Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 87
Văn bản gốc(Tây Tạng)
Trang 11 / 17 (50.000 ký tự/trang)
ཤེས་པ་ནི་འཛིན་པ་ཉིད་དུ་རབ་ཏུ་མ་གྲུབ་པའི་ཕྱིར་རོ། ། རང་གི་ངོ་བོར་མི་ཤེས་པ་ནི་ཡོད་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ། དེ་ལྟ་ན་ནི་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ཐམས་ཅད་དུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་ཡོངས་སུ་གཅོད་པའི་སྒོ་ནས་དེ་རབ་ཏུ་འགྲུབ་པ་ཡང་མ་ཡིན་ཏེ། ལྐོག་ཏུ་གྱུར་པའི་བདག་ ཉིད་དང་ཡུལ་རིག་པར་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །མེད་ན་མི་འབྱུང་བར་རབ་ཏུ་གྲུབ་པ་མེད་པ་ནི་འགའ་ཡང་གང་གི་རྟགས་ཀྱི་དངོས་པོ་ཡང་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འཛིན་པ་མེད་པ་ནི་རང་གི་བེམས་པོའི་བདག་ཉིད་ཡུལ་ཡོངས་སུ་ གཅོད་པ་མི་འཐད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་དག་རྗེས་སུ་འབྲེལ་པ་རྟོགས་པ་མེད་པར་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །ཡུལ་བེམས་པོའི་བདག་ཉིད་ནི་རང་གི་ངོ་བོ་མི་འདོར་བ་ཡིན་པས་འཛིན་པ་ཡོད་དུ་ཟིན་ཀྱང་ཇི་ལྟར་ཤེས་པར་འགྱུར། འོན་ཏེ་དེའི་རང་གི་ངོ་བོ་ ཉམས་ན་རང་གིས་རྟོགས་པའི་བདག་ཉིད་ཁོ་ནར་སྐྱེ་བས་དེའི་རྣམ་པ་ཡོངས་སུ་གཅོད་པའི་ཕྱིར་རོ་ཞེ་ན་ནི། འཛིན་པ་དེའི་ངོ་བོ་སྐྱེད་པར་བྱེད་པ་ཡིན་པ་འབའ་ཞིག་ཏུ་འགྱུར་རོ། །དེ་ནི་མི་འདོད་པ་ཡང་མ་ཡིན་ཏེ། རང་དབང་དུ་རིག་པ་ཡང་གཞན་ལ་རག་ལས་ཏེ་སྐྱེ་ བར་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་ངས་ཤེས་སོ་ཞེས་བྱ་བར་བདག་ཏུ་འཛིན་པ་པོ་ཤེས་པའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བ་རང་དབང་ཅན་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟར་ཉམས་སུ་མྱོང་བ་མེད་པའི་རྣམ་པར་རྟོག་པ་དེའི་རྟགས་ཀྱིས་རྗེས་སུ་ འབྲང་བ་མ་ཡིན་པ་ནི་སློབ་པའི་རྟོག་པ་བཞིན་དུ་ཚད་མ་མ་ཡིན་པའི་ཕྱིར་དང་། ཚད་མས་གནོད་པའི་ཡང་ཕྱིར་ཏེ། སྔོན་པོ་ལ་སོགས་པར་སྣང་བ་ནི་གཞན་གྱི་བྱེད་པས་དབེན་པར་སྣང་བའི་ཕྱིར་རོ། །འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ནི་སྣང་བ་དང་རྣམ་པར་རྟོག་པ་ལ་རག་ལས་པ་ ཁོ་ན་ཡིན་ལ་དེ་གཉིས་ཀྱང་རང་རིག་པའི་མཚན་ཉིད་ཡིན་པས་འཛིན་པ་པོ་ལྐོག་ཏུ་གྱུར་པ་གཞན་བརྟག་པའི་ཚེགས་དབྱུང་བ་ནི་མི་དགོས་སོ། །གལ་ཏེ་དེ་བས་ན་འཛིན་པའི་རྣམ་པ་ནི་མངོན་སུམ་ཡིན་ལ་གཟུང་བ་ནི་ལྐོག་ཏུ་གྱུར་པ་ཡིན་དུ་ཟད་མོད་ཅེ་ན། མ་ཡིན་ཏེ། ཕན་ཚུན་འགལ་ བའི་ཕྱིར་ཏེ། ལྐོག་ཏུ་གྱུར་པ་ཉིད་ནི་རྟོགས་པར་མ་གྱུར་པའི་རྣམ་པ་ཡིན་ལ་གཟུང་བ་ཉིད་ནི་རྟོགས་པར་གྱུར་པའི་རང་བཞིན་ཡིན་པས་དེ་དག་གཅིག་ལ་གཅིག་པར་ཇི་ལྟར་འགྱུར། ཕྱི་རོལ་གྱི་དོན་ལྐོག་ཏུ་གྱུར་པ་ཡིན་ན་ཉམས་སུ་མྱོང་བ་ནི་དེ་ལས་བྱུང་བ་དང་འདྲ་བ་དག་གིས་ཀྱང་དེ་ འཛིན་པ་ཉིད་དུ་རུང་བ་མ་ཡིན་ཏེ། ཤིན་ཏུ་མངོན་སུམ་དུ་མ་གྱུར་པ་ནི་སྐྱེད་པར་བྱེད་པ་དང་འདྲ་བ་དག་ཏུ་རབ་ཏུ་མི་འགྲུབ་པའི་ཕྱིར་རོ། །ཉམས་སུ་མྱོང་བར་སོ་སོར་ངེས་པ་ནི་རང་གི་རྒྱུ་ལས་བྱུང་བ་དེ་ལ་རག་ལས་ཏེ་འབྱུང་བ་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་བདག་ཉིད་ཀྱིས་བསལ་བའི་ ཕྱོགས་ལ་ལན་འདེབས་པའི་ཡོངས་སུ་ངལ་བ་ནི་དོན་མེད་དོ། །གལ་ཏེ་གཟུང་བ་དང་འཛིན་པའི་མཚན་ཉིད་དེ་དག་ནི་གྲགས་པ་ཁོ་ན་ཡིན་ཏེ། ཕྱི་དང་ནང་གི་སྔོན་པོ་ལ་སོགས་པ་དང་སིམ་པ་ལ་སོགས་པའི་ཚོར་བ་དག་ནི་ཡུལ་དང་ཡུལ་ཅན་གྱི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེ་ན། དེ་ཡང་རིགས་པ་དང་ལྡན་པ་མ་ཡིན་ཏེ། བ་ལང་གི་རྭ་ལྟ་བུར་ཕན་ཚུན་ཡོངས་སུ་འཛིན་པའི་བྱེད་པས་སྟོང་པ་དེ་དག་ནི་དུས་གཅིག་ཏུ་སྣང་བས་གཟུང་བ་དང་འཛིན་པའི་དངོས་པོ་སོ་སོར་ངེས་པར་མི་འཐད་པའི་ཕྱིར་རོ། །གལ་ཏེ་ཚོགས་པ་སྔ་མ་ལས་སོ་སོར་ངེས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བྱེད་པ་མེད་པ་ཉིད་ཀྱིས་ཁྱད་པར་མེད་པའི་ཕྱིར་རོ། །ཡུལ་དང་ཡུལ་ཅན་ཉིད་དུ་དེ་དག་གི་ཁྱད་པར་གྲུབ་ན་ནི་དུས་གཅིག་ཏུ་སྣང་བ་འདི་ག་ལས་ཡིན་ཞེས་དྲིས་ན་ཚོགས་པ་སྔ་མ་ལས་སོ་ཞེས་བརྗོད་པར་བྱ་བ་ཡིན་ནོ། །ལྷག་པར་ཞེན་པ་ལས་ནང་གི་མྱོང་བ་འཛིན་པ་ཉིད་དུ་འགྲུབ་པ་ཡང་མ་ ཡིན་ཏེ། དེ་ནི་དཀར་པོའི་བདག་ཉིད་ལ་སེར་པོར་ཤེས་པ་བཞིན་དུ་གཞན་དུ་སྣང་བས་གནོད་པའི་ཕྱིར་རོ་ཞེས་ཕལ་ཆེར་བཤད་ཟིན་ཏོ། །གལ་ཏེ་སྔོན་པོ་ལ་སོགས་པ་ནི་སྔོན་མ་ཤེས་པ་ལས་ནང་གི་རིག་པའི་དུས་ཁོ་ན་ན་སྣང་བའི་ཕྱིར་གཟུང་བ་ཉིད་ཡིན་ལ་སིམ་པ་ལ་སོགས་པ་ནི་རང་ གི་རྒྱུད་ལ་མ་ཤེས་པ་མེད་པའི་ཕྱིར་རང་རིག་པའི་མཚན་ཉིད་ཀྱིས་འཛིན་པ་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་བཞིན་དུ་སྔོན་པོའི་ངོ་བོ་ལ་ཡང་མི་གསལ་བ་མེད་པའི་ཕྱིར་རོ། །སྔོན་པོའི་རྣམ་པར་སྣང་བ་ནི་ལྐོག་ཏུ་གྱུར་པ་ཡིན་པར་འོས་པ་མ་ཡིན་ཏེ། དེ་ནི་གཞན་དུ་འགྱུར་བ་དང་འགལ་བའི་ ཕྱིར་སིམ་པ་ལ་སོགས་པ་ཡིན་ནོ། །གཞན་དུ་ན་རྟག་ཏུ་རྟོག་པར་གྱུར་པའི་རྣམ་པ་ཉིད་དམ་རྟོགས་པར་མ་གྱུར་པའི་རྣམ་པ་ཉིད་དམ་དེ་གཉི་གའི་ངོ་བོ་ཉིད་དུ་འགྱུར་རོ། །དེ་ལ་ཡང་མཐོང་བར་གྱུར་པའི་རྣམ་པ་ལས་ཐ་དད་པར་མཐོང་བར་གྱུར་པ་སྣང་བའི་ ཕྱིར་དེ་ཉིད་རྣམ་པ་གཞན་ཉིད་ནི་མ་ཡིན་ཏེ་མང་དུ་བརྗོད་པས་ཆོག་གོ། །དེར་རྟོག་པ་ལས་མ་གཏོགས་པ་ལྐོག་ཏུ་གྱུར་པ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ནོ། །ཀུན་དུ་རྟོག་པ་དང་སྣང་བ་ལ་ཡོད་པ་དག་གསལ་བ་དང་། ཅིག་ཤོས་ཀྱི་རང་གི་ངོ་བོའི་མཚན་ཉིད་ཡིན་པའི་ཕྱིར་ཐ་ དད་པ་མེད་པའི་ངོ་བོ་ཉིད་དུ་ནི་ཐལ་བར་མི་འགྱུར་རོ། །སྣང་བ་ལ་སོགས་པའི་རང་གི་རྒྱུ་སོ་སོར་ངེས་པ་ནི་གོང་དུ་ཕལ་ཆེར་བཤད་ཟིན་པ་ཉིད་དོ། །དེ་ལྟ་བས་ན་མ་མཐོང་བ་བརྟགས་པ་ནི་དོན་ཅུང་ཟད་ཀྱང་རྒྱས་པར་མི་འགྱུར་རོ། །གསུང་རབ་ཁ་ཅིག་ལས་འཛིན་པ་ལ་སོགས་པའི་ཐ་ སྙད་གདགས་པ་འབྱུང་བ་གང་ཡིན་པ་དེ་ནི་དེ་ལ་ཞེན་པ་ལ་ལྟོས་ནས་གདུལ་བྱའི་ངོར་མཛད་པ་ཡིན་པས་དེས་ཀྱང་འཁྲུལ་པ་མེད་དོ། །དེ་ལྟ་བས་ན་ཇི་སྐད་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ན་འཛིན་པ་ལ་སོགས་པས་དབེན་པར་མཚུངས་པའི་ཕྱིར་ཡང་དག་པར་ སྤྲོས་པ་མེད་པའི་ངོ་བོ་ཉིད་ཀྱིས་ཐ་དད་པའི་མཚན་ཉིད་ཀྱི་དངོས་པོ་ནི་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་གནས་སོ། །དེ་ལྟར་ཡིན་ན་སེམས་ཅན་རྣམས་ཇི་ལྟར་འཁོར་ཞེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཟས་ནི་གཟུགས་ལ་སོགས་པ་ཡིན་ཏེ་སྤྱད་པར་བྱ་བ་ཡིན་པའི་ ཕྱིར་རོ། །དེ་འདོད་པ་ནི་དེ་དག་ལ་མངོན་པར་འདོད་པ་སྟེ་འཇིག་ཚོགས་ལ་མངོན་པར་ཞེན་པའི་ཕྱིར་རོ། །དེ་བསྟན་པའི་ཕྱིར་ཡོངས་སུ་རྟོགས་པས་ཞེས་བྱ་བ་སྨོས་ཏེ། ང་དང་ངའི་ཞེས་བྱ་བ་ལ་སོགས་པ་མངོན་པར་ཞེན་པས་སོ། །འཁོར་བ་དང་ཞེས་བྱ་བ་ནི་རྟོག་པ་སྔ་མའི་ དབང་གིས་བདག་ལ་སོགས་པར་རྣམ་པར་རྟོག་པས་འཇུག་པ་ཉིད་འཁོར་བ་ཡིན་པར་དགོངས་པ་ཡིན་ནོ། །ཡང་དག་པར་ནི་དེའི་མཚན་ཉིད་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པ་ཕྱི་མ་འབྱུང་བའི་རྒྱུ་གཞན་ནི་འཆིང་བ་འདི་ཡང་ནམ་མཁའ་ལ་མདུད་པ་འདོར་བ་དང་འདྲ་བས་བདག་དང་ གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་ཞེས་བྱ་བ་ནི་བདག་དང་བདག་གི་མཚན་ཉིད་ཀྱི་ཆོས་རྣམས་སོ། །ཡང་དག་མིན་ཞེས་བྱ་བ་ནི་མ་སྐྱེས་པ་སྟེ། དེ་ལྟ་བས་ན་སྟོང་པ་ཡིན་གྱི་གང་ཟག་དང་བྲལ་བ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་ཀྱིས་ཞེས་ བྱ་བ་ནི་བདག་ཉིད་ཀྱིས་ལོག་པར་ཞེན་པའི་མཚན་ཉིད་ཀྱིས་བཅིངས་པ་ཡིན་གྱི་དབང་ཕྱུག་ལ་སོགས་པས་ནི་མ་ཡིན་ཏེ། དེ་ནི་དེའི་སྐྱེད་པར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །རིགས་མཐུན་པའི་རྣམ་པར་རྟོག་པ་སྔ་མ་མ་གཏོགས་པར་རྣམ་པར་རྟོག་པ་ཕྱི་མ་འབྱུང་བའི་རྒྱུ་ གཞན་ནི་མ་མཐོང་སྟེ། ཉམས་སུ་མྱོང་བ་རྣམ་པར་མ་བརྟགས་པའི་ངོ་བོ་ཉིད་མ་གཏོགས་པར་བེམས་པོའི་བདག་ཉིད་ས་ལ་སོགས་པ་ནི་མེད་པའི་ཕྱིར། ནུས་པ་མ་མཐོང་བ་ནི་ཅུང་ཟད་ཀྱང་རྒྱུའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །བརྟན་པ་རྣམས་ ཀྱང་རྒྱུ་མ་ཡིན་པའི་ཕྱིར་རོ་ཞེས་ཕལ་ཆེར་བཤད་ཟིན་ཏེ་མང་དུ་མི་དགོས་སོ། །དེ་ལྟ་བས་ན་དོན་གཞན་མེད་ཀྱང་དོགས་པའི་དུག་བཞིན་དུ་རྟོག་པ་ཙམ་ཁོ་ན་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་པས། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོགས་པས་ཞེས་བྱ་བ་ནི་སྦྲུལ་ལ་ སོགས་པ་མཐོང་བའི་སྒོ་ནས་དུག་ཏུ་དོགས་པས་སོ། །རྒྱལ་བར་འགྱུར་ཞེས་བྱ་བ་ནི་ཡང་དག་པར་ན་དུག་རྨ་དང་ཁོང་དུ་སོང་བ་མེད་ཀྱང་དེར་འདུ་ཤེས་པ་ཙམ་ཁོ་ནས་བརྒྱལ་བ་ལ་སོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་མིན་རྟོག་སྐྱེ་ཞིང་འཆི། །ཞེས་བྱ་བ་ནི་དེ་བཞིན་ དུ་བདག་ལ་སོགས་པ་མེད་ཀྱང་མི་མཁས་པ་དག་དེར་རྟོག་པ་ཙམ་ཁོ་ནས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུན་འབྱུང་ངོ་ཞེས་བྱ་བའི་དོན་ཏོ།། །།བམ་པོ་ལྔ་པ། ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་རྟོགས་པ་ལྷག་པར་ཞེན་པའི་ཡུལ་ལ་ལྟོས་ནས་ཆོས་ རྣམས་མཚུངས་པ་ཉིད་ཡིན་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེ་བྲག་རྟོགས་པའི་ཤེས་རབ་ཕུལ་དུ་བྱུང་བའི་རྟགས་ཏེ་དགུ་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པ་གང་གིས་སོ། །འཛིན་ པ་ནི་མངོན་པར་ཞེན་པའོ། །དེ་ལྟར་ཞེས་པ་ནི་དེའི་རང་གི་ངོ་བོ་ཁོ་ན་ལ་ལྟོས་ནས་ཡིན་གྱི་བདག་མེད་པར་རྟོགས་པའི་ཡུལ་ལ་ལྟོས་ནས་ནི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དེའི་ངོ་བོ་ནི་འཛིན་པ་ལ་སོགས་པར་རྣམ་པར་རྟོག་པ་ཡང་རྣམ་པར་བྱང་བར་ མཚན་ཉིད་གཅིག་པའི་ཕྱིར། གལ་ཏེ་ཇི་ལྟར་ན་གཅིག་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཕན་ཚུན་ཤིན་ཏུ་འགལ་བ་དག་ཏུ་འགྱུར་ཞེ་ན། མ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ཁོ་ན་བདག་མེད་པའི་ཤེས་པ་ལ་དབེན་པའི་མཚན་ཉིད་དུ་སྣང་བས་ ཐ་དད་པ་མ་ཡིན་པས་འཛིན་པ་ལ་ལྟོས་པའི་ཕྱིར་ཏེ། སྟོང་པར་ཤེས་པ་ཤིན་ཏུ་བརྟན་པ་བསྐྱེད་པའི་ཆེད་དུ་དེ་ལྟར་རྣམ་པར་གཞག་པའི་ཕྱིར་རོ། །དངོས་སུ་ནི་མེད་པ་ལ་སྒྲོ་འདོགས་པ་མེད་པའི་མཚན་ཉིད་གཅིག་ཏུ་རྣམ་པར་བྱང་བའི་བདག་ཉིད་དེ་ཁོ་ན་ཉིད་རྟོགས་པའི་ཡུལ་ཅན་ ལས་ཀུན་ནས་ཉོན་མོངས་པའི་ཕྱོགས་ལོག་པའི་རྣམ་པར་རྟོག་པའི་རྒྱུན་དུ་འཇུག་པ་གཞན་ཡིན་ནོ། །དེ་བསྟན་པའི་ཕྱིར། འདི་ལ་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ལའོ། །གང་ཡང་ཞེས་བྱ་བ་ ནི་བདག་ལ་སོགས་པའོ། །རྟོགས་ཞེས་བྱ་བ་ནི་ཆོས་དང་གང་ཟག་ཏུ་ཀུན་བརྟགས་པ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེ་བྲག་ནི་ཇི་སྐད་བཤད་པའི་མཚན་ཉིད་ཁོ་ནར་ཟད་དོ་ཞེས་བྱ་བར་ཁོང་དུ་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་མ་ཡིན་ན་རྟེན་ཅིང་ འབྲེལ་བར་འབྱུང་བའི་རང་གི་ངོ་བོར་རབ་ཏུ་རྣམ་པར་དབྱེ་བ་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་མ་རྟོགས་པས་ཤེས་རབ་ཕུལ་དུ་བྱུང་བར་མི་འགྱུར་རོ། །རྟགས་ཀྱི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། །།ཤེས་རབ་མངོན་པར་འཕེལ་བ་ནི་རྣམ་པ་བཅུ་གཅིག་སྟེ། འདི་ལྟ་སྟེ། དེ་སྟོན་པས་མངོན་པར་འཕེལ་བ་ན་བདག་ཉིད་ཤེས་རབ་ཡིད་ལ་བྱེད་པ་དང་ལྡན་ལ་གཞན་གྱི་དོན་གྱི་དབང་དུ་བྱས་ནས་དེ་སྟོན་པ་དེ་ལས་གཞན་པ་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་པས་མཆོག་ཏུ་གྱུར་པའི་ཕྱིར། འཛམ་བུའི་གླིང་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ ཡིན་ནོ། །སྦྱིན་པ་མི་ཆུང་བ་ཉིད་ནི་རྣམ་པ་བཞི་སྟེ། འབྲེལ་པའི་ཁྱད་པར་གྱིས་ནི་སེམས་ཅན་ཐམས་ཅད་དང་འབྲེལ་བའི་ཕྱིར་ཏེ། འཛམ་བུའི་གླིང་སྨོས་པ་ནི་ཉེ་བར་མཚོན་པར་ཟད་དོ། །སྦྱོར་བའི་ཁྱད་པར་གྱིས་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རབ་ཏུ་སྦྱོར་བའི་ ཕྱིར་རོ། །དངོས་གཞིའི་ཁྱད་པར་གྱིས་ནི་ལོ་བྱེ་བ་ཕྲག་དུ་མར་ཡང་དག་པར་སྒྲུབ་པའི་ཕྱིར་རོ། །མཇུག་གི་ཁྱད་པར་གྱིས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །དེ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་སྟོན་པ་ཤིན་ཏུ་མཆོག་ཏུ་གྱུར་པ་ཡིན་པས་གང་ཞིག་ ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་ན་ཞེས་བྱ་བ་ནི་ཆུང་ངུ་ནའོ། །རྗེས་སུ་མཐུན་བྱེད་ན་ཞེས་བྱ་བ་ནི་རབ་ཏུ་སྟོན་པར་བྱེད་ནའོ། །བསོད་ནམས་ཆར་མི་ཕོད་ཅེས་བྱ་བ་ནི་བསོད་ནམས་ཀྱི་ཆར་ཡང་མི་ཕོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པར་བྱ་ཞེས་བྱ་བ་ནི་རབ་ཏུ་བསྟན་པར་བྱ་བ་སྟེ། ཤེས་རབ་ཀྱི་ཆོས་སྦྱིན་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཟུང་དུ་འབྲེལ་བའི་ཡིད་ལ་བྱེད་པས་མངོན་པར་འཕེལ་བ་ནི་ཤེས་རབ་དང་སྙིང་རྗེ་ཡིད་ལ་བྱེད་པ་དང་ལྡན་པ་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་དོན་ཡོད་པའི་འབྱུང་གནས་ཡིན་པའི་ཕྱིར་ཤེས་ རབ་ཕ་རོལ་ཕྱིན་མཆོག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སྙིང་རྗེའི་ཆེ་བ་ཉིད་ནི་འགྲོ་བ་མཐའ་དག་ལ་དམིགས་ཀྱང་དེ་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །དེ་བསྟན་པའི་ཕྱིར་སེམས་ཅན་འདུ་ཤེས་མེད་ཅེས་བྱ་བ་གསུངས་སོ། །དོན་ཡོད་ཡོངས་སུ་སྤྱོད་ཅེས་བྱ་བ་ནི་ཡང་དག་པའི་ བསླབ་པ་ཕུན་སུམ་ཚོགས་པས་དེའི་ཆོས་གོས་ལ་སོགས་པ་ཡོངས་སུ་སྤྱོད་པ་བདག་དང་གཞན་གྱི་འབྲས་བུ་དོན་ཡོད་པར་འགྱུར་བའི་ཕྱིར་རོ། །གཞན་གྱི་དོན་དུ་རུང་བ་ཉིད་ཀྱིས་མངོན་པར་འཕེལ་བ་ནི་ཤེས་རབ་ལ་ལེགས་པར་སྦྱོར་བ་སེམས་ཅན་འདུ་ཤེས་མེད་ཅེས་བྱ་བ་གསུངས་ སོ། །ཐམས་ཅད་འདྲེན་པའི་རྒྱུར་གྱུར་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་འདིར་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཡུན་རིང་འབྲེལ་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་ཕྱིར་རོ། །ལམ་ཡངས་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པའི་ ལམ་སྟེ་དེ་ནི་ཐེ་ཚོམ་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཕ་རོལ་ཞེས་བྱ་བ་ནི་འགྲམ་སྟེ་མྱ་ངན་ལས་འདས་པའི་མཚན་ཉིད་དོ། །སྟོན་ཞེས་བྱ་བ་ནི་ཉེ་བར་སྟོན་པ་སྟེ། རྣམ་པ་གཞན་གྱིས་སེམས་ཅན་གྱི་ཁམས་དགྲོལ་བར་མི་ནུས་སོ་སྙམ་དུ་དགོངས་པ་ཡིན་ནོ། །ཤེས་ རབ་ཕ་རོལ་ཕྱིན་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ཏེ་དེའི་ཕྱིར་བྱ་དགོས་སོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །བར་ཆད་མེད་པར་རབ་ཏུ་སྦྱོར་བས་མངོན་པར་འཕེལ་བ་ནི་མི་བཀྲེན་པས་རིན་པོ་ཆེ་རྙེད་དེ་སྟོར་བ་ལས་རིན་པོ་ཆེ་ཡིད་ལ་བྱེད་པ་བཞིན་དུ་ཤེས་རབ་ལ་རབ་ཏུ་སྦྱོར་བ་བར་ ཆད་མེད་པའི་ཕྱིར། མི་ཞིག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། སྔོན་ཆད་མ་རྙེད་པ་ཞེས་བྱ་བ་ནི་གཞན་གྱི་རིན་པོ་ཆེ་རྙེད་པ་ནི་ཤིན་ཏུ་དགའ་བ་མེད་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་བྱ་བ་ངན་པ་ལ་ནི་དགའ་བར་མི་འགྱུར་བའི་ཕྱིར་རོ། །རྙེད་པར་གྱུར་ཏེ་ཞེས་བྱ་བ་ནི་རིན་པོ་ཆེའི་ མཆོག་རྙེད་པར་གྱུར་ཏེ་ཞེས་བྱ་བར་སྦྱར་རོ། །རྙེད་མ་ཐག་ཏུ་ཞེས་བྱ་བ་ནི་དེའི་མོད་ལ་སྟེ། རིང་མོ་ཞིག་ཏུ་སྤྱད་སྤྱད་ནས་སྟོར་བ་ནི་ཕལ་ཆེར་ཧ་ཅང་སྡུག་བསྔལ་བའི་རྒྱུར་མི་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྟོར་ན་ནི་ཞེས་བྱ་བ་ནི་བརླག་ན་སྟེ། མི་གང་ཞིག་གིས་རིན་པོ་ཆེ་དེ་ཞེས་ བྱ་བར་སྐབས་དང་སྦྱར་རོ། །རིན་ཆེན་མངོན་འདོད་ཅེས་བྱ་བ་ནི་རྟག་ཏུ་རིན་པོ་ཆེ་ཡིད་ལ་བྱེད་པ་དེ་ཁོ་ན་ཡིད་ལ་མི་བདེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་འདྲ་བར་ཤེས་རབ་ཀྱི་ཡོན་ཏན་རྗེས་སུ་དྲན་པ་ལྷུར་བླང་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ལ་རབ་ཏུ་སྦྱོར་བ་ནི་གཏི་མུག་གི་མུན་པ་འཇོམས་པར་བྱེད་པ་ཡིན་པའི་ཕྱིར་རིན་པོ་ཆེ་དང་འདྲ་བ་ཉིད་དོ། །རིན་ཆེན་རྙེད་པ་དང་འདྲ་བར་བག་ཡོད་པར་གྱིས་ཤིག་ཅེས་བསྟན་པའི་ཕྱིར། རིན་ཆེན་རྙེད་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྙེད་ནས་ཞེས་བྱ་བ་ནི་སྔར་སྟོར་བའི་རིན་པོ་ཆེ་ དེ་མཐོང་ནས་ཞེས་བྱ་བའི་དོན་ཏོ། །བླངས་ཏེ་ཞེས་བྱ་བ་ནི་བླངས་ནས་སོ། །རབ་ཏུ་བརྩོན་ཞེས་བྱ་བ་ནི་བག་ཡོད་པར་བྱས་ཏེའོ། །དཀྲིས་ནས་ཞེས་བྱ་བ་ནི་གོས་ལ་སོགས་པའི་ནང་དུ་དམ་པོར་ཐུམ་པར་ཕུར་ནས་ཏེ་རིན་པོ་ཆེ་ཞེས་བྱ་བར་སྐབས་དང་སྦྱར་རོ། །མྱུར་དུ་འགྲོ་བར་བྱེད་པ་ཞེས་བྱ་ བ་ནི་གང་ཞིག་དགྲ་འོང་གིས་དོགས་ནས་མྱུར་དུ་འགྲོ་བ་དེ་ནི་ཞི་བར་འགྱུར་ཏེ་ཡང་རིན་པོ་ཆེ་དེ་མི་སྟོར་བར་བྱ་བའི་ཕྱིར་སྙམ་དུ་དགོངས་པ་ཡིན་ནོ། །སྤངས་པས་མངོན་པར་འཕེལ་བ་ཉིད་ནི་ཉི་མ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ལ་མངོན་པར་བརྩོན་པ་དམ་པ་མ་ཡིན་པའི་ལྟ་བའི་ མུན་པ་ཐམས་ཅད་སྤངས་པས་ཅི་རིགས་པར་སྲིན་བུ་མེ་ཁྱེར་ལ་སོགས་པ་ལྟ་བུའི་ཉན་ཐོས་ལ་སོགས་པ་བས་མཆོག་ཏུ་གྱུར་པའི་ཕྱིར་ཉི་མ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། གང་ལ་སྤྲིན་དང་བྲལ་བའི་འོད་ཟེར་གྱི་དྲ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མུན་ནག་ཐིབས་པོའི་ མུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་སྨག་ཏུ་གྱུར་པ་སྟེ་མཚན་མོ་ཞེས་བྱ་བའི་ཐ་ཚིག་གོ། །འཇོམས་ཞེས་བྱ་བ་ནི་སེལ་བའོ། །སྲིན་བུ་མེ་ཁྱེར་ཞེས་བྱ་བ་ནི་མེ་ཁྱེར་རྣམས་སོ། །སྲོག་ཆགས་འབྱུང་པོ་ནི་དེ་ལས་གཞན་པའི་སྲོག་ཆགས་འོད་དང་བཅས་པ་རྣམས་སོ། །ཤེས་ རབ་ཕ་རོལ་ཕྱིན་མཆོག་སྤྱོད་ཅེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཤེས་རབ་རྟོག་པའི་སྤྲིན་མཐའ་དག་དང་བྲལ་ན་འོད་གསལ་བའི་ཕྱིར་རོ། །བྱང་ཆུབ་སེམས་མང་ཞེས་བྱ་བ་ནི་དམིགས་པ་ཅན་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་དག་ཀྱང་ཟིལ་གྱིས་གནོན་ཏོ་ཞེས་བྱ་བར་སྦྱར་ཏེ། དམིགས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །གཞན་ཡོངས་སུ་སྨིན་པར་བྱེད་པས་མངོན་པར་འཕེལ་བ་ནི་རྒྱལ་པོའི་བུ་བཞིན་དུ་བྱང་ཆུབ་སེམས་དཔའ་རང་གི་བདེ་བ་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་པས་འཇིག་རྟེན་པ་ཐམས་ཅད་ཀྱིས་ མངོན་པར་འགྲོ་བར་བྱ་བའི་འོས་ཡིན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཀུན་གྱིས་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྒྱལ་བའི་བུ་ཀུན་གྱི་ནང་ན་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་འགྲོ་བྱ་འོས་ཞེས་བྱ་བ་ནི་བསྟེན་པར་འོས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ ན་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ལྟ་ན་ཡང་ཞེས་བྱ་བ་ནི་ད་ལྟ་ཉིད་ནས་ཀྱང་དེ་རྒྱལ་སྲིད་མ་ཐོབ་པ་ཉིད་ནས་ཞེས་བྱ་བའི་ཐ་ཚིག་གོ། །སྨོས་ཅི་དགོས་ཞེས་བྱ་བ་ནི་རྒྱལ་སྲིད་ལ་གནས་ན་ལྟ་ཧ་ཅང་ཡང་དགའ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བདུད་རྩི་སྦྱིན་པར་བྱེད་ཅེས་ བྱ་བ་ནི་རང་གི་རྟོགས་པའི་ཐབས་གཞན་དག་ལ་ཡང་སྟོན་པའི་ཕྱིར་རོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཏེ་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་ཕྱིར་རོ། །མཐུས་མངོན་པར་འཕེལ་བ་ནི་དེ་ལྟར་རང་དང་གཞན་གྱི་དོན་དང་མཐུན་པའི་ཤེས་རབ་ མངོན་པར་འཕེལ་བ་བདུད་ཀྱི་གནོད་པ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར། དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེའི་ཚེ་ན་ཞེས་བྱ་བ་ནི་ཤེས་རབ་ཕུལ་དུ་བྱུང་བའི་ཚེ་ནའོ། །ཟུག་རྔུ་ལྡན་པར་གྱུར་ཞེས་བྱ་བ་ནི་མྱ་ངན་ལ་སོགས་པའི་ཟུག་རྔུ་དང་ལྡན་པའི་ཕྱིར་རོ། ། དེ་བསྟན་པའི་ཕྱིར། མྱ་ངན་ཉམ་ཐག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ཉམ་ཐག་ཅེས་བྱ་བ་ནི་བདག་གི་གནོད་པ་བྱ་བ་དོན་དུ་གཉེར་བ་གང་ཡིན་པ་དེ་འདིར་མ་གྲུབ་པོ་སྙམ་དུ་སེམས་པའི་ཕྱིར་རོ། །སྡུག་བསྔལ་འདི་ལུས་ཀྱི་ཚོར་བ་སིམ་པ་མ་ཡིན་པའོ། །ཡིད་མི་བདེ་བ་ ནི་ཡིད་ཀྱིའོ། །ཉམ་ཆུང་བ་ནི་སྟོབས་མེད་པའོ། །སྐར་མདའ་གཏོང་ཞེས་བྱ་བ་ནི་བདུད་ཀྱིས་ཞེས་བྱ་བར་སྐབས་དང་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལ་འཇིགས་པ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། ཇི་ལྟར་ཞེས་བྱ་བ་ནི་ཅི་ནས་ཀྱང་ངོ་། །འགྱུར་རོ་ཞེས་བྱ་བ་ནི་འགྱུར་སྙམ་ནས་སོ། །འོན་ཀྱང་བྱང་ཆུབ་སེམས་དཔའི་ཡིད་འཁྲུག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །བསམ་པ་རབ་ལྡན་ཞིང་ ཞེས་བྱ་བ་ནི་གུས་པར་བྱས་ཏེ་སྦྱོར་བའི་ཕྱིར་རོ། །ཉིན་མཚན་ཞེས་བྱ་བ་ནི་ཉིན་མཚན་དུ་སྟེ་རྟག་ཏུ་སྦྱོར་བའི་ཕྱིར་རོ། །སེམས་མཁའ་འགྲོ་བྱ་ལྟར་གྱུར་པ་ཉིད་ནི་སྲིད་པ་དང་ཞི་བ་ལ་མི་གནས་པའི་ཕྱིར་རོ། །ལུས་དང་ངག་གི་ལས་དག་ནི་དེས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ནག་པོའི་རྩ་ལག་ནི་ བདུད་དེ་སྡིག་པ་ལ་དགའ་བའི་ཕྱིར་རོ། །སྤྱོད་པ་གང་ཞིག་བདུད་ཀྱིས་གླགས་རྙེད་པའི་རྒྱུ་ཡིན་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཐབ་པ་ནི་ལུས་ཀྱིས་ཀུན་དུ་བརྩམས་པའོ། །རྩོད་པ་ནི་ངག་གིས་སོ། །མི་མཐུན་པ་ནི་སྔོན་གྱི་ཁོ་ན་རྗེས་སུ་དྲན་པའི་ཕྱིར་རོ། །ཁྲོས་ བའི་སེམས་དང་ལྡན་གྱུར་པ་ནི་ད་ལྟར་བྱུང་བའི་ཀུན་ནས་མནར་སེམས་ཀྱི་གཞི་མཐོང་བའི་ཕྱིར་རོ། །ཉམས་བདེར་འགྱུར་བ་ནི་དགའ་བ་སྔོན་དུ་འགྲོ་བའི་ལུས་ཀྱི་བདེ་བ་དང་ལྡན་པའི་ཕྱིར་རོ། །དེ་དགའ་བའི་རྒྱུ་བསྟན་པའི་ཕྱིར། དེ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་གཉིས་ འཐབ་མོ་ལ་སོགས་པ་ལ་ཞུགས་པས་ན་སྨད་པར་བྱ་བའི་དངོས་པོ་ལ་མངོན་པར་ཞེན་པའི་ཕྱིར་ཤ་ཟ་དང་འདྲའོ་སྙམ་ནས་སོ། །རང་གི་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །དམ་བཅས་པ་ནི་རང་དང་གཞན་གྱི་དོན་བསྒྲུབ་པའི་སྨོན་ལམ་མོ། །ཅིའི་ཕྱིར་དེ་ཉམས་ཤེ་ན། སྡང་ཞིང་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། སྡང་བ་ནི་བསམ་པའི་སྒོ་ནས་སོ། །བཟོད་དང་བྲལ་བ་ནི་སྦྱོར་བའི་སྒོ་ནས་སོ། །ག་ལ་ཡོད་ཅེས་བྱ་བ་ནི་ཡོད་རེ་སྐན་ཞེས་བྱ་བའི་ཐ་ཚིག་སྟེ། བཟོད་པ་དང་བྲལ་བའི་ཚོགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཕྱོགས་དང་བཅས་པ་ཞེས་བྱ་བ་ནི་འཁོར་དང་བཅས་ པའོ། །ལུང་མ་བསྟན་པ་ཞིག་གིས་ལུང་བསྟན་པ་ཇི་སྐད་བཤད་པའི་རྟགས་དང་ལྡན་པ་རྣམས་ལ་སེམས་རབ་ཏུ་སྡང་ན་ཡང་བདུད་ཀྱིས་གླགས་རྙེད་པའི་རྒྱུ་ཡིན་པས། ལུང་བསྟན་མ་ཐོབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གཞི་ནས་གོ་ཆ་བགོ་དགོས་སོ་ཞེས་བྱ་བ་ནི་གལ་ཏེ་བར་ སྐབས་སུ་དེའི་གཉེན་པོ་མི་བྱེད་ན་ཉེས་པ་དང་ལྡན་པའི་སེམས་ཀྱི་སྐད་ཅིག་མ་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པར་གཞི་ནས་ཚོགས་བསགས་ནས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ་དགོས་ཏེ། གཞན་དུ་ནི་མ་ཡིན་ནོ། །དྲན་པས་མངོན་པར་འཕེལ་བ་ནི་སེམས་སྡང་བ་ཐམས་ཅད་ལ་ དྲན་པ་ཉེ་བར་གནས་པས་དེ་ལས་མྱུར་དུ་ངེས་པར་འབྱུང་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་འདི་བཟང་བ་མིན་སྙམ་ཞེས་བྱ་བ་ནི་སེམས་འདི་རུང་བ་མ་ཡིན་ནོ་སྙམ་པ་སྟེ། དྲན་པ་སྐྱེད་བྱེད་ཅེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། བཟོད་པའི་ཕ་ རོལ་ཕྱིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དྲན་པ་ཉེ་བར་གནས་པ་ནི་སོ་སོར་འཆགས་པར་བྱེད་དེ་འདི་ནི་བདག་གིས་མི་རིགས་པ་བྱས་སོ་ཞེས་འཆགས་པར་བྱེད་དོ། །ཕྱིས་ཀྱང་ སྡོམ་པར་བྱེད་དེ། ཕྱིན་ཆད་དེ་ལྟར་མི་བྱའོ་ཞེས་སེམས་ཀྱིས་སྡོམ་པའི་ཕྱིར་རོ། །དགའ་བར་མི་བྱེད་པའི་བདག་ལྟ་བུ་ཀུན་ལ་ཕན་པ་དང་བདེ་བ་ཉེ་བར་བསྒྲུབ་པ་མཐའ་དག་བྱ་དགོས་པ་གང་ཡིན་པ་དེས་འཁྲུག་པར་བྱའམ་ཞེས་རང་གི་བསམ་པ་ལ་སྨོད་པའི་ཕྱིར་རོ། ། དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །མི་འདོད་པ་འབྱུང་བའི་གཞིར་གྱུར་པའི་སེམས་ནི་སྐྱེས་ཟིན་པའི་ཕྱིར་སྐྱེ་བའི་གགས་བྱེད་པ་ཡང་མ་ཡིན་ལ་སྐད་ཅིག་མ་ཡིན་པས་རང་གི་ངང་ཁོ་ནས་ཞིག་པའི་ཕྱིར་དེ་འཇིག་པར་བྱེད་པ་མ་ཡིན་ནམ། དེ་འཆགས་པ་ལ་སོགས་པ་བྱེད་པས་ ཡོན་ཏན་ཅི་ཞིག་འཐོབ་ཅེ་ན། སངས་རྒྱས་ཆོས་འདིར་སློབ་ཅེས་བྱ་བ་སྨོས་ཏེ། དུག་ལ་སོགས་པ་ལ་འགལ་བའི་རྐྱེན་ཉེ་བར་སྦྱོར་བ་བཞིན་དུ་ཉེས་པའི་གཉེན་པོའི་སེམས་ཀྱང་མ་འོངས་པའི་མི་འདོད་པའི་འབྲས་བུའི་གགས་བྱེད་པས་མངོན་པར་འདོད་པའི་བྱ་བ་འགྲུབ་པའི་རྒྱུར་ གྱུར་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །བསླབ་པའི་ཁྱད་པར་གྱིས་མངོན་པར་འཕེལ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་འཁོར་གསུམ་ཡོངས་སུ་དག་པར་སློབ་པའི་ཕྱིར། གང་ཞིག་སློབ་ཚེ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཁས་མི་ལེན་ཞེས་བྱ་བ་ནི་མངོན་པར་ཞེན་ པ་མེད་པ་སྟེ། ཡང་དག་པར་ན་རྫས་ལ་མ་གཏོགས་པའི་བྱ་བ་མེད་པའི་ཕྱིར་རོ། །སློབ་པ་པོ་ནི་བདག་ལ་སོགས་པའི་བྱེད་པའོ། །བསླབ་པའི་ཆོས་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མཚན་ཉིད་དེ་དེ་དག་ནི་བསླབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དམིགས་པ་ནི་དམིགས་པར་ བྱེད་པ་སྟེ་མེད་ཅེས་བྱ་བར་སྦྱར་རོ། །མི་རྟོག་པ་ཞེས་བྱ་བ་ནི་ཡང་དག་པར་ན་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་དེའི་མི་མཐུན་པའི་ཕྱོགས་མཚན་ཉིད་ཀྱིས་དབེན་པར་ངོ་བོ་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཟད་པས་མངོན་པར་འཕེལ་ བ་ནི་དེ་ལྟར་མི་དམིགས་པའི་སྤྱོད་པས་མི་མཐུན་པའི་ཕྱོགས་རྣམ་པ་ཐམས་ཅད་དུ་སྤོང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། བསླབ་ཉམས་ཞེས་བྱ་བ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཉམས་པའོ། །ཚུལ་ ཁྲིམས་འཆལ་པ་ནི་ལྷག་པའི་ཚུལ་ཁྲིམས་མེད་པ་སྟེ་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །བརྙེས་པར་བྱ་ཕྱིར་ཞེས་བྱ་བ་ནི་བརྙེས་པར་བྱ་བའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །དེ་ཅིའི་ཕྱིར་ཞེ་ན། བསླབ་ལྷག་བསླབ་ལ་མཁས་ཏེ་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་ བསླབ་པའི་ངོ་བོ་ཉིད་ཤེས་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། འདི་ལྟར་དམིགས་པ་མེད་ཅེས་བྱ་བ་སྨོས་ཏེ། བསླབ་པ་ཐམས་ཅད་སྟོང་པའི་ངོ་བོ་ཉིད་དུ་ཤེས་པའི་ཕྱིར་རོ། །དེའི་མཇུག་བསྡུ་བར་མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་ཅེས་བྱ་བ་ནི་སློབ་པ་རྣམས་ཀྱིའོ། །གཅིག་ ཙམ་ཡང་ཞེས་བྱ་བ་ནི་སེམས་བསྐྱེད་པ་གཅིག་ཀྱང་མི་དགེ་བར་མི་འབྱུང་ངོ་སྙམ་དུ་དགོངས་པ་ཡིན་ནོ། །དེའི་གཉེན་པོ་ཤིན་ཏུ་ངང་དུ་གྱུར་པའི་ཕྱིར་རོ། །དེ་དཔེས་བསྟན་པའི་ཕྱིར། ཉི་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བར་སྣང་ལ་མུན་པ་མི་གནས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་སྦྱར་རོ། ། བཞིན་ཞེས་བྱ་བ་ནི་འདྲ་བའི་དོན་ཡིན་ནོ། །གཉེན་པོ་རྙེད་པས་མངོན་པར་འཕེལ་བ་ནི་ལྟ་བའི་རབ་ཏུ་དབྱེ་བ་མ་ལུས་པ་འཇིག་ཚོགས་ལ་ལྟ་བའི་ནང་དུ་འདུས་པ་བཞིན་དུ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཁོ་ནའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་ལ་ཞེས་བྱ་ བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདིར་ནི་འདུས་པར་འགྱུར་ཞེས་བྱ་བ་ནི་ཤེས་རབ་ནི་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འགྲུབ་པའི་རྒྱུར་གྱུར་པའི་ཕྱིར་དང་སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམ་པ་དྲུག་བཟློག་པའི་ཕྱིར་རོ། །གཉིས་ཞེས་བྱ་བ་ནི་རྩ་གཉིས་ཏེ་ལྟ་བར་གྱུར་པ་ དྲུག་ཅུ་རྩ་གཉིས་པོ་འདི་དག་ནི་ཚངས་པའི་དྲ་བའི་མདོའི་རྗེས་སུ་འབྲངས་ཏེ་ཁོང་དུ་ཆུད་པར་བྱའོ། །འདུས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་ནང་དུ་ཞེས་བྱ་བར་སྦྱར་ཏེ། ལྟ་བར་གྱུར་པ་ཐམས་ཅད་བདག་ཏུ་ལྟ་བས་རབ་ཏུ་ལྟ་བའི་ཕྱིར་རོ། །སྲོག་གི་དབང་པོའི་ནང་དུ་དབང་པོ་གཞན་འདུས་ པ་ལྟ་བུ་ཡིན་པས་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགག་པར་འགྱུར་ཞེས་བྱ་བ་ནི་འགག་པར་འགྱུར་བ་སྟེ། མིག་ལ་སོགས་པའི་རྒྱུད་ཀྱི་རྒྱུན་འཇུག་པའི་རྒྱུ་ནི་སྲོག་གི་དབང་པོ་ཡིན་པས་དེ་མེད་ན་དེའི་ནང་དུ་འདུས་པ་མིག་གི་དབང་པོ་ལ་སོགས་པ་ནུས་པའི་ བདག་ཉིད་རྣམས་འབྱུང་བར་མི་འཐད་པའི་ཕྱིར་རོ། །འདུས་པར་གསུངས་ཞེས་བྱ་བ་ནི་དེ་དང་འདྲ་བར་དྲི་མ་མེད་པའི་ཡིད་ལ་བརྟེན་པའི་ཤེས་རབ་མེད་ན་དེའི་ནང་དུ་ཁྱད་པར་ལ་བརྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འགག་པའི་ཕྱིར་ཤེས་རབ་ སྤྱོད་པ་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་འདི་དག་ཐམས་ཅད་ནི་དེ་ཁོ་ནར་འདུས་པར་བཤད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་འཕེལ་བ་བཤད་ཟིན་ཏོ།། །།འདིའི་བསྟན་པ་ནི་ཐབས་ལ་མཁས་པས་སྐྱེ་བོ་དེ་ལྟ་བུ་དག་ལ་ཕན་གདགས་པའི་ཕྱིར་བདག་གིས་བསླབ་ པར་བྱ་བ་འབའ་ཞིག་ཏུ་ཟད་དོ་སྙམ་པས་ཉན་ཐོས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ལ་ཡང་དག་པར་སློབ་ཀྱང་དེ་དག་ལ་དམིགས་ཤིང་དགའ་བ་མེད་པའི་ཕྱིར། བྱང་ཆུབ་སེམས་མཁས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་ པའི་ཡོན་ཏན་ལའོ། །གནས་ཞེས་བྱ་བ་ནི་དམིགས་པ་སྟེ་མེད་ཅེས་བྱ་བར་སྦྱར་ཏེ། དེ་དག་ཀྱང་ཡང་དག་པར་ན་བདག་མེད་པར་རྟོགས་པའི་ཕྱིར་རོ། །མི་སྐྱེད་ཅེས་བྱ་བ་ནི་སྐྱེད་པར་མི་བྱེད་པ་སྟེ། སྙིང་རྗེ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། ། དེ་ལྟར་ཕྱིར་མི་ལྡོག་པའི་ཆོས་ཉིད་ཀྱིས་བསྟན་པ་ཕུལ་དུ་བྱུང་བར་གྱུར་ན་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་ཏིང་ངེ་འཛིན་གྱིས་ཉེ་བར་ཟིན་པ་ནི་དེ་ལས་གཞན་པའི་རྗེས་སུ་ཡི་རང་བར་བྱེད་པ་རྣམས་ཀྱི་བསོད་ནམས་ཀྱི་འབྱུང་གནས་མཆོག་ཡིན་པས་མི་ལྡོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲང་ལ་གཞལ་བས་ཞེས་བྱ་བ་ནི་སྲང་ལ་བཏབ་པས་སོ། །ཚད་གཟུང་རུང་ཞེས་བྱ་བ་ནི་ཚད་ཟིན་པར་འགྱུར་བ་སྟེ། དེ་ནི་འདི་སྐད་དུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ཡོད་པའི་རི་རབ་རྣམས་ནི་སྲང་ལ་གཞལ་བས་དེ་དག་གི་ཚད་ཤེས་པར་ནུས་ཀྱང་སྲིད་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་ པའི་བསོད་ནམས་ཀྱི་ཚོགས་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བ་དོན་གཉེར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་ན་ཐར་པ་འདོད་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ལ་རྗེས་སུ་ཡི་རང་བ་ ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འགྲོ་བའི་ཐར་པ་ནི་རྫོགས་པའི་སངས་རྒྱས་ཀྱི་ཆོས་བསྟན་པ་ལས་རབ་ཏུ་བྱུང་བའི་ཕྱིར་ལ་རྫོགས་པའི་སངས་རྒྱས་ཀྱང་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་ལ་རག་ལས་པའི་ཕྱིར་ཏེ། དེ་བས་ན་དེ་ལ་རྗེས་སུ་ཡི་རང་ནས་འགྲོ་བ་མཐའ་དག་གི་ བསོད་ནམས་ལ་རྗེས་སུ་ཡི་རང་བ་ཡིན་པས་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའི་ངོ་བོའི་ཐར་པ་དེའི་ཆེད་དུའོ། །ཁ་ཅིག་ལས་ནི་ཅིའི་ཕྱིར་ཞེས་འབྱུང་སྟེ། དེ་ནི་ཅིའི་ཕྱིར་ན་ཞེས་དྲི་བའི་དོན་དུ་བལྟ་བར་བྱའོ། །དེ་དག་ཅེས་ བྱ་བ་ནི་ཕྱིར་མི་ལྡོག་པ་རྣམས་སོ། །སྡུག་བསྔལ་ཟད་པར་བྱ་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤང་བར་བྱ་བའི་ཕྱིར་ཏེ་གཞན་དུ་ན་སྡུག་བསྔལ་ཟད་པ་མེད་པའི་ཕྱིར་རོ། །དེ་ལྟར་ཏིང་ངེ་འཛིན་ཐོབ་པའི་ཤེས་རབ་མངོན་པར་འཕེལ་བ་ལས་ངེས་པར་འབྱེད་པའི་ཆ་ དང་མཐུན་པའི་གནས་སྐབས་ཀྱིས་རྣམ་པར་རྟོག་པའི་གཉེན་པོར་མཐོང་བའི་ལམ་གྱི་བདག་ཉིད་མཆོག་ཏུ་གྱུར་པ་འབྱུང་ངོ་། །རྣམ་པར་རྟོག་པ་དེ་ཡང་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་དག་རེ་རེ་ལ་རྣམ་པ་གཉིས་གཉིས་ཡོད་པའི་ཕྱིར་རྣམ་པ་བཞིའོ། །དེ་ལ་གཟུང་བར་རྣམ་ པར་རྟོག་པ་འཇུག་པའི་ཕྱོགས་མཐའ་དག་ལ་བརྟེན་པ་དེའི་གཉེན་པོར་སེམས་བསྐྱེད་པ་ལ་སོགས་པའི་ཆོས་རྣམས་ལ་བདག་ཉིད་ཀྱི་རྣམ་པར་རྟོག་པ་མེད་པས་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཡོངས་སུ་ཤེས་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་རྣམས་ཀུན་ནི་འཇུག་པའི་ཕྱོགས་སུ་བསྡུས་པའི་སེམས་བསྐྱེད་པ་ལ་སོགས་པའོ། །སྤྲོས་མེད་ཅེས་བྱ་བ་ནི་སྨོན་པའི་སྤྲོས་པ་མེད་པར་ཞེས་བྱ་བའི་དོན་ཏོ། །ལྡོག་པའི་ཕྱོགས་མཐའ་དག་ལ་བརྟེན་པ་དེ་བསལ་བས་སྒྲིབ་པ་ཐམས་ཅད་བཟློག་པར་བྱ་བའི་ཕྱིར་ཤེས་རབ་གང་གིས་སྟོང་པ་ལ་ སོགས་པའི་མཚན་ཉིད་ཀྱི་ཆོས་རྣམས་ཤེས་ཤིང་། དེ་ལ་ཡང་གཉིས་ཀྱི་འདུ་ཤེས་མེད་པས་བྱང་ཆུབ་ཚོལ་བའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དེ་ནི་ཤེས་རབ་གཉིས་ཀྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱིས་གཉིས་སུ་མངོན་པར་ཞེན་པས་ བྱང་ཆུབ་ཚོལ་བར་མི་བྱེད་དེ། འཇིག་རྟེན་ལས་འདས་པའི་གནས་སྐབས་ན་རྣམ་པར་བྱང་བར་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རྟོག་པ་ཐམས་ཅད་ནི་ཐམས་ཅད་དུ་འཛིན་པ་ལ་སོགས་པར་རྟོག་པ་འབྱུང་བའི་ཕྱིར་དང་ ཐམས་ཅད་ལས་རྣམ་པར་ལོག་པའི་བདག་ཉིད་ཀྱི་དངོས་པོ་ལ་དངོས་པོ་གཞན་དང་ཐ་མི་དད་པར་འཛིན་པའི་ཕྱིར་རང་བཞིན་གྱིས་ཕྱིན་ཅི་ལོག་གི་མཚན་ཉིད་ཁོ་ན་ཡིན་ནོ། །གལ་ཏེ་དེ་བས་ན་དེ་ལྟར་ཤེས་པ་ཡོད་པའི་ཕྱིར་དངོས་པོ་རྣམས་ཐ་མི་དད་པ་ཡིན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དངོས་པོ་ཡོད་པའི་རང་གི་ངོ་བོ་ནི་དོན་བྱེད་ནུས་པ་ཡིན་ལ་དེ་དག་ཀྱང་གཅིག་པ་ཉིད་ཡིན་ན་ནི་དངོས་པོ་ཐམས་ཅད་དོན་གཅིག་བྱེད་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ལ་ཡང་ཐ་མི་དད་པར་འཛིན་པས་གཅིག་པ་ཉིད་ན་བཅིངས་པ་དང་ ཐར་པ་སོ་སོར་རྣམ་པར་གཞག་པ་མི་འཐད་དོ། །གལ་ཏེ་དེ་དག་ཉིད་སོ་སོའི་ཁྱད་པར་ལ་བརྟེན་པའི་ནུས་པ་ཐ་དད་པས་ཐ་སྙད་ཐ་དད་པ་ཡོད་དོ་ཞེ་ན། དེ་ལྟ་ན་ནི་དངོས་པོའི་ངོ་བོ་དོན་གྱི་བྱ་བ་བྱེད་པ་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ལ་བརྟན་པ་གཅིག་པུའི་བདག་ཉིད་ནི་རང་ཤེས་པ་བསྐྱེད་ པའི་མཐུ་ཡང་མེད་པས་རྗེས་སུ་འགྲོ་བ་མ་ཡིན་པ་འང་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་གྲུབ་པ་ཡིན་ལ། གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བའི་ཡང་ཕྱིར་ཏེ། ཕལ་ཆེར་བཤད་ཟིན་ཏོ།། །།དེ་དང་འདྲ་བར་རྣམ་པར་རྟོག་པ་ཇི་ལྟར་ འཛིན་པ་ཡང་འཁྲུལ་པ་ཡིན་པའི་ཕྱིར་རང་གི་ངོ་བོ་ལ་ལྟོས་ནས་རྣམ་པར་མི་རྟོག་པ་ཉིད་ཡིན་ན་ཡང་སྒྲིབ་པའི་གཉེན་པོ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་དེས་བྱང་ཆུབ་ཚོལ་བར་མི་བྱེད་དོ་ཞེས་བྱ་བར་གནས་སོ། །འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཡིན་ཏེ། སེམས་ ཅན་རྫས་སུ་ཡོད་པ་ལ་བརྟེན་པ་དང་། དེར་གདགས་པ་ལ་བརྟེན་པའོ། །དེ་དག་མེད་པར་བསྟན་པའི་ཕྱིར། རྣལ་འབྱོར་པ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩོན་པ་ནི་སེམས་ཅན་དོན་དམ་པར་ཡོད་པར་རྟོག་པ་མེད་པའི་ཕྱིར་ཏེ་དེ་ཡོད་ན་ནི་ཕྱིན་ཅི་ལོག་པའི་ཕྱིར་བརྩོན་པ་མ་ ཡིན་ནོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་ཡང་དག་པར་བཏགས་པ་ཙམ་ལ་ཡང་འཛིན་པ་ཉིད་དུ་མི་རྟོག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རྟོག་པ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། རིགས་སུ་རྣམ་པར་རྟོག་པ་ནི་དེ་བསལ་བར་བདག་ནི་རྫོགས་པའི་བྱང་ ཆུབ་ཀྱི་འོས་ཡིན་གྱི། ཉན་ཐོས་ལ་སོགས་པའི་བྱང་ཆུབ་དང་ནི་འགལ་ལོ་སྙམ་ན་ཡང་རྣམ་པར་རྟོག་པ་མེད་པའི་ཕྱིར། ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་ཞེས་བྱ་བ་ནི་ནམ་མཁའི་ཁམས་དང་ངོ་། །དེར་ཞེས་བྱ་བ་ནི་ནམ་མཁར་རོ། །གང་གིས་ཀྱང་ནི་དེ་ མ་ཐོབ་ཅེས་བྱ་བ་ནི་གང་གིས་ཀྱང་ནམ་མཁའི་ཁམས་དེ་ཐོབ་པ་མེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནི་འདི་སྐད་དུ་དཔེར་ན་ནམ་མཁའི་ཁམས་ཀྱི་མིང་གཞན་ནམ་མཁའ་ཞེས་བྱ་བ་དང་ལྡན་པ་ཡང་དེ་དང་འགལ་བ་མེད་ལ་དངོས་པོ་མེད་པར་རོ་གཅིག་པའི་ཕྱིར་གང་གིས་ཀྱང་དེ་མ་ཐོབ་པ་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉེ་བར་ཞི་བར་སྤྱོད་པ་ཡང་རྫོགས་པའི་བྱང་ཆུབ་དང་ཉེ་བར་ཡང་མ་ཡིན་བདག་ཉིད་བྱང་ཆུབ་གཞན་དང་འགལ་ལོ་སྙམ་དུ་ཡང་མི་སེམས་ཏེ། ཡང་དག་པར་ན་ཐམས་ཅད་དབེན་པར་མཚན་ཉིད་གཅིག་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །ཡང་དག་ པར་འགྲུབ་པ་རྣམ་པར་རྟོག་པ་དེ་བསལ་བའི་ཕྱིར་སྒྱུ་མ་བྱས་པའི་སྐྱེས་བུ་བཞིན་དུ་འགྲོ་བའི་དོན་ཡང་དག་པར་བསྒྲུབ་པའི་རྣམ་པར་རྟོག་པ་མེད་ཀྱང་སྐྱེ་བ་སྣ་ཚོགས་ལ་སོགས་པའི་བྱ་བ་རབ་ཏུ་འབྱུང་བའི་ཕྱིར། སྐྱེ་བོའི་དབུས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བོ་འདི་ཞེས་བྱ་བ་ནི་སྐྱེ་ བོའི་ཚོགས་སོ། །དེ་ཡང་ཞེས་བྱ་བ་ནི་སྐྱེས་བུ་དེ་ཡང་ཞེས་བྱ་བར་སྦྱར་རོ། །དེའི་བྱེད་པ་བསྟན་པའི་ཕྱིར། རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་རྣམས་དང་འབྲེལ་པའི་རྫུ་འཕྲུལ་སྟོན་པ་ཁོ་ན་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པར་ན་ཇི་ལྟར་ལྟད་མོ་པ་རྣམས་ཀྱིས་ དེའི་ལུས་ལ་སོགས་པ་ལ་སྐྱེས་བུ་ཡང་དག་པའི་ངོ་བོ་ཤེས་པ་དེ་ལྟ་བུ་ནི་མེད་པས་དེ་བསྟན་པའི་ཕྱིར། དེ་ལ་ལུས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞིན་ཞེས་བྱ་བ་ནི་སྒྱུ་མའི་སྐྱེས་བུ་བཞིན་དུའོ། །ནམ་ཡང་མི་སེམས་ཞེས་བྱ་བ་ནི་གཞན་ཡང་མི་སེམས་པ་སྟེ་རྣམ་པར་རྟོག་པ་ ཞེས་བྱ་བ་ལྷག་མ་ཡིན་ནོ། །གང་ཞིག་ཅེ་ན། བྱང་ཆུབ་རྟོགས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་ན་གང་ཟག་ལ་སོགས་པ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྐྱེ་བ་སྣ་ཚོགས་ནི་སྐྱེ་བ་ལ་དབང་བ་ཉིད་ཀྱིས་མི་ལ་སོགས་པར་སྐྱེ་ བའོ། །བྱ་བ་མང་ལྡན་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་དངོས་པོ་དང་ལྡན་པའོ། །བྱེད་པར་རྣམ་པར་རྟོག་པ་ནི་དེ་དགག་པས་དེ་བཞིན་གཤེགས་པའི་སྤྲུལ་པ་བཞིན་དུ་བྱ་བ་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིར། དཔེར་ན་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྲུལ་པ་དེ་ བྱེད་པ་ཞེས་བྱ་བ་ནི་བྱེད་པ་ན་སྟེ་རྣམ་པར་རྟོག་པའི་ཤེས་པ་མེད་པར་ཞེས་བྱ་བར་སྦྱར་རོ། །བྱ་བའི་འབྲས་བུའི་རྣམ་པར་རྟོག་པ་ནི་དེ་བསལ་བས་ཤིང་གི་འཁྲུལ་འཁོར་བཞིན་དུ་རང་གི་བྱ་བའི་འབྲས་བུ་ཐམས་ཅད་མངོན་པར་བསྒྲུབ་པའི་ཕྱིར། ཤིང་མཁན་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། ཤིང་མཁན་ཞེས་བྱ་བ་ནི་འཁྲུལ་འཁོར་མཁན་ནོ། །བཟོ་བོ་ཞེས་བྱ་བ་ནི་རང་གི་བྱ་བ་ལ་མཁས་པའོ། །མཁས་པ་དེས་ཞེས་བྱ་བ་ནི་དེ་ལས་གཞན་པའི་སྒྱུ་རྩལ་ལ་མཁས་པ་སྟེ། གཞན་གྱིས་ནི་དེ་ལྟ་བུའི་འཁྲུལ་འཁོར་གྲུབ་པར་མི་འགྱུར་རོ། །སྐྱེས་པ་བུད་མེད་དང་འདྲ་ བར་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་ལྟ་བུ་ཞེས་བྱ་བའི་དོན་ཏོ། །རྣམ་པར་མི་རྟོག་པ་ནི་བྱ་བ་ནར་མའི་འབྲས་བུ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །གལ་ཏེ་འོ་ན་ནི་བྱ་བ་ལ་འཇུག་པ་མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་ལ་རག་ལས་པའི་ཕྱིར་རོ་ཞེ་ན། ཉེས་པ་མེད་དེ་འཁྲུལ་འཁོར་ བཞིན་དུ་ཡོད་པ་ཙམ་གྱིས་དེ་ལ་འཇུག་པའི་ཕྱིར་རོ། །དེ་ལ་ནི་རྒྱུ་བཟོ་བྱེད་པའི་རྣམ་པར་རྟོག་པ་ཡོད་པས་འདི་ནི་དེ་དང་མི་འདྲའོ་སྙམ་དུ་ཡང་དོགས་པར་མི་བྱ་སྟེ། འདི་ལ་ཡང་སྔོན་གྱི་སྨོན་ལམ་གྱི་འཕེན་པ་ཡོད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་ཡང་རང་ཡོད་པ་ཙམ་མ་གཏོགས་ པ་བྱེད་པ་གཞན་ནི་མེད་པ་ཁོ་ན་ཡིན་ལ་དེ་ནི་འདི་དང་ཡང་ཁྱད་པར་མེད་དོ། །ཤིན་ཏུ་གོམས་པ་དང་ལྡན་པ་རྣམས་ལ་རྒྱུ་རྣམ་པར་རྟོག་པའི་ཤེས་པ་མེད་པར་ཁ་ཏོན་ལ་སོགས་པའི་བྱ་བ་འཇུག་པ་དག་འབྱུང་བ་ཡང་མཐོང་སྟེ་མང་དུ་མི་དགོས་སོ། །དེ་ལྟར་རྣམ་པར་མི་རྟོག་པའི་སྤྱོད་པའི་ཕན་ ཡོན་ནི་རྣམ་པ་གསུམ་སྟེ། བཀུར་སྟི་ཕུན་སུམ་ཚོགས་པ་ནི་བརྒྱ་བྱིན་ལ་སོགས་པ་ཐམས་ཅད་ཀྱིས་ཕྱག་བྱས་པའི་ཕྱིར། དེ་ལྟར་སྤྱོད་མཁས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་དེའི་ཡོན་ཏན་བརྗོད་པའི་ ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །བར་ཆད་བྱེད་པ་མེད་པ་ཉིད་ནི་བདུད་ཐམས་ཅད་ཀྱིས་ཀྱང་བར་ཆད་བྱ་བར་མི་ནུས་པའི་ཕྱིར། གང་གཱའི་ཀླུང་མཉམ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འདི་སྐད་དུ་གལ་ཏེ་འཇིག་རྟེན་གྱི་ཁམས་ཐམས་ ཅད་ན་ཡོད་པའི་སེམས་ཅན་རྣམས་བདུད་དུ་གྱུར་ལ་བདུད་རེ་རེས་ཀྱང་བ་སྤུའི་བུ་ག་རེ་རེ་ནས་བྱུང་བའི་བདུད་ཀྱི་ལུས་ཀྱི་ཚད་དེ་སྙེད་ཅིག་སྤྲུལ་དུ་ཟིན་ཀྱང་འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པར་སྤྱོད་པ་ལ་བར་ཆད་བྱ་མི་ནུས་སོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་གསལ་བར་ བྱ་བའི་ཕྱིར། རྒྱུ་རྣམ་བཞིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་བཞི་ལས་སྟོང་པ་ཉིད་ལ་རྣམ་པར་གནས་པ་ནི་ཆོས་བདག་མེད་པ་རྟོགས་པར་བདུད་ཀྱི་སྤྲུལ་པའི་ཡུལ་གྱི་ཉེ་བར་སྤྱད་པ་དཔེ་མེད་པ་དག་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱིས་མི་ གཏོང་བ་ཉིད་ནི་སྙིང་རྗེས་སེམས་ཅན་ལ་ལྟ་བ་དང་བཅས་པ་འགྲོ་བ་མི་མཐུན་པ་མཐོང་བ་ལས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་ཕྱིར་རོ། །དམ་བཅས་པ་བསྟན་པ་ཉིད་ནི་ཇི་སྐད་དུ་སྨྲས་པ་དེ་བཞིན་བྱེད་པས་ལེ་ལོ་མེད་པ་བྱ་བ་ཐམས་ཅད་ལ་བར་ཆད་མེད་པར་རབ་ཏུ་སྦྱོར་བའི་ཕྱིར་རོ། །སངས་ རྒྱས་ཀྱིས་དགོངས་པ་ཉིད་ནི་ཚོགས་སོགས་པས་བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་སྦྱོར་བ་འབྲས་བུ་ཡོད་པར་འགྱུར་བའི་ཕྱིར་རོ། །བདེ་གཤེགས་བྱིན་རླབས་ཅན་ཞེས་བྱ་བ་ནི་གང་ལ་རྟེན་བདེ་བར་གཤེགས་པ་ཁོ་ནའི་བྱིན་གྱི་རླབས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐམས་ཅད་ དུ་ཡང་ཤེས་རབ་ཁོ་ན་གཙོ་བོ་ཡིན་པས་དེ་ལ་མོས་པ་སྔོན་དུ་འགྲོ་བའི་རབ་ཏུ་འཇུག་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར། དེ་བཞིན་གཤེགས་ཡུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་གཅིག་ཏུ་གཞོལ་བ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་ན་འོ་ན་ཇི་ལྟར་རྣམ་པར་མི་རྟོག་པ་ཡིན་རང་གི་ལམ་གྱི་འབྲས་བུ་ལ་རྣམ་པར་རྟོག་པ་མེད་པ་ ནི་དེ་ལ་འཇུག་པ་མི་འཐད་དོ་ཞེ་ན། དེའི་ལན་གདབ་པར་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོབས་ལ་སོགས་པའི་ཆོས་ཀྱི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །དུས་ཐམས་ཅད་དུ་འགྱུར་བ་མེད་པའི་ཕྱིར་དེ་བཞིན་ཉིད་དེ་སྟོང་པ་ཉིད་དེ་ནི་རྟག་ཏུ་དེ་ཁོ་ན་བཞིན་ པའི་ཕྱིར་རོ། །གནས་པར་མི་འགྱུར་ཞེས་བྱ་བ་ནི་དེ་ལ་ཡང་མངོན་པར་ཞེན་པའི་བདག་ཉིད་ཀྱིས་གནས་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལ་མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་པ་ཉིད་ཀྱིས་དེ་ལ་གནས་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གནས་པ་མེད་པ་སྟེ། མངོན་ པར་ཞེན་པ་མེད་པ་ཁོ་ན་གནས་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་ཉིད་ལ་གནས་པ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །བར་སྣང་ལ་སྤྲིན་དང་རིག་སྔགས་འཆང་བ་དང་འདྲ་བས། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་མེད་ཅེས་བྱ་བ་ནི་ཁྱིམ་མེད་པའོ། །གནས་འདོད་པ་ཞེས་ བྱ་བ་ནི་གནས་མངོན་པར་བསྒྲུབ་པར་འདོད་པས་ཏེ། འདི་སྐད་དུ་དཔེར་ན་རིག་སྔགས་འཆང་བར་སྣང་ལ་རྒྱུ་བ་གནས་མངོན་པར་བསྒྲུབ་པར་འདོད་ན་ནམ་མཁའ་ཁོ་ན་ལ་དུས་མ་ཡིན་པར་མེ་ཏོག་དང་འབྲས་བུ་དང་ལོ་མ་དང་ལྡན་པའི་ཤིང་གི་སྐྱེད་མོས་ཚལ་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་པ་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་མི་དམིགས་པའི་ཚུལ་གྱིས་གནས་པ་ཡང་རང་དང་གཞན་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་རྟེན་གྱི་མཆོག་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དེ་བཞིན་ཉིད་ལ་མི་གནས་པ་ཡིན་པས་དེ་ཇི་ལྟར་འཇིག་རྟེན་ལས་འདས་པའི་ལམ་ གྱིས་དེ་རྟོགས་ནས་དག་པ་འཇིག་རྟེན་པའི་གནས་སྐབས་ན་གཞན་དག་ལ་སྟོན་པར་བྱེད་ཅེ་ན། དེའི་ལན་གདབ་པར་དེ་ལྟར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པར་བྱེད་པ་ནི་ཁོང་དུ་ཆུད་པར་བྱེད་པའོ། །སངས་རྒྱས་ཆོས་རྣམས་ནི་སྟོབས་ལ་སོགས་པའོ། །དམིགས་མི་འགྱུར་ ཞེས་བྱ་བ་ནི་དམིགས་པར་མི་བྱེད་པ་སྟེ། འཇིག་རྟེན་ལས་འདས་པའི་གནས་སྐབས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་འདོད་ལྟ་བར་བྱེད་ཅེས་བྱ་བ་ནི་ཚིག་དང་དོན་འཛིན་པར་ནུས་པའི་ཉན་པ་པོ་སྟེ་མི་དམིགས་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཞི་འདོད་ཅེས་བྱ་བ་ནི་བདག་དང་གཞན་གྱི་ སྒྲིབ་པ་སྤང་བར་འདོད་པ་རྣམས་སོ། །དེ་ཉིད་ཀྱི་ཁྱད་པར་ནི་ཡོན་ཏན་དགའ་ཞེས་བྱ་བ་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པ་འདོད་པ་རྣམས་ཞེས་བྱ་བའི་དོན་ཏོ། །འདི་ནི་གནས་པ་ཡིན་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་གང་ཟག་ལ་སོགས་པ་མི་དམིགས་པ་ཁོ་ན་རྟོག་པ་ཐམས་ ཅད་ཀྱི་གཉེན་པོ་ཡིན་པ་ཉིད་ཀྱིས་མཐོང་བའི་ལམ་གྱི་བདག་ཉིད་དང་དེའི་རྗེས་ལ་ཐོབ་པ་ནི་གནས་པ་ཡིན་ཏེ། མཆོག་ཏུ་རབ་ཏུ་དགའ་བའི་རྒྱུ་ཡིན་པའི་ཕྱིར་རོ། །གཞན་ནི་ཀུན་ནས་ཉོན་མོངས་པ་ལ་བརྟེན་པའི་ཕྱིར་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཐོང་བའི་ལམ་འདི་ནི་ རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་ལ་དེའི་རྒྱུ་ཡང་རྣམ་པ་གསུམ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ཚུལ་ལ་གཞན་ཡང་དག་པར་སྦྱོར་བ་ནི་སྙིང་བརྩེ་བའི་ཤེས་རབ་ཀྱི་གནས་པ་ཉན་ཐོས་ལ་སོགས་པའི་གནས་པ་ཐམས་ཅད་པས་ཕུལ་དུ་བྱུང་བ་རང་དང་གཞན་གྱི་དོན་གྱི་རྟེན་ལ་གཞན་ཡང་དག་ པར་སྦྱོར་བ་རྫོགས་པའི་བྱང་ཆུབ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར། དེ་བཞིན་གཤེགས་ཀྱི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། དགྲ་བཅོམ་རྣམ་ཐར་ཞེས་བྱ་བ་ནི་དགྲ་བཅོམ་པ་རྣམས་ཀྱི་རྣམ་པར་ཐར་པ་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་མ་ ཆགས་པའི་མཚན་ཉིད་བརྒྱད་པོ་ཇི་སྙེད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་ཀྱི་མ་གཏོགས་པར། །ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་གནས་པ་དག་མ་གཏོགས་པར་ཏེ། དེ་དག་ནི་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་བྲལ་བ་ཉིད་ཀྱིས་ གོང་ན་མེད་པ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཡང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་ཐར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་སྒྲིབ་པ་མེད་པས་རབ་ཏུ་ཕྱེ་བ་དགྲ་བཅོམ་པ་སྟེ་ཡོན་ཏན་མ་ལུས་པའི་འོས་སུ་གྱུར་པ་དེ་མ་གཏོགས་པར་ཞེས་བྱ་བར་སྦྱར་རོ། །གནས་པ་ འདི་ནི་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྟོག་པའི་སྐྱོན་དང་བྲལ་བ་མཐོང་བའི་ལམ་གྱི་བདག་ཉིད་ཀྱི་སེམས་བསྐྱེད་པ་འདི་ནི་ཞེས་བྱ་བར་དགོངས་པ་ཡིན་ནོ། །ཞི་བ་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་འདོད་པ་ལ་སོགས་པ་ལ་ཆགས་པའི་ཉེས་པ་དང་བྲལ་བའི་ཕྱིར་རོ། །དེ་ དག་ནི་ཏིང་ངེ་འཛིན་ཡང་ཡིན་ཏེ། བསམ་གཏན་དང་གཟུགས་མེད་པ་དང་ཚད་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རབ་ཞི་བདེ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཚོར་བ་སིམ་པ་སྟེ། དེ་དང་མཚུངས་པར་ལྡན་པའི་གནས་པ་ཇི་སྙེད་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཀུན་གྱི་ཞེས་ བྱ་བ་ནི་ཉན་ཐོས་ལ་སོགས་པའི་གནས་པ་ཀུན་གྱི་ནང་ནའོ། །མཆོག་ནི་རང་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །གོང་ན་མེད་པ་ཡིན་ཞེས་བྱ་བ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ནི་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་ཡང་ཐུན་མོང་མ་ ཡིན་པའི་ཐབས་ཀྱིས་བར་མ་དོར་མྱ་ངན་ལས་འདའ་བར་མི་འགྲོ་བའི་ཕྱིར། འདབ་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་དཔེར་ན་བྱ་ནི་ནམ་མཁའ་ལ་གནས་ཀྱང་ལྟུང་བར་མི་འགྱུར་ལ་ཉ་ནི་ཆུའི་ནང་ན་གནས་ཀྱང་འཚུབས་ཏེ་མི་འཆི་སྟེ་དེ་གཉིས་ནི་ཡོང་གིས་དེ་ན་སྤྱོད་ པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་དང་སྙིང་བརྩེ་བས་ཆོས་ཐམས་ཅད་བདག་མེད་པར་གཟིགས་བཞིན་དུ་ཐུགས་སྐྱོ་བར་མི་འགྱུར་བས་བར་མ་དོར་རང་དང་གཞན་གྱི་དོན་དང་མཐུན་པའི་སེམས་བསྐྱེད་པའི་གེགས་བྱེད་པ་མྱ་ངན་ལས་ འདས་པ་ཡང་མངོན་དུ་མི་མཛད་དོ། །གང་གི་ཕྱིར་དེ་ལྟར་ཤེས་རབ་ཀྱི་གནས་པ་དོན་ཆེན་པོ་ཡིན་པ་དེའི་ཕྱིར། སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཀུན་གྱི་ཡོན་ཏན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སོགས་པའི་ཡོན་ཏན་ རྣམས་སོ། །དེ་དག་གི་མཆོག་ཏུ་ཞེས་བྱ་བ་ནི་མཆོག་ཉིད་དུའོ། །འགྲོ་བར་འདོད་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་མ་ལུས་པར་ཐོབ་པར་འདོད་པའོ། །མཆོག་རེག་ཅེས་བྱ་བ་ནི་མངོན་དུ་བྱ་བར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅི་ཞིག་ཅེ་ན་སངས་རྒྱས་ཡེ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་ ལ་སོགས་པ་ཕུན་སུམ་ཚོགས་པའི་མཚན་ཉིད་ཐུན་མོང་མ་ཡིན་པའི་ཕྱིར་མཆོག་ཏུ་རྨད་བྱུང་ཡིན་ནོ། །དེ་ལྟར་ཤེས་རབ་ཀྱི་གནས་པ་སྤངས་པ་དང་ཡེ་ཤེས་ཀྱི་མཚན་ཉིད་རང་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཉིད་དུ་བསྟན་ནས་གཞན་ལ་ཕན་པ་སྒྲུབ་པའི་རྟེན་ཉིད་ཡིན་པར་བསྟན་པའི་ཕྱིར། ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་སྦྱིན་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་རབ་ཏུ་སྟོན་པ་སྟེ་སྦྱིན་པར་འདོད་པ་གང་ཡིན་པ་ཞེས་བྱ་བར་སྦྱར་རོ། །རབ་ནི་ཐོས་པའི་གནས་སྐབས་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཁམས་རྟས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །མཆོག་ ནི་སེམས་པའི་ཚེ་ན་མདོའི་དོན་ཕྱིན་ཅི་མ་ལོག་པ་ལ་རྗེས་སུ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །དམ་པ་ནི་བསྒོམ་པའི་ཚེ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཕན་མཛད་རྣམས་ཀྱི་ཞེས་བྱ་བ་ནི་བདེ་བར་གཤེགས་པ་སྲས་དང་བཅས་པ་ རྣམས་དང་འབྲེལ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འགྲུབ་པའི་རྟེན་ནི་ཇི་སྐད་བཤད་པའི་ཤེས་རབ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །གནས་ཞེས་བྱ་བ་ནི་གནས་པའོ། །འདི་ལ་ཞེས་བྱ་བ་ནི་བཤད་མ་ཐག་པ་ལའོ། །བསྟེན་པར་གྱིས་ཞེས་བྱ་བ་ནི་དེས་ཞེས་ བྱ་བ་ཁོང་ནས་དྲང་ངོ་། །དེ་བསྟན་པའི་ཕྱིར་བསླབ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདིའོ། །བསླབ་པ་ཡོངས་སུ་བརྗོད་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསླབ་པ་དག་གོ། །བསླབ་པ་ཇི་ སྙེད་ཀུན་གྱི་ཞེས་བྱ་བ་ནི་བསླབ་པ་ཐམས་ཅད་ཀྱི་ནང་ནའོ། །འདི་ནི་སེར་སྣ་ལ་སོགས་པའི་བག་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་མཆོག་ཀྱང་ཡིན་ལ་ཡོན་ཏན་བླ་ན་མེད་པ་ཐམས་ཅད་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་གོང་ན་མེད་པ་ཡང་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། མཁས་པ་ གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བསླབ་པ་ཀུན་ཞེས་བྱ་བ་ནི་བསླབ་པ་ཐམས་ཅད་ཀྱིའོ། །ཕ་རོལ་འགྲོ་འདོད་པས་ཞེས་བྱ་བ་ནི་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་བདག་ཉིད་འཁོར་གསུམ་རྣམ་པར་དག་པའི་ཕ་རོལ་མངོན་དུ་བྱ་བར་འདོད་པས་ཞེས་བྱ་བའི་དོན་ཏོ། ། སངས་རྒྱས་བསླབ་པ་ཞེས་བྱ་བ་ནི་གང་གི་ཕྱིར་འདི་སངས་རྒྱས་རྣམས་ཀྱི་ཐུན་མོང་མ་ཡིན་པ་དེའི་ལམ་ཡིན་པ་དེའི་ཕྱིར་འདི་ཁོ་ན་ལ་བསླབ་པར་གྱིས་ཤིག་ཅེས་བསྒོ་བའི་དོན་ཡིན་ནོ། །རུང་བ་དག་ལ་ཤེས་རབ་ཡོངས་སུ་གཏོད་པ་ནི་ཐོས་པ་ལ་སོགས་པའི་རིམ་ གྱིས་ཆུད་མི་གསན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཆོག་གི་ཆོས་གཏོད་པ་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་ཏེ། དེ་བསྟན་པའི་ཕྱིར་འདི་ནི་ཆོས་གཏེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་འདིའོ། །གཏེར་མཆོག་ནི་ཉན་ཐོས་ལ་ སོགས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་རིན་པོ་ཆེའི་རྟེན་ཡིན་པའི་ཕྱིར་རོ། །ཆོས་ནི་སྟོབས་ལ་སོགས་པའོ། །མཛོད་ནི་གནས་སོ། །དེའི་ཕྱིར་སངས་རྒྱས་རིགས་ཏེ་རྒྱུ་ཡིན་ནོ། །བཅོམ་ལྡན་འདས་རྣམས་ནི་སྟོབས་ལ་སོགས་པའི་ཆོས་ ཀྱི་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ལ་དེ་དག་ཀྱང་ཤེས་རབ་རྣམ་པར་དག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །ཅེས་བྱ་བ་ནི་ཤེས་རབ་ཅེས་བྱ་བ་ཆོས་ཀྱི་དབྱིངས་འདི་ནི་འགྲོ་བའི་བདེ་བ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་རྣམ་པར་ སྨིན་པའི་བདག་ཉིད་ལུས་ཀྱི་ཚོར་བ་སིམ་པ་གང་ཡིན་པ་དང་སྐྱིད་པ་ལྷག་པའི་སེམས་ཀྱི་བསླབ་པ་ལས་རབ་ཏུ་བྱུང་བ་གང་ཡིན་པ་དེའི་མཛོད་དང་གནས་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་བསླབ་པ་ཐམས་ཅད་རྣམ་པར་དག་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་རོ་ ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ཀྱང་ཉུང་ཤས་ཤིག་གི་རིགས་མ་ཡིན་གྱི་ཐམས་ཅད་ཀྱི་ཡིན་པས་དེའི་ཕྱིར། འདས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་དབྱིངས་ཟད་མི་འགྱུར་ཞེས་བྱ་བ་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་དེའི་བདག་ཉིད་ཡོངས་སུ་བཟུང་ཡང་ཆོས་ཀྱི་ དབྱིངས་འཛིན་པ་ལ་སོགས་པའི་མཚན་ཉིད་ཀྱིས་དབེན་པའི་བདག་ཉིད་ནི་རྟག་ཏུ་ཐམས་ཅད་ན་ཡོད་པའི་ཕྱིར་ཟད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དེ་ལྟ་བས་ན་འདི་ལ་འབད་དེ་ཐོས་པ་ལ་སོགས་པས་ཡོངས་སུ་བསྲུང་བར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དོན་འདིའི་གཞུང་རྒྱས་པའི་ རྗེས་སུ་འབྲངས་ཏེ་འཕགས་པ་ཀུན་དགའ་བོ་ལ་ཡོངས་སུ་གཏད་པའི་སྐབས་ནས་ཁོང་དུ་ཆུད་པར་བྱའོ། །བསོད་ནམས་ཀྱི་ཚོགས་མང་བ་ཉིད་ཤེས་རབ་གོམས་པ་ལས་རབ་ཏུ་བྱུང་བ་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་གསུམ་པ་ནི་ཤིང་ལ་སོགས་པ་བསྐྱེད་པར་བྱ་བ་ལ་སོགས་པ་བཞིན་དུ་ཤེས་རབ་ ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་སྒྲུབ་པར་ནུས་པའི་ཕྱིར། ཤིང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་ཤིང་ལ་སོགས་པའོ། །ས་ལས་ཡང་དག་འབྱུང་ཞིང་འཐོན། །ཞེས་བྱ་བ་ལ་ས་ནི་ས་གཞིའོ། །དེ་ལས་ཡང་དག་འབྱུང་བ་ནི་དང་པོར་ ས་ལས་གྱུར་པ་ཉིད་དུ་བྱུང་བའི་ཕྱིར་རོ། །འཐོན་པ་ནི་རྒྱུན་གྱིས་སོ། །ཟད་པ་ནི་རྒྱུན་ཞིག་པའོ། །འཕེལ་བ་ནི་སྔོན་མེད་པའི་རྣམ་པར་བསྟན་པའོ། །ཡོངས་སུ་མི་ཉམས་ཞེས་བྱ་བ་ནི་རྒྱུན་མི་འདྲ་བ་ཉིད་དུ་མི་འགྱུར་བའོ། །གང་གི་ཕྱིར་རྣམ་པར་མི་རྟོག་པ་དེའི་ཕྱིར་སྐྱོ་བ་མེད་ཅེས་བྱ་བར་སྦྱར་ཏེ། སྐྱོ་བ་ནི་རྣམ་པར་མི་རྟོག་པའི་ཆོས་ཡིན་པའི་ཕྱིར་རོ། །སྲས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ལྷ་རྣམས་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་སྟེ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་རིགས་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ཀུན་གྱི་ཞེས་བྱ་བ་ནི་མི་ལ་སོགས་པའི་ཡང་ཞེས་བྱ་བའི་ཐ་ཚིག་ གོ། །དེ་ལྟར་ཤེས་རབ་ཕྱི་རོལ་གྱི་རྒྱུ་དང་ཆོས་མཐུན་པར་བསྟན་ནས། ནང་གི་རྒྱུ་དང་ཆོས་མཐུན་པར་བསྟན་པའི་ཕྱིར། སེམས་ཅན་ཐ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ཀྱི་ཐ་མ་འབྲིང་དང་མཆོག་གྱུར་པ་ཉིད་ནི་གོ་རིམས་བཞིན་དུ་ངན་སོང་དང་མི་དང་ལྷའི་འགྲོ་བ་ཐ་དད་ པའི་ཕྱིར་དང་དབང་པོ་ཐ་དད་པའི་ཕྱིར་རོ། །མ་རིག་པ་ནི་གང་ཟག་ལ་སོགས་པར་དམིགས་པ་ཡིན་ཏེ་རིག་པ་དང་འགལ་བའི་ཕྱིར་རོ། །སེམས་ཅན་འདི་དག་ཐམས་ཅད་ནི་དེ་ལས་བྱུང་བ་ཡིན་ཞེས་བྱ་བར་སྐབས་དང་སྦྱར་ཏེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པར་ནི་ཐམས་ཅད་དུ་འཇུག་པ་ དང་ལྡོག་པ་མེད་པའི་ཕྱིར་ལ་དེ་གཉིས་ཀྱང་ལོག་པར་དམིགས་པ་ལས་བྱུང་བའི་ཕྱིར་དང་བདག་ཉིད་ཀྱང་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེའི་ཕྱིར་རྐྱེན་རྣམས་ཚོགས་ཤིང་རྐྱེན་ལ་རག་ལས་ནས་འབྱུང་ངོ་ཞེས་བཤད་ཀྱི་རྟག་པ་ཡང་མ་ཡིན་ལ་རྒྱུ་མེད་ པ་ཅན་མ་ཡིན་ཏེ་རེས་འགའ་བ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོའི་མཚན་ཉིད་དོ། །དེ་ཡང་བྱེད་པ་པོ་མེད་ཀྱང་འཁྲུལ་འཁོར་བཞིན་དུ་བྱ་བ་དེ་དང་དེ་ལ་འཇུག་པ་མཐོང་བའི་ཕྱིར་ཏེ། དེ་ལ་མ་རིག་པ་ལས་མ་གཏོགས་པ་རྒྱུ་གཞན་ནི་མེད་ དོ་སྙམ་དུ་དགོངས་པ་ཡིན་ནོ། །འཁྲུལ་འཁོར་དེ་ནི་ཟད་མེད་ཅེས་པ་ནི་མ་རིག་པའི་བདག་ཉིད་དོ། །ཕུང་པོ་ལ་དམིགས་པས་མངོན་པར་ཞེན་པ་ནི་རིགས་མཐུན་པ་འབྱུང་བའི་རྒྱུར་གྱུར་པའི་ཕྱིར་འཁྲུལ་འཁོར་ལྟ་བུ་ཡིན་ལ་དེ་ཡང་རྟག་ཏུ་དེའི་བདག་ཉིད་ཁོ་ནར་འབྱུང་བའི་ཕྱིར་ཟད་པ་མེད་དོ། ། དངོས་ཀྱི་མཇུག་བསྡུ་བའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །ཚུལ་ནི་བསྒོམ་པའི་ལམ་མོ། །སྒོ་ནི་མཐོང་བའི་ལམ་མོ། །ཐབས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སོ། །རྩ་བ་ནི་དེ་དག་གི་ཚོགས་ཀྱི་བདག་ཉིད་ ཕ་རོལ་ཏུ་ཕྱིན་པའི་ཕུང་པོ་ཡིན་ཏེ། དེ་ཁོ་ན་ཉིད་ལ་མོས་པས་བསྡུས་པའི་སྦྱིན་པ་ལ་སོགས་པ་ནི་བསོད་ནམས་ཀྱི་རྒྱུན་བླ་ན་མེད་པའི་རྟེན་ཡིན་པའི་ཕྱིར་རོ། །དེ་ཀུན་ཞེས་བྱ་བ་ནི་དེ་དག་ཐམས་ཅད་དོ། །དེ་ནི་འདི་སྐད་དུ་དཔེར་ན་ས་ལས་ཤིང་ལ་སོགས་པ་ས་ལས་གྱུར་པ་ཉིད་དུ་སྐྱེ་བ་ཡང་ མ་རིག་པ་ལས་སེམས་ཅན་གྱི་རབ་ཏུ་དབྱེ་བ་ཕྱིན་ཅི་ལོག་ཏུ་དམིགས་པའི་བདག་ཉིད་དག་འབྱུང་བ་རྣམས་ལ་ས་དང་མ་རིག་པ་དག་གི་ངོ་བོ་ཟད་པ་མེད་དེ། འབྲས་བུ་དེ་དག་གི་བདག་ཉིད་ཉེ་བར་མ་བཟུང་བའི་ཕྱིར་རོ། །ཤིང་ལ་སོགས་པ་དང་སྲོག་ཆགས་རྣམས་རང་གི་རྒྱུ་ལ་ཡོད་པའི་ ས་ཉིད་དང་། ལོག་པར་དམིགས་པའི་བདག་ཉིད་ཉེ་བར་བཟུང་ནས་སྐྱེ་བ་དེ་ལ་དེ་སྐད་དུ་ཐ་སྙད་འདོགས་པ་ནི་མ་ཡིན་ཏེ། དེ་དག་གི་རང་གི་རྒྱུ་ཐ་དད་པའི་ངོ་བོ་ཉིད་ཡིན་ཡང་ས་ལས་གྱུར་པ་མ་ཡིན་པ་ཉིད་ལ་སོགས་པ་ལས་ལོག་པའི་བདག་ཉིད་ཀྱིས་དེ་སྐད་དུ་ཐ་སྙད་འདོགས་པའི་ཕྱིར་ རོ། །རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་ཡིན་ན་ནི། རང་གི་ངོ་བོ་དང་བྱེད་པ་ཐ་དད་པ་དང་བྲལ་བས་ཅུང་ཟད་ཀྱང་རྒྱུ་ཡང་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་པའི་ཕྱིར། འགྲོ་བ་མཐའ་དག་ལ་རྒྱུ་དང་འབྲས་བུ་ཐ་དད་པར་མཐོང་བའི་རྒྱུན་མེད་པར་ཐལ་བར་འགྱུར་རོ། །འབྲས་བུ་ས་ལས་གྱུར་ པ་མ་ཡིན་པ་ལ་སོགས་པའི་ངོ་བོར་བྱུང་ཡང་དེའི་རྒྱུ་འཕེལ་བ་ཡང་མེད་དེ། ས་ཉིད་དང་ལོག་པར་དམིགས་པའི་བདག་ཉིད་ནི་རིགས་མི་མཐུན་པ་ལས་ལོག་པ་ཙམ་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་ལས་ཇི་སྐད་བཤད་པའི་ཡེ་ཤེས་ཀྱི་རྒྱུན་སྐྱེ་བ་ལ་ཡང་ཟད་པ་མེད་ དེ། གང་གིས་ཀྱང་དེའི་ངོ་བོ་ཡོངས་སུ་མ་བཟུང་བའི་ཕྱིར་རོ། །འཕེལ་བ་ཡང་མེད་དེ། རྟག་ཏུ་འཛིན་པ་ལ་སོགས་པས་དབེན་པའི་མཚན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་རྣམ་པ་གསུམ་བཤད་ཟིན་ཏོ།། །།བྱང་ཆུབ་དེ་ནི་སྒྲིབ་པ་ཟད་པ་དང་ མི་སྐྱེ་བའི་མཚན་ཉིད་ཡིན་ལ་དེ་དག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཟད་པ་མེད་པ་དང་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཡིན་གྱི་སྒྲིབ་པ་སྤངས་ནས་ཡང་མི་སྐྱེ་བའི་སྤྱོད་ཡུལ་ཅན་དག་ནི་མ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་མེད་པའི་ཕྱིར་རོ། །མཐོང་བའི་ལམ་ལ་སྤྱོད་ པའི་ཤེས་རབ་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་མེད་པའི་ངོ་བོ་སྤྱོད་ཡུལ་ཅན་ཡིན་པ་ཉིད་ཀྱིས་མ་རིག་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་མེད་ཅེས་བྱ་བ་ནི་གང་ཞིག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྐྱེ་ བ་མེད་པ་ཉིད་དང་འདི་ཉིད་ལ་ཟད་པ་མེད་པ་ཉིད་དུ་ཤེས་རབ་འདི་ཤེས་པ་དེ་ནི་རང་བྱུང་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གཞན་ནི་མ་ཡིན་ཏེ། མ་རིག་པའི་ལིང་ཏོག་གིས་བསྒྲིབས་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །བཅོམ་ནས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ མི་མཐུན་པའི་ཕྱོགས་མ་རིག་པའི་ཐིབས་པོ་བསལ་ནས་ཏེ། དེ་བཞིན་ཉིད་ཀྱི་རང་གི་ངོ་བོ་སྤྱོད་ཡུལ་དུ་གྱུར་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཇི་ལྟར་ན་ཤེས་རབ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་གཞན་གྱི་མི་མཐུན་པའི་ཕྱོགས་སྤོངས་ཤེ་ན། ཤེས་རབ་དེ་ནི་དེ་བཞིན་ཉིད་ཀྱི་ཡུལ་ཅན་ཡིན་པས་ ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཏེ། འཁོར་གསུམ་མི་དམིགས་པ་མེད་པར་སྦྱིན་པ་ལ་སོགས་པས་སེར་སྣ་ལ་སོགས་པ་སྐྱེ་བའི་རྒྱུ་རྟོག་པ་བསལ་བར་ནི་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་ན་དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་མི་གདགས་སོ། །ཤེས་རབ་དམ་པས་རབ་ཏུ་ཕྱེ་བའི་སྦྱིན་པ་ ལ་སོགས་པ་ནི་སྐད་ཅིག་མ་གཅིག་ལ་ཡང་ཕ་རོལ་ཏུ་ཕྱིན་པ་རིལ་གྱིས་ཐ་སྙད་རྟེན་ཏེ། དེ་དག་གི་མཚན་ཉིད་ཡིན་པའི་ཕྱིར་དང་། ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་བཟློག་པའི་ཕྱིར་རོ། །འདི་ལྟར་སྦྱིན་པའི་སེམས་ཀྱི་སྐད་ཅིག་ཁོ་ན་ལ་སེམས་ཅན་རྣམས་ལ་བྱམས་ པའི་ཕྱིར་ཚུལ་ཁྲིམས་ཡིན་ནོ། །ལེན་པ་པོ་གཤེ་བ་ལ་སོགས་པའི་བཟོད་པའི་མཚན་ཉིད་ཀྱིས་བཟོད་པ་ཡིན་ནོ། །འགྲོ་བ་བསྐྱབ་པ་ལ་སྤྲོ་བའི་ཕྱིར་བརྩོན་འགྲུས་ཡིན་ནོ། །བྱང་ཆུབ་གཞན་ཡིད་ལ་བྱེད་པའི་གཡེང་བ་མེད་པའི་ཕྱིར། བསམ་གཏན་ཡིན་ནོ། །སྒྱུ་མ་ལྟ་བུ་ལ་སོགས་ པར་སོ་སོར་རྟོག་པའི་ཕྱིར་ཤེས་རབ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པའི་སེམས་ཀྱི་སྐད་ཅིག་ལ་ཡང་སྦྱར་བར་བྱ་སྟེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པར་བྱེད་པ་ལ་ནི་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཉེ་བར་གནས་པར་འགྱུར་ཞེས་བྱ་ བ་ནས། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གང་གསུངས་པ་ཡིན་ནོ། །འདིས་ནི་མཐོང་བའི་ལམ་སྐད་ཅིག་མ་གཅིག་ཡིན་པར་བསྟན་པར་རིག་པར་བྱ་སྟེ། སེམས་ཀྱི་སྐད་ཅིག་ཁོ་ན་ལ་ཕ་རོལ་ཏུ་ ཕྱིན་པའི་ཡོན་ཏན་ཐམས་ཅད་མངོན་དུ་བྱེད་པའི་ཕྱིར་རོ། །གལ་ཏེ་འོ་ན་ནི་རབ་ཏུ་དགའ་བའི་གནས་སྐབས་ཁོ་ནར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྣམ་པར་དག་པའི་ཕྱིར་ས་གཞན་དེ་དག་དོན་མེད་པར་འགྱུར་རོ་ཞེ་ན། བདེན་ཏེ་ས་ཐམས་ཅད་ནི་མཚན་ཉིད་གཅིག་པའི་ཕྱིར་འཇིག་རྟེན་ལས་ འདས་པའི་གནས་སྐབས་ལ་ལྟོས་ན་ཁྱད་པར་ཅི་ཡང་མེད་དོ། །དག་པ་འཇིག་རྟེན་པའི་གནས་སྐབས་པའི་ཡོན་ཏན་ནི་ཁ་ཅིག་མཐོང་བའི་སྐད་ཅིག་མས་བསྒྲུབ་པར་བྱ་བ་ཡིན་ལ་ཁ་ཅིག་ནི་བསྒོམ་པས་བསྒྲུབ་པར་བྱ་བ་ཡིན་ནོ། །སའི་ཁྱད་པར་རྣམ་པར་གཞག་པ་ཡང་དེ་ལ་ལྟོས་ པའི་ཕྱིར་ཉེས་པ་མེད་དོ། །དེ་ལྟ་བུའི་མཚན་ཉིད་ཀྱི་མཐོང་བའི་ལམ་ལས་ཇི་ལྟར་མཐོང་བ་གོམས་པའི་ངོ་བོ་ཉིད་བསྒོམ་པའི་ལམ་འབྱུང་ངོ་། །དེ་ཡང་མཉམ་པར་གཞག་པའི་གནས་སྐབས་ལ་ཡང་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། བསམ་གཏན་ལ་ སོགས་པ་ལ་གནས་ཀྱང་དེ་ཁོ་ན་ཉིད་མཐོང་བའི་སྟོབས་ཀྱིས་དེ་ལ་མི་གནས་པའི་ཕྱིར། མཐུ་ཆེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུ་ཆེན་ཞེས་བྱ་བ་ནི་ལུགས་དང་མཐུན་པ་ལ་སོགས་པའི་རིམ་གྱིས་བསམ་གཏན་དང་པོ་ལ་སོགས་པས་གནས་པར་ནུས་པའོ། །དེ་ལ་བསམ་ གཏན་དང་པོ་ནི་དགེ་བ་རྩེ་གཅིག་པ་འདོད་ཁམས་ཀྱི་གཉེན་པོ་ཡིན་ནོ། །གཉིས་པ་ནི་སྤྱོད་པའི་གཉེན་པོ་ཡིན་ནོ། །གསུམ་པ་ནི་ཡིད་བདེ་བའི་གཉེན་པོ་ཡིན་ནོ། །བཞི་པ་ནི་བདེ་བའི་གཉེན་པོ་ཡིན་ནོ། །བསམ་གཏན་བཞི་པོ་འདི་དག་དང་། གཟུགས་མེད་པ་ནམ་མཁའ་མཐའ་ ཡས་ལ་སོགས་པ་དང་འགོག་པའི་སྙོམས་པར་འཇུག་པ་དག་གིས་ཏེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་པ་དག་ལས་དབེན་པ་སྡིག་ཏོ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་ པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་འདུ་བྱེད་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བའི་བར་གང་རྒྱས་པར་གསུངས་པ་ཡིན་ནོ།། །།བམ་པོ་དྲུག་པ། རྟེན་པ་ཞེས་བྱ་བ་ནི་གཟུང་བར་རྣམ་པར་རྟོག་པའོ། །གནས་པ་ནི་འཛིན་པར་རྣམ་པར་རྟོག་པ་སྟེ་དེར་མི་བྱེད་པ་ནི་བསྒོམ་པའི་ལམ་རྟོག་པའི་རྣམ་ པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་རྣམ་པར་མི་རྟོག་པ་ཉིད་ཀྱིས་སྐྱེ་བའི་བསམ་གཏན་ལ་འདོད་ཆགས་དང་བྲལ་ན་འོ་ན་དེ་ལ་གནས་ཅི་དགོས་ཤེ་ན། དེ་བསྟན་པའི་ཕྱིར། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོན་ཀྱང་ཞེས་བྱ་བ་ནི་དེ་ལྟ་མོད་ཀྱིའོ། །བསམ་ གཏན་འདུ་ཤེས་ཞེས་བྱ་བ་ནི་བསམ་གཏན་རྣམས་འདུ་ཤེས་ཙམ་གྱི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ལས་ནི་བསམ་གཏན་ཡན་ལག་བཅས་པ་ཞེས་འབྱུང་སྟེ། དེར་ནི་རབ་ཏུ་དང་བ་ལ་སོགས་པའི་ཡན་ལག་དང་བཅས་པར་འདུག་པས་ན་བསམ་གཏན་ཡན་ལག་དང་བཅས་པ་རྣམས་སོ་ཞེས་ བྱ་བར་བལྟའོ། །དེས་ནི་འདི་སྐད་དུ་རྣམ་པར་མི་རྟོག་བཞིན་དུ་དེ་ལྟར་བསམ་གཏན་ལ་སོགས་པས་གནས་པ་གང་ཡིན་པ་དེ་ནི་དེ་ལྟ་བུའི་སེམས་བསྐྱེད་པ་བརྒྱུད་པས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བཤད་པར་འགྱུར་ཏེ། བསྒོམ་པའི་ལམ་ བཤད་ཟིན་ཏོ།། །།དེ་མཆོག་ཏུ་གྱུར་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཐའ་སྟེ། བྱང་ཆུབ་སེམས་དཔའི་སྒོམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ན་ཡིན་པའི་ཕྱིར་དེ་བསྟན་པ། ཤེས་རབ་མཆོག་ཐོབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་རབ་མཆོག་ཐོབ་ཅེས་བྱ་བ་ནི་ས་ཆེན་པོའི་ གནས་སྐབས་ན་ཐོབ་པའི་ཤེས་རབ་མཚན་མ་མེད་པ་ལྷུན་གྱིས་གྲུབ་པའོ། །བསམ་གཏན་དག་ལ་གནས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་མཚན་ཉིད་ཀྱི་བསམ་གཏན་བཞི་ལ་གནས་པའོ། །གཟུགས་མེད་ཏིང་འཛིན་དམ་པ་བཞི་ཡང་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་ པའི་མཚན་ཉིད་ཀྱི་གཟུགས་མེད་པའི་ཏིང་ངེ་འཛིན་བཞི་ཡང་ཉམས་སུ་མྱོང་ངོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བསམ་གཏན་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བསམ་གཏན་བཞི་པོ་འདི་དག་ནི་བྱང་ཆུབ་དམ་པ་མཆོག་སྟེ་གོ་རིམས་བཞིན་དུ་ཡེ་ཤེས་དང་སྤངས་པ་ཕུན་ སུམ་ཚོགས་པ་དམ་པ་དང་མཆོག་གི་ཁྱད་པར་དུ་འཕགས་པའི་རྫོགས་པའི་བྱང་ཆུབ་ལ་ཕན་པ་ཡིན་ཏེ། ལུགས་དང་མཐུན་པ་དང་ལུགས་ལས་བཟློག་པའི་རིམ་གྱིས་བསམ་གཏན་དང་པོ་ལ་སོགས་པའི་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བ་བསམ་གཏན་བཞི་པས་བསྡུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་ འཛིན་རྫོགས་པའི་བྱང་ཆུབ་ཀྱི་དེ་མ་ཐག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཟག་པ་ཟད་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་ཡིན་ཏེ། སྙིང་བརྩེ་བ་ཆེན་པོའི་གཞན་གྱི་དབང་གིས་སྔོན་ཚོགས་མཐའ་དག་ཡོངས་སུ་རྫོགས་པས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་ཕྱིར་དེའི་ཆེད་དུ་མི་སློབ་ པོ་སྙམ་དུ་དགོངས་པ་ཡིན་ནོ། །འདིར་ལོག་པར་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཀུན་ཏུ་སྤྱོད་པ་ཡིན་ཏེ། དེ་ཡོད་ན་རྫོགས་པའི་བྱང་ཆུབ་ཀྱི་དེ་མ་ཐག་པའི་ངོ་བོ་མི་འཐད་པའི་ཕྱིར་རོ། །དེ་བསལ་བའི་དོན་དུ་ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ལ་སོགས་པ་ཕུན་སུམ་ཚོགས་པའི་བདག་ཉིད་རང་རང་གི་མི་མཐུན་པའི་ཕྱོགས་དང་བྲལ་བར་སྟོན་པར་མཛད་དེ། ཤེས་རབ་འཆལ་པ་ནི་ཡུལ་གྱི་གཞན་གྱི་དབང་དུ་གྱུར་པས་ལེ་ལོས་དགེ་བ་བརྩམས་པ་ཐམས་ཅད་ལ་མི་བཟོད་ཅིང་མི་དགེ་བའི་བསམ་པ་ལས་མ་ལོག་པས་དམ་པའི་ ཆོས་དང་ཟང་ཟིང་ལ་སོགས་པས་གཞན་ལ་ཕན་འདོགས་པར་མི་འཇུག་པའི་ཕྱིར་རོ། །དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ནི་རྣམ་པ་ལྔ་སྟེ། མཚན་མའི་གཡེང་བ་དེའི་གཉེན་པོར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོན་ཏན་ལ་སོགས་པ་ནི་ བྱང་ཆུབ་སེམས་དཔའ་རྣམས་ཏེ། རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་ནས་རྣམ་པ་ཐམས་ཅད་དུ་བསམ་གཏན་གྱི་ཡོན་ཏན་ཡང་དག་པར་སྒྲུབ་པའི་ཕྱིར་རོ། །ངོ་མཚར་ནི་རྒྱུ་ཕུན་སུམ་ཚོགས་པའི་ཕྱིར་རོ། །རྨད་བྱུང་ནི་འབྲས་བུ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །མཚན་མ་ནི་ བདག་ནི་མཉམ་པར་བཞག་པའོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་འབྱུང་སྟེ། དེ་མེད་པ་ནི་ཤེས་རབ་ཀྱིས་དེའི་བསམ་གཏན་གྱི་འཁོར་གསུམ་རྣམ་པར་དག་པའི་ཕྱིར་རོ། །རྣམ་པར་སྨིན་པའི་གཞན་གྱི་དབང་དུ་གྱུར་པའི་གཡེང་བ་དེ་སྤང་བར་བསམ་གཏན་ཐོབ་ཀྱང་འཇིག་ རྟེན་ལ་སྙིང་བརྩེ་བས་འདོད་པའི་ཁམས་སུ་འཇུག་པའི་ཕྱིར། དེ་ལ་གནས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་གནས་རྣམས་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པ་ལ་གནས་པ་རྣམས་ཏེ། གཞན་དག་ནི་གཉུག་མར་ཟད་པའི་ཕྱིར་འདོད་པའི་ཁམས་སུ་སྐྱེ་བ་ལ་ངོ་མཚར་ ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ལུས་ནི་ཞིག་གྱུར་ན་ཞེས་བྱ་བ་ནི་གལ་ཏེ་ལུས་གང་གིས་བསམ་གཏན་རྣམས་ཐོབ་པ་དེ་ཇི་ཞིག་ལྟར་ཞིག་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །བསམ་པ་ཇི་བཞིན་ཞེས་བྱ་བ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་ཡང་གཞན་གྱི་དོན་དུ་ སྨོན་ལམ་བཏབ་པའི་ཕྱིར་སྐྱེ་བ་མི་འགལ་སྙམ་དུ་དགོངས་པ་ཡིན་ནོ། །ཡོངས་སུ་ཉམས་པའི་གཡེང་བ་དེ་བསལ་བར་ལྷོ་དང་བྱང་གི་སྒྲ་མི་སྙན་དུ་སྐྱེ་བར་སྔོན་དུ་འགྲོ་བའི་ཕྱིར་འཛམ་བུའི་གླིང་དུ་སྐྱེས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་འདོད་པའི་ཁམས་སུ་སྐྱེས་ཀྱང་དེ་ཡུལ་རྣམས་ལ་མངོན་ པར་ཆགས་པ་མེད་པས་བསམ་གཏན་ཐོབ་པ་ལས་ཡོངས་སུ་མི་ཉམས་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་འཐོབ་ཅེས་བྱ་བ་ནི་ལྷར་སྐྱེ་བ་མེད་པར་བྱང་གི་སྒྲ་མི་སྙན་དག་ཏུ་སྐྱེ་བར་མི་འགྱུར་གྱི་འོན་ཀྱང་སྔར་ལྷར་གྱུར་ནས་སྙམ་དུ་དགོངས་པ་ ཡིན་ནོ། །དེ་ན་ཡོངས་སུ་གཟུང་བའི་ཡུལ་ཞེས་བྱ་བ་ནི་ལྷོ་དང་བྱང་གི་སྒྲ་མི་སྙན་དང་འབྲེལ་བའི་ཡུལ་ཤིན་ཏུ་དགའ་དགའ་ལྟར་འདུག་པ་ཞེས་བྱ་བར་སྦྱར་རོ། །མཐོང་ནས་ཞེས་བྱ་བ་ནི་ཉམས་སུ་མྱོང་ནས་སོ། །ཕྱིར་འདིར་འོང་བར་གྱུར་ན་ཞེས་བྱ་བ་ནི་ཡང་འཛམ་བུའི་གླིང་འདི་ཁོ་ནར་ འོང་བར་གྱུར་ནའོ། །ཆགས་པ་ནི་མངོན་པར་ཞེན་པའོ། །དེ་མི་བྱེད་ཅེས་བྱ་བར་སྦྱར་ཏེ། འཛམ་བུའི་གླིང་གི་ཡུལ་རྣམས་ནི་ལྷོ་དང་བྱང་གི་སྒྲ་མི་སྙན་གྱི་ཡུལ་གྱི་ཕུན་སུམ་ཚོགས་པ་ལ་ལྟོས་ནས་ངན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་བཞིན་ཞེས་བྱ་བ་ནི་དེ་དང་འདྲ་བར་རོ། ། རྣལ་འབྱོར་བརྩོན་ཞེས་བྱ་བ་ནི་སེམས་རྣམ་པར་མ་གཡེངས་པའོ། །ཆགས་པ་མེད་ཅེས་བྱ་བ་ནི་འགྲོ་བའི་སྲེད་པས་མ་གོས་པའོ། །དེ་བསྟན་པའི་ཕྱིར། ཆུའི་པདྨ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་པདྨ་ཆུའི་ནང་ནས་སྐྱེས་ཀྱང་དེས་མི་ཆགས་པ་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་འདོད་པར་སྐྱེས་ཀྱང་དེ་སྲིད་པས་མི་གོས་སོ་སྙམ་དུ་དགོངས་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་དེར་སྐྱེ་ཞེ་ན། བདག་ཉིད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཕྱིར་ཡང་འདོད་པའི་ཁམས་སུ་གནས་པར་བྱེད་དོ་ཞེས་ བྱ་བར་སྐབས་དང་སྦྱར་རོ། །སེམས་ཅན་ཡོངས་སུ་སྨིན་བྱ་ཁོ་ནར་ཟད་ཅེས་བྱ་བ་ནི་གདུལ་བའི་སེམས་ཅན་སྐལ་བ་མཉམ་པར་སྐྱེས་པ་འདོད་པ་ན་སྤྱོད་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཆེ