Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 87

Văn bản gốc(Tây Tạng)

Trang 12 / 17 (50.000 ký tự/trang)
ད་དུ་འབའ་ཞིག་ཏུ་ཟད་དོ། །ཞིང་སྦྱོང་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་སྦྱང་བར་བྱ་བའི་ཕྱིར་འདོད་
པའི་ཁམས་ན་རྡོ་བ་དང་ཚེར་མ་ལ་སོགས་པ་མི་མཐུན་པ་མཐོང་ནས་དེ་དག་དང་བྲལ་བར་བྱ་བའི་ཆེད་དུ་དགེ་བའི་ཚོགས་རྩོམ་པའི་ཕྱིར་རོ། །ཕ་རོལ་ཕྱིན་ཅེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་འདི་དག་ཡོངས་སུ་རྫོགས་པར་བྱ་བའི་ཡང་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་ཚོགས་

ཡོངས་སུ་རྫོགས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ཡོངས་སུ་སྨིན་པར་བྱེད་པ་ཡང་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །གཟུགས་མེད་པར་སྐྱེ་བ་ནི་གཟུགས་ལ་སོགས་པའི་འདུ་ཤེས་
ཀྱི་འཚེ་བ་དང་བྲལ་བའི་ཕྱིར་གྱ་ནོམ་པ་ཡིན་ཡང་རྣམ་པ་ཐམས་ཅད་དུ་སྐྱེ་བ་ལ་དབང་བས་རང་གིར་མི་བྱེད་དེ། དེ་ནི་བདག་དང་གཞན་ལ་ཕན་པ་དང་མཐུན་པ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཡིད་ལ་བྱེད་པ་དང་འགལ་བའི་ཕྱིར་བྱང་ཆུབ་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
འགྱུར་འོང་ཞེས་བྱ་བ་ནི་འགྱུར་ན་མི་རུང་ངོ་སྙམ་ནས་ཞེས་བྱ་བའི་དོན་ཏོ། །རོ་མྱང་བའི་གཡེང་བ་ནི་མི་ཞིག་གིས་རིན་པོ་ཆེའི་གཏེར་རྙེད་པ་ལས་སྲེད་པ་མེད་ཅིང་གཉེན་འདབ་ཡོངས་སུ་སྦྱོང་བར་བྱེད་པ་བཞིན་དུ་བསམ་གཏན་གྱི་བདེ་བའི་རོ་མྱང་བ་བོར་ནས་འགྲོ་བ་ལ་སྙིང་བརྩེ་བས་འདོད་པའི་
ཁམས་སུ་འཇུག་པའི་ཕྱིར། དཔེར་ན་མི་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཆགས་པར་མི་བྱེད་ཅེས་བྱ་བ་རིན་པོ་ཆེའི་གཏེར་དེ་ལ་ཆགས་པར་མི་བྱེད་པའོ། །དེས་ནི་འདི་སྐད་དུ་དཔེར་ན་མི་འགའ་ཞིག་གིས་རིན་པོ་ཆེའི་གཏེར་རྙེད་ནས་དེ་ལ་གཅིག་པུ་ཁོ་ན་ཆགས་པ་མི་སྐྱེད་ཀྱི་
འདི་ནི་འཁོར་རྣམས་ལ་ཕན་གདགས་པའི་རྒྱུ་ཡིན་ནོ་སྙམ་ནས་དུས་གཞན་ཞིག་ན་བླངས་ཏེ། ཁྱིམ་དུ་སོང་ནས་བདག་ཉིད་མ་ཆགས་པར་གཉེན་འདབ་ཡོངས་སུ་སྐྱོང་བར་བྱེད་པ་དང་འདྲའོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་འབྱུང་ལ། དགའ་བ་དང་བདེ་སྦྱིན་
ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་དགའ་བ་དང་བདེ་བ་སྦྱིན་པར་བྱེད་པ་ཡིན་གྱི་བདག་ཉིད་དེ་དག་ལ་ཆགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཏིང་འཛིན་ཞི་བ་བཞི་ཞེས་བྱ་བ་ནི་གཟུགས་མེད་པའི་མཚན་ཉིད་ཀྱི་ཏིང་འཛིན་བཞིའོ། །ཞི་བ་ཞེས་བྱ་བ་ནི་རང་རང་གི་མི་མཐུན་པའི་
ཕྱོགས་དང་བྲལ་བའོ། །བསམ་གཏན་ཞེས་བྱ་བ་ནི་སེམས་རྩེ་གཅིག་པ་ཉིད་དེ། བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པ་བསམ་གཏན་དང་གཟུགས་མེད་པའི་མཚན་ཉིད་གང་ལ་དེ་ཁོ་ནའམ་དེས་བསྒྲུབ་པར་བྱ་བའི་བདེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཏང་སྟེ་ཞེས་བྱ་བ་ནི་དེ་ལ་སྲེད་

པ་བོར་ཏེའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ས་གཞན་ཡིད་ལ་བྱེད་པའི་གཡེང་བ་སྟེ། བསམ་གཏན་ལ་སོགས་པ་ཐོབ་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དོན་དུ་གཉེར་བ་བྱང་ཆུབ་དམ་པའི་གེགས་སུ་གྱུར་པ་གཡེང་བའི་མཚན་ཉིད་ཡིན་པའི་ཕྱིར། གལ་ཏེ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེད་ན་ཞེས་བྱ་བ་ནི་གལ་ཏེ་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་དགའ་བའི་སེམས་བསྐྱེད་ནའོ། །མཉམ་པར་མ་བཞག་པ་ནི་རྣམ་པ་ཐམས་ཅད་སྤངས་པ་ཕུན་སུམ་ཚོགས་པ་དང་འགལ་བའི་ཕྱིར་རོ། །སེམས་རྒོད་པ་ནི་ཡེ་ཤེས་ཐམས་ཅད་ཕུན་
སུམ་ཚོགས་པའི་འོས་མ་ཡིན་པའི་ཕྱིར་རོ། །སེམས་གཡེངས་གྱུར་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྣོད་དུ་མ་གྱུར་པའི་ཕྱིར་རོ། །འདིར་གཏན་ཚིགས་སངས་རྒྱས་ཡོན་ཏན་ཡོངས་ཉམས་ཞེས་བྱ་བ་གསུངས་ཏེ། དམན་པའི་ཡིད་ལ་བྱེད་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་འོས་
མ་ཡིན་པ་ཉིད་ཀྱིས་མ་ཐོབ་པར་ཡོངས་སུ་ཉམས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མཉན་པ་གྲུ་ཞིག་བཞིན་ཞེས་བྱ་བ་ནི་གྲུ་ཞིག་པའི་མཉན་པ་བཞིན་དུ་ཤེས་བྱའི་རྒྱ་མཚོ་མཐའ་དག་གི་ཕ་རོལ་དུ་འགྲོ་བར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་ཉིས་ན་བྱང་ཆུབ་སེམས་དཔའ་
རྣམས་ལ་ནི་སྲིད་པའི་ལོངས་སྤྱོད་ལ་ཞེན་པ་ཡུལ་ལ་ཆགས་པའི་རྣམ་པར་གཡེང་བ་སླ་སྟེ། དེ་ནི་རྫོགས་པའི་བྱང་ཆུབ་དང་གཏན་དུ་འགལ་བ་མ་ཡིན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགྲ་བཅོམ་རང་རྒྱལ་ཐེག་བྲལ་ཞེས་བྱ་བ་ནི་ཐེག་པ་གཞན་ལ་དགའ་བ་དང་
བྲལ་བའོ། །བྱང་ཆུབ་སེམས་དགའ་ན་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་སེམས་བསྐྱེད་ནའོ། །རྟག་ཏུ་མཉམ་བཞག་ཡིན་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱི་འོས་ཡིན་པ་ལས་འདོད་པའི་ཡོན་ཏན་ལ་མངོན་པར་བརྩོན་པས་གཡེངས་པར་མི་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་
པ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་རྣམ་པ་དྲུག་སྟེ། ལེ་ལོ་ནི་དེ་མེད་པ་འཇིག་རྟེན་ལ་ཕན་གདགས་པའི་དོན་དུ་རྟག་ཏུ་གོ་ཆ་གྱོན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆགས་པའི་གནས་དེ་དང་དེ་དག་ལ་ཆགས་པའི་ཕྱིར།

སེམས་ཅན་རྣམས་ཡིན་ལ་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱི་འགྲོ་བ་དེ་དང་དེ་དག་ཏུ་གང་ཞིང་ཟག་པས་ན་གང་ཟག་རྣམས་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ཕྱིན་ཅི་ལོག་ལྔ་ཡིན་ནོ། །གང་དག་ལ་དེ་དག་གི་ཕྱིར་ཏེ་དེ་དག་དྲང་བའི་ཕྱིར་སེམས་དཔའ་སྟེ་སེམས་གོ་ཆའི་བརྩོན་
འགྲུས་ཀྱིས་རྣམ་པར་དག་པ་ཡོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་དེ་སྐད་ཅེས་བྱའོ། །ང་རྒྱལ་འཛིན་པ་སྟེ་བྲན་མོ་ཆུ་ཆུན་བཞིན་དུ་ང་རྒྱལ་བཅོམ་པའི་ཡིད་ཀྱིས་གཞན་དག་གིས་བརྙས་ན་ཡང་འགྱུར་བ་མེད་པས་རྟག་ཏུ་སེམས་ཅན་གྱི་བྱ་བ་ལ་འཇུག་པའི་ཕྱིར། བརྩོན་འགྲུས་ཞེས་
བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བྲན་མོ་ཆུ་ཆུན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ངན་ལས་ལ་ང་རྒྱལ་མེད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །དབང་མེད་ཅེས་བྱ་བ་ནི་རང་དབང་མེད་པའོ། །རྗེའི་དབང་ཞེས་བྱ་བ་ནི་རྗེ་བོ་གཞན་གྱི་དབང་དུ་གྱུར་པ་དེ་ཞེས་བྱ་བའི་དོན་ཏོ། །དཔའ་
རྣམས་ཞེས་བྱ་བ་ནི་རང་ཡོངས་སུ་སྨིན་པར་བྱེད་པའི་དབང་དུ་བྱས་ནས་འཇུག་པའི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་རང་གི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ནོན་པའི་ཕྱིར་རོ། །བྲན་མོ་རྗེ་བོ་དབང་དུ་གྱུར་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། སྤྱོ་བ་བྱས་སམ་ཞེས་བྱ་བ་ལ་སོགས་པ་སྨོས་
སོ། །བཟློག་ཚིག་ཅེས་བྱ་བ་ནི་ང་ལ་ཡང་དང་ཡང་དུ་བརྡེག་ཏུ་ཅི་ཡོད་ཅེས་ཕྱིར་བཟློག་པའི་ཚིག་སྟེ་མི་སྨྲ་ཞེས་བྱ་བར་སྦྱར་རོ། །དེར་ཡང་མ་ཟད་ཀྱི་ཤིན་ཏུ་སྐྲག་པའི་ཡིད་ཀྱིས་ཕྱིས་ཆད་པ་འོང་བར་དོགས་པས་འཇིགས་དང་བཅས་ཤིང་དེའི་མོད་ལ་སྡུག་བསྔལ་འབྱུང་བར་དོགས་པས་
ཟིལ་གྱིས་ནོན་པར་གྱུར་ཏེ་སྐྲག་པའི་ཡིད་ཀྱིས་ཞེས་བྱ་བར་སྦྱར་རོ། །སྐྲག་པ་ཉིད་བསྟན་པའི་ཕྱིར། འདི་ཡིས་བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གིས་བཟློག་ན་རྗེ་བོ་འདིས་བསད་པར་འགྱུར་དུ་འོང་ངོ་སྙམ་ནས་རྒྱུ་དེས་ན་ཅུང་ཟད་ཀྱང་མི་སྨྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་
བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་གཞན་གྱི་བརྙས་པ་ཐམས་ཅད་ལ་བྲན་ལྟ་བུར་བྱ་དགོས་པས། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་པར་བྱ་ཞེས་བྱ་བ་ནི་བྲན་བཞིན་དུ་གནས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལས་ཞེས་བྱ་བ་

སྨོས་ཏེ་འགྲོ་བ་འདི་ལས་སོ། །བྱང་ཆུབ་ཐོབ་ཅིང་ཞེས་བྱ་བ་ནི་བྱང་ཆུབ་འགྲུབ་ཅིང་ངོ་། །ཡོན་ཏན་རྫོགས་པར་འགྱུར་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་ཡོན་ཏན་རྣམས་ཀྱང་ཡོངས་སུ་འགྲུབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུ་དང་
འབྲས་བུ་ཕུན་སུམ་ཚོགས་པའི་རྟེན་ནི་འགྲོ་བ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ཉིད་སྲེག་ཅེས་བྱ་བ་ནི་འདི་སྐད་དུ་དཔེར་ན་རྩྭ་དང་ཤིང་ལས་བྱུང་བའི་མེས་རྩྭ་ལ་སོགས་པ་དེ་ཉིད་སྲེག་པར་བྱེད་པ་དེ་བཞིན་དུ་རྒྱུད་གང་ཁོ་ན་ལས་ང་རྒྱལ་ལ་སོགས་པའི་མེ་སྐྱེས་པས་དེ་ཁོ་
ན་སྲེག་པར་བྱེད་དེ། བྱང་ཆུབ་ཀྱི་མྱུ་གུ་སྐྱེ་བ་དང་མི་མཐུན་པར་བྱས་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་རྣམས་ལ་ང་རྒྱལ་བཅོམ་ནས་འཇུག་གོ་ཞེས་བཤད་པ་ཡིན་ནོ། །བདག་ཉིད་ཀྱི་བདེ་བ་ལ་ཆགས་པ་སྟེ། བདག་གི་བདེ་བ་བཏང་ཞིང་ཆགས་
པ་མེད་པ་ལན་དུ་ཕན་འདོགས་པ་ལ་མི་ལྟ་བ་ནི་མ་བཞིན་དུ་བར་ཆད་མེད་པར་སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པའི་ཕྱིར། བདག་གི་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་པར་བརྩོན་ཞེས་བྱ་བ་ནི་གཞན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇུག་པའི་བརྩོན་འགྲུས་དང་ལྡན་
པའོ། །བུ་གཅིག་པ་ཞེས་བྱ་བ་སྨོས་པ་ནི་དེ་ལ་མ་ཤིན་ཏུ་བྱམས་པར་བསྟན་པའི་ཕྱིར་རོ། །རིམ་གྲོ་བྱེད་པ་ལྟར་ཞེས་བྱ་བ་ནི་འཚོ་བ་བྱེད་པ་ལྟར་རོ། །གནས་པར་གྱིས་ཞེས་བྱ་བ་ནི་གནས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །སྐྱོ་བ་དང་དུ་མི་ལེན་པ་སྟེ། ཡིད་སྐྱོ་བ་མེད་པ་ནི་ཚོགས་
མཐར་ཕྱིན་པར་བྱ་བའི་དོན་དུ་ཡུན་རིང་པོར་འཇུག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུན་རིང་འཁོར་འདོད་ཅིང་ཞེས་བྱ་བ་ནི་ཡུན་རིང་མོ་ཞིག་ཏུ་སྲིད་པའི་ཁ་བརྒྱུད་པར་འདོད་པའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་དོན་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། སེམས་ཅན་གྱི་དོན་དང་ཞིང་སྦྱང་བར་བྱ་བའི་ཕྱིར་བརྩོན་པའི་རྣལ་འབྱོར་པ་ནི་ཚོགས་མཐར་ཕྱིན་པར་བྱེད་པའི་བརྩོན་འགྲུས་དང་ལྡན་པས་འཁོར་བ་འདོད་ཀྱི་སྲིད་པའི་བདེ་བ་ལ་ཆགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་སྐྱོ་བ་ནི་རིང་ཞིག་ཏུ་བྱ་དཀའ་བ་བྱེད་

པ་དང་ལྡན་དུ་ཟིན་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་མ་ཡིན་ཏེ། སེམས་དེའི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་ནོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་མི་མཁས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐལ་པ་བྱེ་བ་བགྲང་ཞེས་བྱ་བ་ནི་བདག་གི་བསྐལ་པ་བྱེ་བ་འདི་
སྙེད་ཅིག་ཏུ་འཇུག་པར་བྱ་དགོས་སོ་ཞེས་བགྲང་བས་ཞེས་བྱ་བའི་དོན་ཏོ། །རིང་བར་འདུ་ཤེས་ཞེས་བྱ་བ་ནི་བདག་གིས་དུས་ཡུན་རིང་མོ་འདི་ཁས་བླངས་སོ་སྙམ་པའི་བསམ་པ་ཉེ་བར་གནས་པའི་ཕྱིར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་བའི་ཡིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །
བྱང་ཆུབ་སྒྲུབ་ཅེས་བྱ་བ་ནི་བྱང་ཆུབ་སྒྲུབ་པར་བྱེད་པའོ། །ལེ་ལོ་ཅན་ཞེས་བྱ་བ་ནི་འདི་སྐད་དུ་དེ་ལྟར་སྐྱོ་བའི་བསམ་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཀུན་དུ་སྤྱོད་པ་ནི་དཀའ་བ་བྱེད་པས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ལ་དེས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཉམས་པ་ཡིན་ཏེ། ཡིད་སྐྱོ་བ་ངན་པ་ལ་གནས་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །ཡང་གང་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་པོ་ནས་བཟུང་སྟེ་བླ་ན་མེད་པའི་ཡེ་ཤེས་ཀྱི་བར་འདི་ལ་ཉིན་ཞག་གཅིག་ཙམ་དུ་ལྟ་བས་སྐྱོ་བ་ལ་ཇི་མི་སྙམ་པར་བྱེད་པ་དེ་ནི་བརྩོན་འགྲུས་བརྩམས་
པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །སེམས་བསྐྱེད་ཅེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་བསྐྱེད་པ་དང་པོ་ནས་བཟུང་སྟེ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཉིན་མཚན་གཅིག་ཙམ་དུ་ཞེས་བྱ་བ་ནི་ཉིན་ཞག་གཅིག་ཙམ་
དུ་སྟེ་དུས་དེ་ཙམ་དུའོ། །སེམས་བྱེད་ན་ཞེས་བྱ་བ་ནི་སེམས་པར་བྱེད་ན་སྟེ་ཡིད་ལ་ཞེས་བྱ་བར་སྦྱར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སེམས་ཞུམ་པ་ཉིད་ནི་བྱང་ཆུབ་དཀའ་བ་བརྩམས་པས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ཐོས་ན་སེམས་ཞུམ་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡོངས་སུ་མི་རྫོགས་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་སྨྲ་བ་ལས་ཞེས་བྱ་བ་ནི་སྨྲ་བར་བྱེད་པ་ལས་སོ། །དེ་ཅི་ཞིག་ཅེ་ན། རི་རབ་རི་བཤིག་པའི་ཞེས་བྱ་བ་ཡིན་ཏེ། བཤིག་པའི་ཞེས་བྱ་བ་ནི་བཅོམ་པའི་འོ། །རྗེས་ལ་ཞེས་བྱ་བ་ནི་འོག་ཏུའོ། །ཐོབ་འགྱུར་

ཞེས་བྱ་བ་ནི་བྱང་ཆུབ་མཆོག་མངོན་དུ་བྱེད་པར་འགྱུར་བའོ། །ཇི་སྟེ་ཞེས་བྱ་བ་ནི་ཇི་སྟེ་དེ་སྐད་ཐོས་ནས་སོ། །སྐྱོ་བའི་བློ་སྐྱེད་ཅེས་བྱ་བ་ནི་འོ་ན་ནི་བདག་བྱང་ཆུབ་ཀྱི་སྣོད་མ་ཡིན་ནོ་ཞེས་སྐྱོ་བ་སྐྱེད་ཅིང་ངོ་། །ཚད་ཀྱང་སེམས་བྱེད་ན་ཞེས་བྱ་བ་ནི་འདི་ལྟར་རི་རབ་འདི་ནི་ཚད་ཆེན་
པོ་ཡིན་པས་བདག་གིས་གཞོམ་པར་མི་ནུས་སོ་ཞེས་དེ་སྙམ་དུ་སེམས་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡོངས་སུ་སྤང་བར་བརྩོན་འགྲུས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟེ་སྔར་སྨྲས་པ་ལྟ་བུ་ཐོས་ནས་
སེམས་བསྐྱེད་ནའོ། །ཇི་ལྟ་བུ་ཞིག་ཅེ་ན། འདི་ཙམ་ཚོད་ལྟ་ཅི་དཀའ་ཞེས་བྱ་བ་སྟེ། རི་རབ་བཤིག་ནས་བྱང་ཆུབ་ཐོབ་པར་འགྱུར་བ་གང་ཡིན་པ་འདི་ནི་ཚེགས་ཆུང་རབ་པའོ་སྙམ་པའོ། །དེའི་ཕྱིར་སྐད་ཅིག་ཙམ་ལ་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་ཁོ་ནར་རི་རབ་ཐལ་བ་བཞིན་དུ་ཐལ་བར་
བརླགས་ཏེ་བཏང་ངོ་སྙམ་མོ། །བརྩོན་འགྲུས་བརྩམས་པ་སྟེ་ཞེས་བྱ་བ་ནི་ཚོགས་མཐར་ཕྱིན་པ་དང་མཐུན་པའི་བརྩོན་འགྲུས་ཡིན་པའི་ཕྱིར་རོ། །འདི་ལྟར་རིང་པོར་མི་ཐོགས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་དོན་གོ་བར་ཟད་དོ། །གང་ཟག་ལ་སོགས་པར་ཕྱིན་ཅི་ལོག་པ་ནི་བདག་
ལ་སོགས་པར་འདུ་ཤེས་པ་ལུས་ལ་སོགས་པས་བརྩོན་པར་བྱས་ཀྱང་གནམ་ས་བཞིན་དུ་རྫོགས་པའི་བྱང་ཆུབ་དང་རིང་བར་འགྱུར་བའི་ཕྱིར། འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱ་ཞེས་བྱ་བ་ནི་བདག་གི་དོན་འབའ་ཞིག་ཏུ་བརྩོན་པར་བྱ་བར་མ་ཟད་ཀྱི་འཇིག་རྟེན་གྱི་དོན་དུ་ཡང་
བྱའོ་སྙམ་དུ་སེམས་པའོ། །འོན་ཀྱང་ལེ་ལོར་གྱུར་པ་ཡིན་ཏེ། འདི་ལྟར་བདག་ཏུ་འདུ་ཤེས་གནས་པ་སྟེ་བདག་ཏུ་མངོན་པར་ཞེན་པས་སོ། །བདག་ལ་སོགས་པར་ཕྱིན་ཅི་ལོག་པ་ནི་རྣམ་པར་བྱང་བ་སྐྱེ་བའི་གེགས་སུ་གྱུར་པའི་ཕྱིར་རོ། །དེ་གསལ་བར་བྱ་བའི་ཕྱིར། ཐམས་ཅད་
མཁྱེན་པ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བས་ན་ལུས་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པ་ཁོ་ན་བླ་ན་མེད་པའི་ཡེ་ཤེས་ཀྱི་འོས་ཡིན་པའི་ཕྱིར། བརྩོན་འགྲུས་ཕུན་སུམ་ཚོགས་པའི་མཆོག་ཡིན་པས། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ལུས་

ལ་སོགས་པའི་འདུ་ཤེས་དང་བྲལ་ཞེ་ན། འདི་ལྟར་འདུ་ཤེས་རྣམ་པར་ལྡོག་པ་སྟེ་སེམས་ཅན་ལ་སོགས་པའི་འདུ་ཤེས་ལོག་པ་ཆོས་ཀྱི་དབྱིངས་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གནས་པ་ནི་བརྩོན་འགྲུས་ཀྱི་འཁོར་གསུམ་རྣམ་པར་དག་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་
ནོ། །དེ་བསྟན་པའི་ཕྱིར། གཉིས་སུ་མེད་ཆོས་སྤྱོད་ཅེས་བྱ་བ་སྨོས་སོ། །འདི་ནི་ཞེས་བྱ་བ་ནི་འདི་ཁོ་ན་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཁོ་ན་ཉིད་ལ་ཕྱིན་ཅི་མ་ལོག་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། བརྩོན་འགྲུས་རྣམ་པར་དག་པ་མེད་ན་བྱང་ཆུབ་ཡོད་
པ་མ་ཡིན་ནོ། །དེ་ལྟ་ན་ནི་ཕ་རོལ་ཏུ་ཕྱིན་པའི་ཐ་སྙད་གདགས་པ་ཡང་མེད་དེ། དེ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུའི་ངོ་བོ་ལ་རྟེན་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་བསྟན་པའི་ཕྱིར། བྱང་ཆུབ་ཞི་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བྱང་ཆུབ་འདོད་པའི་བརྩོན་འགྲུས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡིན་པར་དེ་བཞིན་གཤེགས་པས་གསུངས་ཀྱི་གཞན་གྱིས་ནི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་རྣམ་པ་དྲུག་སྟེ། གནོད་པ་བྱེད་པའི་རྐྱེན་ནི་དེ་ཡོད་ན་ཁྲོ་བ་སྲིད་པའི་ཕྱིར་རོ། །དེ་བསལ་བར་བྱ་བའི་ཕྱིར་གནོད་པ་
བྱེད་པ་དག་ལ་ཡང་བཟོད་པའི་ཡན་ལག་བསྒོམས་པས་ཕན་འདོགས་པའི་བློས་ཡོངས་སུ་དགའ་བར་འགྱུར་བའི་ཕྱིར། གལ་ཏེ་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངན་དུ་བརྗོད་པ་ནི་སྐབས་སུ་མ་བབ་པར་སྨྲ་བའི་ཕྱིར་རོ། །ཚིག་རྩུབ་ནི་མི་དགའ་བར་བྱེད་པའི་ཕྱིར་རོ། །
བདག་བདེ་ཡིན་ཞེས་བྱ་བ་ནི་མི་སྙན་པ་ལ་སོགས་པ་སྨྲ་བ་གང་ཡིན་པ་འདི་ནི་རྫོགས་པའི་བྱང་ཆུབ་དང་མཐུན་པའི་ཕྱིར་བདག་གི་བདེ་བ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། གཞན་གྱི་གནོད་པ་བྱས་པ་ལ་བཟོད་པ་མེད་ན་ཇི་ལྟར་བྱང་ཆུབ་ཐོབ་པར་འགྱུར་སྙམ་ནས་ཡོངས་སུ་དགའ་བར་འགྱུར་གྱི་བཏང་
སྙོམས་ཙམ་དུ་བྱེད་པ་ཁོ་ནར་ནི་མ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་དང་གཞན་དུ་མངོན་པར་ཞེན་པ་ནི་དེ་ཉེས་པ་འབྱུང་བའི་གཞི་ཡིན་པའི་ཕྱིར་རོ། །དེ་ཡོངས་སུ་སྤང་བའི་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་ངན་དུ་སྨྲ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་བདག་མེད་པར་སོ་སོར་

