱིར་ཆོས་ཐམས་ཅད་ཀྱི་མི་དམིགས་པ་ཞེས་བྱ་བ་དོན་དམ་པའི་ངོ་བོ་ཉིད་དོ། །འདི་ནི་ཞི་བ་སྟེ་སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་རོ། །འདི་ནི་གྱ་ནོམ་པ་སྟེ་མི་ གཙང་བ་དང་ཉོན་མོངས་པ་ཉེ་བར་ཞི་བའི་ཕྱིར་རོ། །འདི་ནི་མྱ་ངན་ལས་འདས་པ་སྟེ་སྲིད་པ་གཞན་ཟད་པའི་ཕྱིར་རོ། །འདི་ནི་ཇི་ལྟ་བ་བཞིན་ཏེ་དོན་དམ་པ་ཡིན་པའི་ཕྱིར་རོ། །འདི་ནི་ཕྱིན་ཅི་མ་ལོག་པ་སྟེ་ཕྱིན་ཅི་ལོག་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ནི་གླིང་དང་ཆོས་མཐུན་པས་ གླིང་ངོ་། །གླིང་ནི་ཆོས་ཀྱི་དབྱིངས་སོ། །དེ་སྟོན་པས་གླིང་རྣམས་སུ་འགྱུར་རོ། །སྒོ་ངའི་ཕྱི་རོལ་གྱི་ཆ་ནི་སྦུབས་ཏེ་སྒོ་ང་ལས་སྐྱེས་པ་འདི་ལ་སྦུབས་བྱེད་པས་ན་སྦུབས་ཏེ། དེ་ཉིད་ནི་ལིང་ཏོག་སྟེ་གཡོགས་པར་བྱེད་པའོ། །མ་རིག་པ་ཉིད་ནི་སྒོ་ངའི་སྦུབས་ཀྱི་ལིང་ཏོག་སྟེ་དེས་ཡོངས་ སུ་ཁེབས་པ་ནི་འཛིན་པའོ། །ཇི་ལྟར་སྒོ་ངའི་སྦུབས་ཀྱི་ལིང་ཏོག་གིས་ཡོངས་སུ་ཁེབས་པའི་སྐྱེ་བོ་ལྷན་ཅིག་སྐྱེས་པའི་མུན་པ་ལ་ཞུགས་པ་བདེན་པའི་དོན་མཐོང་བར་མི་ནུས་པ་དེ་བཞིན་དུ་མ་རིག་པས་སེམས་ཅན་འདི་རྣམས་སོ། །མུན་པ་ནི་གཏི་མུག་སྟེ་དེས་ཟིལ་གྱིས་ ནོན་པ་ནི་ལོང་བར་བྱས་པའོ། །སྣང་བར་བྱེད་པ་ནི་སྣང་བར་བྱེད་པ་རྣམས་སོ། །ཁྱད་པར་དུ་བྱས་པའི་མུན་པ་ནི་མུན་པ་མུན་ནག་གོ། །སེལ་བར་བྱེད་པ་ནི་སེལ་བར་བྱེད་པའོ། །སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་བྱ་བ་ནི་བསྡུ་བ་ལ་གཉིས་པའི་བསྡུ་བའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཆོས་ ཉིད་དེ་དེས་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཕྱིར་ཆོས་སྟོན་པར་མཛད་པ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་མ་རིག་པ་དང་འདུ་བྱེད་ལ་སོགས་པ་རྣམས་སོ། །ཉན་ཐོས་ཀྱི་ཆོས་རྣམས་ནི་གང་ཟག་གི་བདག་མེད་པ་རབ་ཏུ་བསྒོམས་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་སོ། ། རང་སངས་རྒྱས་ཀྱི་ཆོས་རྣམས་ནི་དེ་རྣམས་ཉིད་དེ་གཞན་གྱིས་ཉེ་བར་བསྟན་པ་ལ་ལྟོས་པ་མེད་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི་བྱང་ཆུབ་ཀྱི་སེམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་བཅུ་ལ་སོགས་པ་རྣམས་ སོ། །དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཕྱིར་ཆོས་བསྟན་པས་ཡོངས་སུ་འདྲེན་པའོ། །ཡོངས་སུ་ལས་ཁྲིད་པར་བྱེད་པ་སྟེ། དོན་དམ་པ་རྟོགས་པར་བྱེད་པའོ། །གཟུགས་ནི་ནམ་མཁའི་རྟེན་ཅན་ནོ་ཞེས་བྱ་བ་ནི་ ནམ་མཁའ་བཞིན་དུ་གོས་པ་མེད་པར་འགྱུར་བ་མེད་པ་དོན་དམ་པའི་གཟུགས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ནམ་མཁའ་དང་མཚུངས་པ་ཡོད་བཞིན་དུ་ཆོས་ཐམས་ཅད་འགྲོ་བ་མེད་པ་འོང་བ་མེད་པའོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་རྣམ་པར་མི་རྟོག་པའི་དུས་ན་གང་ནས་ ཀྱང་འོང་བ་མེད་པ་རྣམ་པར་རྟོག་པའི་དུས་ན་གང་དུ་ཡང་འགྲོ་བ་མེད་པའོ། །ནམ་མཁའ་དང་མཚུངས་པ་ཅིའི་ཕྱིར་ཞེས་གསུངས་པ་ནི། ཇི་ལྟར་ནམ་མཁའ་མ་བྱས་པ་སྟེ་མི་བསྐྱོད་པའི་ཕྱིར་རོ། །རྣམ་པར་མི་འགྱུར་བ་ནི་གནས་སྐབས་གཞན་ནི་མ་བསྐྱེད་པའི་ཕྱིར་རོ། །མངོན་ པར་འདུས་མ་བྱས་པ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་སོ། །ཁྱད་པར་མ་བྱས་པ་ཉིད་ཀྱིས་གནས་པ་བསྐྱེད་ནས་འཇུག་པའི་ཕྱིར་རོ། །ཡང་དག་པར་གནས་པ་ཞེས་བྱ་བ་ནི་ཡང་དག་པར་དེ་ལ་གནས་པའི་ཕྱིར་རོ། །རྣམ་པར་གནས་པ་ནི་འགའ་ཞིག་ཉིད་དུ་གནས་པའི་ཕྱིར་རོ། །འདི་རྣམས་བཟློག་ པས་མི་གནས་པ་ཡང་དག་པར་མི་གནས་པ་རྣམ་པར་མི་གནས་པའོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་འགྲོ་བ་མེད་པ་ལ་སོགས་པ་སྟེ། འགའ་ཞིག་ཏུ་འོང་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་འགྲེས་འདོན་པ་མ་ཡིན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ རྟེན་ཅན་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་དག་རྟེན་དེ་ལས་མི་འདའོ་ཞེས་བྱ་བ་ནི་ཆོས་དེ་རྣམས་ངོ་བོ་ཉིད་དེ་འདོར་བ་མ་ཡིན་ནོ། །ཁྱད་པར་གྱི་གནས་སྐབས་ཐོབ་པར་བྱེད་པ་ནི་མངོན་པར་འདུ་བྱེད་པ་སྟེ། དེ་མེད་པས་མངོན་པར་འདུ་མི་བྱེད་པའི་རྟེན་ཅན་ནོ། །སྐྱེ་བ་མེད་ པའི་ཕྱིར་མི་སྐྱེ་བའི་རྟེན་ཅན་ནོ། །རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་མི་སྐྱེད་པའི་ཕྱིར་འབྱུང་བ་མེད་པའི་རྟེན་ཅན་ནོ། །དངོས་པོ་མེད་པའི་ཐ་སྙད་ཀྱི་རྒྱུ་རང་བཞིན་མེད་པའི་ཕྱིར་དངོས་པོ་མེད་པའི་རྟེན་ཅན་ནོ། །རྨི་ལམ་གྱི་རྟེན་ཅན་ནི་ཚད་མ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་ཕྱིར་མུ་མེད་པའི་ རྟེན་ཅན་ནོ། །ཞི་བའི་རྟེན་ཅན་ནི་དངོས་པོ་ལས་ཉོན་མོངས་པ་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་རྟེན་ཅན་ནི་རང་བཞིན་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་དང་སྤྲོས་པ་རྣམས་མྱ་ངན་ལས་འདས་པའི་ཕྱིར་རོ། །འབྱུང་བ་མེད་པའི་རྟེན་ཅན་ནི་དེ་ཁོ་ན་ཉིད་དུ་མེད་པར་སྒྲོ་ འདོགས་པ་མེད་པའི་ཕྱིར་རོ། །འོང་བ་མེད་པ་ནི་གང་ནས་ཀྱང་འོང་བ་མེད་པའོ། །འགྲོ་བ་མེད་པ་ནི་གང་དུ་ཡང་འགྲོ་བ་མེད་པའོ། །འོང་བ་དང་འགྲོ་བ་དག་མེད་པའི་ཕྱིར་རྟེན་ཏེ། རྣམ་པ་ཐམས་ཅད་དུ་རབ་ཏུ་ཞི་བ་དེའི་ཕྱིར་རབ་ཏུ་ཞི་བའི་རྟེན་ཅན་ནོ། །གང་གི་ཕྱིར་ནམ་མཁའ་ དང་བརྟེན་པ་ཉིད་ཀྱིས་ཟབ་པའི་ཆོས་རྣམས་གསལ་བར་བྱེད་པ་དེ་བས་ན་ཐམས་ཅད་ཀྱི་ལྷག་པར་མོས་པ་མི་སྲིད་ཅིང་འདྲི་བར་བྱེད་པ་ནི་བཅོམ་ལྡན་འདས་འདི་སུ་དག་གིས་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཞེས་བྱ་བས་སོ། །ལྷག་པར་མོས་པ་ལ་རྒྱུ་རྣམ་པ་ གཉིས་ཏེ། སྔོན་གྱི་སྤྱོད་པ་དང་རྟེན་གྱི་ཁྱད་པར་རོ། །དེ་ལ་སྔོན་གྱི་སྤྱོད་པ་གསུངས་པ་ནི། སྤྱད་པར་གྱུར་པ་ནི་སྤྱད་པར་འགྱུར་བས་ན་སྤྱད་པར་གྱུར་པའོ། །འདོན་པ་ལ་ཡང་སྤྱོད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྲུང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་གཉིས་པ་ནི་རྟེན་ གྱི་ཁྱད་པར་ཏེ། སྔོན་གྱི་སངས་རྒྱས་རྣམས་ཏེ། དེ་གསུངས་པ་ནི་སྔོན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་གཉིས་ཀྱིས་ཡང་དགེ་བའི་རྩ་བ་ཡོངས་སུ་སྨིན་པའོ། །བཅོམ་ལྡན་འདས་མ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་ཏེ། དེ་ལ་རང་བཞིན་གཞན་རྣམས་ཀྱི་ཡང་ལྷག་པར་ མོས་པ་མི་སྲིད་ཅིང་འདྲི་བར་བྱེད་པ་ནི་ངོ་བོ་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་སྟེ། འདུལ་བ་ལས་བྱུང་བ་དབེན་པའི་རང་བཞིན་ཅན་ནོ། །འདུལ་བ་ནི་གསལ་བ་སྟེ། འོས་པའི་ཕྱིར་འདུལ་བ་ལས་བྱུང་བ་སྟེ། འདོད་ཆགས་པའི་ཉོན་མོངས་པ་རྣམས་སོ། །དེ་རྣམས་ཀྱི་རང་ བཞིན་ཉིད་ཀྱིས་མེད་པའི་ཕྱིར་དེ་རྣམས་ཀྱིས་དབེན་པའི་རང་བཞིན་འདི་རྣམས་ལ་ཡོད་པ་དེ་བས་ན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །རྟེན་དེ་དག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ནི་གང་ཞིག་འདི་ནམ་མཁའ་ལ་འགྲོ་བ་སྐྱེ་བ་ལ་སོགས་པ་རྣལ་འབྱོར་གྱི་རབ་ཏུ་དབྱེ་བ་ གསུངས་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ལ་ཁྱད་པར་གསུངས་པ་ནི་དཀའ་བ་བགྱིད་པ་ལགས་སོ་ཞེས་བྱ་བ་ལ་སོགས་པས་སོ། །བཅོམ་ལྡན་འདས་དེ་དེ་བཞིན་ཏེ་ཞེས་རྗེས་སུ་གནང་ནས་ཁྱད་པར་གསུངས་པ་ནི། རབ་འབྱོར་ ཡང་ཞེས་བྱ་བ་ལ་སོགས་པས་སོ། །གཞལ་དུ་མེད་པའི་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་དོན་ཉིད་ཀྱིས་སྙིང་རྗེ་ཡོངས་སུ་བསྒོམས་པའི་གོ་ཆར་འགྱུར་རོ། །ཤེས་རབ་ཡོངས་སུ་བསྒོམས་པ་མེད་པར་དེ་ཙམ་ཉིད་ཀྱིས་དགའ་བ་སྤྱོད་པ་སྤྱད་པ་ཉིད་མ་ཡིན་ཞེས་བྱ་ བའི་དགོངས་པའོ། །གཟུགས་དང་འབྲེལ་པ་ཡང་མ་ཡིན་གཟུགས་ཀྱི་དོན་དུ་འབྲེལ་པ་ཡང་མ་ཡིན་ཞེས་བྱ་བ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ཤིན་ཏུ་མེད་པའི་ཕྱིར་གཟུགས་ལ་སོགས་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །ཆོས་དེ་རྣམས་ཐམས་ཅད་མཚན་མར་བྱས་ནས་གོ་ཆ་ འདི་ཡང་མ་ཡིན་ནོ། །འོན་ཀྱང་མཚན་མ་མེད་པར་བྱས་པ་ནི་གོ་ཆ་ཞེས་བྱ་བ་སྟོན་པར་བྱེད་དེ། གནས་གསུམ་པོ་ནི་སོ་སོར་འདོད་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་གཅིག་ཉིད་ཅེས་བྱ་བའི་དགོངས་པའོ། །དོན་གྱི་དབང་འདི་འདོད་པའི་དོན་ནོ། །དེ་ཡང་བཅོམ་ལྡན་འདས་ རང་ཉིད་ཀྱིས་གསུངས་པ་ནི་གནས་མེད་ཅིང་ཞེས་བྱ་བ་ལ་སོགས་པས་སོ། །སྔོན་གྱི་པོ་ཏི་རྣམས་ལ་གནས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་སོ། །གོ་ཆ་བགོས་པ་ཞེས་བྱ་བ་ཐ་མའི་འགྲེས་འདོན་པ་མ་ཡིན་ནོ། །འདོན་པ་འདི་ཉིད་ཀྱང་རིགས་པའི་ངོ་བོ་སྟེ། སྔོན་ གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་རྣམས་ཀྱིས་མི་འབྲེལ་བའི་གོ་ཆ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་གང་ཞིག །རབ་འབྱོར་གྱིས་གསོལ་པ། གནས་གསུམ་པོ་ནི་སོ་སོར་འདོད་པར་བྱ་བ་མ་ཡིན་ཏེ་ས་གསུམ་པོ་དེ་དང་མ་འབྲེལ་པའི་ཕྱིར་གོ་ཆའི་དགོངས་ པའོ། །དེ་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་འདྲི་བར་མཛད་པ་ནི། དོན་གྱི་དབང་ཞེས་བྱ་བ་སྟེ། དེ་ནས་འཕགས་པ་རབ་འབྱོར་ལ་རང་གི་དགོངས་པ་གསལ་བར་བྱེད་པ་ཟབ་པ་ཞེས་བྱ་བ་ལ་སོགས་པའི་ས་གསུམ་མོ། །དམིགས་པའི་སྦྱོར་བས་སོ་སོར་འདོད་ པར་བྱ་བ་མ་ཡིན་ནོ། །དོན་གསུམ་ལ་ཡང་སྒོམ་པ་པོ་མི་དམིགས་པ་ལ་སོགས་པའི་འཐད་པ་རྣམས་སོ། །ཅུང་ཟད་ཀྱང་མ་མཆིས་ཞེས་བྱ་བ་ནི་སྒོམ་པ་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་མི་དམིགས་པའི་ཕྱིར་རོ། །གང་དུ་ཡང་མ་མཆིས་ཞེས་བྱ་བ་ནི་གང་དུ་ཡང་ཆོས་མེད་པ་ ལ་ཡང་སྐལ་བ་མ་མཐོང་བའི་ཕྱིར་རོ། །དོན་གསུངས་པ་ལ་དེ་ཅིའི་ཕྱིར་ཞེས་བྱ་བའི་འདྲི་བའོ། །ཡོངས་སུ་གྲུབ་པ་མ་མཆིས་པའི་སླད་དུ་ཞེས་བྱ་བས་ལན་ནོ། །ཡོངས་སུ་གྲུབ་པ་ནི་དངོས་པོར་གྱུར་པའོ། །དེ་བས་ན་འདི་ནི་ནམ་མཁའ་སྒོམ་པ་སྟེ། ཆོས་ཐམས་ཅད་ཀྱི་དངོས་པོ་ མེད་པའི་སྒོམ་པ་སྟེ། སྟོང་པ་ཉིད་ཙམ་མཐོང་བའི་ཕྱིར་རོ། །ཆོས་ཐམས་ཅད་སྒོམ་པ་ཞེས་བྱ་བའི་འདོན་པ་ལ་ཡང་དོན་འདི་ཉིད་དེ་ཉིད་ཀྱི་ཕྱིར་འདི་ནི་མ་ཆགས་པའི་སྒོམ་པ་སྟེ། ཤིན་ཏུ་སྒོམ་པ་ཡང་ངོ་། །ཆོས་རྣམས་ཐམས་ཅད་ལ་མི་དམིགས་པའི་ཕྱིར་དང་ཐོགས་པ་ མེད་པའི་ཕྱིར་རོ། །ཆོས་རྣམས་མཐའ་ཡས་པ་ཉིད་ཀྱི་ཕྱིར་མེད་པའི་སྒོམ་པ་ནི་མེད་པའི་སྒོམ་པ་སྟེ། བཟུང་བ་མི་དམིགས་པའི་ཕྱིར་རོ། །ཡོངས་སུ་བཟུང་བ་མ་མཆིས་པའི་སྒོམ་པ་ནི་འཛིན་པ་མི་དམིགས་པའི་ཕྱིར་རོ། །འདིས་ནི་མཚན་མ་མེད་པ་ལ་གནས་པའི་ ས་གསུམ་ཡང་དམིགས་པའི་སྦྱོར་བས་སོ་སོར་འདོད་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཕྱོགས་སྔ་མ་ལ་ནི་རང་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་དོན་གྱི་དབང་ཅི་ཞིག་ཅེས་འདྲི་བའོ། །རང་ཉིད་ཀྱིས་གནས་པ་མེད་པ་ནི་འདིར་ལན་ནོ། །རབ་འབྱོར་གྱིས་ཡང་ཟབ་པ་ཞེས་ བྱ་བ་ལ་སོགས་པའི་ཚིག་ནི་གནས་སྐབས་མེད་པར་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལས་ཚད་མ་མེད་པའི་གནས་པ་ཉིད་ལས་རྒྱུ་གཞན་མེད་པས་ཀྱང་བརྟག་པར་བྱ་བ་ནི་སྦྱང་བར་བྱ་བའོ། །འགའ་ཞིག་ཏུ་འདི་ནི་ཕྱིར་མི་ལྡོག་པ་འོན་ཏེ་མ་ ཡིན་ཞེས་བྱ་བའི་འོག་ཏུ་སྤྱོད་པའི་མཚན་མ་སྟོན་པར་བྱེད་དེ། གང་དུ་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་པར་གྱུར་པ་ལ་དམིགས་པའི་སྦྱོར་བས་མངོན་པར་ཞེན་པ་མི་སྐྱེད་པའོ། །འགའ་ཞིག་ཏུ་ཡོངས་སུ་བརྗོད་པ་ཞེས་བྱ་བ་ནི་གཞན་དག་མུ་ སྟེགས་པ་རྣམས་ཀྱིས་གསལ་བ་ཡང་དག་པར་སྦས་ནས་སྨྲ་བ་ལ་སྨྲ་བའི་བསྟན་པའི་ཚིག་རྣམས་ལ་སྙིང་པོའི་འདུ་ཤེས་འདི་ལ་སྐྱེད་པ་མ་ཡིན་ནོ། །འགའ་ཞིག་ཏུ་ཟབ་པའི་ཆོས་ཐོས་པ་ལ་འདི་ཞུམ་པ་དང་སྐྲག་པ་ལ་སོགས་པ་འབྱུང་བ་མ་ཡིན་ནོ། །ཁ་ཅིག་ མངོན་པར་དགའ་བར་བྱས་ནས་ཉན་པ་པོར་འགྱུར་རོ། །ཡོན་ཏན་འདི་རྣམས་ཀྱིས་ཡང་དག་པར་ལྡན་པ་ཕྱིར་མི་ལྡོག་པར་འཛིན་པར་བྱའོ། །འདི་ཡང་སྔོན་གྱི་མངོན་པར་བརྩོན་པ་མེད་པར་གསུངས་པ་ནི་རིག་པར་བྱའོ་ཞེས་གསུངས་སོ། །གལ་ཏེ་ཡང་ཤིན་ཏུ་རིང་པོ་ནས་ཤིན་ཏུ་བྱ་ དཀའ་བ་རྒྱལ་སྲིད་དང་དཔུང་གཉེན་དང་བུ་དང་ཡན་ལག་དང་ཉིང་ལག་དང་། ལུས་གཏོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྤྱོད་པས་བསྐལ་བ་གྲངས་མེད་པ་གསུམ་གྱིས་ཡང་དག་པའི་བྱང་ཆུབ་ཐོབ་པར་བྱེད་པ་མངོན་པར་ཞེན་པ་ཡོངས་སུ་ཞེན་པ་སྤོང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་མངོན་པར་དགའ་བ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་ཆོས་ཐམས་ཅད་ལ་ཡང་མི་དམིགས་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱེད་ཅིང་དེ་ཉིད་དུས་རིང་པོ་ཅན་དཀའ་བ་སྤྱོད་པ་ཤིན་ཏུ་བདེ་བླག་ཏུ་བྱ་བ་སྟེ། དེ་བས་ཆོས་ཐམས་ཅད་མི་ དམིགས་པའི་སྤྱོད་པ་ཉིད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་གཙོ་བོར་བརྗོད་པ་ཡིན་ནོ། །དེ་བས་ན་དེ་ལ་སྤྱོད་ཅིང་ཕྱིར་མི་ལྡོག་པའི་འཛིན་པར་བྱའོ། །བཅོམ་ལྡན་འདས་རྣམ་པ་གང་གིས་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེ་བྲག་ཏུ་བརྟགས་པ་ལགས་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་ དུས་ལ་ལྷག་མཐོང་གི་བྱེ་བྲག་ཏུ་བརྟགས་པས་སོ། །ཐམས་ཅད་མཁྱེན་པ་ལ་གཞོལ་བའི་རྒྱུད་ཀྱིས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་རྟོགས་པར་བྱས་ཏེ། བྱེ་བྲག་དུ་བརྟག་པར་བྱ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཀྱིས་ཞེས་བྱ་བ་ནི་སེམས་ཀྱི་རྒྱུན་གྱིས་སོ། །ཐམས་ཅད་ མཁྱེན་པ་ཉིད་ལ་གཞོལ་བ་ཉིད་ཇི་ལྟར་གསུངས་པ་ནི་ནམ་མཁའ་ལ་གཞོལ་བ་ཉིད་ཀྱིས་ཞེས་བྱ་བ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ལ་ནམ་མཁའ་དང་མཚུངས་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ་མངོན་པར་རྟོགས་པའི་དུས་ལ་ཆོས་རྣམས་ཁ་ཅིག་ནི་སྣང་བར་འགྲོ་བ་མ་ཡིན་ ཏེ་མེད་པའི་ཕྱིར་རོ། །དེ་རྣམས་ཀྱི་དེ་བཞིན་ཉིད་ནི་མངོན་པར་རྟོགས་པར་འགྱུར་བ་ཡིན་ལ་དེ་བཞིན་ཉིད་དེ་ཡང་ནམ་མཁའ་དང་འདྲ་བའོ། །གཞོལ་བ་དང་འབབ་པ་དང་ཕྱོགས་པ་ཞེས་བྱ་བ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབང་གིས་ཚིག་རྣམ་པ་གསུམ་མོ། །དེ་ནི་བྱེ་བྲག་ཏུ་བརྟགས་པ་ཞེས་ བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ལྷག་མའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེའི་ནམ་མཁའ་དང་མཚུངས་པ་ཉིད་དོ། །གཞལ་དུ་མེད་པ་ཞེས་བྱ་བ་ལ་སོགས་པས་ལན་ནོ། །ཡུལ་དང་དུས་ལ་གཞལ་བར་བྱ་མི་ནུས་པའི་ཕྱིར་གཞལ་དུ་མེད་པའོ། །དེ་བཞིན་ཉིད་ནི་ ཚད་མ་དང་བྲལ་བའི་ཕྱིར་ཚད་མ་མེད་པའོ། །དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནས་ཇི་སྲིད་གང་དུ་ཡང་མི་གནས་ཞེས་བྱ་བའོ། །འདི་རྣམས་ཐམས་ཅད་ཡུལ་དང་དུས་ལ་མི་ཁྱབ་པ་ཉིད་ཀྱིས་ཚད་མ་དང་ལྡན་པའི་ཕྱིར་གཞལ་དུ་མེད་པ་ལ་དེའི་ངོ་བོ་དང་སྦྱོར་བའི་ཕྱིར་རོ། །དེ་ལ་ཐོབ་པ་ནི་རྟོགས་ པའི་སྐད་ཅིག་མ་དང་པོ་ལ་རུང་བ་ཉིད་སོ་སོར་རྟོགས་པའི་ངོ་བོ་རྟོགས་པར་བྱ་བའི་ཆོས་ཐམས་ཅད་ཀྱི་མངོན་པར་རྟོགས་པ་ནི་རང་གི་མཚན་ཉིད་རྣམས་ལའོ། །ཁོང་དུ་ཆུད་པ་ནི་ཆོས་གང་ཡང་རུང་བ་མངོན་དུ་བྱ་བའོ། །ལམ་ནི་མཐོང་བའི་ལམ་ལ་སོགས་པའོ། །ལམ་གྱི་འབྲས་ བུ་ནི་དེས་བསྒྲུབ་པར་བྱ་བ་ཉོན་མོངས་པ་སྤོང་བ་ལ་སོགས་པའོ། །ཡེ་ཤེས་ནི་སྤྱིའི་ངོ་བོ་ཡོངས་སུ་གཅོད་པའོ། །རྣམ་པར་ཤེས་པ་ནི་ཁྱད་པར་གྱི་ངོ་བོ་ཡོངས་སུ་གཅོད་པའོ། །སྐྱེ་བ་དང་འཇིག་པ་དག་ནི་ཇི་ལྟར་འཇིག་རྟེན་ལས་ངེས་པ་སྐད་ཅིག་མ་ཡིན་པའི་ཕྱོགས་ལ་ནི་སྐྱེ་བ་དང་འཇིག་ པ་དང་རྒྱུ་གཞན་གྱིས་བྱས་པའོ། །སྐད་ཅིག་མའི་ཕྱོགས་ལ་ནི་རང་གི་རྒྱུད་ཙམ་ལས་སྐྱེས་པའི་འགག་པ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པའོ། །སྒོམ་པ་ནི་ཡང་དང་ཡང་དུ་སེམས་ལ་ངེས་པར་ཞུགས་པའོ། །སྒོམ་པ་དང་བྲལ་བ་ནི་མངོན་པར་འདུས་མ་བྱས་པས་འབད་པའི་ཁྱད་པར་ཅན་ གྱི་སྒོམ་པའོ། །ཕྱོགས་ནི་ཡུལ་གྱི་ཁྱད་པར་རོ། །གཞན་དུ་ན་ཞེས་བྱ་བ་ནི་དེ་ཞེས་འཇུག་པ་ཡིན་ནོ། །སུས་ཀྱང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཏེ་དེ་རྣམས་ཀྱི་ཚད་མ་ཉིད་དང་ལྡན་པའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་བྱ་བ་རྣམ་ པར་འགྱུར་བ་བོང་བ་དང་གནས་པ་དང་ལྡན་པ་ཕྱོགས་གཅིག་པ་གཞལ་བར་བྱ་བ་ནི་བརྟགས་པའི་རྣམ་པར་འགྱུར་ན་དེ་ལྟར་ཡོད་པ་ན་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གང་གི་ཕྱིར་དེའི་རྣམ་པ་དང་ བྲལ་བ་ནམ་མཁའི་ཆོས་ཅན་དེ་བས་ན་དེ་གཟུགས་ལ་སོགས་པ་རྣམས་ཀྱིས་མངོན་པར་རྟོགས་པ་མ་ཡིན་ཏེ། དེ་རྣམས་མེད་པའི་ཕྱིར་རོ། །དེ་བཞིན་ཉིད་ནི་དེ་རྣམས་ཀྱི་ཐ་མི་དད་པའི་ངོ་བོ་མངོན་པར་རྟོགས་པ་ཡིན་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དྲི་བའོ། །ལན་ ནི་གཟུགས་ཉིད་ཅེས་བྱ་བ་སྟེ། གཟུགས་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་གཟུགས་སོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའོ། །ཀུན་བརྟགས་དང་གཞན་དབང་གིས་གཟུགས་ལ་སོགས་པ་རྣམས་ལ་མེད་པ་ཉིད་ཀྱིས་དེའི་ཚེ་ནུབ་པའི་ཕྱིར་ཡོངས་སུ་གྲུབ་པའི་གཟུགས་ལ་ སོགས་པ་ནམ་མཁའ་དང་མཉམ་པ་རྣམས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་དགོངས་པའོ། །དེ་ལྟར་ཟབ་པའི་ཆོས་ཐོས་པས་ལྷ་རྣམས། བཅོམ་ལྡན་འདས་ཟབ་པོ་ཞེས་བྱ་བ་ལ་སོགས་པས་མངོན་པར་བསྔགས་ནས་དེ་བཞིན་གཤེགས་པ་ལ་འདོད་པ་ཆུང་བ་ཉིད་ཀྱིས་ སླར་ཡང་ཟབ་པ་ཉིད་སྟོན་པར་བྱེད་ཅིང་ཞེས་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་ཟབ་པ་ནི་གཉིས་ཀྱིས་ཀུན་ཏུ་སྤྱོད་པ་མེད་པའི་ཕྱིར་རོ། །གཏིང་དཔག་དཀའ་བ་ནི་ཀུན་བརྟགས་དང་གཞན་དབང་དག་གིས་བསྒྲིབས་པའི་ཕྱིར་རོ། །བལྟ་བར་དཀའ་བ་ནི་འཇིག་རྟེན་པའི་བསྒོམ་པའི་ལམ་ གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །རྟོགས་པར་དཀའ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དག་ལ་ཡང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་མི་རྟོག་པའི་ཕྱིར་རོ། །བྱེད་འདོད་པ་མི་བྱེད་པ་ནི་བརྩོན་པ་ཆུང་བའོ། །གཞོལ་བར་མཛད་པ་ནི་མགུ་བར་བྱེད་པའོ། །གང་དུ་སུས་ཀྱང་ ཞེས་བྱ་བ་ལ་སོགས་པས་འདི་ཉིད་ལ་ལྷག་པའི་བྱ་བ་དགག་པའོ། །ནམ་མཁའ་ཟབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ལས་དགག་པའོ། །བདག་ཟབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་བྱེད་པ་པོ་དགག་པའོ། །ཆོས་ཐམས་ཅད་སྒྲིབ་པ་མེད་པ་ཉིད་ཀྱིས་ཟབ་པ་ཞེས་ བྱ་བ་ནི་འགའ་ཞིག་ཏུ་འདོན་པའོ། །ཆོས་ཐམས་ཅད་ཀྱི་ཐོབ་པར་བྱ་བ་དེ་རྣམས་འོང་བ་མེད་པ་ཉིད་ཀྱིས་ཟབ་པའོ། །ངོ་མཚར་ཏོ་ཞེས་བྱ་བ་ལ་ནི་སྔར་མ་མཐོང་བ་ཉིད་ཀྱི་ཕྱིར་རོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ལ་ཁྱད་པར་དང་ལྡན་པའི་ཕྱིར་རོ། །མི་ མཐུན་པ་ནི་བཟློག་པའོ། །ཅིའི་ཕྱིར་ཞེ་ན། མི་བཟུང་བའི་སླད་དུ་སྟེ་འདི་ནི་གཟུགས་སོ་ཞེས་མཚན་མར་བྱེད་པ་ནི་འཛིན་པ་སྟེ། དེ་ལས་གཞན་ནི་མི་འཛིན་པའོ། །བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་ཉེ་བར་མཚོན་པར་བྱེད་པའི་ལེའུ་ནི་ལྷའི་ལེའུ་སྟེ་ལེའུ་བཅྭ་ ལྔ་པའོ།། །།ད་ནི་གནས་བརྟན་རབ་འབྱོར་ཇི་ལྟར་མི་འཛིན་པའི་ཕྱིར་ཆོས་སྟོན་པར་བྱེད་པ་དེ་ལྟར་གསལ་བར་མཛད་པ་ནི་ཆོས་ཐམས་ཅད་དམིགས་སུ་མ་མཆིས་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། གཟུང་བར་ནུས་པའི་ཀུན་བརྟགས་དང་གཞན་དབང་གི་ངོ་བོའི་མི་ དམིགས་པ་ནི་སྟོང་པ་ཉིད་དེ། དེའི་མཚན་ཉིད་ཅན་གྱི་ཆོས་འདི་ཡིན་ལ་དེ་བས་ན་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་ཕྱིར་མི་དམིགས་པའི་ངོ་བོ་ཉིད་བསྟན་པར་བྱེད་པ་ནི། གང་ལ་ཡང་ཐོགས་པ་མ་མཆིས་ཞེས་བྱ་བ་སྟེ། གལ་ཏེ་ཉེ་བར་དམིགས་པའི་ངོ་ བོར་འགྱུར་ན་དེའི་ཚེ་ཆོས་རྣམས་ལ་ཕན་ཚུན་དུ་མཚན་ཉིད་མི་འདྲ་བའི་ཕྱིར་ཆོས་གཅིག་གཞན་དུ་ཐོགས་པར་འགྱུར་རོ། །དཔེར་ན་སྔོན་པོ་སེར་པོ་ལའོ། །སྟོང་པ་ཉིད་ཀྱི་མཚན་ཉིད་ལ་ཐམས་ཅད་དུ་ཡང་དག་པར་འབྱུང་བའི་ཕྱིར་གང་དུ་ཡང་ཐོགས་པ་མེད་པའོ། །འདིས་ ནི་ཆོས་རྣམས་ཐམས་ཅད་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་མེད་པར་གསུངས་པས་སོ། །ཀུན་བརྟགས་དང་གཞན་དབང་གི་ངོ་བོ་མེད་པའི་ཕྱིར་སྒྲོ་འདོགས་པའི་མཐའ་མེད་པའོ། །ཆོས་ཉིད་ཀྱི་ངོ་བོ་ལ་སྐུར་པ་མི་འདེབས་པའི་ཕྱིར་སྐུར་པ་འདེབས་པའི་མཐའ་མེད་ པའོ། །དེ་བས་ན་ཐོགས་པ་མེད་པའི་མཚན་ཉིད་དོ། །ཐམས་ཅད་དུ་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཁས་བླངས་པའི་ངོ་བོ་ཉིད་དོ། །འཐད་པ་གསུངས་པ་ནི། ནམ་མཁའ་དང་མཚུངས་པ་ཉིད་ཀྱིས་ཞེས་བྱ་བ་སྟེ། ཇི་ལྟར་ནམ་མཁའ་ཐམས་ཅད་ལ་རྗེས་སུ་འགྲོ་བ་གང་དུ་ཡང་ ཐོགས་པ་མེད་པའོ། །ཅིའི་ཕྱིར་མཉམ་པ་ཉིད་ཅེས་གསུངས་པ་ནི། ལམ་ཐམས་ཅད་མི་དམིགས་པའི་སླད་དུ་ཞེས་བྱ་བ་སྟེ། ལམ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེས་པ་དག་ལ་རབ་ཏུ་གནས་པར་གྱུར་པ་དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཅན་ གཟུགས་ལ་སོགས་པ་དང་རི་བོང་གི་རྭ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་མི་དམིགས་པ་ལས་སོ། །གལ་ཏེ་དངོས་པོའི་ངོ་བོར་འགྱུར་བ་ཡིན་ན་གཅིག་གཞན་དུ་ཐོགས་པར་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ལ་ཡང་ཅིའི་ཕྱིར་གཞན་དུ་རྗེས་སུ་འགྲོ་བའི་ནུས་པའོ། །གཉི་ གའི་ངོ་བོ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ནི་གང་དུ་ཡང་ཐོགས་པ་མེད་པའོ། །ཐོགས་པ་མ་མཆིས་པའི་མཚན་ཉིད་ནི་མཚུངས་པ་མེད་པའི་ངོ་བོ་ཉིད་དོ། །གཉིས་སུ་མ་མཆིས་པའི་སླད་དུ་ནི་འདྲ་བ་མེད་པའི་ཕྱིར་རོ། །གནོད་པར་བྱེད་པའི་མཚན་ཉིད་འདི་ལ་ཡོད་པས་ན་དོ་ཟླའི་མཚན་ ཉིད་དོ། །དེ་མེད་པས་ན་དོ་ཟླ་མ་མཆིས་པའི་མཚན་ཉིད་དོ། །མངོན་པར་གྲུབ་པ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི། འགལ་བ་ཅན་དང་བྲལ་བའི་ཕྱིར་རོ། །གནས་ནི་རབ་ཏུ་གནས་པ་སྟེ། བདེ་འགྲོ་དང་ངན་འགྲོ་དང་མྱ་ངན་ལས་འདས་པ་རྣམས་སོ། །དེ་མེད་པས་ན་གནས་ མེད་པའོ། །མངོན་པར་གྲུབ་པ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་མངོན་པར་གྲུབ་པ་མ་མཆིས་པ་ལ་གང་དུ་ཡང་རབ་ཏུ་གནས་པ་མེད་པའོ། །ཅིའི་ཕྱིར་མངོན་པར་མ་གྲུབ་པ་ཞེ་ན་གང་གི་ཕྱིར་སྐྱེ་བ་མེད་པ་ནི་སྐྱེ་བ་དང་བྲལ་བའོ། །ཅིའི་ཕྱིར་སྐྱེ་བ་མེད་པ་ཞེ་ན། སྐྱེ་བ་ཐམས་ཅད་ལ་མི་འཐད་ པ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ། གལ་ཏེ་སྐྱེ་བ་ཞེས་བྱ་བ་ནི་ཆོས་ཡིན་པར་གྱུར་ན་དེ་རང་ལས་ཡིན་པར་འགྱུར་རམ་འོན་ཏེ་གཞན་ལས་ཡིན་པར་གྱུར་རམ། གཉི་ག་ལས་ཡིན་པར་འགྱུར་རམ། རྒྱུ་མེད་པ་ལས་ཡིན་པར་འགྱུར་ཞེས་བྱ་བའི་བརྟག་པ་བཞིའོ། །དེ་ལ་རང་ལས་ སྐྱེ་བ་ནི་མི་རིགས་ཏེ་དེའི་ཚེ་ཆོས་མི་སྐྱེད་པའི་ཕྱིར་རོ། །མེད་པའི་བདག་ཉིད་ལ་སྐྱེ་བའི་རྒྱུ་མི་རིགས་པའི་ཕྱིར་རོ། །གལ་ཏེ་ཡང་སྐྱེ་བའི་སྔ་རོལ་ཉིད་དུ་ཆོས་ཡོད་པར་གྱུར་ན། དེ་ནི་མི་རིགས་ཏེ་ཡོད་པ་ལ་སླར་སྐྱེ་བ་མི་རིགས་པའི་ཕྱིར་རོ། །ཡོད་པ་ལ་སྐྱེ་བ་ལྟོས་པར་གྱུར་པ་ལ་ དུས་ཐམས་ཅད་དུ་སྐྱེ་བར་འགྱུར་རོ། །ནམ་ཡང་སྐྱེ་བ་མེད་པ་ནི་མ་ཡིན་ནོ། །དེ་བས་ན་རང་ལས་སྐྱེ་བ་རིག་པ་མ་ཡིན་ནོ། །གཞན་ལས་ཀྱང་སྐྱེ་བ་མི་རིགས་ཏེ་གལ་ཏེ་གཞན་ལས་གཞན་དག་སྐྱེ་བར་འགྱུར་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ། །འདི་ནི་ཡོད་པར་འགྱུར་བ་ ཡིན་ཏེ་གཞན་ཡང་དེ་བྱེད་དེ། གང་དུ་རྒྱུ་དེ་ནུས་པ་ཡང་འབྲས་བུ་མཐོང་བའི་ཕྱིར་རྟོགས་པ་ཡིན