Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 87

Văn bản gốc(Tây Tạng)

Trang 6 / 17 (50.000 ký tự/trang)
རྟོག་པ་བརྒྱ་རྩ་བརྒྱད་སྤོང་བ་ལ་
སོགས་པའི་ཡོན་ཏན་ཆེན་པོ་ཉིད་མེད་དོ་ཞེས་སྟོན་པའོ། །འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་ཞེས་བྱ་བའི་རགས་པ་དང་ཐ་བ་ངན་པ་དང་རྩིག་པ་སྟུག་པོ་ལ་སོགས་པའི་རྣམ་པར་སྒྱུ་མ་ཙམ་དུ་ལྟ་བ་འམ་ཡང་ན་སེམས་ཅན་དམྱལ་བ་ལ་སོགས་པ་ཇི་ལྟར་གནས་པ་རྣམས་སྒྱུ་མ་ཙམ་དུ་
དྲན་པའོ། །བྱུང་བ་ལ་ནི་འདས་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་སུ་དམིགས་པ་དང་རྣམ་པ་བསྟན་པའི་ལུགས་སོ། །ཡང་དག་པར་སྐྱེ་བའི་རྒྱུ་ནི། །བྱང་ཆུབ་ལ་གཞན་སྟོན་པ་དང་། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང་། །དེ་འཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་
ཉིད་དོ། །ཞེས་བསྟན་པ་རྣམས་སོ། །མ་འོངས་པ་ནི་ཉེ་བར་གྱུར་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། དེ་མེད་པ་ནི་དེ་སྐྱེད་པར་ནུས་པའི་བསྒོམ་པའི་ལམ་མེད་པའོ། །ཉན་ཐོས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར་དེའི་ཐེག་པ་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ལ་ཉན་ཐོས་ཀྱི་རིགས་ཅན་ཞེས་བྱ་བ་ནི་རྐྱེན་འགའ་

ཞིག་གིས་དེ་ལ་དགའ་བས་དེའི་ལམ་དུ་ཞུགས་པ་ཡིན་གྱི། རྣལ་འབྱོར་སྤྱོད་པ་པ་རྣམས་སྨྲ་བ་ལྟར་དང་པོ་ནས་དེ་དག་གི་རིགས་ཅན་ཡིན་ཞེས་ནི་མི་བརྗོད་ཀྱི། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། ཇི་སྐད་དུ་འཕགས་པ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མཆོག་དང་པོ་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་ལ། འཕགས་པ་ཟླ་བ་སྒྲོན་མེའི་མདོ་ལས་ཀྱང་། འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །འགྲོ་བ་
འདི་རྣམས་མ་ལུས་སངས་རྒྱས་འགྱུར། །ཞེས་གསུངས་སོ། །འོན་ཀྱང་འགའ་ཞིག་ལམ་དེར་ཞུགས་ན། དམན་པ་ལ་གོམས་པ་ནི་སྒྲུབ་པར་སླ་བའི་ཕྱིར་ཕྱིས་དུས་རིང་དུ་ཡང་དེ་ལ་འདུན་པ་འབྱུང་སྟེ། དོན་འདི་ལས་དགོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
བྱམས་པའི་ཞལ་སྔ་ནས། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང་། །འདོད་ཆགས་བྲལ་མིན་འདི་དམན་པའོ། །འདི་གཉིས་འཕགས་པའི་ལམ་ཐོབ་པ། །སྲེད་པ་དག་ཏུ་འབྱུང་བའི་ཕྱིར། །བསམ་གྱིས་མི་
ཁྱབ་སྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ནི། །སྐྱེ་བ་རབ་ཏུ་སྒྱུར་བར་བྱེད། །ཅིག་ཤོས་ཕྱིར་མི་འོང་བ་དང་། །ལྡན་ཕྱིར་སྤྲུལ་པ་རབ་ཏུ་བསྒྲུབ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་
ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། འདིར་རྟོགས་པ་བུལ་བ་ཞེས་བྱ་བ་ཁུངས་ཉིད་དུ་འདོད་པར་
བྱའི་མ་ལུས་པ་ནི་མ་ཡིན་ཏེ། དེ་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་ངོར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་མངོན་པ་ལས། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་

ཀུན། །ཞེས་པ་ཡང་མི་འདོད་དོ། །འདིར་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོར་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་སོའི་དོན་ཏེ་དེ་ཉིད་མིན། །ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་
བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་དྲེགས་པས་མྱོས་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཉེར་འཕེལ་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པའི་རྗེས་སུ་འབྲང་
ཞིང་བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ལས་ཀྱང་། བྱེ་བྲག་མེད་པ་ཁོ་ནར་ཉན་ཐོས་རྣམས་བསམ་གྱིས་མི་ཁྱབ་པའི་སྐྱེ་བ་བསྒྱུར་བར་བསྟན་ཏོ། །ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་པའི་མངོན་
པར་རྫོགས་པའི་བྱང་ཆུབ་པ་སྟེ། འདི་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དབང་དུ་བྱས་ཏེ་མངོན་པར་ཤེས་པ་ལ་སོགས་པ་ལྔས་བསྟན་ནོ། །རིགས་ཀྱི་དབང་དུ་བྱས་ཏེ་ཤེས་རབ་དང་ཐབས་དང་། སློབ་མ་རྣམས་དང་ཐུན་མོང་མ་ཡིན་པའི་ཆོས་དང་། གཞན་གྱི་དོན་གྱི་གོ་རིམས་དག་
གིས་བསྟན་ཏོ། །ཐེག་པ་གཞན་གྱིས་ངེས་པར་འབྱུང་བ་བས་མཆོག་ཏུ་གྱུར་པའི་དབང་དུ་བྱས་ཏེ་ངེས་པར་འབྱུང་བའི་སྒྲུབ་པ་བརྒྱད་ཀྱིས་བསྟན་ཏོ། །བསྒོམ་པའི་ལམ་གྱི་དབང་དུ་བྱས་ཏེ་ནི་རྣམ་པར་དག་པས་བསྟན་ཏོ། །རྣམ་པའི་དབང་དུ་བྱས་ཏེ་ནི་སྤོང་བའི་ལམ་དུ་བཏགས་པ་བདེན་པ་
བཞིས་བསྡུས་པ་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་བཞིར་བསྟན་ཏོ། །བསོད་ནམས་ཀྱི་ཚོགས་ཆེན་པོའི་དབང་དུ་བྱས་ཏེ་ནི་འདིར་བསྟན་ཏེ། །དམིགས་པ་དང་བདག་པོ་དང་། རྣམ་པའི་དབང་དུ་བྱས་པ་དང་། ལོག་པར་རྟོག་པ་རྣམས་ཀྱང་འདིར་བསྟན་ཏོ། །ས་མཚམས་དང་མཚན་
ཉིད་ཀྱི་དབང་དུ་བྱས་ཏེ་ནི་སྐབས་བདུན་པར་སྟོན་པར་འགྱུར་རོ། །ཐུབ་པ་ཆེན་པོའི་ཕྲིན་ལས་ཀྱི་དབང་དུ་བྱས་ཏེ་ནི་ཆོས་ཀྱི་སྐུའི་ཕྲིན་ལས་ལས། བྱང་ཆུབ་ཀྱི་ཡན་ལག་དང་། ལས་ཆུད་མི་ཟ་བ་ལ་སོགས་པའི་རྣམ་པ་བརྒྱད་ཀྱིས་སྟོན་པར་འགྱུར་ཏེ། འདི་དག་དང་གཞན་ཡང་ཡོན་ཏན་ལ་