རྟོག་པའི་ཕྱིར། སུ་སྨྲ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སུ་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་ཐམས་ཅད་དུ་ཡང་སྤོང་བ་ཡིན་པར་བལྟ་བར་བྱའོ། །གང་གིས་ཞེས་བྱ་བ་ནི་རྒྱུ་གང་གིས་སྨྲས་ཏེ། ཡང་དག་པར་ན་ངག་ཀུན་ནས་སློང་བར་བྱེད་པ་ཞེ་
སྡང་ལ་སོགས་པ་མེད་པའི་ཕྱིར་གང་གིས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་ཅེས་བྱ་བ་ནི་དོན་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ལྷག་མ་ཡིན་ཏེ། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཕྱིར་གང་ཡང་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །རྒྱུ་གང་གི་ཕྱིར་སྨྲ་
ཞེས་བྱ་བར་སྐབས་དང་སྦྱར་ཏེ། དངོས་པོ་ཐམས་ཅད་ལ་བྱེད་པ་མེད་པའི་ཕྱིར་དང་བདག་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །བཟོད་པའི་ཕ་རོལ་ཕྱིན་མཆོག་ཅེས་བྱ་བ་ནི་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་དང་ངོ་། །བཟོད་པའི་ཡོན་ཏན་མ་མཐོང་བ་ནི་བཟོད་པ་དེ་ལྟ་བུའི་
ཕན་ཡོན་མ་མཐོང་ན་དེ་མངོན་དུ་མི་བྱེད་པའི་ཕྱིར་རོ། །དེ་བསལ་བའི་དོན་དུ་ཕན་ཡོན་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེགས་ཆོས་ལྡན་ཞེས་བྱ་བའི་ཕན་ཡོན་འདི་ནི་གང་ཞིག་ཇི་སྐད་བཤད་པའི་ཡིད་ལ་བྱེད་པའི་ཡོན་
ཏན་དང་ལྡན་པའི་བཟོད་པ་བྱེད་པ་དེའི་ཡིན་གྱི་ཉམ་ཆུང་བ་ལ་སོགས་པས་བྱེད་པ་ནི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །བསོད་ནམས་ཕུང་པོས་དེ་ལ་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པ་ལ་ནི་རིན་པོ་ཆེ་ཚད་མེད་པ་ཕུལ་བའི་བསོད་ནམས་གང་ཡིན་པ་དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་
ལ་བསོད་ནམས་ཀྱི་ཆར་ཡང་མི་ཕོད་དེ། དེ་ནི་དམིགས་པ་ཅན་ཡིན་པའི་ཕྱིར་ལ་བཟོད་པ་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྦྱིན་པའི་རྒྱུ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ལྷུར་མི་དམིགས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་
ངོ་བོ་ཉིད་ཡིན་པའི་ཕྱིར་ཐུབ་པར་བྱ་མི་ནུས་པ་ཁོ་ནའོ། །གང་གིས་ན་འདིས་བསོད་ནམས་གཞན་ཐོབ་པར་འགྱུར་བའི་བཟོད་པ་འདི་འབྲས་བུ་ཅི་ཞིག་ཅེ་ན། བཟོད་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བུ་དེ་ཡང་རྣམ་པ་ལྔ་སྟེ། རྒྱུ་མཐུན་པའི་འབྲས་བུ་ནི། ལུས་ནི་

ཡོངས་སུ་དག་འགྱུར་ཏེ། །ཞེས་བྱ་བ་འབྱུང་བ་ཡིན་ཏེ། བཟོད་པ་ལ་གོམས་པའི་ཕྱིར་ལུས་གནོད་སེམས་ལ་སོགས་པས་དྲི་མ་ཅན་དུ་མ་བྱས་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ནི་གཟུགས་ཀྱི་སྐུས་བསྡུས་པ་མཚན་སུམ་ཅུ་རྩ་གཉིས་ཀྱིས་རབ་ཏུ་ཕྱེ་བ་མཐའ་ཡས་པ་ཡིན་ཏེ།
དེ་ནི་བཟོད་པའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་སེམས་ཅན་རྣམས་ལ་ཆོས་སྟོང་པ་ཉིད་རབ་ཏུ་སྟོན་པ་ཡིན་ཏེ། ཆོས་ལ་ངེས་པར་རྟོག་པའི་བཟོད་པའི་སྟོབས་ཀྱིས་ཕྱིན་ཅི་མ་ལོག་པར་སྟོན་པར་རབ་ཏུ་འཇུག་པའི་ཕྱིར་རོ། །བདག་པོའི་འབྲས་
བུ་ནི་འགྲོ་བ་དགའ་བར་འགྱུར་བ་ཡིན་ཏེ། བཟོད་པའི་དབང་གིས་འགྲོ་བའི་རྒྱུད་དག་ལ་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་དགའ་བ་སྐྱེ་བའི་ཕྱིར་རོ། །བྲལ་བའི་འབྲས་བུ་ནི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་བཟོད་པའི་མཐུས་མི་ཤེས་པ་དང་བྲལ་ན་མཁས་པ་ཡིན་པའི་ཕྱིར་རོ། །
གནོད་སེམས་དང་རྗེས་སུ་ཆགས་པ་དང་ལྡན་པ་ཉིད་ནི་དེ་དག་མེད་ན། བྱང་ཆུབ་སེམས་དཔའ་ཕན་འདོགས་པ་དང་གནོད་པ་བྱེད་པ་དག་ལ་མཚུངས་པར་ཕན་གདགས་པའི་ལྷག་པའི་བསམ་པ་ཅན་ཡིན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླངས་ཞེས་བྱ་བ་ནི་བླངས་ནས་
སོ། །རབ་གུས་ཞེས་བྱ་བ་ནི་ཤིན་ཏུ་གུས་པས་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་ལ་ཞེས་བྱ་བ་ནི་ཙནྡན་གྱི་ཕུར་མས་ཞེས་བྱ་བར་སྦྱར་རོ། །འཐོར་བྱེད་ཅེས་བྱ་བ་ནི་མགོ་ལ་མེ་མདག་འཐོར་བར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའི་ཞེས་བྱ་བར་སྐབས་
དང་སྦྱར་རོ། །གཉི་ག་ལ་ཞེས་བྱ་བ་ནི་ཕན་འདོགས་པ་དང་གནོད་པ་བྱེད་པ་ལའོ། །དེ་ཡིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སོ། །བྱང་ཆུབ་གཞན་དུ་ཡོངས་སུ་བསྔོ་བ་ནི་དེ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཡིན་པས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་བཟོད་པའི་ཕ་
རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་རོ། །དེའི་གཉེན་པོ་ནི་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། དེས་ཡོངས་སུ་བཟུང་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཟག་གཞན་གྱི་བཟོད་པ་བས་མཆོག་ཏུ་གྱུར་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། སེམས་བསྐྱེད་དེ་ནི་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་བཟོད་པའི་མཚན་ཉིད་ཀྱི་སེམས་བསྐྱེད་པ་དེའོ། །དགྲ་བཅོམ་རང་རྒྱལ་ཞེས་བྱ་བ་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱིའོ། །སེམས་ཅན་ཁམས་ཀྱི་ཞེས་བྱ་བ་ནི་དེ་ལས་གཞན་
པའི་བཟོད་པ་ཇི་སྙེད་པ་ཡང་ཞེས་བྱ་བར་སྦྱར་རོ། །ཟིལ་གྱིས་གནོན་ཞེས་བྱ་བ་ནི་ཟིལ་གྱིས་ནོན་པར་འགྱུར་བ་སྟེ། བྱང་ཆུབ་སེམས་དཔའི་བཟོད་པ་ཇི་སྐད་བཤད་པའི་ཡོངས་སུ་བསྔོས་པ་ལྟ་བུ་ནི་ཡེ་ཤེས་དམ་པའི་རྒྱུ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྡུག་བསྔལ་
ལ་ཇི་མི་སྙམ་པར་མི་བྱེད་པ་ནི་དེ་དང་ལྡན་པ་བཟོད་པ་མེད་པ་སྲིད་པའི་ཕྱིར་རོ། །དེའི་གཉེན་པོ་ནི་འགྲོ་བ་ཐམས་ཅད་དུ་དོན་མེད་པའི་ཉོན་མོངས་པ་དང་མཐུན་པའི་སྡུག་བསྔལ་རྗེས་སུ་དྲན་པས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བྱང་ཆུབ་སེམས་དཔའི་བསྒྲུབ་པའི་སྡུག་བསྔལ་བ་ལ་སེམས་
གུས་པ་དང་བཅས་པ་ཉིད་དེ། དེས་སྡུག་བསྔལ་ཐམས་ཅད་དང་དུ་ལེན་པའི་ཕྱིར། བཟོད་བྱེད་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །སེམས་དེ་བསྟན་པའི་ཕྱིར་སེམས་དམྱལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་དམྱལ་བ་ལ་སོགས་པ་སྨོས་པ་ནི། སྡུག་
བསྔལ་མང་པོ་ཉིད་དུ་བསྟན་པའི་ཕྱིར་རོ། །འདོད་པའི་ཡོན་ཏན་རྒྱུ་ཡིས་ཞེས་བྱ་བ་ནི་འདོད་པ་ལ་ལྷག་པར་ཞེན་པ་མི་འདོད་པའི་ལས་བསགས་པས་དམྱལ་བ་ལ་སོགས་པར་འགྲོ་བའི་ཕྱིར་རོ། །དབང་མེད་ཅེས་བྱ་བ་ནི་རང་དབང་མེད་པ་སྟེ། སྡུག་བསྔལ་གང་དག་ལ་རང་དབང་
མེད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ལས་ཀྱི་གཞན་གྱི་དབང་གིས་དེ་ཉམས་སུ་མྱོང་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །བྱང་ཆུབ་ཆེད་དུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱིར་རོ། །ད་ཞེས་བྱ་བ་ནི་རང་ཉམས་སུ་འགྲོ་བ་དྲང་བར་ཁས་བླངས་པའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་
བས་ན་གང་ཞིག་འདི་ལྟར་སྤྲོ་བ་ནི་བཟོད་པ་ལ་གནས་པ་ཡིན་པས། ལྕགས་དབྱིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་ཇི་སྙེད་ཅེས་བྱ་བ་ནི་ཇི་སྐད་བཤད་པའི་སྡུག་བསྔལ་ལས་མ་གཏོགས་པ་གཞན་དང་གཞན་དག་ཀྱང་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་

པ་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །བཟོད་པའི་རང་གི་མི་མཐུན་པའི་ཕྱོགས་དང་བྲལ་བ་བཤད་ཟིན་ཏོ།། །།ཚུལ་ཁྲིམས་ཀྱི་བརྗོད་པར་བྱ་སྟེ། དེའི་མི་མཐུན་པའི་ཕྱོགས་ནི་ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་དྲུག་ཁོ་ནའོ། །
ཡུལ་ལ་ཆགས་པ་ནི་དེས་གཅིག་ཏུ་ཉེས་པར་སྤྱོད་པ་ལས་རྣམ་པར་མི་ལྡོག་པའི་ཕྱིར་རོ། །དེའི་གཉེན་པོ་ནི་ཞི་བ་འདོད་པ་ཉིད་ཡིན་ཏེ། དེས་གཅིག་ཏུ་ཉེས་པར་སྤྱོད་པ་སྤང་བ་ཡང་དག་པར་ལེན་པའི་ཕྱིར། ཚུལ་ཁྲིམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞི་བ་འདོད་
ཅེས་བྱ་བ་ནི་ཐར་པ་འདོད་ཅེས་བྱ་བའི་ཐ་ཚིག་གོ། །བྱ་བ་ཡོངས་སུ་མ་རྫོགས་པ་ཉིད་ནི་དེ་སྦྱིན་པའི་ཚུལ་ཁྲིམས་ཀྱི་གནས་སུ་གྱུར་པའི་ཕྱིར་ཏེ། བདག་ཉིད་བསླབ་པ་ཡོངས་སུ་མ་རྫོགས་པ་ནི་ཕལ་ཆེར་གཞན་དག་ལ་སློབ་པར་ནུས་པ་མ་ཡིན་ནོ། །དེའི་གཉེན་པོ་ནི་སྟོབས་བཅུའི་
སྤྱོད་ཡུལ་ལ་གནས་པ་ཡིན་ཏེ། དེ་ནི་བསླབ་པ་རྫོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྟོབས་བཅུའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་གི་བསླབ་པ་ལ་འདའ་བ་ནི་དེ་བཟོད་པའི་ཚུལ་ཁྲིམས་དང་འགལ་བའི་ཕྱིར་རོ། །དེའི་གཉེན་པོ་ནི་ཚུལ་ཁྲིམས་མ་ཉམས་པ་ཉིད་དེ།
རྣམ་པ་ཐམས་ཅད་དུ་འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུ་དག་ལ་བཟོད་པའི་ཚུལ་ཁྲིམས་ཉིད་ཀྱིས་རང་གི་བསླབ་པ་མི་འཁྲུགས་པའི་ཕྱིར་རོ། །ཐེག་པ་དམན་པ་མངོན་པར་འདོད་པ་ནི་སྤྲོ་བ་ཆེན་པོའི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ནི་འགྲོ་བ་
མཐའ་དག་ལ་ཕན་གདགས་པའི་ཕྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ཡོད་ན་རང་དང་གཞན་གྱི་དོན་གྱི་རྟེན་ཅན་གྱི་བརྩོན་འགྲུས་མཐའ་ཡས་པས་སྡོམ་པའི་བྱ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའི་ཕྱིར་སྡོམ་པའི་བྱ་
བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྙེད་ཅེས་བྱ་བ་ནི་སྡོམ་པའི་བྱ་བ་སྡོམ་པ་དང་སེམས་ཅན་གྱི་དོན་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་ཇི་སྙེད་ཡོད་པའོ། །རྗེས་སུ་འཇུག་ཅེས་བྱ་བ་ནི་སྲུང་བར་བྱེད་པའོ། །དེ་ཡང་ཞེས་བྱ་བ་ནི་བྱ་བ་དེ་ཡང་ཞེས་བྱ་བར་སྐབས་དང་

