Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 20 / 20 (50.000 ký tự/trang)
ེས་པའི་རང་བཞིན་འདི་རང་བཞིན་གྱིས་གཉིས་མེད་པའི་རྟོགས་པ་ཡིན་པར་བརྗོད་པ་དེ་ལྟ་ན་ཡང་གཟུང་བ་དང་འཛིན་པར་ཕྱིན་ཅི་ལོག་གིས་རབ་ཏུ་བསྒྲིབས་པའི་
ཕྱིར་བྱིས་པ་ལ་སོགས་པའི་ཤེས་པ་རྣམས་ཀྱིས་མི་ཤེས་ཀྱི་འོན་ཀྱང་ཐམས་ཅད་ཀྱི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་པ་ཡིན་ཏེ། དྲི་མ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན་ནི་འོ་ན་ཐམས་ཅད་ཀྱི་ཚེ་མ་རིག་པས་བཅིངས་པའི་ཕྱིར་ན་དེ་ལ་དྲི་མ་
མེད་པ་གཏན་མི་སྲིད་པར་འགྱུར་རོ་སྙམ་དུ་དོགས་ན། བརྗོད་པ་ནི། འབྲས་བུ་རྨི་ལམ་བཞིན་དུ་སྤོང་། །ཞེས་བྱ་བའོ། །རང་བཞིན་གྱིས་རྣམ་པར་བྱང་བའི་ཤེས་པ་གང་གི་ཡིན་པ་འདི་ནི་གལ་ཏེ་ཡང་མ་རིག་པས་བདག་ཏུ་བྱས་པ་ཡིན་པ་དེ་ལྟ་ན་ཡང་ཐོས་པ་
དང་བསམ་པ་ལ་སོགས་པའི་མཚན་ཉིད་ཀྱིས་ཤེས་རབ་ལྷན་ཅིག་ཕྱེད་པ་རྙེད་ནས་མི་བདེན་པའི་དོན་སྟོན་པར་བྱེད་པའི་མཚན་ཉིད་ཅན་གྱི་འབྲས་བུ་སྤོང་བར་བྱེད་དོ། །དཔེར་ན་རྨི་ལམ་ནི་འབྲས་བུ་མི་བདེན་པའི་དོན་གསལ་བར་བྱེད་པའི་རང་བཞིན་ཅན་སད་
པའི་གནས་སྐབས་ཀྱི་རྐྱེན་དང་ཕྲད་ནས་སྤོང་བར་བྱེད་པ་དེ་བཞིན་དུ་འདིའི་ཡང་ཡིན་ནོ། །གང་གི་ཕྱིར་འདི་རིགས་པ་ཡིན་པ་དེའི་ཕྱིར་ན། གཉིས་མེད་གཞན་དུ་སྣང་བ་ཅན། །ཞེས་བྱ་བ་ལ་སོགས་པའོ། །གཉིས་མེད་པའི་ཤེས་པ་གཞན་དུ་སྣང་བ་སྟེ།

ཕྱིན་ཅི་ལོག་གི་རང་བཞིན་གཉིས་སུ་གསལ་བར་གྱུར་པ་ན་འབྲས་བུ་ལ་ཡང་སྟེ། འབྲས་བུའི་ཡུལ་ལ་སྟེ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི་འབྲས་བུ་ལ་རྒོལ་བ་གང་དག་སྐུར་པ་འདེབས་ཤིང་འགོག་པར་བྱེད་པ་གང་དག་ཡིན་པའི་རྒོལ་བ་སྐུར་པ་འདེབས་པར་བྱེད་པ་རྣམས་ཀྱི་
སྐུར་པའི་རྣམ་པར་རྟོག་པ་གང་དག་ཡིན་པ་སྐུར་པའི་རྣམ་པར་རྟོག་པར་བྱེད་པ་དེ་དག་ལ་སྐུར་པ་བྱེད་པ་སྟོང་པ་ཉིད་ཀྱིས་ནི་སྟོང་པ་མ་ཡིན་ནོ་ཞེས་བྱ་བ་འདིའི་མཇུག་བསྡུ་བའི་ཚུལ་གྱིས་བརྗོད་དོ། །གཟུགས་ཉིད་སྟོང་པ་ཉིད་མ་ཡིན་ནོ་ཞེས་གཅིག་པ་ཉིད་ཀྱི་རྣམ་པར་རྟོག་པ་རབ་ཏུ་
སྤྱོད་པ་གང་ཡིན་པ་གཅིག་པ་ཉིད་ཀྱི་རྣམ་པར་རྟོག་པ་འདི་ལ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་གྱི་ངག་འདི་དེར་སྦྱར་བས་གཅིག་པ་ཉིད་ཀྱི་རྣམ་པར་རྟོག་པ་འགོག་པའི་ངག་བསྟན་པར་བྱེད་པས་བརྗོད་པ་ནི་ཕན་
ཚུན་དུ་ནི་འགལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཟུགས་ནི་སྟོང་པ་ཉིད་ཡིན་པར་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕན་ཚུན་དུ་ནི་འགལ་བའི་ཕྱིར་ཏེ། སྟོང་པ་ཉིད་དང་གཟུགས་དག་ཕན་ཚུན་གནོད་པའི་ཕྱིར། ཇི་ལྟར་འགལ་ཞེ་ན། གང་གི་ཕྱིར་སྟོང་པ་ཉིད་རང་
བཞིན་མེད་པ་ཉིད་ལ་སྟེ། ནམ་མཁའི་པདྨོ་ལྟར་ངོ་བོ་མེད་པ་ཡིན་ཞིང་ངོ་། །ངོ་བོ་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །ངོ་བོ་མེད་པ་ཁོ་ན་ཡིན་ཞིང་ཞེས་བྱ་བའི་དོན་ཏོ། །གཟུགས་ནི་རྣམ་པ་དང་འབྲེལ་པ་ཞེས་བྱ་བ་ནི་གཟུགས་ནི་དཀར་པོ་དང་སྔོན་པོ་ལ་སོགས་པའི་རྣམ་པ་དང་
ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་མེད་པ་དང་ཡོད་པ་དག་ལ་འགལ་བ་ཡིན་པ་དེས་ན་གཅིག་ཏུ་རྣམ་པར་རྟོག་པ་སྟེ། དེས་ནའི་སྒྲ་ནི་གཏན་ཚིགས་ཀྱི་དོན་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་གཅིག་ཏུ་རྣམ་པར་རྟོག་པ་ལ་གནོད་པར་འགྱུར་ཏེ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་
པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བའི་གཞུང་འདིས་གསལ་བར་བརྗོད་དོ། །དེས་ན་འདིས་ནི་གཅིག་ཉིད་ཀྱི་རྣམ་པར་རྟོག་པའི་གཡེང་བ་དགག་པ་བརྗོད་པ་ཡིན་ནོ། །གཟུགས་དེ་ནི་སྟོང་པ་ཉིད་ལས་གཞན་ཡིན་ནོ་ཞེས་ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་དགག་པའི་དོན་དུ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་དེ་ཉིད་ལས་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་བྱ་བའི་ངག་འདི་གསུངས་པ་ནི་ཅི་ཞིག་མཛད་ཅེ་ན་འགོག་པ་ཡིན་ཏེ་སེལ་བ་ཡིན་ན། །ཅི་ཞིག་སེལ་ཞེ་ན། ཐ་དད་ཀྱི་ནི་རྣམ་པ་རྟོགས་སོ། །གང་ན་ཚིག་རྣམ་པ་ཇི་ལྟ་བུར་གང་གི་ཕྱིར་ན། གང་
གི་ཕྱིར་གཟུགས་དེ་སྟོང་པ་ཉིད་ལས་དེ་ཕུང་པོའི་མཚན་ཉིད་ཀྱི་གཟུགས་ནི་སྟོང་པ་ཉིད་དེ་ལ་ལྟོས་ནས་ཇི་ལྟ་བུར་ཡང་གཞན་མིན་པས་ཏེ། འོན་ཀྱང་སྟོང་པ་ཉིད་ཁོ་ན་གཟུགས་ཡིན་ཏེ། སྟོང་པ་ཉིད་ལས་ཐ་དད་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞིང་། རྣམ་པ་ཇི་ལྟ་བུར་ཡང་མེད་དོ་ཞེས་བྱ་བའི་
དོན་ཏོ། །དེས་ན་འདིས་ནི་ཐ་དད་པ་ཉིད་ཀྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་བསལ་བར་བསྟན་པར་བྱས་པ་ཡིན་ནོ། །ཡང་ཅིའི་ཕྱིར་སྟོང་པ་ཉིད་ལ་ཐ་དད་པའི་གཟུགས་མེད་ཅེ་ན། བརྗོད་པ་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་མ་རིག་པ་སྤྲུལ་ཞིང་རྣམ་པར་བསྒྲུབས་པ་
རྣམ་པར་བརྟགས་པའི་གཟུགས་དེ་ནི་དེའི་རང་བཞིན་དང་བྲལ་བ་ཡིན་ཡང་དེ་ནི་མེད་པ་ཁོ་ན་སྣང་ཞེས་བྱ་བ་མེད་ཅིང་ཡོད་པ་མ་ཡིན་པ་བརྫུན་པ་ཁོ་ན་སྣང་ཞིང་དངོས་པོ་ལ་མངོན་པར་ཞེན་པ་རྣམས་བསལ་བ་ཡིན་པ་དེའི་ཕྱིར་ན་སྟོང་པ་ཉིད་ཀྱི་ཐ་དད་ནས་གཟུགས་གཞན་མ་ཡིན་ནོ་ཞེས་བསམས་པའོ། །
འོ་ན་སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་རང་བཞིན་གྱིས་རྣམ་པར་བྱང་བ་གང་ཡིན་པ་དེ་ལ་མ་རིག་པའི་སྒྲར་བརྗོད་ཅེས་དོགས་པ་བསུ་ནས་བརྗོད་པ་ནི། མེད་པ་སྟོན་པར་ནུས་པས་ན་ཞེས་བྱ་བ་སྟེ། མེད་པའི་སྟོན་པར་ཏེ་ཡང་དག་པ་མ་ཡིན་པའི་དོན་ཤེས་པར་བྱེད་པ་དེར་ནུས་པ་སྟེ། མཐུ་ཡོད་པའི་
ནུས་པ་དེ་ནི་མ་རིག་པ་ཞེས་བརྗོད་དེ། རབ་ཏུ་བསྙད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །རང་བཞིན་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ལམ་བསྒོམ་པའི་སྟོབས་ཀྱིས་གཟུང་བ་དང་འཛིན་པ་དང་ནུབ་པའི་ཕྱིར་ན་མ་རིག་པ་དང་བྲལ་ཞིང་རང་བཞིན་གྱིས་རྣམ་པར་བྲལ་བའི་རང་བཞིན་འདི་ཉིད་ནི་ཤེས་
རབ་ཀྱིས་སྤངས་པ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བརྗོད་ཅིང་བསྟན་ཏོ། །འོ་ན་མ་རིག་པའི་རང་བཞིན་གྱིས་རྣམ་པར་རྟོག་པ་ཤེས་ལ་རབ་ཏུ་རྒྱུ་བ་འདི་ལ་གནོད་པར་བྱེད་པ་ཅི་ཞིག་ཡིན་ཞེ་ན། བརྗོད་པ་ནི་གཉིས་འདི་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་སུ་སྣང་བ་གང་

ཡིན་པ་འདི་ཉིད་དོན་དམ་པའི་རང་བཞིན་དུ་གཉིས་མེད་པའི་རང་བཞིན་གྱིས་རྣམ་པར་བྱང་བ་ཤེས་པ་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱིས་ལྷན་ཅིག་བྱེད་པ་དང་། འབྲེལ་པ་ནི་དངོས་པོ་མེད་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་གཉིས་ལ་གནོད་བྱེད་ཡིན་ཞིང་གཉེན་པོ་ཡིན་ཏེ།
འདིར་གནོད་པར་བྱེད་ཅེས་བྱ་བས་སོ། །དེའི་ཕྱིར་དེ་ཁོ་ན་ཉིད་ནི་དེ་ཉིད་ཡིན་ནོ། །དེ་ཁོ་ནས་གནོད་པ་བྱེད་དོ་ཞེས་བྱ་བའི་དོན་འདི་ནི་རྟོག་པ་ཡང་ཡིན་ཏེ། དཔེར་ན་སྨིག་རྒྱུའི་ཚོགས་ལ་མི་བདེན་པའི་ཚུལ་ཤེས་པ་ལ་ཆུ་མེད་པའི་དབེན་པའི་ཤེས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་
མཆོག་རིག་པའི་དེ་བཞིན་གཤེགས་པས་རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་དུ་གསུངས་པ་རྣམ་པར་མི་རྟོག་པའི་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་འོ་ན་ཇི་ལྟར་བསྡུས་པ་
མཛད་པས་རྣམ་པར་རྟོག་པ་གཉིས་ལ་གནོད་པ་བྱེད་པ་ཇི་ལྟར་བརྗོད་ཅེ་ན། ཉེས་པ་མེད་དེ། གང་གི་ཕྱིར་རྣམ་པར་རྟོག་པ་གཉིས་པོ་ཁོ་ནར་རྣམ་པར་རྟོག་པ་གཞན་དག་ཀྱང་འདུས་པའི་ཕྱིར་ན་དེ་བསལ་ན་ཐམས་ཅད་ཀྱང་དོན་གྱིས་བསལ་བ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པ་མཛད་པའི་བསམ་
པ་ཡིན་ནོ། །གལ་ཏེ་གཉིས་པོ་འདི་དག་ཏུ་རྣམ་པར་གཡེང་བ་གཞན་རྣམས་ཀྱང་ནང་དུ་འདུ་བ་ཡིན་ན་བཅོམ་ལྡན་འདས་ཀྱིས་རྣམ་པར་གཡེང་བ་མང་པོ་རྣམས་སྟོན་པར་མཛད་ཅེ་ན། བསྟན་པར་བྱ་བའི་བསམ་པའི་དབང་གིས་གཡེང་བ་པ་ཡིན་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ། །ཇི་ལྟར་
ཤེས་པའི་རྣམ་པར་རྟོག་པ་འགལ་ཟླ་ཡིན་པ་དེ་ལྟར་རིགས་པར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བརྗོད་པའི་རིགས་པ་ཡང་གསུངས་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་དང་བྲལ་བའི་ཤེས་པ་རྣམ་པར་གཡེང་བ་རྣམས་ཀྱི་གཉེན་པོ་ཇི་ལྟར་ཡིན་པ་དེ་ལྟར་ནི་བཅོམ་ལྡན་
འདས་ཀྱིས་རིགས་པ་ཡང་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཐད་པ་ཡང་བརྗོད་པ་ཡིན་ནོ། །རྣམ་དག་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བ་ཡིན་པ་དེའི་ཕྱིར་མ་དག་པའི་རྣམ་པར་གཡེང་བ་རྣམས་ཀྱིས་གནོད་བྱེད་ཡིན་ནོ། །དེ་བཞིན་གྱི་སྒྲ་ནི་

བསྡུ་བ་ལ་སྟེ། མི་དམིགས་པའི་ཕྱིར་ཡང་ངོ་། །གང་གི་ཕྱིར་གཅིག་ཉིད་ལ་སོགས་པའི་དངོས་པོ་འདི་དག་འཐད་པ་མི་དམིགས་པ་ཡིན་ལ། གཉིས་མེད་པའི་ཤེས་པ་ནི་ཚད་མས་ངེས་པ་ཡིན་པ་དེས་ན་དེ་ནི་གནོད་པ་བྱེད་པ་ཡིན་ནོ་ཞེས་ངེས་སོ། །ཡང་ཚད་མ་གང་གིས་དམིགས་ཤེ་ན་
རྗེས་སུ་དཔག་པས་སོ་ཞེས་སྨྲའོ། །གང་གི་རང་རིག་པ་ཡིན་པ་དེ་ནི་གཞན་གྱི་ཁྱད་པར་ཅན་མ་ཡིན་ཏེ། དཔེར་ན་བདེ་བ་ལ་སོགས་པ་བཞིན་ནོ། །རྩོད་པའི་གནས་སུ་གྱུར་པའི་ཤེས་པ་ཡང་རང་རིག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པའོ། །གཞན་གྱི་ཁྱད་པར་ཅན་ཉིད་ཡིན་
ན་རང་རིག་པ་མི་འཐད་པ་ནི་གནོད་པར་བྱེད་པའི་ཚད་མ་ཡིན་ནོ། །འདིར་སྔོན་པོ་ལ་སོགས་པས་མ་ངེས་པ་ཉིད་ལ་སོགས་པར་དོགས་པར་བྱ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ཀྱང་དོན་དམ་པར་རང་རིག་པས་གྲུབ་པ་ཉིད་ཡིན་པའི་ཕྱིར་ན་སྣང་བའི་དབང་གིས་ནི་ཕྱིར་ཕྱོགས་པ་ཡིན་པ་ལས་
གཞན་གྱི་ཁྱད་པར་ཅན་དུ་འཁྲུལ་པ་ཡིན་ནོ། །འདི་ལྟར་སྔོན་པོ་ལ་སོགས་པ་དེ་དག་ནི་དོན་དམ་པར་མེད་པའི་ཕྱིར་ཤེས་པ་འབའ་ཞིག་ཉིད་དེ། དེ་ལྟར་རིགས་པ་ཡིན་ཏེ། དེས་ན་ཁ་ན་མ་ཐོ་བ་མེད་དོ། །དེ་བཞིན་དུ་ཕྱི་རོལ་གྱི་དོན་གྱི་ཚུལ་ལ་རང་རིག་པ་ཇི་ལྟ་བ་བཞིན་དུ་དོན་རྣམ་པར་གནས་པ་ཡིན་གྱི་
དོན་ཇི་ལྟ་བ་ཉིད་ནི་མ་ཡིན་ཏེ། དེས་ན་སྐྱོན་མེད་དོ། །དཔེ་མ་གྲུབ་པ་ཡང་མ་ཡིན་ཏེ། བདེ་བ་ལ་སོགས་པ་མྱོང་བ་ནི་བདེ་བ་མྱོང་བ་ཡིན་གྱི་བདེ་བ་ལ་སོགས་པའི་རྣམ་པར་ཡང་དག་པར་མྱོང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བདེ་བ་ལ་སོགས་ཕྱི་རོལ་པ་མེད་པར་ནི་གཞན་དུ་རྣམ་པར་དཔྱད་ཟིན་པའི་
ཕྱིར་རོ། །དེས་ན་དེ་ལྟར་འདི་ནི་གཟུང་བ་དང་འཛིན་པའི་རྣམ་པས་དབེན་པའི་ཤེས་པ་ཉིད་ཡིན་གྱི་གཞན་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་ལ་གཟུང་བ་དང་འཛིན་པ་མེད་ན་འོ་ན་གང་ཞིག་རྣམ་པར་ཤེས་པར་གྱུར་པ་དེ་ལ་གཞན་ཅི་ཞིག་ཡོད། གཟུང་བ་དང་འཛིན་པ་དང་གཉིས་ལས་
རྣམ་པར་གྲོལ་བའི་རང་བཞིན་གཞན་ནི་དེ་ལ་ཚུ་རོལ་མཐོང་བ་རྣམས་ཀྱིས་ཡང་དག་པར་རིག་པ་མ་ཡིན་ཏེ། ཡང་དག་པར་རིག་ན་དེ་ཁོ་ན་མཐོང་བར་ཐལ་བར་འགྱུར་ལ། དེ་ལྟ་ན་ཡང་ལུས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་འགྱུར་རོ། །གང་གིས་རྗེས་སུ་དཔོག་པར་བྱེད་པ་འདི་ལ་འབྲས་བུ་ཡང་ཡོད་པ་མ་

ཡིན་ཏེ། གཉིས་མེད་པའི་རང་བཞིན་དེ་ཉིད་འབྲས་བུ་ཡིན་པའི་ཕྱིར་དེ་ཡང་ཚད་མས་མ་གྲུབ་པའི་ཕྱིར་རོ། །གཉིས་ཀྱི་རང་བཞིན་དུ་སྣང་བ་གང་ཡིན་པ་དེ་ཡང་རི་བོང་གི་རྭ་དང་འདྲ་བས་འབྲས་བུ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཉེས་པ་འདི་ནི་མེད་དེ། གང་གི་དེ་ཡང་མེད་པར་འགྱུར་བ་དེ་འཛིན་པའི་སྒྲས་སྣང་གི་
རྟོགས་པའི་རང་བཞིན་བརྗོད་པ་མ་ཡིན་གྱི་འོན་ཀྱང་སྔོན་པོ་ལ་སོགས་པ་ཕྱི་རོལ་དུ་གྱུར་པའོ་ཞེས་སྣང་བ་གང་ཡིན་པ་དེ་ནི་གཅིག་དང་དུ་མར་དཔྱད་མི་བཟོད་པའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ཏེ། དེས་ན་རྣམ་པར་ཤེས་པ་ལས་ཐ་དད་པའི་གཟུང་བར་བྱ་བ་དོན་དམ་པར་མེད་ལ། དེ་མེད་པའི་ཕྱིར་ན་དེ་ལ་ལྟོས་ནས་