སོགས་པ་མཐའ་དག་གིས་འདིར་གཏན་ལ་དབབ་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལན་མང་ཞིག་སྨོས་པ་འདིའི་ཚད་ནི། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་
ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་ཇི་སྐད་བསྟན་པའོ། །ཡང་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་ཤེས་པར་འདོད་པ་དག་གིས་ནི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ལ་ནི་
སྟོང་གསུམ་མོ། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམ་གྱི་མཚམས་སྦྱོར་བའོ། །དེ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམ་གྱི་རྒྱུད་གཅིག་གོ། །དེ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམ་གྱི་རྒྱུད་བར་མ་གཅིག་གོ། །དེ་བྱེ་བ་ཕྲག་བརྒྱ་ལ་ནི་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་གཅིག་སྟེ།
འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་རྣམ་པར་སྨིན་པའི་སངས་རྒྱས་ཀྱི་ཞིང་ངོ་ཞེས་ཤེས་པར་བྱ་ཞིང་། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲ་རབ་གཅིག་ལ་གནས་ཏེ། །འདི་ལྟ་བུའི་བཅོམ་ལྡན་འདས་རྣམ་པར་
སྣང་མཛད་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་ཤེས་པར་བྱའོ། །དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་ཉིད་དེ་ལ་དམིགས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་སྐྱེ་བ་ཞེས་བྱ་བའི་དོན་ཏེ། གལ་ཏེ་ཆོས་
ཐམས་ཅད་ངོ་བོ་ཉིད་མེད་པ་དེ་རི་བོང་གི་རྭ་ལ་སོགས་པ་ལྟར་མིང་ཙམ་ཞིག་ཡིན་པའི་ཕྱིར་ཤིན་ཏུ་མེད་པར་གྱུར་ན་ནི་དེའི་ཕྱིར་དེ་དམིགས་པའི་རྐྱེན་དུ་ཡང་ཇི་ལྟར་ཞིག་འགྱུར། ཤིན་ཏུ་མེད་པ་གང་ཡིན་པ་ནི་ནུས་པ་མ་ལུས་པ་དང་བྲལ་བའི་ཕྱིར་དམིགས་པར་ག་ལ་ཞིག་གཞག །གལ་ཏེ་འོ་ན་རང་བཞིན་
གྱིས་འོད་གསལ་བར་གྱུར་པ་ཞིག་འདིའི་དམིགས་པར་རྣམ་པར་གཞག་ན་འོ་ན་དེ་ཉིད་དངོས་པོར་འགྱུར་བ་མ་ཡིན་ནམ། དེའི་ཚེ་ཇི་ལྟར་ན་ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་ཡིན་ཞེ་ན། བྱིས་པ་རྣམས་ལ་ཐ་སྙད་ཙམ་ཞིག་ཏུ་རང་བཞིན་གྱིས་འོད་གསལ་བ་ཞེས་བརྗོད་ཀྱི། རང་གི་རང་བཞིན་བརྗོད་

པར་ནི་དེ་སུས་ཀྱང་ནམ་ཡང་མི་ནུས་ཤིང་ཡོད་པ་དང་མེད་པ་ལ་སོགས་པའི་དངོས་པོ་གང་དུ་ཡང་མ་གྲུབ་པས་ན་འཕགས་པ་སོ་སོ་རང་གི་རིག་པའི་སྤྱོད་ཡུལ་ཞེས་བསྒྲགས་པའོ། །བདག་པོའི་རྐྱེན་ནི་དྲན་པ་ཡིན་ནོ་ཞེས་བྱ་བ་ལ། ས་དང་པོ་རབ་ཏུ་དགའ་བ་ལ་བྱང་ཆུབ་ཀྱི་སེམས་དང་པོ་བདེན་པ་
རྣམ་པ་གཉིས་དབྱེར་མེད་པའི་རང་བཞིན་གྱི་ཡེ་ཤེས་དེ་ཡང་ནས་ཡང་དུ་འདྲིས་པར་བྱས་པའི་དངོས་པོ་དེ་མ་བརྗེད་པ་ནི་འདི་སྐྱེད་པར་བྱེད་པས་བདག་པོའི་རྐྱེན་ཏེ། བདག་པོའི་སྒྲ་ནི་གཙོ་བོའི་དོན་སྟོན་པའོ། །རྣམ་པ་ནི་རང་བཞིན་གྱིས་ཞི་བ་ཉིན་ཡིན་ནོ་ཞེས་བྱ་བ་ལ། རྣམ་པ་ནི་ཁ་ཅིག་ཏུ་རང་བཞིན་
གཅིག་ཐ་དད་པར་སྣང་བ་ལ་བྱ་བར་མཐོང་སྟེ། མེའི་རྣམ་པ་གང་ཞེ་ན། ཟླུམ་པོ་དང་གྲུ་བཞི་དང་འཕྲོ་བ་དང་། འཁྱིལ་བ་ལ་སོགས་པའོ་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ཏུ་ནི་རང་གི་རང་བཞིན་ལ་རྣམ་པ་ཞེས་ཟེར་ཏེ། རྣམ་པ་དམན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ལས་འདིར་ནི་
རང་གི་རང་བཞིན་ལ་རྣམ་པ་ཞེས་འདོད་དེ། འདིའི་རང་བཞིན་ནི་རང་གི་ངོ་བོའི་རྣམ་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ལ་སོགས་པ་ཞི་བ་ཉིད་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་ཞི་ན་སྣང་བ་མེད་པའི་ཡེ་ཤེས་ཙམ་དུ་འགྱུར་ཞིང་དེ་ལྟར་
ནི་རྣམ་པ་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །གལ་ཏེ་ཞི་བའི་རྣམ་པ་མ་ཡིན་ན་ཡང་དངོས་པོར་འཛིན་པ་དང་བྲལ་བར་མ་གྱུར་པ་འདིས་སངས་རྒྱས་ཉིད་དེ་མ་ཐག་ཏུ་ག་ལ་ཞིག་སྐྱེད་ཅེས་བདེན་པ་གཉིས་འགལ་བར་འགྱུར་བས་ན། གནས་འདི་ལ་ནི་གཏིང་དཔག་དཀའ་བའི་ཕྱིར་ཞེས་བྱ་བ་
ལ་སོགས་པ་སྨོས་སོ། །ཟབ་པ་ཉིད་ཅེས་བྱ་བ་ནི་བྱིས་པ་གང་དག་བདེན་པ་གཉིས་དབྱེར་མེད་པར་མི་ཤེས་པ་དག་འཇིགས་པའི་གནས་སུ་གྱུར་པ་དང་། གཏིང་རྟོགས་པར་དཀའ་བའི་ཕྱིར་རོ། །བློའི་ནོར་ཅན་རྣམས་ཀྱིས་ཞེས་བྱ་བ་ནི་བདེན་པ་གཉིས་དབྱེར་མེད་པ་ཁོང་དུ་ཆུད་པ་རྣམས་གྱིས་
ཞེས་བྱ་བའི་དོན་ཏོ། །ལོག་པར་རྟོག་པ་ཞེས་བྱ་བ་ནི་མདོར་བསྡུ་ན། ཇི་སྲིད་དུ་དོན་དམ་པའི་བདེན་པ་འབའ་ཞིག་འདོད་པས་ཀུན་རྫོབ་པའི་རང་བཞིན་སྤོང་བ་དང་། གང་དག་ཀུན་རྫོབ་པ་འདོད་པས་རང་བཞིན་མེད་པར་སུན་འབྱིན་ཞིང་བདེན་པ་གཉིས་དབྱེར་མེད་པའི་དོན་འདི་མི་སྤྱོད་པ་ཐམས་ཅད་

ལོག་པར་རྟོག་པ་སྟེ། དེ་ལས་ཕྱེ་བས་ནི་རྣམ་པ་བཅུ་དྲུག་ཏུ་འགྱུར་བའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་ཐ་དད་པའི་དངོས་པོ་མེད་པ་ཉིད་ཀྱིས་བདེན་པ་གཉིས་ཅིག་ཅར་དམིགས་པ་འཐད་པ་དང་ཞེས་བྱ་བ་ཚིག་རྣམ་པར་སྦྱར་ཏེ། དེ་ལ་སོགས་པས་ནི་བདེན་
པ་རེ་རེ་ཞིག་བཟུང་བས་འགལ་བར་འདོད་པ་རྣམས་སེལ་ཏེ་གོ་སླའོ། །དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་དག་བདེན་པ་རེ་རེ་ཞིག་ཚད་མར་བྱས་ནས་ཅིག་ཤོས་སུན་ཕྱུང་ནས། ཡང་དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་
པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ཀླན་ཀ་ཚོལ་བ་རྣམས་སོ། །བདེན་པ་གཉི་ག་ལ་ལ་བརྟེན་པའི་ཐབས་མཁས་པས་ཞེས་བྱ་བ་ནི་བདེན་པ་གཅིག་ཅིག་འདིའི་ཡུལ་ཡིན་ཞེས་མི་སྨྲ་བའི་ཐབས་ཀྱིས་སོ། །རྣམ་པ་སྟོང་དུ་ཞེས་བྱ་བ་ནི་ཐབས་དེ་ལ་བརྟེན་པ་ལས་ནི་ལན་མི་ཟད་པའི་དོན་ཏེ།
སྟོང་ནི་མི་ཟད་པ་མཚོན་པ་གཞན་གྱི་དོན་ཏོ། །ངེས་པར་རྣམ་པ་ཐམས་ཅད་ཡང་དག་པར་བསྐྱེད་པ་ནི་རང་དང་གཞན་གཉི་ག་ལའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་བདེན་པ་གཉིས་སུ་དབྱེར་མེད་པ་ལ་མོས་པ་ཡིད་ལ་བྱེད་པ་དང་། དེ་ཁོ་ན་ཡིད་ལ་བྱ་བའི་སྒོ་ནས་
སོ། །སྐབས་ལྔ་པའི་འགྲེལ་བཤད་རྫོགས་སོ།། །།དེ་ལྟར་སྐབས་ལྔ་པའི་དོན་རྣམ་པར་ཕྱེ་ནས། ད་ནི་སྐབས་དྲུག་པ་སྟོན་པར་མཛད་པ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ད་ནི་ས་བཅུ་པའི་བར་གྱིས་ཐོབ་པར་གཞག་གོ། །དེ་ལ་ས་
བཅུ་པ་ནི་གནས་སྐབས་གསུམ་དུ་དབྱེ་བར་བྱ་སྟེ། རྩེ་མོའི་མངོན་པར་རྟོགས་པ་ལ་སོགས་པ་ཡོངས་སུ་སྤྱོད་ཅིང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་སུ་གསུངས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ལ་སོགས་པ་བྱེད་པ། འོག་མིན་དུ་རྣམ་པར་སྨིན་པའི་ལུས་སྐྱེས་པ། དབང་
བསྐུར་བའི་ས་ལ་གནས་པ་ནི་གནས་སྐབས་གཅིག་སྟེ། འདིའི་ཆེ་བའི་བདག་ཉིད་ནི་ཆོས་ཀྱི་དབྱིངས་ལས་བསྟོད་པ་ལས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་ནས་སྐྱེ་བ་གཅིག་གིས་ཐོགས་པའི་ངོ་བོ་དགའ་ལྡན་དུ་སྐྱེས་པ་ནི་གནས་སྐབས་གཉིས་པ་སྟེ། གནས་