སྦྱར་རོ། །དེ་ལྟ་མ་ཡིན་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་གེགས་སུ་གྱུར་པའི་ཕྱིར་འཆལ་པའི་ཚུལ་ཁྲིམས་མ་རུངས་པ་ཡིན་པས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེག་པ་གཞན་ལ་དགའ་བ་ནི་བྱང་ཆུབ་
ཀྱི་སེམས་སྐྱེ་བའི་གེགས་སུ་གྱུར་པའི་ཕྱིར། དེ་དག་ནི་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱི་ནང་ན་ཚུལ་ཁྲིམས་འཆལ་པ་ཡིན་ནོ། །སྤྱོད་པ་ཉམས་ཞེས་བྱ་བ་ནི་སྤྱོད་པ་ཉམས་པ་སྟེ། དེ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ལས་འདའ་བའི་རྒྱུ་
མཚན་ཉིད་ཡིན་པའི་ཕྱིར་རོ། །རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་འདོད་པའི་ཡོན་ཏན་ལ་གནས་སུ་ཟིན་ཀྱང་ཚུལ་ཁྲིམས་འཆལ་པ་ཉིད་མ་ཡིན་པས། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གང་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །བྱང་ཆུབ་ཡོན་ཏན་འབྱུང་འགྱུར་བ། །ཞེས་བྱ་བ་ནི་གང་ལས་བྱང་ཆུབ་ཀྱི་ཡོན་ཏན་སྟོབས་ལ་སོགས་པ་ཡང་དག་པར་འགྲུབ་པར་འགྱུར་བའི་ཆོས་དེ་ནི་ཞེས་བྱ་བར་སྦྱར་རོ། །ཚུལ་ཁྲིམས་དོན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དེ། རྫོགས་པའི་བྱང་ཆུབ་
ཀྱི་ཡོན་ཏན་གྱི་འོས་ཡིན་པ་ཉིད་ཀྱི་སྒྲིབ་པའི་གདུང་བ་ཐམས་ཅད་ཀྱི་གཉེན་པོར་གྱུར་ན་ཕྱིས་བསིལ་བར་འགྱུར་བའི་ཕྱིར་རོ། །སུ་དག་གི་ཡིན་ཞེ་ན། ཡོན་ཏན་ཆོས་ལྡན་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །དེ་དག་རྫོགས་པའི་སངས་
རྒྱས་ཀྱི་ངོ་བོ་དོན་དུ་གཉེར་བའི་ཕྱིར་དེ་རུང་བའི་ཆོས་ཁོ་ན་དེ་དག་གི་ཚུལ་ཁྲིམས་ཡིན་གྱི་གཞན་གྱི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བསྟན་པའི་ཕྱིར། ཆོས་གང་ཕན་བྱེད་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཡོངས་ཉམས་པ་ཞེས་བྱ་བ་ནི་ཆོས་གང་ལ་བྱང་ཆུབ་ལས་
ཡོངས་སུ་ཉམས་པར་འགྱུར་བ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདི་ནི་ཞེས་བྱ་བ་ནི་ཆོས་འདིའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཡོན་ལྔ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཆགས་པར་འགྱུར་བའི་ཡུལ་ལྔའོ། །

སྤྱོད་ཀྱང་ཞེས་བྱ་བ་ནི་སྤྱོད་དུ་ཟིན་ཀྱང་ངོ་། །སངས་རྒྱས་བསྒྲུབ་བྱ་སྙམ་དུ་ཞེས་བྱ་བ་ནི་གལ་ཏེ་བདག་གིས་ཇི་ལྟར་ན་ངེས་པར་སངས་རྒྱས་སུ་འགྱུར་བ་དེ་ལྟར་རབ་ཏུ་འབད་པར་བྱའོ་སྙམ་དུ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་ནའོ། །ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་ཞེས་བྱ་བ་ནི་
ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེའི་ཚེ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་ཐོག་དྲངས་པའི་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོས་ནི་བྱང་ཆུབ་ཀྱི་ཡོན་ཏན་ཐམས་ཅད་སྐྱེ་བར་རུང་བ་ཡིན་པའི་ཕྱིར་རོ་སྙམ་དུ་
དགོངས་པ་ཡིན་ནོ། །དེ་ལས་གཞན་པ་ནི་གལ་ཏེ་བསྐལ་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །སེམས་བསྐྱེད་དེ་ནི་ཞེས་བྱ་བ་ནི་རང་སངས་རྒྱས་དང་དགྲ་བཅོམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་སྟེ། དེ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བདག་
ཉིད་ཀྱི་བྱང་ཆུབ་ལས་ཡོངས་སུ་ཉམས་པའི་རྒྱུ་ཡིན་པའི་ཕྱིར། ཕས་ཕམ་པའི་ལྟུང་བ་བས་ཀྱང་ཆེས་ལྕི་བར་རིག་པར་བྱའོ། །ཕས་ཕམ་པའི་ལྟུང་བ་ནི་དེ་ལྟར་ཉམས་པའི་རྒྱུ་མ་ཡིན་ཏེ། དེའི་བསམ་པ་ནི་གཏན་དུ་ལྟུང་བ་མ་ཡིན་པའི་ཕྱིར་རོ། །ལྟུང་བ་བྱུང་བ་ནི་སུ་ཡང་རུང་སྟེ་
ཕལ་ཆེར་འདི་སྙམ་དུ་བདག་གིས་གདོན་མི་ཟ་བར་འཁྲུལ་པ་འདི་ཁོ་ན་རྟག་ཏུ་ངང་དུ་གྱུར་པར་བྱའོ་སྙམ་དུ་ནི་མི་སེམས་ཏེ། འདོད་ཆགས་ལ་སོགས་པ་ཀུན་དུ་སྤྱོད་པ་ནི་ཕུང་བར་འགྱུར་བའི་རྒྱུ་གཅིག་པུ་ཡིན་པས་མངོན་པར་དགའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་
གཏན་དུ་བྱ་བ་མ་ཡིན་པས་རྫོགས་པའི་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་མི་འགལ་བའི་ཕྱིར་ཕས་ཕམ་པའི་ལྟུང་བ་ནི་ཇི་ལྟར་ཐེག་པ་དམན་པ་འདོད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏན་དུ་བར་དུ་གཅོད་པའི་ཆོས་མ་ཡིན་ནོ། །དེ་ནི་འཇིགས་པ་མེད་པའི་འབྲས་བུ་
གཞན་དོན་དོན་དུ་གཉེར་བའི་ངོ་བོ་ཉིད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཅན་གྱི་ཡིད་ལ་བྱེད་པ་དང་འགལ་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟ་བས་ན་ཚུལ་ཁྲིམས་སྲུང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོངས་བསྔོ་ལ་ཞེས་བྱ་བ་ནི་ཡོངས་སུ་སྔོ་བར་བྱེད་ན་སྟེ།

དེ་ལྟར་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་མཆོག་ཏུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་གྱིས་ང་རྒྱལ་བྱེད་པ་ནི་དེ་མཉམ་པར་གཞག་པའི་ཚུལ་ཁྲིམས་དང་མི་མཐུན་པའི་ཕྱིར་ཏེ། རྒྱུད་ང་རྒྱལ་གྱིས་ཉེ་བར་བཅོམ་པ་ནི་མཉམ་
པར་བཞག་པའི་ཚུལ་ཁྲིམས་ཀུན་དུ་སྒྲུབ་པར་མི་འགྱུར་རོ། །དེའི་གཉེན་པོ་ནི་ང་རྒྱལ་བཅོམ་པ་ཉིད་དེ་དེ་བསྟན་པའི་ཕྱིར། དེ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡིས་ཞེས་བྱ་བ་ནི་བཤད་མ་ཐག་པ་ལྟ་བུའི་ཚུལ་ཁྲིམས་ཀྱིས་སོ། །རློམ་སེམས་མེད་ཅེས་བྱ་བ་ནི་ཁྱད་དུ་
གསོད་པ་མེད་པ་སྟེ་གཞན་དག་ལ་ཞེས་བྱ་བ་ལྷག་མ་ཡིན་ནོ། །གང་ཟག་ལ་སོགས་པར་ལྟ་བ་ནི་དེ་ཤེས་རབ་ཀྱི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེ་དགག་པར་ངའི་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངའི་འདུ་ཤེས་ནི་ངའོ་སྙམ་དུ་ལྟ་བའོ། །སེམས་
ཅན་འདུ་ཤེས་ནི་རྒྱུད་གཞན་དག་ལ་གང་ཟག་དང་ཕུང་པོ་ལ་སོགས་པར་མངོན་པར་ཞེན་པའོ། །ཐ་དད་པའི་འདུ་ཤེས་དང་ལྡན་པ་ནི་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་དོན་དམ་པའི་ཚུལ་ཁྲིམས་མ་ཡིན་པས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤིན་ཏུ་ཚུལ་ཁྲིམས་
འཆལ་ཞེས་བྱ་བ་ནི་སེམས་ཅན་དག་ལ་ཡོན་གནས་མ་ཡིན་པའི་འདུ་ཤེས་ཉེ་བར་འཇོག་པའི་ཕྱིར་དང་བདག་དང་གཞན་དུ་ཕྱིན་ཅི་ལོག་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། གང་ལ་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུ་ཤེས་འདོད་ཆགས་
བྲལ་ལ་ཞེས་བྱ་བ་ནི་གང་ལ་འདུ་ཤེས་ལ་འདོད་ཆགས་དང་བྲལ་ཞིང་མངོན་པར་ཞེན་པ་མེད་པ་དེ་ལ་སྡོམ་པ་མ་ཡིན་པ་ག་ལ་ཡོད་དེ་དེའི་རྩ་བ་ནི་དེར་འདུ་ཤེས་པ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ནི་ཚུལ་ཁྲིམས་སྡོམ་པར་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ཅིག་ཤོས་དག་ཐ་དད་པ་
མེད་པ་ཉིད་དུ་རྟོགས་པས་དོན་དམ་པའི་ཚུལ་ཁྲིམས་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་བཞིན་དུ་སྔ་མ་དག་ལ་ཡང་ཅི་རིགས་པར་སོ་སོའི་ཕ་རོལ་ཏུ་ཕྱིན་པའི་རབ་ཏུ་དབྱེ་བས་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་སྦྱར་བར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་

ཉམས་པ་བཤད་ཟིན་ཏོ།། །།སྦྱིན་པའི་བརྗོད་པར་བྱ་སྟེ། འདིར་ཡང་སྔ་མ་བཞིན་དུ་སྦྱིན་པའི་སྦྱིན་པ་ལ་སོགས་པའི་བྱེ་བྲག་གི་མི་མཐུན་པའི་ཕྱོགས་རྣམ་པ་དྲུག་གོ། །ལྟ་བ་དང་བཅས་པའི་སེམས་ཉིད་ནི་དེ་དངོས་པོ་གཏོང་བའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེའི་གཉེན་
པོ་ནི་སྡུག་པ་དང་མི་སྡུག་པའི་དངོས་པོ་ལ་མི་ལྟ་བ་ཉིད་དེ། དེ་ཡོད་ན་ཕྱི་དང་ནང་གི་དངོས་པོ་ཡོངས་སུ་གཏོང་བ་སྲིད་པའི་ཕྱིར། སེམས་ཅན་དག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པའི་རིམ་པ་འདིས་ནི་ཕ་རོལ་ཏུ་ཕྱིན་པ་སྔ་མ་རྣམ་པར་དག་པ་ཕྱི་མའི་རྣམ་པར་དག་པའི་རྒྱུ་
ཡིན་ནོ་ཞེས་བྱ་བར་སྟོན་པར་བྱེད་དོ། །ལྟ་བ་མེད་པ་ཡིན་ཞེས་བྱ་བ་ནི་མི་ལྟ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་ནི་གོ་སླའོ། །གང་ཟག་ཏུ་འཛིན་པ་ནི་དེ་སེར་སྣ་སྐྱེ་བའི་རྒྱུ་མཚན་ཉིད་ཀྱི་དངོས་པོས་ཚུལ་ཁྲིམས་ཀྱི་སྦྱིན་པའི་གགས་སུ་གྱུར་པའི་ཕྱིར་རོ། །དེའི་གཉེན་པོ་ནི་རང་གི་
སེམས་ལ་སོགས་པ་ལ་བདག་མེད་པ་ཉིད་དུ་རྟོགས་པ་སྟེ། དེས་སེར་སྣའི་མཚན་ཉིད་ཀྱི་འཆལ་པའི་ཚུལ་ཁྲིམས་སྤངས་པ་ཚུལ་ཁྲིམས་ཀྱི་བདག་ཉིད་ཀྱི་སྦྱིན་པ་ཡང་དག་པར་འགྲུབ་པའི་ཕྱིར། ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་མེད་ཅེས་བྱ་བ་ནི་རང་གི་བདག་མེད་
པའི་ངོ་བོ་ཡིན་པའི་ཕྱིར་དང་། བདག་གིས་བྱིན་གྱིས་མ་བརླབས་པའི་ཕྱིར་དང་། རྒྱུ་མ་ཡིན་པའི་ཕྱིར་ནི་བྱིན་གྱིས་རློབ་པ་པོའི་དངོས་པོར་མི་འཐད་པའི་ཕྱིར་རྟག་པ་ཡང་རྒྱུ་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་སྔར་བཤད་པ་ལྟ་བུའོ་སྙམ་དུ་དགོངས་པ་ཡིན་ནོ། །ཡ་མ་བརླ་ཞེས་བྱ་བ་ནི་རྒྱུའི་
གཞན་གྱི་དབང་དུ་གྱུར་པའོ། །དེ་ནི་གནས་མེད་དོ་ཞེས་བྱ་བ་ནི་སེམས་ཅན་དུ་ལྟ་བ་ན་སེར་སྣའི་རྒྱུའི་གཙོ་བོ་ཡིན་ན་དེ་མེད་པས་དེ་ཡང་མི་སྲིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །གང་དག་ལ་བདག་ཏུ་འདུ་ཤེས་པ་ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་བདག་ཏུ་འཛིན་པ་ཡོད་ན་བདག་
ལ་ཆགས་པའི་ཕྱིར་རང་གི་བདེ་བ་སྒྲུབ་པའི་དངོས་པོ་ལ་བདག་གི་ཉིད་དུ་འཛིན་ཅིང་དེ་ལས་ཀྱང་དེ་ལ་ཆགས་པའི་འདོད་ཆགས་འབྱུང་བས་སེམས་རྨོངས་པ་དེ་དག་ལ་གཏོང་བའི་བློ་གཏན་དུ་བལྟ་ག་ལ་ཡོད་དེ། མི་མཐུན་པའི་ཕྱོགས་སྟོབས་དང་ལྡན་པས་དེ་ཤིན་ཏུ་ཟིལ་གྱིས་གནོན་པའི་

ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །སེར་སྣའི་སྐྱོན་མ་མཐོང་བ་ནི་དེ་ཡོད་ན་སློང་བར་བྱེད་པ་ལ་སོགས་པ་ལོག་པར་སྒྲུབ་པ་ལ་མི་བཟོད་པས་སེར་སྣ་འབྱུང་བའི་ཕྱིར་རོ། །དེའི་གཉེན་པོ་ནི་སེར་སྣ་མི་མཐུན་པ་ཡིན་པར་རྟོགས་པ་སྟེ། དེས་སློང་བར་བྱེད་པ་
ཐམས་ཅད་ལ་དགེ་བའི་བཤེས་གཉེན་ཡིན་པར་འདུ་ཤེས་ཤིང་སེར་སྣ་དང་བྲལ་བས་བཟོད་པའི་ཡན་ལག་གི་གཏོང་བ་ཡང་དག་པར་སྒྲུབ་པའི་ཕྱིར། སེར་སྣ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེར་སྣ་ཅན་ནི་ཞེས་བྱ་བ་ནི་སེར་སྣ་དང་ལྡན་པ་ནི་ཞེས་བྱ་བའི་ཐ་ཚིག་གོ། །
ཡི་དྭགས་གནས་སུ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་སྐྱེ་བར་འགྱུར་ཏེ། ཡོ་བྱད་ལ་སོགས་པ་ལ་ཆགས་པའི་རྣམ་པར་སྨིན་པ་ལ་སོགས་པ་ནི་ཡི་དྭགས་ཀྱི་འགྲོ་བ་ཡིན་པའི་ཕྱིར་རོ། །དབུལ་པོར་འགྱུར་ཞེས་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཤེས་ནས་ཞེས་བྱ་བ་ནི་དེ་ལྟར་སེར་སྣའི་
ཉེས་པས་མི་དང་ཡི་དྭགས་ཀྱི་འགྲོ་བ་དག་ན་སེམས་ཅན་དབུལ་པོར་གྱུར་པ་དག་ཤེས་ནས་སོ། །གཏོང་བ་ལ་མོས་པར་འགྱུར་ཞེས་བྱ་བ་ནི་སྦྱོར་བའི་སྒོ་ནས་ཏེ། དོན་དུ་གཉེར་བའི་སྐྱེ་བོ་མཐའ་དག་ལ་ཐམས་ཅད་ཉེ་བར་སྒྲུབ་པའི་ཕྱིར་རོ། །ལྷུག་པར་གཏོང་ཞེས་བྱ་བ་ནི་བསམ་པའི་སྒོ་
ནས་ཏེ། གནོད་པའི་རྣམ་པ་ཐམས་ཅད་ཀྱི་གགས་སུ་མི་འགྱུར་བའི་གཏོང་བའི་བསམ་པ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གླིང་བཞི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆིལ་མའི་ཐལ་བ་འདྲ་ཞེས་བྱ་བ་ནི་མཆིལ་མའི་ཐལ་བ་བཞིན་དུ་བདག་ཉིད་རིན་པོ་ཆེས་བརྒྱན་པའི་གླིང་རྣམས་
ལ་ཡང་མངོན་པར་མ་ཞེན་པའི་ཕྱིར་རོ། །བྱིན་ན་དགའ་བར་འགྱུར་གྱི་ཞེས་བྱ་བ་དེ་ནི་དེ་དག་བྱིན་ནས་དོན་དུ་གཉེར་བའི་སྐྱེ་བོ་མགུ་བར་མཐོང་བའི་ཕྱིར་རོ། །ཐེག་པ་གཞན་དུ་ཡོངས་སུ་བསྔོ་བ་ནི་དེ་རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའི་བརྩོན་འགྲུས་ཆེན་པོ་ཕུལ་དུ་བྱུང་བ་དང་ལྡན་པའི་
གཏོང་བའི་བསམ་པ་དང་འགལ་བའི་ཕྱིར་རོ། །དེའི་གཉེན་པོ་ནི་བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ་བ་སྟེ། དེས་བརྩོན་འགྲུས་གཏན་དུ་བའི་ངོ་བོ་ཉིད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་བྱིན་པར་གྱུར་

ཅིག་སྙམ་དུ་ཞེས་བྱ་བ་ནི་སྦྱིན་པ་འདིས་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་གི་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་མེད་པ་རྣམས་འབྱོར་པར་གྱུར་ཅིག་སྙམ་དུ་བསམས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཅི་བྱེད་ཅེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བསྒྲུབས་
པའི་བསོད་ནམས་ཀྱི་ཕུང་པོ་དེ་ཡང་འགྲོ་བ་སྦྱང་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དེ། དེས་ནི་སྦྱིན་པ་དེ་མི་ཟད་པར་འགྱུར་རོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །མཐོང་བ་དང་མ་མཐོང་བའི་སྲིད་པའི་ལོངས་སྤྱོད་དོན་དུ་གཉེར་བ་ནི་དེ་རྫོགས་པའི་བྱང་ཆུབ་ཡིད་ལ་བྱེད་པའི་རྩེ་གཅིག་པའི་ངོ་བོ་ཉིད་ཀྱི་སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པ་དང་འགལ་བའི་ཕྱིར་རོ། །དེ་དགག་པའི་ཕྱིར། སྦྱིན་པ་སྦྱིན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་ལ་གནས་པར་བྱེད་པ་ནི་མཐོང་བའི་འབྲས་བུ་དོན་དུ་གཉེར་བའོ། །རྣམ་པར་སྨིན་པ་ནི་སྦྱིན་པའི་འབྲས་བུ་འཇིག་རྟེན་ཕ་རོལ་དང་འབྲེལ་བའོ། །མཁས་པ་ཞེས་བྱ་བ་
ནི་ཤེས་ཉེན་ཅན་དེ། ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་རྣམ་པར་མ་གཡེངས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་གཏོང་བ་སྟེ་ཞེས་བྱ་བ་ནི་སྦྱིན་པའི་རྣམ་པར་སྨིན་པ་ཡང་སེམས་ཅན་ཁོ་ན་ལ་ཡོངས་སུ་བསྔོ་བའི་ཕྱིར། མང་པོ་དཔག་ཏུ་མེད་པར་འགྱུར་ཞེས་བྱ་བ་ནི་སྦྱིན་
པར་བྱ་བའི་དངོས་པོ་ཆུང་གིས་ཀྱང་གཏོང་བའི་བསམ་པ་ཆེ་བའི་ཕྱིར་ཏེ། ལོངས་སྤྱོད་དང་ཡོ་བྱད་ཀྱི་རྣམ་པ་ཁ་ན་མ་ཐོ་བ་མེད་པ་མཐའ་དག་འབྱུང་བས་མང་པོའོ། །ཕུང་པོ་མེད་པའི་མྱ་ངན་ལས་འདས་པར་ཡང་མི་ཟད་པའི་ཕྱིར་དཔག་ཏུ་མེད་པ་སྟེ། འབྲས་བུ་ནམ་མཁའི་མཛོད་ལ་སོགས་
པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་ན་དངོས་པོ་ཆུང་ངུ་ཡང་གཏོང་བའི་བསམ་པའི་ཁྱད་པར་མེད་པ་ཁོ་ནར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཡིན་ཏེ། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་ཅད་བཏང་བ་ལས་བྱུང་བའི་བསོད་ནམས་
དུས་མི་མཐུན་པ་ཞིག་ཏུ་མངོན་པར་འདུས་བྱས་པ་ཟིལ་གྱིས་གནོན་པའི་ཕྱིར། སྲིད་པ་གསུམ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོངས་སུ་བརྟག་པ་གཟུང་སྟེ་ཞེས་བྱ་བ་ནི་ཡོངས་སུ་བརྟག་པ་ཉེ་བར་གཟུང་སྟེའོ། །ཡང་དག་པར་ནི་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་རྣམ་པ་མི་སྲིད་པའི་

ཕྱིར་རོ། །སངས་རྒྱས་ལ་སོགས་པ་སྨོས་པ་ནི་ལེན་པ་པོའི་ཁྱད་པར་གྱིས་བསོད་ནམས་ཆེ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །ཉན་ཐོས་ལེགས་ཚོལ་ན་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བས་ཀུན་ནས་བསླང་བའི་སྦྱིན་པ་བྱིན་པའི་ཁྱད་པར་ནི་ཐུབ་པར་མི་ནུས་
སོ་སྙམ་དུ་དགོངས་པ་ཡིན་ནོ། །ཐབས་མཁས་ཞེས་བྱ་བ་ནི་སྦྱོར་བ་མེད་པར་བསམས་པ་ཙམ་གྱིས་བསོད་ནམས་མི་ཉུང་བ་ལ་སོགས་པ་ལ་མཁས་པའི་ཕྱིར་རོ། །བསོད་ནམས་བྱ་བའི་དངོས་པོ་ལ་ཞེས་བྱ་བ་ནི་བཤད་མ་ཐག་པ་ལྟ་བུ་ལའོ། །ཡོངས་སུ་བསྔོ་བས་ཞེས་བྱ་བ་ནི་ཡོངས་
སུ་སྔོ་བར་བྱེད་པ་སྟེ། དེར་ཡོངས་སུ་བསྔོས་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྟེན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཟིལ་གྱིས་གནོན་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པར་འགྱུར་བ་སྟེ། བྱང་ཆུབ་སེམས་དཔའ་དེས་ཞེས་བྱ་བར་སྦྱར་རོ། །རྗེས་སུ་ཡི་རང་བས་ཇི་ལྟར་བསོད་
ནམས་ཟིལ་གྱིས་གནོན་པ་དེ་དཔེས་གསལ་བར་བྱ་བའི་ཕྱིར། ནོར་བུ་མཆིང་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ནི་འདི་སྐད་དུ་དཔེར་ན་ནོར་བུ་མཆིང་བུའི་ཕུང་པོ་ནི་ཤིན་ཏུ་ཆེར་ཟིན་ཀྱང་རིན་པོ་ཆེ་བཻ་ཌཱུརྱ་གཅིག་གིས་ཟིལ་གྱིས་གནོན་པར་འགྱུར་ཏེ། དེ་ནི་ལོངས་སྤྱོད་ལ་སོགས་
པ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བས་ཀྱང་འགྲོ་བའི་བསོད་ནམས་ཀྱི་ཚོགས་ཟིལ་གྱིས་གནོན་པར་འགྱུར་ཏེ། དེ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །ཆོས་ཀྱི་
མཚན་ཉིད་ལ་ཕྱིན་ཅི་ལོག་པ་ནི། དེ་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་སྟེ། དེས་བསྟངས་པས་སྦྱིན་པ་ཟག་པ་མེད་པའི་ཚོགས་འཕེལ་བའི་རྒྱུར་
གྱུར་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་བདག་གིར་མི་བྱེད་ཅེས་བྱ་བ་ནི་གལ་ཏེ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ཕྱིར་དེ་ལ་བདག་གི་ཉིད་དུ་མི་བྱེད་ནའོ། །དངོས་པོ་ཕངས་མེད་ཅེས་བྱ་བ་ནི་ཕངས་པ་ནི་བདག་གིར་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་

ཕྱིར་དེ་མེད་ན་དེ་མི་སྲིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །དགེ་བའི་ཆོས་ཁོ་ན་ཟག་པ་མེད་པ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་སྤོང་བའི་རྒྱུ་ཡིན་པའི་ཕྱིར་མཐུ་ཆེན་ཏེ་དེ་བྱང་ཆུབ་སེམས་དཔའ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །ཞེས་
བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གང་ལ་སྤྲིན་མེད་པའི་འོད་ཟེར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྩེ་མོའི་མངོན་པར་རྟོགས་པའི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། །།མཐར་གྱིས་པ་བརྗོད་པར་བྱ་སྟེ། དེ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་ཀྱང་འཇིག་རྟེན་མངོན་པར་
ཞེན་པ་སྤང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་འཇུག་པའི་རིམ་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། བཅོམ་ལྡན་འདས་དེ་ཇི་ལྟར་ན་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་གྱིས་བགྱིད་པ་དག་
གདའ་ལགས་སམ་ཞེས་བྱ་བ་ནས། གལ་ཏེ་བདག་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་རུང་འོན་ཏེ་བདག་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་རུང་སྟེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཁོ་ན་ཡིན་མོད་ཀྱི་མ་ལ་བདག་གིས་གང་ཞིག་མངོན་པར་རྫོགས་པར་
སངས་རྒྱས་ནས་སེམས་ཅན་དངོས་པོའི་འདུ་ཤེས་ལ་སྤྱོད་པ་ཐམས་ཅད་དངོས་པོ་མེད་པ་ལ་དགོད་པར་འགྱུར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་གོར་མ་ཆག་གོ་སྙམ་དུ་ཞེས་བྱ་བའི་བར་དང་། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་
བདག་ཉིད་ཀྱང་སྦྱིན་པ་བྱིན་ཞིང་གཞན་དག་ཀྱང་སྦྱིན་པ་ལ་སོ་སོར་དགོད་པར་བྱེད་དོ་ཞེས་བྱ་བའི་བར་གང་རྒྱས་པར་འབྱུང་བ་ཡིན་ནོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐར་གྱིས་པ་རྟོགས་པ་ནི་ཟས་ལ་སོགས་པ་སྦྱིན་པ་ལ་གོམས་པས་བདག་དང་གཞན་ཡོངས་སུ་སྨིན་པར་བྱེད་པའི་
ཕྱིར། བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཡི་དྭགས་འགྲོ་བ་གཅོད་ཅེས་བྱ་བ་ནི་སྦྱོར་བའི་གནས་སྐབས་ཁོ་ན་ན་རང་གི་ནོར་ལ་སོགས་པ་ལ་འཛིན་པ་མེད་པ་ཉིད་ཀྱིས་ཡི་དྭགས་ཀྱི་འགྲོ་བ་སྤངས་པའི་ཕྱིར་རོ། །དབུལ་བ་གཅོད་ཅེས་བྱ་བ་ནི་འགྲོ་བ་