གཟུང་བ་འདི་འཛིན་པར་བྱེད་པ་ནི་འདི་ཡིན་ནོ་ཞེས་རྟོགས་པའི་རང་བཞིན་ལ་བྱེད་པ་པོ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་མེད་པ་ཡིན་ནོ། །དེས་ན་བྱེད་པ་པོ་དང་ལས་དག་ཕན་ཚུན་ལྟོས་ནས་བརྟགས་པ་ཡིན་པའི་ཕྱིར་འཛིན་པར་བྱེད་པའི་རང་བཞིན་མེད་པར་བརྗོད་པ་ཡིན་གྱི། རྟོགས་པའི་རང་བཞིན་
རང་རིག་པ་ཙམ་ནི་འཛིན་པར་བྱེད་པའི་སྒྲས་བརྗོད་པ་མ་ཡིན་ནོ། །འདི་ལྟར་རྟོགས་པར་བྱེད་པའི་རང་བཞིན་ནི་ཕན་ཚུན་ལྟོས་ནས་རབ་ཏུ་བརྟགས་པ་མ་ཡིན་ཏེ། རང་གི་རྒྱུད་ལས་དེ་ལྟར་སྐྱེས་པའི་ཕྱིར་རོ། །ཇི་སྐད་དུ་བརྗོད་པའི་གཟུང་བ་དང་འཛིན་པ་ཉིད་དང་བྲལ་བའི་ཕྱིར་རང་བཞིན་རང་རིག་པ་
ཙམ་རྣམ་པར་གནས་པ་དེ་ཉིད་ལ་དེ་སྐད་ཅེས་བརྗོད་པ་ཡིན་ཏེ། རྟོགས་པའི་རང་བཞིན་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་པོ། །ཐམས་ཅད་དེ་ཁོ་ན་མཐོང་བར་ཡང་མི་ཐལ་ཏེ། གང་གི་ཕྱིར་ཆ་མེད་པའི་ཕྱིར་གཉིས་མེད་པ་རྟོགས་པའི་རང་བཞིན་ཏེ། གཟུང་བ་ཉིད་ལ་འཁྲུལ་པའི་ས་བོན་རྗེས་
སུ་འབྲེལ་བའི་ཕྱིར་རྟོགས་པའི་རང་བཞིན་གཉིས་མེད་པར་སྣང་བ་མི་སྐྱེ་སྟེ། དེས་ན་གཉིས་མེད་པའི་རང་བཞིན་ནི་གཟུང་བ་ཡིན་ན་ཡང་མ་བཟུང་བ་དང་འདྲ་བ་ཡིན་ནོ། །འདི་ཙམ་གྱིས་སྤྱིར་རྟོགས་པའི་རང་བཞིན་གྱི་ཆོས་ཅན་མ་གྲུབ་པ་ཡང་མ་ཡིན་ནོ། །འདི་ལྟར་དོན་ཐམས་ཅད་ལ་སྐུར་པར་བྱེད་པ་ཀུན་
རྫོབ་དང་དོན་དམ་པའི་དངོས་པོ་ཁས་ལེན་པས་ཀྱང་གདོན་མི་ཟ་བར་མེད་པའི་དོན་གསལ་བར་བྱེད་ནུས་པའི་ཤེས་པ་ཉིད་ལ་མ་རིག་པ་ཡིན་ནོ་ཞེས་ཁས་བླངས་དགོས་ཏེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བུ་དེ་ལ་གནོད་པ་བྱེད་པ་ཡང་ཕྱིན་ཅི་མ་ལོག་པའི་རྣམ་པ་ཅན་རིག་པའི་རང་བཞིན་ཡིན་

པར་གདོན་མི་ཟ་བར་འདོད་པར་བྱ་བ་ཡིན་ན། གལ་ཏེ་ཡང་དོན་དམ་པའི་ཚུལ་གྱིས་རང་བཞིན་མེད་པ་ཉིད་ཡིན་ན་དེའི་ཚེ་གནོད་པ་བྱེད་པར་མི་འགྱུར་ཏེ་ནམ་མཁའི་པདྨོ་བཞིན་ནོ། །དེའི་ཕྱིར་གང་ཞིག་གནོད་པར་བྱེད་པ་དེ་ནི་ཡོད་པའི་ཐ་སྙད་དུ་རུང་བ་ཡིན་ཏེ། དཔེར་ན་གྲང་བ་
ལ་དྲོ་བའི་རང་བཞིན་གྱི་དངོས་པོ་བཞིན་ནོ། །ཡོད་པའི་དོན་གསལ་བ་གཉིས་མེད་པའི་ཤེས་པ་འདི་ཡང་མེད་པའི་དོན་གསལ་བར་བྱེད་པ་མ་རིག་པའི་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མེད་བཞིན་དུ་འདི་ལ་ཡང་ཀུན་རྫོབ་པའི་རང་བཞིན་དུ་ཡོད་པ་ཡིན་ནོ་ཞེས་
ནི་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ཁྱེད་ཀྱིས་གཉིས་ཀྱི་རྣམ་པར་འཇུག་པའི་ཤེས་པ་ལ་གཉིས་མེད་པའི་ཤེས་པ་ཡོད་པ་ཡིན་ལ། མ་རིག་པ་ནི་ཀུན་རྫོབ་ཡིན་པར་བརྗོད་པ་ཡིན་ན་དེ་སྐད་སྨྲ་བ་ན། ཇི་ལྟར་རང་གི་ཚིག་དང་འགལ་བར་མི་འགྱུར། དེས་ན་རིག་པའི་རང་བཞིན་ལས་གཞན་ལ་
ནི་ཀུན་རྫོབ་པར་ཡོད་པ་ཉིད་དང་གཉིས་མེད་པའི་མཚན་ཉིད་ཀྱི་རིགས་པ་ལ་ནི་དོན་དམ་པའི་ཡོད་པ་ཡིན་ནོ་ཞེས་བྱ་བ་རིགས་པའི་སྟོབས་ཀྱིས་འོངས་པ་འདི་ནི་མི་འདོད་ཀྱང་ཁས་བླང་བར་བྱ་བ་ཡིན་ནོ། །རྩོད་པ་འདི་རྒྱས་པར་ནི་སློབ་དཔོན་གྱི་ཞལ་སྔ་ནས་གཞན་དུ་རྣམ་པར་དཔྱད་པ་དེས་ན་
འདིར་མི་སྤྲོས་པའོ། །དེ་བཞིན་དུ་རིགས་པ་ཐ་དད་པ་གཞན་ཡང་གསུངས་པ་ནི། དངོས་དང་དངོས་མེད་འགལ་ཕྱིར་ཡང་། །ཞེས་བྱ་བའོ། །ཡང་གི་སྒྲ་ནི་བསམས་པ་ལའོ། །སྔར་བརྗོད་པའི་རིགས་པ་འབའ་ཞིག་ལས་རྟོག་པ་དང་བྲལ་བའི་རྣམ་པར་ཤེས་པ་རྣམ་པར་གཡེང་བ་
རྣམས་ཀྱི་གནོད་བྱེད་ཡིན་པར་ནི་མ་ཟད་དེ་དངོས་པོ་དང་དངོས་པོ་མེད་པ་འགལ་བའི་ཕྱིར་ཡང་དེ་ལ་གནོད་བྱེད་ཡིན་པར་རྟོགས་སོ། །འདི་ལྟར་སྣ་ཚོགས་པ་ལ་སོགས་པའི་དོན་ནི་དངོས་པོ་མེད་པའི་རང་བཞིན་ཡིན་ལ་རྟོག་པའི་དྲ་བ་དང་བྲལ་བའི་ཤེས་པ་ནི་དངོས་པོའི་རང་བཞིན་ནོ། །དེས་ན་
གང་ན་བདེན་པའི་དོན་གསལ་བར་ནུས་པའི་ཤེས་པ་དེ་ཡོད་པ་དེར་དོན་དམ་པར་མེད་པའི་རང་བཞིན་གཅིག་ཉིད་ལ་སོགས་པ་རྣམས་ཡོད་པར་ག་ལ་འགྱུར། ཡང་མེད་པའི་ཐ་དད་ཉིད་ཀྱང་མཐོང་བ་གང་ཡིན་པ་དེ་ནི་མ་རིག་པའི་སྟོབས་ཀྱིས་ཡིན་ནོ་ཞེས་ཁོང་ནས་དབྱུང་ངོ་། །ཀྱང་གི་སྒྲ་ནི་

གཅིག་ཉིད་ཀྱང་ངོ་། །འདི་ག་ལས་ཤེ་ན། གཟུགས་འདི་མིང་ཙམ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་གཟུགས་ནི་མིང་ཙམ་ཡིན་པར་གསུངས་ཏེ། དེའི་ཕྱིར་དེ་ཉིད་དུ་སྟེ། དོན་དམ་པར་དངོས་པོའི་གནས་ལུགས་སུ་
ནི་ཕུང་པོའི་མཚན་ཉིད་ཀྱི་གཟུགས་ནི་རང་གི་ངོ་བོར་ཡོད་པ་མིན་པས་ཏེ་སྟོང་པ་ཡིན་པས་སོ། །མིང་ཙམ་ཞེས་བྱ་བ་ནི་མིང་དུ་བཏགས་པ་ཙམ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་གཏན་ཚིགས་དེས་ན་དེ་ལ་ངོ་བོ་ཉིད་དུ་ནི་རྣམ་རྟོག་རྣམས་ཀྱི་ཞེས་བྱ་བ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཡུལ་
དེ་ལའོ། །ངོ་བོ་ཉིད་ནི་སྲ་བ་ཉིད་ལ་སོགས་པའོ། །ཡང་ན་དེ་དང་འབྲེལ་བའི་རྣམ་པར་རྟོག་པ་སྟེ། ལྷག་པར་སྒྲོ་འདོགས་པ་ནི་དེ་ལ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ཡིན་ནོ། །དེ་ནས་དེ་ལ་ངོ་བོ་ཉིད་དུ་ནི་རྣམ་རྟོག་རྣམས་ནི་གོ་སྐབས་ཏེ་འཇུག་པའི་གནས་སེལ་ཞིང་འགོག་པ་ཡིན་ནོ། །འདིས་ནི་
ངོ་བོ་ཉིད་དུ་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་བསལ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེའི་ཡུལ་དུ་ཟློས་པའི་སྐྱོན་སེལ་བར་བརྗོད་པ་ནི་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པའོ། །སྔ་མ་ཁོ་ནར་བརྗོད་ཅིང་བཤད་པ་གང་ཡིན་པའོ། །དེ་གང་
ཡིན་ཞེ་ན། ངག་གོ། །ཅི་འདྲ་བ་ཞིག་ཅེ་ན། གཟུགས་ཀྱི་རང་བཞིན་གྱིས་སྟོང་པར་ཞེས་བྱ་བའོ། །ངག་འདི་ལྟ་བུ་རང་གི་ངོ་བོ་ཡིས། །སྒྲོ་འདོགས་རྣམ་རྟོག་འགོག་བྱེད་ཡིན། །ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་ཅན་གྱི་གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོང་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་
རང་བཞིན་གྱི་སྒྲོ་འདོགས་པ་ལྷག་པར་སྦྱོར་བ་དེའི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་སྒྲོ་འདོགས་པའི་ཀུན་ཏུ་རྟོག་པ་དེའི་འགོག་པར་བྱེད་པ་གནོད་པར་བྱེད་པ་ཡིན་པའོ། །འདིས་ནི་སྔར་གྱི་སྒྲོ་འདོགས་པའི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་ནི་གཟུགས་རང་གི་ངོ་བོར་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་
བུར་རང་དང་སྤྱིའི་མཚན་ཉིད་སྒྲོ་འདོགས་པ་བསལ་བ་ཡིན་ལ། འདིར་སྲ་བ་ཉིད་ལ་སོགས་པ་མཚན་ཉིད་ཀྱི་ཡུལ་ཡོད་དོ་ཞེས་བྱ་བ་དེ་ལྟ་བུའི་སྒྲོ་འདོགས་དེ་སེལ་བ་ཡིན་ཏེ། དེ་ནས་སྔ་མ་ལས་ཁྱད་པར་ཡོད་དོ། །འདི་འབའ་ཞིག་འགོག་པ་ནི་མ་ཟད་ཀྱི་རྣམ་པར་གཡེང་བ་གཞན་ཡང་འགོག་

པ་བརྗོད་པ་ནི་ཆོས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་ཆོས་རྣམས་ཀྱི་ནི་སྐྱེ་བ་དང་། འགག་པ་མཐོང་བ་མེད་ཅེས་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ་ཡིན་ཏེ། དེ་ལྟར་གསུངས་པ་དེས་ནི། དེའི་ཕྱིར་བསལ་བ་ཡིན་ཏེ་
སྤངས་པ་ཡིན་ནོ། །དེའི་ཁྱད་པར་རྣམ་རྟོག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་དེའི་ཁྱད་པར་གང་ཡིན་པ་སྐྱེ་བ་དང་འཇིག་པའི་མཚན་ཉིད་དེ་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ཅན་ངོ་བོ་ཉིད་ཀྱིས་ཁྱད་པར་དུ་རྣམ་པར་རྟོག་པ་བསལ་བ་ཡིན་ནོ། །འདིས་ནི་ཁྱད་པར་གྱི་རྣམ་པར་
རྟོག་པའི་རྣམ་པར་གཡེང་བ་བསལ་བར་བྱས་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་གཡེང་བ་གཞན་ཡང་འགོག་པའི་རྒྱུ་མཚན་སྟོན་པས་བརྗོད་པ་ནི། གང་ཕྱིར་མིང་བཅོས་ཞེས་བྱ་བ་ལ་སོགས་པའོ། །མིང་བཅོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་ལས་གསུངས་པའི་
གཞུང་དང་སྦྱོར་བར་བྱེད་པ་ཡིན་ཏེ། མིང་ནི་ཀུན་དུ་བརྟགས་པ་ཡིན་ནོ་ཞེས་སྟོན་པའོ། །དེ་བཞིན་དུ་ཆོས་འདི་རྣམས་སོ་སོར་བརྟགས་པ་ཡིན་ནོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གྱི་གཞུང་གཞན་དང་སྦྱོར་བར་བྱེད་པ་ནི་སྒྲའི་བརྗོད་བྱའི་དོན་གྱི་ཆོས་གང་ཡིན་པ་དེ་དག་ཀྱང་