སྐབས་འདི་དང་སྲིད་པ་ཐ་མ་པའི་བྱང་ཆུབ་ཀྱི་སྙིང་པོར་བདུད་བཏུལ་བའི་བར་དུ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་ལ་སྤྱོད་པར་བྱེད་པའོ། །དེ་ནས་སྙིང་པོ་བྱང་ཆུབ་དེར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པ་ནི་གནས་སྐབས་གསུམ་པ་སྟེ།
དེར་ནི་སྐབས་བདུན་པ་བསྟན་པའི་དོན་རྫོགས་པར་མཛད་པའོ། །འདི་ནི་སྤྲུལ་པའི་སྐུའི་དབང་དུ་བྱས་པའོ། །ངོ་བོ་ཉིད་ཀྱི་མངོན་པར་བྱང་ཆུབ་པའི་དབང་དུ་བྱས་ཏེ་ནི། འོག་མིན་དེ་ཉིད་དུ་སྐབས་སྔ་མ་གཉིས་ཀྱི་དོན་ཁོང་དུ་ཆུད་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སོ་སོ་དང་བསྡུས་
པ་ཉིད་དུ་རྟོགས་པའི་དོན་རྣམས་ཞེས་བྱ་བ་ལ། སོ་སོའི་དོན་རྣམས་ནི་སྐབས་རེ་རེས་ཇི་ལྟར་བསྟན་པ་དང་། ཚོགས་ཀྱི་ལམ་ལ་སོགས་པའི་གནས་སྐབས་རེ་རེ་ལ་ཡང་རང་བཞིན་ཇི་སྙེད་ཡོད་ཅེས་མངོན་པར་རྟོགས་པའི་དོན་ཏེ། དེའི་རྗེས་ཀྱི་ངོ་བོར་ཐོབ་པའི་ཡེ་ཤེས་ཀྱིས་རྟོགས་པའོ། །བསྡུས་
པ་ཉིད་ཀྱི་དོན་ནི་སྙིང་པོའི་དོན་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དོན་དེ་ནི་མཉམ་པར་གཞག་པའི་ཡེ་ཤེས་ཀྱིས་རྟོགས་པར་མཛད་ནས་སོ། །དེ་ལྟར་ན་གོ་རིམས་བཞིན་དུ་བཀླགས་ནས་ཞེས་བྱ་བ་ནི་ཡིད་ཀྱིས་བཀླགས་ནས་ཞེས་བྱ་བའི་དོན་ཏེ། བསྐལ་པ་གྲངས་
མེད་པ་དང་པོ་ནི་འཇིག་རྟེན་ཆོས་ཀྱི་མཆོག་གི་བར་དུའོ། །གཉིས་པ་ནི་ས་མི་གཡོ་བའི་བར་དུའོ། །གསུམ་པ་ནི་ས་བཅུ་པའི་བར་དུ་དེ་སྲིད་དུ་གོམས་པར་བྱ་བ་ནི་གོ་རིམས་བཞིན་དུ་བཀླགས་པའོ། །འོན་ཀྱང་ད་དུང་དེ་ལ་གོམས་པར་བྱ་བར་མ་ཟད་པར་བསྟན་པའི་ཕྱིར། བརྟན་པོར་བྱ་བའི་ཕྱིར་
རྣམ་པར་སྒོམ་པར་བྱེད་པས་ཞེས་བྱ་བ་སྨོས་ཏེ། བརྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པས་ཆེད་དུ་འབད་པ་མི་དགོས་པར་བྱ་བའི་ཕྱིར་རོ། །རྣམ་པར་ཞེས་བྱ་བ་ནི་ཁྱད་པར་ཅན་དུ་སྟེ་སྔོན་བསྒོམས་པ་དག་པས་ཆེས་ཕུལ་དུ་བྱུང་བའི་ཕྱིར་རོ། །སྒོམ་པར་བྱེད་པ་
ཞེས་བྱ་བའི་ཡིད་དེའི་སྐལ་བ་ཅན་དུ་བྱེད་པའམ། དེའི་དངོས་པོར་བྱེད་པའོ། །མཐར་གྱིས་པའི་མངོན་པར་རྟོགས་པ་ཞེས་བྱ་བ་ལ། དང་པོའི་ཚོགས་ཀྱི་ལམ་ཕལ་པ་ནས་བཟུང་སྟེ་ས་བཅུ་པ་དབང་བསྐུར་བའི་ས་ལ་གནས་པའི་བར་དུ་རང་དང་གཞན་གྱི་དོན་ཇི་སྙེད་ཅིག་བརྩམས་པ་དེ་དག་ལ་རབ་ཏུ་

འདྲིས་པས་སླར་ཡང་ཡིད་ལ་བྱེད་པས་ན་འདི་མཐར་གྱིས་པ་སྟེ། དོན་འདི་ནི་འཕགས་པ་སྡོང་པོ་བཀོད་པ་ལས་འཕགས་པ་མི་ཕམ་པའི་ཞལ་སྔ་ནས། ཚོང་དཔོན་གྱི་བུ་ནོར་བཟངས་ལ་རང་གི་མཐར་གྱིས་པའི་མངོན་པར་རྟོགས་པ་ཇི་ལྟ་བ་ཁང་བཟངས་རྣམ་པར་སྣང་
མཛད་ལ་གཟུགས་བརྙན་གྱི་ཚུལ་དུ་བསྟན་པའི་རིམ་པ་ལྟར་དེ་ཤེས་པར་བྱའོ། །དེ་ལྟར་རྣམ་པར་བསྒོམ་པ་དེ་ཉིད་ནི་མངོན་པར་རྟོགས་པ་ཞེས་བྱ་སྟེ། དུས་ཇི་ལྟ་བའི་རིམ་གྱིས་རྟོགས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །གཞུང་ཡང་དེ་བརྗོད་པས་དེའི་མིང་བཏགས་པ་སྟེ་འབྲས་བུ་ནི་
དེ་ལས་བྱུང་བའི་ཕྱིར་དེ་སྐད་ཅེས་གདགས་སོ། །ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་ཞེས་བྱ་བ་ལ། འདི་ཇི་ལྟ་ཞེ་ན། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་རྣམས་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པར་འགྱུར་བ་ནི་སྦྱིན་པ་ལ་སོགས་པ་རྣམས་བྱང་ཆུབ་ཆེན་པོར་བསྔོས་པའི་མཐུས་ཆུང་ངུ་ཙམ་ཡང་འཁོར་བ་ཇི་སྲིད་དུ་མི་ཟད་པར་བྱེད་པའི་ཐབས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་ཤེས་རབ་ཀྱི་ཁྱད་པར་རོ། །ཡང་སྦྱིན་པ་ལ་སོགས་པ་དངོས་པོ་
ངན་པའམ་ཉུང་ངུ་ཞིག་ན་ཡང་འཕགས་པ་ནམ་མཁའི་མཛོད་ཀྱི་མདོ་ལ་སོགས་པའི་རྗེས་སུ་འབྲངས་ཏེ། མང་ཞིང་ཁྱད་པར་ཅན་དུ་སྤྲུལ་ཏེ། ཕན་འདོགས་པས་འདི་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྟག་པར་རབ་ཏུ་ངུ་བ་ལ་སོགས་པའི་ཁྲག་རྣམས་བརྒྱ་བྱིན་
གྱིས་ཙནྡན་གྱི་ཆུར་བྱིན་གྱིས་བརླབས་པ་ལྟ་བུའོ། །འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་གོ། །གང་བྱང་ཆུབ་སེམས་དཔའ་ལེགས་པར་སྤྱད་པ་རྣམས་བློས་གཅིག་ཏུ་བསྡུས་ཏེ། དངོས་པོ་དམན་པ་རྣམས་ཀྱང་ཁྱད་དུ་མི་གསོད་པར་བདག་དགེ་བའི་ལས་འདིས་སངས་རྒྱས་ནས་འཇིག་
རྟེན་གྱི་འདྲེན་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་ཡང་རིགས་དང་ལོངས་སྤྱོད་ལ་སོགས་པ་འདི་དང་འདི་ལྟ་བུར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པས་དེའི་ཇི་ལྟར་སྨོན་པ་ལྟར་འགྲུབ་སྟེ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུས་པའི་རྩ་ལ་རབ་ཏུ་གནས། །བདག་གིས་སྨོན་ལམ་འདི་བཏབ་པས། །དེ་

དང་འདྲ་བའི་འབྲས་བུ་འཐོབ། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་རོ། །དེ་དེ་ལྟར་སྨོན་ལམ་གྱི་འབྲས་བུ་གྲུབ་པ་སྤྱོད་པ་ན་ཡང་ཚེ་གཞན་དང་གཞན་དེ་དག་ཏུ་དེ་ལྟ་བུའི་གོ་འཕང་ལས་མི་ཉམས་པའི་ཡེ་ཤེས་ཀྱི་སྤྱོད་པ་དང་། ཇི་ལྟར་འཐོབ་པའི་བདེན་པ་
རྣམས་ལེགས་པར་སྤྱོད་པའི་འབྲས་བུར་འདོད་ཀྱི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བ་ལ་སོགས་པར་མི་འདོད་པ་འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་གོ། །འདིར་ཉེ་བར་བསྡུ་བའི་དབང་དུ་གསུངས་ཀྱི་མདོར་ན་ལེགས་པའི་ལས་ཇི་སྙེད་པ་ནི་ཤེས་
རབ་ལ་བརྟེན་པར་ཤེས་པར་བྱའོ། །གཞན་ཡང་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལ་སོགས་པ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་བསྡུ་བའི་ཚུལ་རྣམས་ཀྱང་ཤེས་པར་བྱ་སྟེ་འདིར་སྦྱར་བ་ལ་ཉེས་པ་མེད་དོ། །ལྔ་པ་འདི་ནི་གཏན་ཚིགས་སུ་བལྟ་བར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་ལ་སོགས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དྲུག་ཅེས་བྱ་བ་ལ། འདིར་སྦྱིན་པ་ལ་སོགས་པ་དྲུག་འཁོར་གསུམ་རྣམ་པར་དག་པས་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཕྱེ་བ་ཞེས་སྦྱར་ཏེ། དེ་ལ་འཁོར་གསུམ་ནི་སྦྱིན་པ་དང་ལེན་པ་དང་རྫས་ཞེས་བྱ་བ་ལ་སོགས་པ་རྣམས་ཏེ། འདི་དག་
ནི་གཙོ་བོས་ཡོངས་སུ་དག་པར་མ་བྱས་ན་སྲིད་པའི་བདེ་བ་ཙམ་ལས་བགྲོད་པར་མི་ནུས་པའི་ཕྱིར་རྒྱལ་པོའི་ཕྱག་རྒྱ་དང་བྲལ་བའི་དམག་གི་དཔུང་ལྟ་བུའོ། །དེ་དག་གི་གཙོ་བོ་ནི་གང་གིས་དེ་དག་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་གཏོགས་པར་བྱེད་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་སྟེ་འདི་ནི་རྒྱལ་པོ་ལྟ་བུའོ། །དེའི་ཕྱིར་ཇི་སྐད་དུ་གསུངས་པ། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །དེ་བཞིན་མིག་མེད་ཕ་རོལ་ཕྱིན་ལྔ་འདི་དག་ཀྱང་། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་སོ། །
རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པས་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པ་དང་ཞེས་བྱ་བ་ལ། འདི་དག་ལ་འགའ་ཞིག་མ་ཚང་ཡང་ས་བཅུ་པའི་དབང་ཕྱུག་ཏུ་མི་འགྱུར་བས་ན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པས་ཞེས་སྨོས་ཏེ། གསུམ་པ་ནི་རྒྱུ་མཚན་དུ་བལྟ་བར་བྱའོ། །དེ་ཡང་ས་རེ་རེ་ལ་

ཕ་རོལ་ཏུ་ཕྱིན་པ་རེ་རེ་ཞིག་ཤས་ཆེ་བར་ཟད་ཀྱི་དངོས་ཀྱི་ཚུལ་སྤྱད་པའི་ཚེ་ནི་ས་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་སྦྱར་བར་བྱའོ། །འདིས་ནི་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་འབའ་ཞིག་གིས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་སྨྲ་བ་དེ་དག་ཀྱང་བསལ་བ་
ཡིན་ཏེ། ཇི་སྐད་དུ། སྨྲ་བའི་མཆོག་ནི་གང་ཡང་རུང་། །ཆོས་གཅིག་གིས་ནི་འབྱུང་བ་མེད། །གང་ཡང་འབྱུང་བ་ཡོད་མིན་ཏེ། །འབྱུང་བར་ཡང་དག་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་
དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཏེ། དེ་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ཞེས་བསྟན་པ་དང་སྦྱར་ཏེ། དེ་དག་ཚོགས་ཀྱི་ལམ་ལ་ནི་སློབ་པ་ཡིན་པའི་ཕྱིར་གྲུབ་པ་ནི། ཕྱིར་མི་ལྡོག་པའི་ས་ལ་གཞག་པར་དགོངས་པས་ན་སྔོན་ལས་གཞན་དུ་བསྟན་
ཏོ། །བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་དང་ཞེས་བྱ་བ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་སྟེ། དེ་དག་ནི་མཐོང་བའི་ལམ་ཞེས་བྱ་བ་དང་སྦྱར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་སྟེ་དེ་དག་ནི་བསྒོམ་པའི་ལམ་ཞེས་
སྨོས་པ་དང་རབ་ཏུ་སྦྱར་རོ། །དེ་ལྟར་ན་ཇི་ལྟར་སྦྱར་བ་དེ་དག་ནི་གོ་རིམས་བཞིན་དུ་ཚིག་གཞན་དུ་བསྟན་པས་རང་གི་དོན་མིང་གི་རྣམ་གྲངས་ཀྱིས་རྗོད་པར་བྱེད་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་མཚན་ཉིད་རྗེས་སུ་དྲན་པ་ལམ་རྣམ་པ་གསུམ་པོ་འདི་དག་གིས་དྲན་པར་བྱའོ། །ངེས་པར་འབྱེད་པའི་
ཆ་དང་མཐུན་པ་ལ་སོགས་པ་ནི་ལམ་གྱི་བདག་ཉིད་མ་ཡིན་ནམ། སངས་རྒྱས་ནི་འབྲས་བུའི་བདག་ཉིད་ཡིན་ན་ཇི་ལྟར་ལམ་དྲན་པས་དེ་རྗེས་སུ་དྲན་པར་འགྱུར་ཞེ་ན། འདི་ནི་ཉེས་པ་མེད་དེ་འོག་ནས་ལམ་ཐམས་ཅད་ནི་ཆོས་ཀྱི་སྐུའི་ཕྲིན་ལས་སུ་འཆད་པས་ལས་ཀྱི་བྱེད་པ་པོ་རྗེས་སུ་དྲན་པར་བྱ་བའི་
ཕྱིར་དང་། སངས་རྒྱས་དེ་དང་པོ་ལམ་ཇི་ལྟ་བུ་བརྙེས་པས་བྱང་ཆུབ་པས་བྱང་ཆུབ་པར་གྱུར་པ་ལམ་དང་བཅས་པར་དྲན་པ་ནི་གཅིག་ཏུ་རབ་ཏུ་དང་བར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོར་འཛིན་པས་དེ་རྗེས་སུ་དྲན་པར་བྱེད་པ་སྲིད་པས་དེ་དགག་པར་བྱ་བའི་ཕྱིར་དོན་དམ་པར་དྲན་པ་