ཐམས་ཅད་དུ་ཚེགས་མེད་པར་ཡོ་བྱད་ཕུན་སུམ་ཚོགས་པ་རྙེད་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་གཅོད་ཅེས་བྱ་བར་སྐབས་དང་སྦྱར་ཏེ། འཁོར་གསུམ་མི་དམིགས་པ་ཁོང་ན་ཡོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་མཐོང་བའི་ལམ་གྱི་
གནས་སྐབས་ན་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །སྤྱོད་ཚེ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་སོགས་པ་ལ་འཇུག་པ་ན་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་ནི་འཛམ་བུའི་གླིང་གི་བདག་པོ་ལ་སོགས་པའི་མཚན་ཉིད་དོ། །མཐའ་ཡས་པ་ནི་མི་གནས་པའི་
མྱ་ངན་ལས་འདས་པ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །རྒྱས་པ་ནི་རྣམ་པ་མང་བའི་ཕྱིར་དང་སེམས་ཅན་ཐམས་ཅད་ཀྱི་གསོས་སུ་གྱུར་པའི་ཕྱིར་རོ། །སྡུག་བསྔལ་གྱུར་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། རྒྱུའི་སྡུག་བསྔལ་གྱིས་ནི་སེར་སྣ་ལ་སོགས་པའི་ཉེས་པས་ཉེ་བར་
བཅོམ་པའི་ཕྱིར་རོ། །འབྲས་བུའི་སྡུག་བསྔལ་གྱིས་ནི་དབུལ་བ་ལ་སོགས་པས་གཙེས་པའི་ཕྱིར་རོ། །ཡོངས་སུ་སྨིན་བྱེད་ཅེས་བྱ་བ་ནི་ཡོངས་སུ་སྨིན་པར་བྱེད་པ་སྟེ། སྐྱོན་དང་ཡོན་ཏན་བྲི་ཞིང་འཕེལ་བར་བྱ་བའི་ཕྱིར་ཟང་ཟིང་ལ་སོགས་པས་ཀུན་དུ་བསྡུས་ནས་ཕ་རོལ་ཏུ་ཕྱིན་
པའི་ཆོས་སྦྱིན་པས་རུང་བ་ཉིད་དུ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་པས་རང་གི་ལོངས་སྤྱོད་ལ་འཛིན་པ་སྤངས་ནས། ཁྲིམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་ངན་འགྲོ་ཐམས་ཅད་དང་འགལ་བའི་ཕྱིར་དུད་འགྲོ་སྨོས་པ་ནི་ཉེ་བར་མཚོན་
པར་ཟད་དོ། །མི་ཁོམ་བརྒྱད་ནི་ངན་སོང་དུ་སྐྱེ་བ་ལ་སོགས་པ་སྟེ། རང་དང་གཞན་གྱི་དོན་ལ་འཇུག་པར་རུང་བ་མ་ཡིན་པའི་ཕྱིར་དེ་དག་ཀྱང་སྤོང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ལས་བཟློག་པ་ནི་དལ་བ་སྟེ་དེ་དག་རྙེད་དོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་ཏུ་སྟེ། སྦྱོར་བའི་གནས་སྐབས་
ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་དུ་མི་དམིགས་པ་དང་ལྡན་པའི་ཚུལ་ཁྲིམས་ཀྱིས་རང་དང་གཞན་ལ་ཕན་པའི་ལུས་སྒྲུབ་པའི་ཕྱིར་རོ། །དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྡིག་པའི་བསམ་པ་ལས་རྣམ་པར་ལོག་པ་ནི་བཟོད་པས་ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །དམ་པ་ཞེས་བྱ་བ་ནི་བདག་དང་གཞན་གྱི་ཉེས་པའི་རྟེན་མ་ཡིན་པ་སྟེ། ཆོས་ལ་ངེས་པར་རྟོག་པའི་བཟོད་པས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་མཐུན་པའི་གཟུགས་ཐོབ་པའི་ཕྱིར་རོ། །རྒྱ་ཆེན་ནི་སྤྲུལ་པ་འོད་ཟེར་འཕྲོ་བ་ཕུན་སུམ་ཚོགས་པ་དཔེ་མེད་པ་ཡིན་ཏེ། སེམས་
ཅན་གྱི་དོན་སྒྲུབ་པ་དག་ལ་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ལྷུན་གྱིས་གྲུབ་པར་འགྲོ་བ་ལ་ཕན་འདོགས་ནུས་པའི་སྐུ་འགྲུབ་པའི་ཕྱིར་རོ། །གསེར་མདོག་ཅེས་བྱ་བ་ནི་མདོག་གསེར་ལྟར་དང་བའོ། །བལྟ་བའི་འོས་ཞེས་བྱ་བ་ནི་བལྟ་ན་སྡུག་པ་སྟེ། གཞན་གྱི་གནོད་པ་
བྱས་པ་དང་དུ་ལེན་པའི་བཟོད་པ་ནི་གཞན་གྱི་སྙིང་དུ་སྡུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་བཟོད་པ་དང་ལྡན་པ་ནི། བརྩོན་འགྲུས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཀར་པོའི་ཡོན་ཏན་ནི་ཟག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་དག་འགྲིབ་མི་འགྱུར་ཞེས་
བྱ་བ་ནི་ཡང་དག་པར་སྤོང་བའི་གནས་སྐབས་ན་དྲི་མ་མེད་པའི་ཡེ་ཤེས་ཀྱི་འོས་སུ་རུང་བ་ཐོབ་པའི་ཕྱིར་རོ། །ཡེ་ཤེས་མཐའ་ཡས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དེ། དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་
ས་འོད་འཕྲོ་བ་ཅན་དུ་འཐོབ་པའི་ཕྱིར་རོ། །རྒྱལ་བའི་བོང་བ་ནི་སྟོབས་བཅུ་ལ་སོགས་པའི་མཚན་ཉིད་དོ། །དེའི་མཛོད་ནི་གནས་ཏེ། ཡེ་ཤེས་གང་ཡིན་པ་དེ་ཡང་སངས་རྒྱས་ཉིད་ཀྱི་གནས་སྐབས་ན་རྙེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་དགེ་བ་ལ་སྤྲོ་བ་ཕུན་སུམ་ཚོགས་པ་རྙེད་པ་ནི།
བསམ་གཏན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྨད་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་སྨད་པར་བྱ་བ་དག་འདོར་ཞེས་བྱ་བར་སྦྱར་ཏེ། རྫུ་འཕྲུལ་གྱི་རྐང་པ་དག་ལ་གནས་པ་བསམ་གཏན་ལ་བརྟེན་ནས་ཡུལ་དག་ལ་ཆགས་པ་སེལ་བའི་ཕྱིར་རོ། །རིག་པ་ནི་གསུམ་སྟེ།
ལྷའི་མིག་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པ་ཤེས་པའོ། །མངོན་པར་ཤེས་པ་ནི་དྲུག་སྟེ། གསུམ་པོ་དེ་དག་དང་། ལྷའི་རྣ་བ་དང་། རྫུ་འཕྲུལ་དང་། ཕ་རོལ་གྱི་སེམས་ཤེས་པའོ། །དེ་དག་མངོན་པར་བསྒྲུབ་པ་ནི་ས་ལྔ་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་

པ་རྣམ་པར་དག་པས་རིམ་གྱིས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མཆོག་ཏུ་གྱུར་པ་ཐོབ་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་སེང་གེ་རྣམ་པར་བསྒྱིངས་པ་ལ་སོགས་པ་སྟེ། དེ་ཡང་གནས་སྐབས་གོང་མ་གོང་མ་དག་ཏུ་མངོན་པར་སྒྲུབ་པོ་ཞེས་བྱ་
བར་སྐབས་དང་སྦྱར་རོ། །མཉམ་པར་བཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་འགྱུར་བས་ཤེས་རབ་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་དང་སྟོབས་ལ་སོགས་པའི་གནས་སྐབས་ན་ཡོད་པའི་ཤེས་རབ་ཀྱིས་སོ། །ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །
ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་གི་གནས་སྐབས་དག་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་ལ་སོགས་པར་རྟོགས་ནས་ཞེས་བྱ་བའི་ཐ་ཚིག་གོ། །མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་བྱ་བ་ནི་ཆོས་ལ་བདག་མེད་པར་རྟོགས་པས་ཁམས་གསུམ་
པའི་སྲེད་པ་ཐམས་ཅད་སྤོང་བའི་ཕྱིར་རོ། །འཁོར་ལོ་རིན་ཆེན་ཞེས་བྱ་བ་ནི་འཁོར་ལོ་རིན་པོ་ཆེ་སྟེ། དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ངོ་བོ་ཉིད་ཀྱིས་འགྲོ་བའི་ཉོན་མོངས་པ་གཅོད་པར་བྱེད་པ་ཡིན་པའི་ཕྱིར་དང་འོད་གསལ་བའི་ཕྱིར་རོ། །དེ་བསྐོར་བྱས་ནས་ཞེས་བྱ་བ་
ནི་རྒྱུད་གཞན་ལ་རབ་ཏུ་སྦྱར་ནས་སོ། །དེ་ལྟ་མ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་པོ་མེད་ན་བསྟན་པ་ལ་ཡིད་ཆེས་པ་མེད་པས་བླང་བར་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཆོས་ཀྱང་སྟོན་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་མཐའ་དག་དང་བྲལ་བས་ཐབས་
མཁས་པ་ཐོབ་པ་ནི་བྱེད་པ་དམ་པའི་ངང་དུ་གྱུར་པས་རྩོལ་བ་མེད་པར་སྔོན་གྱི་སྨོན་ལམ་གྱི་འཕེན་པས་གདུལ་བྱ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམ་པ་མཐའ་ཡས་པ་ཇི་ལྟར་རྟོགས་པ་བཞིན་རབ་ཏུ་སྟོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་
རིམ་པ་ནི་མ་བཤད་དེ། དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདི་དག་ཁོ་ནའི་ནང་དུ་འདུས་པའི་ཕྱིར་རོ། །འདི་ལྟར་རྗེས་སུ་ཡི་རང་བ་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་ཐབས་ཡིན་ནོ། །དེ་ལྟར་བསགས་པ་རྣམས་རྫོགས་པའི་བྱང་ཆུབ་ཏུ་ཡོངས་

སུ་བསྔོ་བ་ནི་སྨོན་ལམ་ཡིན་ནོ། །རང་གི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ནི་སྟོབས་ཡིན་ནོ། །ཐམས་ཅད་དུ་རྣམ་པ་ལ་མཁས་པ་ནི་ཡེ་ཤེས་ཡིན་ནོ། །མཐར་གྱིས་པའི་མངོན་པར་རྟོགས་པ་མདོར་བཤད་ཟིན་ཏོ།། །།རྒྱས་པར་ནི་ཐམས་ཅད་དུ་གཞུང་རྒྱས་པའི་རྗེས་སུ་
འབྲངས་ཏེ་བལྟ་བར་བྱའོ། །དེ་ལྟར་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དག་ལ་གོམས་པ་ལས་ཅིག་ཅར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པའི་མཚན་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། དེ་ནི། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཟག་པ་མེད་པ་ཐམས་
ཅད་ནི། །ཡང་དག་བསྡུས་ཕྱིར་ཐུབ་པ་ཡི། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །དེ་བསྟན་པའི་ཕྱིར། ཆོས་འདི་ཡོངས་རྫོགས་བྱས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་འདི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཐམས་ཅད་དོ། །ཡོངས་རྫོགས་བྱས་ནས་ཞེས་བྱ་བ་
ནི་སྦྱིན་པ་ལ་སོགས་པའི་ནང་ནས་ཕ་རོལ་ཏུ་ཕྱིན་པ་སྐད་ཅིག་མ་གང་ཡང་རུང་བ་ཅིག་གཅིག་གིས་མངོན་དུ་བྱས་ནས་སོ། །དེ་དག་ནི་གཅིག་གི་ནང་དུ་གཅིག་འདུས་པས་རྣམ་པར་སྨིན་པའི་གནས་སྐབས་སུ་གཅིག་རྟོགས་ན་རྣམ་པ་ཐམས་ཅད་མངོན་སུམ་དུ་བྱེད་པའི་ཕྱིར་ཏེ། དཔེར་ན་ཟོ་
ཆུན་ཁྱུད་མོ་ལ། །མི་ཡི་ཟོ་བ་གཅིག་བསྐྱོད་པས། །ཐམས་ཅད་འགུལ་བར་བྱེད་པ་ལྟར། །སྐད་ཅིག་ཡེ་ཤེས་དེ་དང་འདྲ། །གང་ཚེ་རྣམ་སྨིན་ཆོས་ཉིད་ཀྱི། །གནས་སྐབས་ཆོས་དཀར་ཀུན་གྱི་རྒྱུ། །ཤེས་རབ་ཕ་རོལ་ཕྱིན་སྐྱེས་པ། །དེ་ཚེ་སྐད་ཅིག་ཡེ་ཤེས་འབྱུང་། །ཞེས་གང་
བཤད་པ་ཡིན་ནོ། །རྒྱས་པར་བསྟན་པ་ལས་ཀྱང་། རབ་འབྱོར་དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནི་ཡིད་ལ་བསམས་པ་ཁོ་ནས་ཡོ་བྱད་ཐམས་ཅད་འབྱུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིད་ལ་བསམས་པ་ཁོ་ནས་ཕ་
རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་ས་བཅུ་པ་ལས་ཀྱང་རྩོལ་བ་མེད་ཅིང་མཚན་མ་མེད་པར་འབྱུང་བའི་གནས་སྐབས་ཀྱི་དབང་དུ་མཛད་ནས། དེའི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་

ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་བཤད་ཟིན་ཏོ།། །།དེ་ལྟར་རྣམ་པ་ཐམས་ཅད་དུ་རྟོགས་པའི་རྒྱུན་བཅོམ་པའི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་
གཅིག་ཁོ་ནས་སྒྲིབ་པའི་བག་ཆགས་ཐམས་ཅད་བསལ་ནས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱི་འབྲས་བུ་འབྱུང་བར་འགྱུར་བས་ཆོས་ཀྱི་སྐུ་སྟེ། དེ་ནི། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་ནི་སྤྲུལ་སྐུ་དང་། །ཆོས་སྐུ་མཛད་པར་བཅས་པ་
སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །དེའི་དབང་དུ་མཛད་ནས། ཡོངས་དག་ཞིང་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཞིང་དང་སེམས་ཅན་རྣམ་པར་དག་པ་ནི་དོན་དང་སེམས་ཅན་དུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་འགྱུར་བའི་ངོ་བོས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་
བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། རྟག་ཏུ་བཅོམ་ལྡན་འདས་རྣམས་ཀྱིས་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་གཅིག་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་རྒྱུད་ནི་ཐུགས་བརྩེ་བ་ཆེན་པོས་རབ་ཏུ་ཕྱེ་བ་ཉོན་མོངས་པ་ཅན་གྱི་ཡིད་གྱུར་པའི་བདག་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ། ཐབས་དང་
ཤེས་རབ་ཀྱི་བདག་ཉིད་ཀྱིས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་རྒྱུད་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པར་བྱེད་པར་གྱུར་པའི་ངོ་བོ་གཟུང་ལ་སོགས་པ་དཔེ་མེད་པ་དང་མཚུངས་པར་ལྡན་པ་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ཏེ། དེ་ནི་ལུང་དང་
རྟོགས་པའི་བདག་ཉིད་ཀྱི་ཆོས་རབ་ཏུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡེ་ཤེས་འདི་གཉིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། མཉམ་པ་ཉིད་དང་སོ་སོར་རྟོག་པ་དག་ནི་ཇི་ལྟར་རྟོགས་པའི་ཆོས་ལ་ཉེ་བར་ལོངས་སྤྱོད་པའི་རྟེན་ཡིན་པའི་ཕྱིར་རོ། །དགེ་འདུན་རྒྱུད་ནི་མིག་ལ་སོགས་པའི་
རྣམ་པར་ཤེས་པར་གྱུར་པའི་མཚན་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དེ་ནི་མཛད་པ་མཐའ་དག་ལ་འཇུག་པའི་རྒྱུའི་དངོས་པོས་དགེ་འདུན་ཐམས་ཅད་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ཡང་སྤྲུལ་པ་སྣ་ཚོགས་ཀྱི་རྟེན་ཡིན་

པའི་ཕྱིར་སྤྲུལ་པའི་སྐུ་ཡིན་ནོ། །ཆོས་ཀུན་ཡོངས་སུ་འཛིན་ཞེས་བྱ་བ་ནི་རང་གི་ངོ་བོ་ཐ་དད་པ་མེད་པ་ཉིད་དུ་མངོན་སུམ་དུ་བྱེད་པ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཐ་དད་
པ་མེད་པའི་ངོ་བོར་རྟོགས་སོ། །ཆོས་ཀྱི་སྐུ་བཤད་ཟིན་ཏོ།། །།དེ་ལྟར་ཡེ་ཤེས་མཐའ་དག་བརྙེས་པའི་བདག་ཉིད་ཀྱི་འབྲས་བུ་ཕུན་སུམ་ཚོགས་པའི་ཁྱད་པར་ཆོས་ཕྱིན་ཅི་མ་ལོག་པ་རབ་ཏུ་སྟོན་པ་གཙོར་སེམས་ཅན་གྱི་དོན་མཛད་པའི་མཚན་ཉིད་ཀྱི་ཕྲིན་ལས་བསྟན་པའི་
ཕྱིར། འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྨན་པའི་མཆོག་གྱུར་པ་ནི་རྣམ་པ་ཐམས་ཅད་དུ་འགྲོ་བའི་ཉོན་མོངས་པའི་ནད་འཇོམས་པར་མཛད་པ་ཡིན་པའི་ཕྱིར་རོ། །བྱང་ཆུབ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ནོ། །གང་ལ་ལམ་
སྟེ་རྒྱུད་དེ་ཁོ་ན་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བསྟན་པའི་ཆོས་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ཤེས་རབ་བསྟན་པ་འདིའོ། །འདི་ཉིད་ཀྱི་ཡོན་ཏན་བརྗོད་པའི་ཆེད་དུ་མིང་བསྟན་པའི་ཕྱིར། མིང་ནི་འདི་ཞེས་བྱ་བ་ལ་སོགས་པ་
སྨོས་སོ། །ཡོན་ཏན་རིན་ཆེན་སྡུད་པ་ནི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདི་ལྟར་བྱང་ཆུབ་ཀྱི་ལམ་དང་ལྡན་པ་སྟེ། རྒྱུ་བྱང་ཆུབ་དང་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྟོགས་པར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གསུངས་ཤེ་ན། ལམ་འདི་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུགས་བརྩེ་བ་ཆེན་པོའི་ངང་དུ་གྱུར་པ་ནི་འགྲོ་བ་ལ་གཏན་དུ་ཕན་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར་བཤད་དོ། །མངོན་པར་རྟོགས་པ་བརྒྱད་པོ་འདི་དག་གི་བསྟན་པའི་གོ་རིམས་ནི་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་ནི་མཚན་ཉིད་ཀྱི་སྒོ་ནས་བསྟན་ཏེ། སྤང་བར་བྱ་བ་དང་བླང་བར་བྱ་བའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་དེ་དག་བསྟན་པའི་ཕྱིར་རོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བའི་སྒོ་ནས་ཏེ། དེ་ཐོབ་པར་སྦྱོར་བ་

འབྲས་བུ་རང་གི་ངོ་བོས་ཉེ་བར་མཚོན་པ་སྔོན་དུ་འགྲོ་བའི་དེ་ཐོབ་པར་སྦྱོར་བ་རྩོམ་པའི་ཕྱིར་རོ། །རྩེ་མོའི་མངོན་པར་རྟོགས་པ་ནི་ཁྱད་པར་གྱི་སྒོ་ནས་ཏེ། རབ་ཏུ་ཞུགས་པ་ལ་ཁྱད་པར་དུ་འགྲོ་བ་སྲིད་པའི་ཕྱིར་རོ། །མཐར་གྱིས་པའི་མངོན་པར་རྟོགས་པ་ནི་
མངོན་པར་རྟོགས་པའི་རིམ་པའི་སྒོ་ནས་ཏེ། སྦྱོར་བ་ཁྱད་པར་དུ་གྱུར་ན་རིམ་གྱིས་ས་དང་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པ་འབྱུང་བའི་ཕྱིར་རོ། །སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཐར་ཐུག་པར་འགྲོ་བའི་སྒོ་ནས་ཏེ། རིམ་གྱིས་ཆོས་རྟོགས་
པའི་ཤེས་རབ་མཚན་མ་མེད་ཅིང་རྣམ་པར་མི་རྟོག་པར་འབྱུང་བ་ན། སྐད་ཅིག་མ་གཅིག་ཁོ་ནས་རྟོགས་པར་བྱ་བ་ཐམས་ཅད་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་རྣམ་པར་སྨིན་པའི་སྒོ་ནས་ཏེ། དེ་ལྟར་ཞུགས་པའི་འབྲས་བུ་ནི་སྤྲོས་པ་མེད་པའི་ཡེ་ཤེས་དང་ཆོས་ཉིད་
རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །ཡང་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་གསུམ་ནི་ཡུལ་གྱི་སྒོ་ནས་བསྟན་ཏོ། །དེའི་འོག་མ་བཞི་ནི་རྒྱུའི་སྒོ་ནས་སོ། །ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་འབྲས་བུའི་སྒོ་ནས་བསྟན་པར་རིག་པར་བྱའོ། །འབྲས་བུ་ལ་ལྟ་གཞན་གྱིས་
ཀྱང་། །བཅོལ་ན་ཅི་ཕྱིར་འབད་མི་བྱ། །གུ་ཎ་མི་ཏྲ་ཁོ་ནའི་ངོར། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །དེ་ལྟས་འདི་ནི་བདག་གིས་ཟུར་འདིས་བདག་ཉིད་བླུན་པར་བསྟན་ངེས་ཀྱིས། །མཁས་པ་ཐུགས་རྗེ་རྫོགས་པ་དག་གིས་ད་འདིར་གོ་རིམས་ཅུང་ཟད་མཛོད། །འགྲོ་བ་དེ་ཉིད་བརྟག་དཀའི་
གཞུང་ལས་བསྟན་པ་རྟོགས་དཀའི་ཁྱིམ་གཅིག་པོ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་འདི་ལ་བདག་འདྲ་བླུན་པོས་ཅི་བྱར་ཡོད། །དྲི་མེད་དགེ་བའི་ཟེར་གྱིས་མུན་པ་ཀུན་བསལ་བའི། །ཡེ་ཤེས་རིན་པོ་ཆེ་ཡི་ཚིག་ཤས་འགྲེལ་བྱས་ནས། །དགེ་བ་འདིར་ཐོབ་གང་དེས་རེ་ཞིག་འཇིག་རྟེན་གྱི། །
ཡིད་ལ་ཅི་ནས་སངས་རྒྱས་ཡེ་ཤེས་ཚུལ་འཇུག་ཤོག །སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་སློབ་དཔོན་བུད་དྷ་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་སིངྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ནས་ཞུས་ཏེ་

གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལང་ཀཱ་ར་བྲྀཏྟི་ཀཱིརྟི་ཀ་ལ་ནཱ་མ། བོད་སྐད་དུ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་
འཚལ་ལོ། །འཕགས་པ་བྱམས་པས་རྣམ་མཛད་པ། །སངས་རྒྱས་ཡུམ་གྱི་དོན་ཀུན་ནི། །སྡུད་པར་བྱེད་པའི་ཚིག་ལེའུར་བྱས། །ཐོས་ཤིང་རྣམ་པར་བསམས་ནས་ནི། །གཞན་ལ་ལན་མང་བཤད་གྱུར་ཀྱང་། །དོན་རྣམས་བསྐྱུད་པའི་འཇིགས་པས་བརྩམས། །དེ་ལ་བཅོམ་ལྡན་
འདས་འཕགས་པ་བྱམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་དོན་ཐམས་ཅད་བསྡུས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་རྒྱན་གྱི་ཚིག་ལེའུར་བྱས་པ་མཛད་པར་བཞེད་ནས་མངོན་པར་རྟོགས་པ་ཐམས་ཅད་འགྲུབ་པའི་རྒྱུར་སྲིད་པ་གསུམ་གྱི་བླ་མ་རྒྱལ་བའི་ཡུམ་བཅོམ་
ལྡན་འདས་མ་ཉིད་ལ་ཐོག་མར་རེ་ཞིག་ཕྱག་འཚལ་བ་གསུངས་པ། ཀུན་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡུམ་བཅོམ་ལྡན་འདས་མ་སྟེ། འཆད་པར་འགྱུར་བ་མངོན་པར་རྟོགས་པ་བརྒྱད་ཀྱི་རང་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ། །གང་ཞིག་ཀུན་ཤེས་ནི་ཤེས་པས་སྲིད་ལ་མི་གནས་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་དོན་གྱི་དངོས་པོ་དགུ་ཡོངས་སུ་ཤེས་པའི་རང་བཞིན་ཏེ། ཞི་བ་ཚོལ་བ་རྣམས་གྲོལ་བར་བྱེད་པའི་དོན་གྱིས་ཉན་ཐོས་ཀྱི་སངས་རྒྱས་དང་རང་
སངས་རྒྱས་ཀྱང་ཞི་བའི་ཉེ་བར་མཐུན་པས་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་བྱེད་དོ། །གང་ཞིག་ལམ་ཤེས་པ་ནི་ཐམས་ཅད་ཤེས་པ་ཉིད་སྔོན་དུ་སོང་བའི་བདག་ཉིད་མོག་མོག་པོར་བྱེད་ལ་སོགས་པ་འཆད་པར་འགྱུར་བའི་དངོས་པོ་བཅུ་གཅིག་གི་བདག་ཉིད་ཡོངས་སུ་
ཤེས་པའི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་འགྲོ་བ་རྣམས་ལ་ཕན་པར་བྱེད་པའི་དོན་གང་ཞིག་དེ་ཡིས་རྫོགས་པར་བྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཐོབ་པ་ཐམས་ཅད་ཤེས་པ་དང་། ལམ་ཤེས་པ་ཉིད་སྔོན་དུ་སོང་བ་ཅན་ནི་རྣམ་པ་ཀུན་