བཏགས་པ་ཡིན་པས་སྒྲོ་བཏགས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་སྒྲ་དོན་དག་གི་འབྲེལ་བ་ནི་ཞེས་བྱ་བ་དངོས་པོར་གྱུར་པའི་འབྲེལ་པ་བཅོམ་ལྡན་འདས་དེས་མི་བཞེད་དེ་འདོད་པ་མ་ཡིན་ཏེ། འོན་ཀྱང་རྟོག་པའི་བློས་སྦྱོར་བ་ཙམ་མོ། །བྱིས་པའི་ཕྱི་རོལ་ཏུ་ནི་ཞེས་བྱ་བ་ལ་
སོགས་པ་ལ་གང་ཡང་བྱིས་པའི་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པའི་འཁྲུལ་པས་འདི་ནི་ཕྱི་རོལ་གྱི་དོན་ཡིན་ནོ་ཞེས་པར་སྤྱད་པ་ཡིན་ནོ། །སྒྲུབ་པ་དང་དགག་པའི་མཚན་ཉིད་ཀྱི་ཐ་སྙད་འདི་ཡང་ངེས་པ་དེའི་སྒོ་ནས་འཇུག་པ་ཡིན་གྱི་སྒྲ་འདི་ལ་དོན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གང་གི་
ཕྱིར་དེ་ལྟ་ཡིན་པའི་རྒྱུ་དེ་བས་ན་འགྲོ་བ་འདིར་ཇི་ལྟར་མིང་བྱས་པ་སྟེ། ཇི་ལྟར་རྗོད་བྱེད་བྱས་ཤིང་སྦྱར་བ་དེ་ལྟར་བརྗོད་བྱའི་དངོས་པོ་དེ་ཡོད་མིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་མིང་ཇི་བཞིན་དུ་དོན་དུ་རྣམ་རྟོག་འདོད་པ་མ་ཡིན་ཏེ། བཅོམ་ལྡན་འདས་མངོན་པར་བཞེད་པ་མ་ཡིན་ཏེ།

མིང་ཇི་ལྟ་བ་བཞིན་དོན་ཕྱི་རོལ་ལྟ་བུར་སྟོན་པར་བྱེད་པ་དེ་བཞིན་དུ་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །འདིས་ཀྱང་མིང་ཇི་ལྟ་བ་བཞིན་དོན་དུ་རྟོག་པའི་རྣམ་པར་གཡེང་བ་སེལ་བ་ཡིན་ནོ། །གང་གི་ཕྱིར་འབའ་ཞིག་གིས་བརྟགས་པ་ཡིན་ལ་བརྟགས་པ་
ཉིད་ཡིན་པའི་ཕྱིར་མིང་དེ་ནི་འགའ་ཞིག་རྗོད་པར་བྱེད་པ་མ་ཡིན་ནོ་ཞེས་གསུངས་པ་ནི། བདེན་དོན་རྣམ་རྟོག་སེལ་བ་ན། །ཞེས་བྱ་བ་ལ་སོགས་པའོ། །དོན་ལས་ཐ་དད་པའི་མིང་དོན་བདེན་པའི་དོན་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱི་རྣམ་པར་རྟོག་པ་སེལ་བ་ན་སྟེ། ཟློག་པ་ན་བཅོམ་
ལྡན་འདས་ཀྱིས་གསུངས་སོ། །ཅི་ཞིག་གསུངས་ཤེ་ན། ཤེས་རབ་ཕ་རོལ་ཕྱིན་པ་དང་། །སངས་རྒྱས་དེ་བཞིན་བྱང་ཆུབ་སེམས། །མིང་ཙམ་ཞེས་ནི་རབ་ཏུ་གསུངས། །ཞེས་བསྟན་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ། །གང་གི་ཕྱིར་དེ་བཞིན་གཤེགས་པས་དེ་
སྐད་གསུངས་པ་དེའི་མིང་གི་སྒྲ་ནི་རང་གི་ངོ་བོར་ཡོད་པ་མ་ཡིན་ནོ། །འདིས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་མིང་བཏགས་པར་བསྟན་པ་ཡིན་ནོ། །དགག་པ་འདིས་གཉིས་མེད་པ་བསལ་བ་ཡིན་ནོ་ཞེས་བསམ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
འདི་ནི་སྒྲ་དོན་འགོག་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་དང་དོན་དག་འགོག་པར་ཤེས་པར་བྱའོ། །དངོས་པོ་སེལ་བར་བྱེད་པ་མ་ཡིན་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་གཉིས་མེད་པའི་ཤེས་པ་ནི་སེལ་བར་བྱེད་པ་མ་ཡིན་ཏེ། དེ་ནི་སྒྲར་མེད་པ་ཉིད་ཀྱིས་བརྗོད་དུ་མེད་པའི་ཕྱིར་རོ། །ད་ནི་རིགས་
པ་འདི་ཉིད་གཞན་དུ་ཡང་བསྒྲེ་བར་བྱེད་པ་གསུངས་པ་ནི། དེ་བཞིན་དུ་ནི་ངག་གཞན་ལ་འང་ཞེས་བྱ་བའོ། །དེ་བཞིན་དུ་ནི་ཞེས་བྱ་བ་ནི་སྔར་བརྗོད་པའི་དོན་ངེས་པས་སོ། །ངག་གཞན་ཡང་ཞེས་བྱ་བ་ནི་རྣམ་པ་འདི་ལྟ་བུའི་ངག་ལའོ། །དོན་རྣམས་ངེས་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་
གཏན་ལ་ཕེབས་པ་ཞེས་བྱ་བའི་དོན་ཏོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་ལས་དེ་ཁོ་ན་ཉིད་རིག་པས་མིང་ཐམས་ཅད་ཡང་དག་པར་དམིགས་སུ་མེད་དོ་ཞེས་གསུངས་པའོ། །ངག་གི་དོན་ཉེ་བར་བཟུང་ནས་གསུངས་པ་ནི། ཐམས་ཅད་རིག་

པས་ཞེས་བྱ་བ་ལ་སོགས་པའོ། །དམིགས་པ་མེད་པ་ཉིད་དོ། །ཇི་ལྟར་ཞེ་ན། ཡང་དག་ཏུ་སྟེ་དོན་ཇི་ལྟ་བ་ཉིད་དུ་མ་རིག་གོ། །དེ་ཅི་ཞིག་ཅེ་ན། བརྗོད་པ་ནི་མིང་རྣམས་ཀུན་ཏེ་རྗོད་པར་བྱེད་པའོ། །སུས་ཤེ་ན། ཐམས་ཅད་རིག་པས་ཏེ། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རིག་པས་དེ་ཉིད་རིག་པ་སྟེ།
ཐམས་ཅད་མཁྱེན་པས་སོ། །གང་གི་ཕྱིར་སྒྲ་དང་དོན་དག་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཉིད་དུ་བདེན་པའི་དོན་དུ་མི་དམིགས་པ་ཉིད་ཡིན་པ་དེའི་ཕྱིར་སྒྲ་ནི་ཟློག་པར་བྱེད་པ་མ་ཡིན་ཏེ། རྣ་བའི་རྣམ་པར་ཤེས་པས་གཟུང་བར་བྱེད་པའི་སྒྲ་ནི་ཟློག་པར་བྱེད་ཅིང་འགོག་པར་བྱེད་པ་མ་ཡིན་ནོ། །འདི་ཡང་བསྟན་པར་བྱ་བའི་
བསམ་པའི་ངོར་ཡིན་པར་རྟོགས་པར་བྱ་སྟེ། འདིས་ནི་དོན་ཇི་ལྟ་བ་བཞིན་མིང་དུ་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་བཟློག་པར་བྱས་པ་ཡིན་ནོ། །དོན་གྱི་དེ་ཁོ་ན་ཉིད་ཐུགས་ལ་གཞག་པར་མཛད་ནས་བཅོམ་ལྡན་འདས་ཀྱིས་སྲིད་པ་འཕོ་བ་ལས། མིང་ནི་གང་དང་གང་གིས་ནི། །ཆོས་ནི་གང་དང་གང་བརྗོད་པ། །
དེ་ནི་དེ་ལ་ཡོད་མིན་ཏེ། །འདི་ནི་ཆོས་རྣམས་ཆོས་ཉིད་དོ། །མིང་ནི་མིང་གི་རང་བཞིན་གྱིས། །སྟོང་སྟེ་མིང་ནི་ཡོད་མ་ཡིན། །མིང་མེད་པ་ཡི་ཆོས་རྣམས་ཀུན། །མིང་རྣམས་ཉིད་ཀྱིས་ཡོངས་བསྟན་བྱས། །འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་བྱེད་ལས་ནི་གཞན་གྱུར་པ། །
བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་གསུངས་སོ། །འདྲི་བར་བྱེད་པ་ཐམས་ཅད་འཕགས་པ་རབ་འབྱོར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་གསལ་བར་གྱུར་པ་དེ་བཤད་པའི་ཕྱིར་གསུངས་པ་ནི་རབ་འབྱོར་གྱིས་ནི་ཞེས་བྱ་བ་ལ་སོགས་པའོ། །རབ་འབྱོར་གྱིས་ནི་རྗོད་བྱེད་ཉིད་དུ་འདོད་པའི་སྒྲ་དང་བརྗོད་
བྱ་ཉིད་དུ་འདོད་པའི་སྒྲའི་དོན་གཉིས་ཀ་འགོག་ཅིང་སེལ་བ་ནའོ། །ཇི་ལྟར་ཞེ་ན། རབ་འབྱོར་དེའི་ས་བྱང་ཆུབ་སེམས་དཔའི་མིང་དང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མ་མཐོང་ངོ་ཞེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྗོད་པར་གྱུར་ཏེ། སྨྲས་པར་གྱུར་ཏེ་གཉིས་ཀ་ཡང་ཀུན་བརྟགས་པའི་ཕྱིར་
རོ་ཞེས་བསམ་པའོ། །མངོན་པར་འདོད་པའི་དོན་ཉེ་བར་སྡུད་པའི་ཐབས་ཀྱིས་སྒྲ་གཞན་ཉིད་ཙམ་ཡིན་ཡང་ངག་གི་དོན་རྟོགས་པ་ཉིད་དོ་ཞེས་སྟོན་པར་བྱེད་པ་གསུངས་པ་ནི། ཤེས་རབ་ཕ་རོལ་ཕྱིན་ངག་གང་། །ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་བརྗོད་ཟིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་དེ་དང་འབྲེལ་པའི་ངག་གང་ཞིག་འདི་ཙམ་གྱིས་རྟོགས་པ་མིན་པ་སྟེ། མ་བཤད་ཅིང་རྣམ་པར་མ་ཕྱེ་བ་དེ་ནི་མེད་ཅིང་མི་སྲིད་ཀྱི། འོན་ཀྱང་རྣམ་གྲངས་གཞན་དུ་བརྗོད་པའི་ངག་ཐམས་ཅད་ཉིད་ཀྱང་དོན་རྟོགས་པ་ཁོ་ནའོ། །ཇི་ལྟར་དོན་རྟོགས་ཤེ་ན། བརྗོད་པ་འདི་ཙམ་གྱིས་ཏེ། ཇི་སྐད་བརྗོད་ཟིན་པའི་བཤད་པའི་སྒོ་ནས་སོ། །འོན་ཀྱང་འདི་
དག་དེ་ཤེས་པ། །རྣམས་ཀྱིས་ཞིབ་མོའི་བློ་ཡིས་དཔྱོད། །ཅེས་བྱ་བ་ལ་དཔྱོད་ཅེས་བྱ་བ་ནི་བརྟག་པར་བྱ་བ་སྟེ་ངེས་པར་བསམས་པའོ། །གང་དག་ཅེ་ན། འདི་དག་སྟེ། སྒྲ་གཞན་གྱིས་བརྗོད་པ་དག་ལ་ཡང་ཡོད་པ་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་ཅན་རྣམས་སོ། །སུ་དག་གིས་ཤེ་ན། དེ་ཤེས་པ་རྣམས་ཀྱིས་ཏེ་ངག་གི་དོན་ཤེས་པ་རྣམས་ཀྱིས་སོ། །དེ་
དག་ཇི་ལྟར་དཔྱད་པར་བྱ་ཞེ་ན། བརྗོད་པ་ཞིབ་མོའི་བློ་ཡིས་ཏེ། །ཤིན་ཏུ་ཕྲ་བའི་བློ་ཡུལ་གཞན་དུ་མ་ཆགས་པ་དང་བྲལ་བའི་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཟུགས་བརྙན་གྱི་སྒྲ་ཐོས་པས་ད་ནི་དེའི་དོན་སྟོན་པར་བྱེད་པ་ནི། སྐབས་ཀྱི་དོན་ནི་སྤོང་བ་དང་། །ཞེས་བྱ་བ་ལ་སོགས་པའོ། །སྐབས་ཞེས་བྱ་བ་ནི་གཉུག་མ་ལ་བརྗོད་དེ།
གཉུག་མའི་སྐབས་སུ་བབ་པའི་དོན་དེ་སྤོང་ཞིང་གཞག་པ་སྟེ་དེ་ཡོངས་སུ་མི་འཛིན་པ་དང་། དོན་གཞན་རྟོགས་པ་གང་ཡིན་པ་ཞེས་སོ་སོར་ངེས་པའི་དོན་ལས་དོན་གཞན་རྟོགས་ཤིང་འགོད་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ཞིང་ཐོས་པ་དེ་ནི་གཟུགས་བརྙན་ཡིན་པར་འདོད་དོ། །གཟུགས་བརྙན་ནི་ལྟར་བཅོས་བུ་སྟེ། གསེར་བཅོས་བུ་ལྟ་བུའོ། །ནིའི་སྒྲ་