མེད་པའི་མཚན་ཉིད་དུ་རྗེས་སུ་དྲན་པར་བྱའོ་ཞེས་སྦྱར་ཏེ། གང་གིས་ང་ལ་སྒྲར་ཤེས་ཤིང་། །གང་གིས་ང་ལ་གཟུགས་སུ་མཐོང་། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །ཆོས་ཉིད་ཤེས་པར་བྱ་མིན་པས། །
དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་དང་ཡང་མི་འགལ་ལ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།
འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་ཞེས་བྱ་བ་ལ་སོགས་པ་འཕགས་པ་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་ལྟར་ཡང་དྲན་པར་བྱེད་པ་སྟེ། འདི་ནི་ལས་དང་
པོ་པའི་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་སངས་རྒྱས་དང་ཕྲད་པར་འགྱུར་བའི་རྒྱུར་ཡང་རིག་པར་བྱའོ། །དེ་བཞིན་དུ་རྗེས་སུ་དྲན་པ་དང་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་དུ་ཞེས་བྱ་བ་ལ་སྦྱོར་བའི་དོན་ཏོ། །དགེ་བ་དང་མི་དགེ་བ་དང་ལུང་
དུ་མ་བསྟན་པའི་ཆོས་ཞེས་བྱ་བ་ལ་དགེ་བ་རྣམས་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་དྲན་པར་བྱའོ། །མི་དགེ་བ་རྣམས་ནི་མི་དགེ་བ་རང་གི་རང་བཞིན་གྱིས་གྲུབ་པ་མེད་
པ་དང་། དེའི་རང་བཞིན་མ་ཤེས་པའི་དབང་དུ་བྱས་ཏེ་ནི་སྤང་བར་དྲན་པར་བྱའོ། །ལུང་དུ་མ་བསྟན་པ་རྣམས་ནི་དེ་དག་ལ་མི་འཇུག་ཅིང་དགེ་བར་གྱུར་པ་རྣམས་ལ་འཇུག་པར་དྲན་པར་བྱའོ། །ཡང་ན་ཆོས་རྣམ་པ་གསུམ་དུ་ཕྱེ་བ་ནི་རང་གི་བློའི་འཇུག་པའི་དབང་ཙམ་ལ་རག་ལས་པ་ཡིན་གྱི། ཆོས་
རྣམས་ལ་དེ་ལྟར་རང་གྲུབ་པ་ནི་མེད་པས་སེམས་རྣམ་པར་རིག་པའི་མཐའ་ལས་ནི་ལུང་དུ་མ་བསྟན་པ་རྣམས་ཀྱང་དགེ་བར་འགྱུར་ཏེ། ཇི་སྐད་དུ་རིགས་པ་དང་བཟོ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པས་བྱིན་པ་རི་དྭགས་ཨེ་ནེ་ཡའི་ལྟ་བུ་ཉིད་དང་ཞེས་གསུངས་ཏེ་ཨེ་ནེ་ཡ་ནི་བསེ་ཁ་སྒོའོ། །ཡང་སྡིག་

པ་སྲབ་པའི་དབང་དུ་བྱས་ཏེ་སྟོབས་བསྐྱེད་པ་རྙེད་པ་རྣམས་ལ་བདེ་བ་ཉེ་བར་སྟོན་པའི་སླད་དུ་དབུལ་ལོ་ཞེས་གསུངས་ཏེ། དེའི་ཕྱིར་དངོས་པོ་རྣམས་ནི་རང་བཞིན་གྱིས་འོད་གསལ་བ་ཙམ་ཞིག་ཏུ་བདེན་གྱི་ལྷག་མའི་སྣང་བ་རྣམས་ནི་མ་ངེས་པར་ཁོང་དུ་ཆུད་པར་བྱའོ། །
ཆོས་ཞེས་བྱ་བ་ནི་རྟོགས་པ་དང་ལྡན་པ་རྣམས་ལ་ཇི་སྐད་བཤད་པའི་ཚུལ་གྱིས་ཐམས་ཅད་ལ་ཕན་འདོགས་པས་ན་ངན་སོང་ལ་སོགས་པར་ལྷུང་བ་ལས་འཛིན་པའི་ཕྱིར་རམ། ཡང་ན་རང་གི་མཚན་ཉིད་འཛིན་པའི་ཕྱིར་ངེས་པའི་ཚིག་གི་ཚུལ་གྱིས་ཆོས་སོ། །སྔ་མ་བཞིན་དུ་རྗེས་སུ་དྲན་
པར་བྱའོ་ཞེས་སྦྱར་ཏེ། དེ་ལ་སྔ་མ་བཞིན་དུ་ཞེས་བྱ་བ་འདིས་ནི་དོན་གཉིས་སྟོན་པར་བྱེད་དེ། སྔར་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་སུ་གདམས་ངག་བསྟན་པ་ལས། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་བྱ་བ་ལ་ཡང་སྙེགས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་
པའི་དགེ་འདུན་ཞེས་བྱ་བ་སྨོས་སོ། །དེ་ལས་གཞན་པ་ནི་དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་དུ་ཞེས་བྱ་བ་ལ་ཡང་སྙེགས་པར་བྱེད་དོ། །དེ་ལ་རྗེས་སུ་དྲན་པར་བྱ་བ་ནི་ཐུན་མོང་དུ་དྲན་པར་བྱ་བ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། མཐུན་པར་ཞུགས་པ།
དྲང་པོར་ཞུགས་པ་ཕྱག་འཚལ་བའི་འོས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་སོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་རྗེས་སུ་དྲན་པ་ནི་ཕྱིར་མི་ལྡོག་པའི་ས་རབ་ཏུ་བརྙེས་པ། ཆོས་ཀྱི་རྒྱལ་པོའི་སྲས་བཞིན་འཛུམ་ཞིང་གསོང་པོར་སྨྲ་བ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་
སེམས་པ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱས་པའི་སྡེར་གཏོགས་པའི་མདོ་སྡེ་དང་། །དེ་ལས་ཇི་སྐད་དུ་གསུངས་པ་ལྟར་རྗེས་སུ་དྲན་པར་བྱའོ། །དེ་བཞིན་དུ་རྗེས་སུ་དྲན་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པའི་
ཚུལ་ཁྲིམས་རྣམས་ཏེ། དེ་དག་རྗེས་སུ་དྲན་པར་བྱ་བ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ནི་འགྱོད་པ་མེད་པས་རྒྱུད་བསིལ་བར་བྱེད་པའོ། །མཐོ་རིས་ཀྱི་ལམ་དུ་གྱུར་པའོ། །ཇི་ལྟར་སྨོན་པའི་འབྲས་བུ་སྒྲུབ་པའོ། །འགྱོད་པ་མེད་པས་ཏིང་ངེ་འཛིན་བསྐྱེད་པའོ། །ལྷ་དང་མིའི་སྦྱིན་པ་ཡོངས་སུ་

སྦྱོང་བའོ་ཞེས་བྱ་བ་ལ་སོགས་པའི་རིམ་པས་སོ། །གཏོང་བ་ནི་སེར་སྣ་སྤངས་པས་སེམས་ལ་ཀུན་ཏུ་འཛིན་པ་མེད་ཅིང་རང་གི་ལུས་དང་སྲོག་ལ་སོགས་པ་རྣམ་པར་འགྱེད་པ་སྟེ། དེའི་ཡོན་ཏན་རྗེས་སུ་དྲན་པར་བྱ་བ་ནི། སྦྱིན་པ་ནི་མཛའ་བཤེས་འཕེལ་བར་བྱེད་པའོ། །ཚེ་རབས་སུ་རབ་ཏུ་
བདེ་བའི་རྒྱུར་གྱུར་པའོ། །ཕ་མ་དང་བླ་མ་ལ་མཆོད་པའི་ཡན་ལག་ཏུ་གྱུར་པའོ། །གཞན་ལ་རག་མ་ལས་པའི་གཙོ་བོ་ཞེས་བྱ་བ་ལ་སོགས་པའི་རིམ་པ་སྟེ། རྒྱ་ཆེར་ནི་འཕགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ། །ལྷ་ནི་རྒྱལ་ཆེན་རིགས་བཞི་ལ་སོགས་
པ་སྟེ། དེ་དག་རྗེས་སུ་དྲན་པར་བྱ་བ་ནི་དེ་དག་ནི་ཡིད་དུ་འོང་བའི་ལས་ཁྱད་པར་ཅན་ལས་གྲུབ་པ་སྟེ། རྣམ་རྟོག་དགེ་ལས་བྱུང་བ་ཡི། །ལས་དགེ་འབྲས་བུ་ལྷ་རྣམས་ཏེ། །རབ་ཏུ་དང་བའི་ཡིད་ཀྱིས་ནི། །མཛེས་པའི་ལྷ་རྣམས་མངོན་པར་གྲུབ། །ཅེས་གསུངས་པས་སོ། །དེའི་ཕྱིར་བདག་
གིས་ཀྱང་སེམས་ཅན་རྣམས་ཡིད་རབ་ཏུ་དང་བར་བྱས་ཏེ། ལྷར་སྐྱེ་བར་བྱ་བ་ལ་དགོད་ཅིང་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་རྗེས་སུ་དྲན་པ་དང་། གཞན་ཡང་འཕགས་པ་འཇིག་རྟེན་དབང་ཕྱུག་དང་། རྗེ་བཙུན་ལྷ་མོ་
སྐུལ་བྱེད་མ་དང་། རྗེ་བཙུན་སྒྲོལ་མ་ལ་སོགས་ཏེ། མདོ་གང་དང་གང་དག་ལས་མཆོག་ཏུ་ཐུགས་བརྩེ་བ་དང་ལྡན་པ་རྣམས་ལྷག་པའི་ལྷ་དེའི་ཡོན་ཏན་ཇི་སྐད་བསྟན་པ་རྣམས་རྗེས་སུ་དྲན་པར་བྱ་བ་ནི་འཕགས་པ་སྡོང་པོ་བཀོད་པ་ལས། དེ་ནས་ཁོ་མོ་སྔོན་ཡོངས་སུ་བསྟེན་པའི་ལྷ་མོ་ཞིག་གིས་བསྐུལ་
ཏེ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་འཐོབ་པའོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པ་རྣམས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུའོ། །ཁོང་དུ་ཆུད་པས་ཞེས་བྱ་བ་
ནི་མོས་པ་ཡིད་ལ་བྱེད་པས་སོ། །རྟོགས་པས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སོ། །ཡང་ན་དེ་དག་མངོན་པར་རྟོགས་པའི་དོན་དང་སྙིང་པོའི་དོན་ལ་སྦྱར་རོ། །ཡང་ན་རྣམ་གྲངས་ཀྱིས་བསྟན་པའོ། །གང་ཡིན་པ་དེ་ནི་མཐར་གྱིས་པའི་བྱ་བར་བཞེད་པ་ཡིན་ནོ་ཞེས་བྱ་བ་ལ་སྐབས་འདིར་

ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་དང་། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པ་ཞེས་བྱ་བ་རྣམ་པ་བཅུ་གསུམ་ཞིག་བསྟན་པ་ནི་སྔར་རྣམ་པར་གཡེང་བ་སྤང་བའི་ཕྱིར། ངག་རེ་རེས་ཀྱང་མངོན་པར་རྟོགས་པའི་དོན་མ་ལུས་པ་སྟོན་པར་བྱེད་པའོ་ཞེས་
བཤད་པའི་ཚུལ་གྱིས་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པ་དེ་ནི་རྣམ་པ་བཅུ་གསུམ་པོ་འདི་དག་ལ་བརྟེན་ནས་བཤད་པ་དང་། འཆད་པར་འགྱུར་བའི་རིམ་པ་ཐམས་ཅད་ཡིད་ལ་རབ་ཏུ་གོམས་པར་བྱེད་དེ། ཁ་ཅིག་ན་རེ་མཐར་གྱིས་པའི་བྱ་བ་འདི་ནི་དབང་
བསྐུར་བའི་ས་དང་ས་དགུ་པ་ལ་སོགས་པ་ཡང་ཡིད་ལ་བྱེད་དོ་ཞེས་ཟེར་བ་ནི་མི་འཐད་དོ། །འདི་ནི་སྐབས་འོག་མ་བར་ཆད་མེད་པའི་ལམ་དང་ཅིས་ཀྱང་བར་དུ་མ་ཆོད་པར་བསྟན་པའི་ཕྱིར་རོ། །སྐབས་དྲུག་པའི་འགྲེལ་བཤད་རྫོགས་སོ།། །།ད་ནི་སྐྱེ་བ་གཅིག་གིས་ཐོགས་པ་དང་།
སྲིད་པའི་ཐ་མར་ཡང་ཤིན་ཏུ་གོམས་པར་བྱས་པ་དབང་བསྐུར་བའི་ས་ལ་སོགས་པར་ཡང་ཅི་རིགས་ཀྱིས་གོམས་པར་བྱས་པས། ལྷུན་གྱིས་གྲུབ་པར་འཇུག་པ་ལ་རབ་ཏུ་ལས་སུ་རུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོའི་མཆོག་དམ་པ་ལ་འདུག་པར་
གྱུར་པ་སྟེ། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེད་པར་བྱེད་པ་དེ་བསྟན་པའི་ཕྱིར་མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་བསྒོམ་པ་ནི་སྔར་ཇི་ལྟར་བསླབས་པའི་དོན་དེ་དག་ཉིད་ཤིན་ཏུ་གོམས་པར་བྱ་བའི་ཕྱིར་སྐད་ཅིག་མ་གཅིག་
གིས་བསྒོམས་པས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐད་ཅིག་མ་ཞེས་བྱ་བའི་དོན་འདི་ཇི་ལྟར་བལྟ་བར་བྱ། ཁ་ཅིག་ཏུ་ནི་འདུས་བྱས་ཀྱི་ཆོས་རྣམས་མྱུར་དུ་འགྲོ་བའི་སྐད་ཅིག་མ་སེ་གོལ་གཏོགས་པ་གཅིག་
ལ་ཡང་དེ་དཔག་ཏུ་མེད་པ་ཞིག་འགག་ཅེས་གྲུབ་པའི་མཐའ་ལས་བསྟན་ཏེ། དེའི་ཡུན་ལ་ཡང་འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་དེ་སུམ་བརྒྱ་དང་དྲུག་ཅུ་རྩ་བརྒྱད་འགྲོ་བར་འདོད་དེ། སྐད་ཅིག་མ་འདིའི་ངོ་བོར་བྱ་བ་འམ། ཡང་ན་གདགས་པའི་བསྟན་བཅོས་ལ་སོགས་པ་ལས་དུས་

རྣམས་ཀྱི་མཐར་རྣམ་པར་གཞག་པའི་སྐད་ཅིག་མ་ཇི་སྐད་བསྟན་པའི་དབང་དུ་འདི་བྱའམ། གལ་ཏེ་ཞིག་ན་སྐྱེས་བུའི་མངོན་པར་འདོད་པའི་དོན་གྲུབ་པའི་དུས་སྐད་ཅིག་མ་དེ་ལ་བདག་གི་བྱ་བ་རྫོགས་སོ་ཞེས་བརྗོད་པའི་སྐད་ཅིག་མ་འདི་བཟུང་ངོ་། །དེ་ལ་དང་པོ་དང་བར་མའི་དབང་དུ་བྱས་སོ་ཞེ་ན་
ནི་ཧ་ཅང་ཡང་དུས་ཡུན་ཐུང་བས་ཇི་ལྟར་དེ་རྫོགས་པར་ནུས། ཐ་མ་ལྟར་བྱས་ན་ནི་ཏིང་ངེ་འཛིན་འདིའི་དུས་ངེས་པ་མེད་དེ་སྙིང་པོ་བྱང་ཆུབ་དེར་ཡང་ཡུན་ཇི་སྲིད་ཅིག་བཞུགས་པར་འགྱུར་ཞེ་ན། འདིར་སྔར་ཉིད་བདག་གིས་དུས་རྣམས་ནི་རིང་ཐུང་དུ་གྱུར་པ་བསམ་པའི་དབང་ལས་རང་གྲུབ་པ་མེད་
ཅེས་བསྟན་ཟིན་པས་འདི་ལྟ་བུའི་རྣམ་པར་རྟོག་པ་བསྐྱེད་པའི་མི་ཆའོ། །འོན་ཀྱང་ཕྱོགས་གསུམ་པ་ལ་བརྟེན་པར་བྱ་སྟེ། བར་ཆད་མེད་པའི་ཏིང་ངེ་འཛིན་དེ་ནི་ངེས་པར་སྙིང་པོ་བྱང་ཆུབ་དེར་སྐྱེད་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་འགའ་ཞིག་སྙིང་པོ་བྱང་ཆུབ་དེར་ཞུགས་པ་ལས་
ཏིང་ངེ་འཛིན་དེ་མ་བསྐྱེད་པར་སླར་ལྡང་བ་ནི་མི་སྲིད་ཅེས་གསུངས་ལ། སྙིང་པོ་བྱང་ཆུབ་དེར་ཡང་དུས་ཇི་སྲིད་ཅིག་གིས་ཏིང་ངེ་འཛིན་དེ་བསྐྱེད་པ་ནི་རང་བཞིན་བརྩན་པར་བྱས་པའི་ཚེ་ནི་བཞེད་པ་ལ་རག་ལས་པའི་ཕྱིར་དང་། དུས་ལ་མངའ་བརྙེས་པས་སྐད་ཅིག་མ་ཕྱོགས་དང་པོའི་ཡུན་གྱིས་
ཀྱང་དེ་བརྙེས་པ་ལ་གནོད་པ་མེད་མོད་ཀྱི། གདུལ་བར་བྱ་བའི་དབང་གིས་གཅིག་ཁོ་ནར་ངེས་པ་མེད་པ་སྟེ། དེའི་ཕྱིར་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོ་ཞེས་བྱ་བ་དེ་བཙུན་མོའི་
འཁོར་ནས་མངོན་པར་བྱུང་སྟེ། སྲས་བཅུ་དྲུག་སྤངས་ནས་སྙིང་པོ་བྱང་ཆུབ་ལ་བཞུགས་ཏེ། བདུད་བཅོམ་ནས་དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། བར་གྱི་བསྐལ་པ་ལྔ་བཅུར་སྐྱིལ་མོ་ཀྲུང་མ་བཤིག་པར་བཞུགས་པ་ལས། དེ་ནས་གདོད་མངོན་པར་རྫོགས་པར་
སངས་རྒྱས་སོ་ཞེས་གསུངས་ལ། བདག་ཅག་གི་རྗེ་བཙུན་ཤཱཀྱ་ཐུབ་པའི་ཞལ་སྔ་ནས་ནི་སྙིང་པོ་བྱང་ཆུབ་ལ་བཞུགས་པའི་ཞག་དེ་ཉིད་ཀྱི་ཐོ་རངས་བར་ཆད་མེད་པའི་ཏིང་ངེ་འཛིན་བརྙེས་པས་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་ཏོ། །དེ་བཞིན་དུ། ཁྱོད་ཀྱི་དང་པོར་ལྷའི་བུ་ཡི། །