མཁྱེན་པས་རབ་ཏུ་ཕྱེ་བའི་བདག་ཉིད་དེ། སྣ་ཚོགས་རྣམ་པ་འདི་དག་ཀུན་གསུངས་པ་ཞེས་སྟོན་པའི་མཚན་ཉིད་བྱ་བའི་སྒོ་ནས་རྟོགས་པར་བྱ་སྟེ། སེམས་བསྐྱེད་པ་ནི་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་དངོས་པོ་བཅུ་ཡོངས་སུ་ཤེས་པར་འགྱུར་
བའི་བདག་ཉིད་དང་ལྡན་ཞེས་པ་ནི་གང་ཞིག་དངོས་སུ་མཛད་པའི་སྣ་ཚོགས་རྣམ་པ་འདི་དག་ཀུན་ཤེས་པ་ལ་རྣམ་པ་ཀུན་ནི་ཆོས་ཐམས་ཅད་དོ། །འདི་དག་ནི་འདི་རྣམས་སོ། །ཐུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །གསུངས་ཞེས་པ་ནི་གསུངས་པ་ཉིད་དོ། །དེ་ཞེས་
པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་སློབ་མའི་ཚོགས་དང་ལྡན་པའོ། །སངས་རྒྱས་ཀྱི་ཡུམ་ནི་སྐྱོན་དང་ཡོན་ཏན་ཐམས་ཅད་གཏོང་བ་དང་ཐོབ་པའི་རྒྱུ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྐྱེད་བྱེད་མ་སྟེ་ཕྱག་འཚལ་བསྟོད་ཅེས་བྱ་བར་འབྲེལ་ཏོ། །འདི་སྐད་ཅེས་
འབྲས་བུ་མངོན་པར་རྟོགས་པར་བྱེད་པས་མངོན་པར་རྟོགས་པ་སྟེ་རྒྱུར་གྱུར་པ་བདུན་ནོ། །མངོན་པར་རྟོགས་པར་བྱ་བས་མངོན་པར་རྟོགས་པ་སྟེ་འབྲས་བུར་གྱུར་པ་གཅིག་པོ་སྟེ། དེ་ལྟར་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །
འདིར་ཀུན་ཤེས་ཞེས་པ་ལ་སོགས་པའི་གསུམ་པོ་ཉིད་རབ་ཏུ་དབྱེ་བས་ཅི་སྟེ་ཕྱག་འཚལ་ཞེས་བརྗོད་པར་ནི་མི་བྱ་སྟེ། འདི་རྣམས་ཉིད་ནི་དངོས་པོའི་རབ་ཏུ་དབྱེ་བས་ཕྱེ་བ་ཡིན་ལ། གཞན་ཀུན་ནི་འདི་རྣམས་ལས་སྤྲོས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་གསུམ་པོ་འདི་རྣམས་ཉིད་
འདུས་པ་ནི་མངོན་པར་རྟོགས་པ་བཞི་པའོ། །རབ་ཏུ་གསལ་བར་སོང་བ་ནི་ལྔ་པའོ། །གོ་རིམས་སུ་རྟོགས་པ་ནི་དྲུག་པའོ། །གནས་སྐབས་ཀྱི་དབྱེ་བས་གནས་ཀྱི་མཚན་ཉིད་དུ་གྱུར་པ་རྟོགས་པ་ནི་བདུན་པའོ། །འགྲོ་བའི་དོན་བྱེད་པའི་བྱ་བ་དང་བཅས་པ་དེ་བཞིན་གཤེགས་པའི་སྐུ་
གསུམ་གྱི་བདག་ཉིད་ནི་བརྒྱད་པ་སྟེ། དེ་ལྟ་བས་ན་གསུམ་པོ་འདི་རྣམས་ཉིད་ནི་དངོས་པོའི་རབ་ཏུ་དབྱེ་བས་ཕྱེ་བ་ཞེས་རབ་ཏུ་རྟོགས་པར་བྱ་བའི་ཆེད་དུ་གསུམ་པོ་འདི་རྣམས་ཉིད་ཀྱིས་རབ་ཏུ་དབྱེ་བས་ཕྱག་འཚལ་ཞེས་པ་ནི་སྐྱོན་མེད་དོ། །གཞན་དག་འདི་སྙམ་དུ་མ་མཐོང་བ་དང་། མ་ཐོས་

པ་དང་། སྔར་རྣམ་པར་མ་ཤེས་པའི་ཡུལ་རྣམས་ལ་ཇི་ལྟར་བློས་མི་དཔྱོད་པ་དེ་བཞིན་དུ་མཐོང་བ་དང་ཐོས་པ་དང་། སྔར་རྣམ་པར་ཤེས་པའི་ཡུལ་རྣམས་ཀྱང་དཔྱོད་པ་མེད་པའི་རང་བཞིན་ཏེ། ཆོས་ཐམས་ཅད་ནི་རབ་ཏུ་མི་གནས་པ་ཞེས་བྱ་བ་ཡིན་ལ། བྱེད་པ་མེད་པའམ།
རྣམ་པར་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་གནས་སྐབས་ཀྱི་བྱེ་བྲག་གི་བདག་ཉིད་ནི་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ཞེས་བྱ་བའམ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་ཅིང་ཀུན་རྫོབ་ཏུ་ཕུང་པོ་ལྔ་པོའི་རྒྱུན་རྣམས་གྲུབ་པོ་ཞེས་པའམ། ཆོས་
ཐམས་ཅད་མ་སྐྱེས་པའི་ཡེ་ཤེས་ཞེས་པའམ། གཟུང་བའམ་འཛིན་པ་ལས་རྣམ་པར་གྲོལ་བ་ནམ་མཁའ་ལྟ་བུར་སྣང་བ་མེད་པར་གསལ་བའི་རྒྱུན་ནོ་ཞེས་པའམ། ནམ་མཁའ་ཐམས་ཅད་དུ་ཁྱབ་ཅིང་སྣ་ཚོགས་ཀྱི་མཚན་མ་ནུབ་པ་ལྟར་སྤྲོས་པ་མཐའ་དག་ནི་བདེ་བ་ཆེན་པོའི་
རང་བཞིན་དུ་གསལ་བས་རྒྱུན་ནོ་ཞེས་པའམ། སྤྲུལ་པའི་སྐྱེས་བུ་ལྟར་མ་བརྟགས་ན་ཉམས་དགའ་བའི་མཐུས་ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་པ་ནི་གསལ་བའི་རྒྱུན་ཙམ་མོ་ཞེས་པའམ། སེམས་ཅན་སོ་སོ་ལ་ཐོག་མ་དང་ཐ་མ་མེད་པར་ཇི་སྲིད་སོ་སོར་སྣང་བ་
དེ་སྲིད་ནི་གཟུང་བ་དང་འཛིན་པར་བརྟགས་པ་ལས་ངེས་པར་གྲོལ་བ་དགག་པར་མི་ནུས་པའི་གསལ་བ་ཙམ་ལུས་དང་ལོངས་སྤྱོད་དང་གནས་ལ་སོགས་པའི་སྣ་ཚོགས་པའི་རྣམ་པའི་འཁོར་ལོའི་བདག་ཉིད་དུ་གསལ་བའི་རྒྱུན་ནོ་ཞེས་པའམ། སེམས་ཅན་རྣམས་ལ་ཇི་སྲིད་སོ་
སོར་སྣང་བ་དེ་སྲིད་ནི་གཟུང་བ་དང་འཛིན་པ་དང་རྒྱུ་དང་འབྲས་བུའི་མཐའ་བཞི་ལས་ངེས་པར་གྲོལ་བ་གསལ་བ་ཙམ་དགག་པར་མི་ནུས་པ་གཉིས་སུ་མེད་པའི་སེམས་སུ་གསལ་བ་ཞེས་བྱ་བ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གི་དོན་ཉེ་བར་མང་དུ་བརྗོད་དེ། དེ་བཞིན་
དུ་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་བཞིན་གཤེགས་པའོ། །བསྒྲུབ་བྱ་དེའི་དོན་དུ་སྦྱོར་བས་གཞུང་དང་ལམ་དག་ཀྱང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་མ་ཡིན་ནམ། དེ་ལ་འདིར་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཀྱི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་སྟེ་བཤད་ཅེས་སེམས་པ་ལ་བདེན་ཏེ། སོ་སོ་རང་རང་གི་བསམ་པས་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟ་བུ་ཉིད་དེ། བཅས་པའི་བཅས་པ་གསུམ་གྱི་སྒྲའི་བརྗོད་བྱ་རྣམས་འགོག་པ་དང་ལམ་གྱི་བདེན་པར་
བསྡུས་པ་ཞེས་ཉེ་བར་བརྗོད་པར་འགྱུར་ཏེ། དེ་ཡོངས་སུ་བསྟན་པར་བྱ་བ་ཡང་འོག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གི་དོན་བཤད་པའི་སྐབས་སུ་འབྱུང་བར་འགྱུར་ཞིང་། ཡང་ཇི་སྲིད་དུ་རབ་ཏུ་ཕྱེ་བ་དཀར་པོའི་ཆོས་རྣམས་ཡང་དག་པར་བསྡུས་པའི་རང་བཞིན་འབྲས་
བུ་དང་བཅས་པའི་ཐེག་པ་གསུམ་གྱི་སྒྲའི་བརྗོད་བྱ་རྣམས་འགོག་པ་དང་ལམ་གྱི་བདེན་པར་བསྡུས་པ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བདེ་བླག་ཏུ་རྟོགས་པར་བྱ་བའི་དོན་དུ་མངོན་པར་རྟོགས་པ་བརྒྱད་སོ་སོའི་རྣམ་པར་དབྱེ་བ་རྒྱལ་བ་བྱམས་པས་བརྩམས་ཞེས་པས་ཀྱང་སྔ་ཕྱི་
འགལ་བ་མེད་དོ། །ཚིགས་བཅད་དང་པོའི་བཤད་པའོ། །འོ་ན་བཅོམ་ལྡན་འདས་ཉིད་ཀྱིས་རྒྱས་འབྲིང་རྣམ་པ་གསུམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་གསུངས་ན། དེ་ལ་བསྟན་བཅོས་འདི་བརྩམས་པ་དགོས་པ་ཅི་ཡོད་ཅེས་ཞུས་པ་ལ་གསུངས་
པ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང་། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །བློ་དང་ལྡན་པས་རྟོགས་པར་འགྱུར། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བདེ་བླག་ཏུ་ནི་རྟོགས་འགྱུར་བ། །རྩོམ་པ་ཡི་ནི་དགོས་
པ་ཡིན། །ཞེས་པ་སྟེ། དེ་ལ་སྣོད་དང་ལྡན་པའི་སློབ་མའི་རྒྱུད་ལ་མངོན་པར་རྟོགས་པ་བརྒྱད་རིམ་པ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་མེད་ཅིང་ངེས་པ་སྐྱེད་པར་བྱེད་པའི་མཚན་ཉིད་ནི་བསྟན་བཅོས་འདིའི་དགོས་པ་ཡིན་པར་ཚིགས་སུ་བཅད་པ་དང་པོས་བརྗོད་དོ། །འབྲས་བུ་སངས་རྒྱས་
ཉིད་ཐོབ་པར་བྱ་བའི་རྒྱུར་ཉམས་སུ་ལེན་པའི་མཚན་ཉིད་ནི་དགོས་པའི་དགོས་པ་ཡིན་པར་ཚིགས་སུ་བཅད་པ་གཉིས་པས་བརྗོད་དེ། འདི་ནི་སྤྱིའི་དོན་ཏོ། །ད་ནི་ཚིག་གི་དོན་བརྗོད་པར་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་ནི་སངས་རྒྱས་ཉིད་དེ། ཆོས་དང་ལོངས་སྤྱོད་དང་སྤྲུལ་

པའི་སྐུ་གསུམ་གྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་འབྲས་བུར་གྱུར་པ་བརྒྱད་པ་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ཞེས་བྱ་བའི་དོན་ཏོ། །ལམ་ཞེས་པ་ནི་དེ་དང་བཅས་པ་སྟེ་མངོན་པར་རྟོགས་པ་བདུན་ནོ། །དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་ནི་བ་ལང་གི་ཤིང་རྟ་བཞིན་
ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་དེ་ཉིད་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་དོ། །སྟོན་པ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །བཤད་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་རྣམ་པ་གསུམ་གྱི་མདོ་བཤད་ཅིང་བསྡུས་པའོ། །དེ་ཇི་ལྟ་
བུ་ཞེ་ན། གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཞེས་པ་སྟེ། མྱོང་བ་མ་ཡིན་པ་ནི་ཉམས་སུ་མྱོང་བ་མ་ཡིན་པའོ། །གཞན་ནི་ཉན་ཐོས་ལ་སོགས་པ་སྙིང་རྗེ་མེད་པ་རྣམས་སོ་ཞེས་པ་ནི་འཆད་པར་འགྱུར་བའི་རིམ་པས་སོ། །བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །
འདི་ལས་ཞེས་པ་ནི་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་འདི་ལས་སོ། །རྟོགས་པར་འགྱུར་ནི་ངེས་པར་འགྱུར་བ་སྟེ། འདི་ནི་ཚིགས་སུ་བཅད་པ་དང་པོའི་དོན་ནོ། །མདོ་དོན་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོའི་དོན་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཀྱི་བསྟན་
བཅོས་འདི་ལས་རིམ་པ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་མེད་པར་རྟོགས་པའོ། །བདག་ཉིད་ཀྱི་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ཀྱི་ཆོས་སྤྱོད་ཀྱང་ངོ་། །དྲན་པ་ནི་དྲན་པའི་ཡེ་ཤེས་སོ། །བཞག་པ་ནི་བསྐྱེད་པའོ། །བདེ་བླག་ཏུ་རྟོགས་འགྱུར་བ་ནི་བློ་དང་ལྡན་པས་སོ། །སྦྱོར་བ་
ཇི་ལྟ་བ་བཞིན་དུ་སྤྱད་པར་བྱས་ཤིང་སངས་རྒྱས་ཉིད་ཀྱི་རྒྱུར་ཉམས་སུ་བླངས་ནས་སངས་རྒྱས་ཉིད་ཀྱི་མཚན་ཉིད་ཐོབ་པར་འགྱུར་བ་ནི་སྐྱེས་བུའི་མཚན་མཆོག་ཡིན་པས་དངོས་སུ་མངོན་སུམ་དུ