ནི་གང་གི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་གང་ཞིག་སྐབས་ཀྱི་དོན་འཆད་པར་བྱས་པ་དང་གང་ཡང་དོན་གཞན་འཛིན་པ་ནི་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཟུགས་བརྙན་གྱི་སྒྲས་བརྗོད་དོ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །འདི་ཉིད་ལ་དགོངས་ནས་ཤིང་རྟ་ཆེན་པོ་རྣམས་ཀྱིས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །
ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །ད་ནི་དོན་གྱི་མཇུག་བསྡུ་བ་བསྡུས་ཏེ་སྟོན་པར་བརྗོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་ཅན་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པར་བགྲངས་པ་ཐམས་ཅད་ལ་ཡང་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་
ཅན་གྱི་བསྡུས་དོན་འདི་ཙམ་ཉིད་ཡིན་ཏེ། འདི་ལྟ་སྟེ། སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་དང་ལྡན་པའི་མིང་ཅན་ཡིན་གྱི་ལྷག་པར་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །འོན་ཀྱང་སླར་ཡང་དེ་ཉིད་ནི་བཟླས་པ་ཡིན་ཏེ། ཡང་ནས་ཡང་དུ་བསྐྱར་བ་ཡིན་ནོ། །དོན་དེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། བརྗོད་པ་དོན་གཞན་ལ་བརྟེན་ནས་ཏེ། དོན་གཞན་གྱི་སྒྲས་ནི་

འདྲི་བ་གཞན་བརྗོད་དེ། གང་གི་ཚེ་དྲི་བ་པོའི་དབྱེ་བས་འདི་ལྟ་སྟེ། ཕུང་པོ་དང་བྱང་ཆུབ་ཀྱི་ཕྱོགས་དང་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པ་རྣམས་དྲི་བ་གཞན་གྱི་སྒོ་ནས་བརྟེན་པར་གྱུར་པ་དེའི་ཚེ་དེ་ཉིད་ཡང་དང་ཡང་དུ་བཟླས་པ་ཡིན་ནོ། །ཡང་ན་བསྡུས་པ་ལ་དགའ་བའི་བསྟན་པར་བྱ་བར་གྱུར་པའི་དོན་གཞན་ལ་
བརྟེན་ནས་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་ཅན་གྱི་དངོས་པོའི་དོན་དེ་ཉིད་སོ་སོས་སམ་མཐའ་དག་བཟླས་པ་ཡིན་ནོ། །ད་ནི་བདག་ཉིད་ཤིན་ཏུ་རྒྱ་ཆེ་བ་ཉིད་དུ་སྟོན་པར་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་བྱས་པ་ལས་སུ་རུང་བའི་བསོད་ནམས་ཀྱི་ཕུང་པོ་སྔོ་བར་བྱེད་པ་གསུངས་པ་ནི། ཤེས་རབ་ཕ་རོལ་ཕྱིན་མ་ནི། །ཞེས་
བྱ་བ་ལ་སོགས་པའོ། །ཤེས་རབ་ཕ་རོལ་ཕྱིན་མ་ནི་བརྒྱད་སྟོང་ཞེས་བྱ་བ་ནི་བསྟན་པའི་རང་བཞིན་བརྒྱད་སྟོང་པར་བགྲངས་པའོ། །ཡང་དག་ཏུ་ནི་བསྡུས་པ་ཡིན། །ཞེས་བྱ་བ་ནི་དོན་བསྡུས་པ་བྱས་པའོ། །ཇི་ལྟར་ཞེ་ན། ཡང་དག་ཅེས་བྱ་བ་སྟེ་ཕྱིན་ཅི་མ་ལོག་པར་རོ། །ཐོབ་ཅེས་བྱ་བ་ནི་རྙེད་པའོ། །ཅི་ཐོབ་ཅེ་ན། བསོད་ནམས་ཏེ། དེ་
དག་པར་བྱེད་པས་ན་བསོད་ནམས་ཏེ། བསོད་ནམས་དེས་སྐྱེ་བོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་པའོ། །འདི་སྐད་དུ་འཇིག་རྟེན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་མཐར་ཐུག་པར་སོན་པར་གྱུར་ཅིག་ཅེས་བརྗོད་པ་ཡིན་ནོ། །གཞན་མིན་དོན་དམ་པ་ཡི་
ཚིག་ནི་རྣམ་པར་དཔྱོད་པ་ཡིས། །བསྡུས་པའི་རྒྱ་ཆེར་འགྲེལ་པ་བདག་གིས་བརྗོད་པ་གང་ཡིན་པ། །དེ་མཐུ་ལས་བྱུང་བསོད་ནམས་བྱེ་བྲག་རྣམས་ཀྱི་འཇིག་རྟེན་འདི། །བློ་གྲོས་མངོན་པར་རྟོགས་བཞིན་ད་ལྟ་རྣམས་དབེན་རྟོགས་གྱུར་ཅིག །དགེ་སློང་བསླབ་པ་བརྒྱ་ལྡན་པས། །སེམས་ལ་བསོད་ནམས་གང་བསྒྲུབས་
དེས། །འཇིག་རྟེན་བློ་གྲོས་མངོན་རྟོགས་ཤིང་། །བདག་ཀྱང་བསོད་ནམས་ཐོབ་ལྡན་ཤོག །རྒྱ་ཆེར་འགྲེལ་པ་ཟབ་མོ་ཡི། །ཚུལ་སྟོན་འདི་ནི་ཚིགས་བཅད་ཀྱི། །གྲངས་ནི་བཞི་བཅུ་ཐམས་པ་དང་། །བཅས་པའི་བརྒྱ་ཕྲག་ལྔ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཉེ་བར་སྦྱར་བ། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་བསྡུས་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་སློབ་དཔོན་བླ་མ་དཀོན་མཆོག་གསུམ་གྱི་འབངས་ཀྱིས་མཛད་པ་རྫོགས་སྷོ།། །།ཁ་ཆེའི་པཎྜི་ཏ་ཐིག་ལེ་བུམ་པ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
Luận tạng Tây Tạng (Tengyur) — Tập 93 | Tra cứu Kinh điển | Tàng Kinh Việt