བདུད་ཀྱི་མེ་ཏོག་རྒྱལ་མཚན་བསྙལ། །དེ་ནས་ཉོན་མོངས་བདུད་ཀྱི་ནི། །ང་རྒྱལ་རྒྱལ་མཚན་མཐོན་པོ་གཏིབ། །ཁྱོད་ཀྱིས་བྱང་ཆུབ་མ་བརྙེས་པར། །འདོད་ཁམས་དབང་ཕྱུག་ལས་རྒྱལ་ཏེ། །བྱང་ཆུབ་བར་ཆད་མེད་ལམ་ལ། །ཁམས་གསུམ་དབང་ཕྱུག་ལས་རྒྱལ་ལོ། །
ཞེས་བྱ་བ་ལ་སོགས་པའི་ཚུལ་ཡང་གདུལ་བར་བྱ་བའི་སྣང་བ་དང་འཚམ་པར་བརྗོད་ཀྱི། རང་གི་རང་བཞིན་ནི་ཅི་ཁྱོད་བྱང་ཆུབ་པ་དང་དུས་གཅིག་ཁོ་ནར་བདུད་ཐམས་ཅད་ངེས་པར་བཅོམ་པ་ལགས་སམ་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་འབྲང་བར་བྱའོ། །དེ་ཡང་མཚན་ཉིད་ཀྱིས་རྣམ་པ་
བཞི་ཡོད་པས་དང་པོ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་བཞི་པོ་འདི་དག་སྐད་ཅིག་ལ་རྟོགས་པར་བྱེད་དམ། འོན་ཏེ་རིམ་གྱིས་བྱེད། ཕྱོགས་དང་པོ་ལྟར་ན་གཉིས་པ་ལ་སོགས་པའི་དོན་ཇི་ལྟར་དྲང་བར་བྱ། ཕྱོགས་གཉིས་པ་ལྟར་ན་ཡང་སྐད་ཅིག་མ་གཅིག་པའི་མིང་ཇི་ལྟར་རུང་སྟེ།
སྐད་ཅིག་མ་བཞི་པའི་མངོན་པར་རྫོགས་པར་བྱང་ཆུབ་པར་ཇི་ལྟར་མི་འགྱུར་ཞེ་ན། དེ་ནི་ཉེས་པ་མེད་དེ། ཕྱོགས་དང་པོ་ལྟར་ན་ཡང་དང་པོ་དང་གཉིས་པ་ལ་སོགས་པ་ནི་གྲངས་ཇི་ལྟར་བསྟན་པའི་རིམ་པ་སྨོས་པར་ཟད་ཀྱི། དོན་གྱི་དབང་དུ་བྱས་པའི་ཚེ་ནི་དང་པོ་ལ་སོགས་པར་མི་རྗོད་
པའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན་ཡང་ཉེས་པ་མེད་དེ། བྱིས་པ་རྣམས་ཀྱིས་སྐད་ཅིག་གཅིག་ཁོ་ན་ལ་དུས་ལ་དབང་ཐོབ་པ་དེ་རྣམས་ཀྱི་སྐད་ཅིག་མ་བཞིའི་སྐབས་སུ་འགྱུར་བའི་ཕྱིར་ན། དེ་འདོད་ན་སྐད་ཅིག་ཀྱང་བསྐལ་པ་ཙམ་དུ་བྱིན་གྱིས་རློབ་པར་བྱེད་དོ་ཞེས་ཇི་སྐད་གསུངས་པའི་
ཚུལ་གྱིས་སོ། །གལ་ཏེ་དེ་ལྟར་སྐད་ཅིག་མ་བཞིའི་རིམ་པས་ཡིད་ལ་བྱེད་པ་ལ་སྐྱོན་མེད་ཅིང་བཅོམ་ལྡན་འདས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོའི་ཞལ་སྔ་ནས་ཀྱང་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་བར་གྱི་བསྐལ་པ་ལྔ་བཅུར་བསྒོམ་པ་ཞིག་ན། དེའི་ཚེ་འདི་
ཡང་ཇི་ལྟར་མཐར་གྱིས་པའི་མངོན་པར་རྟོགས་པར་མི་འགྱུར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་སྐབས་དང་པོ་ལྔར་ནི་ཚོགས་ཀྱི་ལམ་ལ་སོགས་པ་སྔར་མ་མཐོང་བ་དང་། མཐོང་བའི་དོན་རྣམས་ལ་རེ་རེ་ལ་ཡང་དུས་རིང་ཞིག་ཏུ་སྒོམ་པར་བྱེད་པ་ན་རང་རང་གི་གནས་སྐབས་པ་ཡིན་

གྱི། མཐར་གྱིས་བའི་མངོན་པར་རྟོགས་པ་མ་ཡིན་ལ། མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་སུ་ནི་པདྨ་འདབ་མ་བརྒྱ་འབིགས་པའི་རབ་ཏུ་མྱུར་བའི་ཤུགས་ཀྱིས་སྔར་ཇི་ལྟར་མཐོང་བའི་ལམ་འབྲས་བུ་དང་བཅས་པ་རྣམས་རིམ་གྱིས་འཇུག་པའི་ཚུལ་ལས་རིམ་པ་སྔ་མ་ལ་སོགས་པ་
སྤངས་ཏེ། དེ་མ་ཐག་པའི་འཇུག་པས་རིམ་པ་འོག་མ་ཡང་དྲན་པའི་སྦྱོར་བས་ཡིད་ལ་བྱེད་ཀྱི། རིམ་པ་རེ་རེ་ལ་ཡུན་རིང་དུ་མི་གནས་པས་ན་མཐར་གྱིས་པ་སྟེ། རབ་ཏུ་མྱུར་བའི་རིམ་གྱིས་རྟོགས་པ་ནི་མཐར་གྱིས་པའོ། །སྐབས་བདུན་པའི་དབང་དུ་བྱས་ཏེ་ནི་སྐྱེས་བུ་རྩིག་པ་ལ་མཆོང་
བའི་དཔེས་ནི་དེ་ལྟར་རིམ་གྱིས་ཡིད་ལ་བྱེད་པ་ནི་གཉི་ག་ལྟར་མ་ཡིན་གྱི། སྔར་ཇི་ལྟར་ཡིད་ལ་བྱས་པའི་དོན་རྣམས་གཅིག་ཏུ་བསྡུས་ཏེ། དེ་དག་གི་སྤྱིའི་མཚན་ཉིད་གཅིག་ཏུ་བར་མ་ཆད་པས་བཞི་ཆར་དུས་གཅིག་ལ་རྟོགས་པར་བྱེད་ཅིང་དུས་རིང་ཞིག་ཐོགས་པ་ལྟ་ཞིག་ན་ཡང་ཡིད་ལ་
བྱེད་པ་གཅིག་ཉིད་ལ་ཡང་ནས་ཡང་དུ་གཏོད་ཀྱི་སྔོན་བཞིན་དུ་རིམ་གྱིས་མ་ཡིན་པའི་ཕྱིར་འདི་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་ལས་མཚན་ཉིད་གཞན་དུ་གྲུབ་བོ། །རྣམ་པར་སྨིན་པ་མ་ཡིན་པའི་ཟག་པ་མེད་པར་ཞེས་བྱ་བ་ལ་རྣམ་པར་སྨིན་པ་ནི་རྣམ་པ་གསུམ་སྟེ། ས་དང་པོ་ལ་འཇིག་
རྟེན་ལས་འདས་པ་རྣམ་པར་སྨིན་པ་དང་། ས་བརྒྱད་པ་ལ་མཚན་མ་མེད་པར་རྣམ་པར་སྨིན་པ་དང་། སངས་རྒྱས་ཀྱི་ས་ལ་བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པར་རྣམ་པར་སྨིན་པ་སྟེ། དེ་དག་ཏུ་ཆོས་ཐམས་ཅད་གནས་སྐབས་སྔ་མ་ལས་མི་འདྲ་བར་སྨིན་པས་ན་རྣམ་པར་སྨིན་པའོ། །
དེ་ལྟར་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་བ་ནི་གང་དག་མཐོང་བའི་ལམ་རྒྱུད་ལ་མ་བསྐྱེད་པ་དེ་དག་གི་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཇི་སྙེད་སྣང་བ་དེ་ཐམས་ཅད་ནི་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱའོ། །ཟག་པ་མེད་པ་ཞེས་བྱ་བ་ལ་དེ་དག་གི་འཇུག་པའི་དབང་དུ་བྱས་ཏེ། རྣམ་
པར་སྨིན་པ་མ་ཡིན་དུ་ཟིན་ཀྱང་། ཆོས་དེ་དག་གི་རང་བཞིན་ནི་ཟག་པ་མེད་པ་ཡིན་ཏེ། བྱིས་པས་བྱང་ཆུབ་མི་ཤེས་ཀྱང་། །དེ་དག་དེ་ལ་རྣམ་པར་གནས། །ཞེས་གསུངས་པའི་ཚུལ་གྱིས་སོ། །འདིར་ཟག་པ་ནི་རྟོག་པ་དང་ཉོན་མོངས་པ་གཉིས་ཀ་ལ་སྦྱར་རོ། །གཉིས་པ་རྣམ་པར་སྨིན་

པའི་ཆོས་ཉིད་ཀྱི་གནས་སྐབས་ཀྱི་ཟག་པ་མེད་པར་ཞེས་བྱ་བ་ནི་སྔར་ཇི་སྐད་བཤད་པའི་རྣམ་པར་སྨིན་པ་གསུམ་གྱིས་བསྡུས་པ་འཕགས་པའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཆོས་ཇི་སྙེད་པ་གནས་པར་གྱུར་པའི་ཕྱིར་རྣམ་པར་སྨིན་པ་ཞེས་བརྗོད་པ་དེ་དག་གི་རང་བཞིན་
ཆོས་ཉིད་ཀྱི་གནས་སྐབས་ཟག་པ་མེད་པ་ཁོ་ནར་གནས་པའོ། །རྣམ་པར་སྨིན་པ་ནི་གནས་ཡོངས་སུ་གྱུར་པའོ་ཞེས་བརྗོད་ན་གནས་གྱུར་པ་ཅི་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་སྣང་བ་རྣམ་པར་དག་པ་ལྟར་གྱུར་པ་ཡིན་གྱི། གང་དག་གིས། འགོག་དང་འདུ་ཤེས་མེད་སྙོམས་འཇུག །འདུ་ཤེས་
མེད་པ་པ་ལས་འབྱུང་། །མིག་ལ་ལྟོས་བཞིན་རྒྱུ་རྐྱེན་ལྟོས། །ཆད་ནས་ཡང་འབྱུང་འཁོར་འཇུག་ལྡོག །ཅེས་བྱ་བ་དང་། ལེན་དང་བཟོད་དང་གསལ་བ་དང་། །ས་བོན་དང་ནི་ལས་རྣམས་དང་། །ལུས་ཀྱིས་མྱོང་དང་སེམས་མེད་པའི། །སྙོམས་འཇུག་དེ་བཞིན་འཆི་མི་འཐད། །ཅེས་བྱ་
བའི་རིགས་པས་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡོད་པར་འདོད་ཅིང་དེ་གནས་ཡོངས་སུ་གྱུར་པ་དང་། མ་གྱུར་པ་ལས་རྣམ་པར་སྨིན་པ་དང་། རྣམ་པར་སྨིན་པ་མ་ཡིན་པར་བརྗོད་པ་ནི་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་དེ་ནི་ཡུལ་གང་ཞིག་འཛིན་པར་བྱེད་པ་མིག་གི་
རྣམ་པར་ཤེས་པ་ལ་སོགས་པ་དང་ལྷན་ཅིག་ཏུ་ཡང་མ་མཐོང་ལ། བརྒྱལ་བ་ལ་སོགས་པའི་ཚེ་དེ་དག་རྒྱུན་ཆད་པ་ན་ཡང་མ་ཡིན་ཏེ། དེའི་ཕྱིར་རྟག་པ་དང་ཆད་པ་ལ་སོགས་པའི་ལྟ་བ་ལས་བཟློག་པའི་ཕྱིར། བདག་དང་ཀུན་གཞི་ལ་སོགས་པ་ནི། ཆོས་ཀྱི་དབྱིངས་དགོངས་པའི་གཞིར་
བཞག་ནས་དེ་ཉིད་ལ་དེ་ལྟར་བསྟན་ཅིང་བརྟགས་པ་སྟེ། ཇི་སྐད་དུ་གསང་བའི་བདག་པོ་དེ་ལ་འཁོར་བ་ཐོག་མ་མེད་པ་ནས། བྱིས་པའི་སྐྱེ་བོ་རྣམས་ངར་འཛིན་པ་དང་ང་ཡིར་འཛིན་པར་མངོན་པར་ཞེན་པས་བདག་གི་ཁྱད་པར་གྲངས་མེད་པ་རབ་ཏུ་བརྟགས་ཏེ། གསང་བ་པའི་བདག་
པོ་དེ་དག་བདག་གི་ངོ་བོ་ཉིད་ལ་མ་དཔྱད་པར་བདག་གོ་ཞེས་ངར་འཛིན་པ་ཀུན་ནས་སློང་ངོ་། །གཞན་དག་ནི་དུས་ལས་བྱུང་བ་དང་འཛིན་པ་པོས་སྤྲུལ་པ་དང་ངེས་པར་འབྱུང་བ་དང་འདི་ལྟ་སྟེ། དབང་ཕྱུག་དང་། འབྱིན་པ་པོ་དང་། དུས་དང་། གཙོ་བོ་དང་། བྱེད་པ་པོ་དང་། བྱེད་པ་པོ་མ་ཡིན་པ་

དང་། རྣལ་འབྱོར་དང་། ཚད་མ་དང་། དག་པ་དང་། མ་དག་པ་དང་། ནང་གི་བདག་དང་། སྐྱེས་བུ་དང་། ཁྱབ་བདག་དང་། སྲོག་དང་། གང་ཟག་དང་། རྣམ་པར་ཤེས་པ་དང་། ཀུན་གཞི་དང་། ཤེས་པ་པོ་དང་། མཐོང་བ་པོ་དང་། གཟུང་བ་དང་། འཛིན་པ་དང་། ཤེས་པ་དང་། ཤེས་བྱ་དང་།
ཤེས་པར་བྱ་བ་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་མ་ཡིན་པར་རྟོག་སྟེ། གསང་བའི་བདག་པོ་བདག་གི་ཁྱད་པར་དེ་ལྟ་བུ་ལ་སོགས་པ་རྣལ་འབྱོར་པ་དག་གིས་ཐར་པ་འདོད་པས་སྔོན་བརྟགས་པ་ཡིན་ནོ་ཞེས་གསུངས་པ་ལྟ་
བུའོ། །དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དེ་དག་གཉི་ག་ཡང་བྱེ་བྲག་མེད་པར་མཚན་ཉིད་མེད་པར་རྟོགས་པར་བྱེད་པའི་ཕྱིར། གསུམ་པ་མཚན་ཉིད་མེད་པར་ཞེས་བྱ་བ་སྨོས་ཏེ་མཚན་ཉིད་ནི་ཆོས་རྣམས་ཀྱི་རང་གི་ཐུན་མོང་མ་ཡིན་པའི་རང་བཞིན་སྲ་བ་དང་། གྲང་བ་དང་། རིག་
པ་དང་། བེམས་པོ་ལ་སོགས་པ་སོ་སོ་རང་གི་མཚན་ཉིད་མ་ལུས་པའོ། །དེ་མེད་པར་དོན་དམ་པར་རིགས་པའི་མཐུ་མི་ཐེག་པས་ན་མེད་ཅེས་བརྗོད་ཀྱི། རི་བོང་གི་རྭ་ལྟ་བུ་ནི་མ་ཡིན་ཏེ། མ་བརྟགས་ན་ཉམས་དགའ་བའི་ངོ་བོ་སྒྱུ་མ་ཙམ་དུ་དེ་དག་རང་རང་གི་མཚན་ཉིད་དུ་ཡོད་པ་ནི་མངོན་སུམ་དུ་གྱུར་
པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་མེད་པ་དེ་དག་ཀྱང་མཚན་གཞི་ཐ་དད་པ་སྲ་བ་དང་། ཚ་བ་ལ་སོགས་པ་ཐ་དད་པ་ལྟར། རང་རང་གི་ཡོད་པའི་མཚན་ཉིད་ལས་ལོག་པ་ཙམ་དུ་གནས་སོ་སྙམ་དུ་རྟོགས་ལ། དོན་དམ་པ་ནི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། དེ་ལྟར་ནི་མི་བསམ་
པར་སྟོན་པ་བཞི་པ་གཉིས་སུ་མེད་པའི་མཚན་ཉིད་དུ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་སྟོང་པ་ཉིད་དང་ཚོར་བ་ལ་སོགས་པའི་སྟོང་པ་ཉིད་གང་དག་ཡིན་པ་དེ་དག་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་སོ་སོ་མ་ཡིན་ཐ་མི་དད་པར་རྟོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྟོགས་པ་ཞེས་བཞི་
ཆར་གྱི་མཐར་ཆོས་ཐམས་ཅད་ཅེས་བྱ་བ་བསྟན་པ་ནི་རྟོགས་པ་དེ་དག་རེ་རེ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་མ་ལུས་པར་བསྡུས་པའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཅེས་བྱ་བ་སྨོས་པ་ཡང་རྟོགས་པ་དེ་དག་བཞི་ཆར་ཡང་ཁྱད་པར་

ཅན་གྱི་ཡེ་ཤེས་ཀྱི་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་བྱེད་པར་སྟོན་པའོ། །དེ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ། སམ་ནི་རྫོགས་པའི་དོན་སྟོན་པ་སྟེ་ཆོས་ཐམས་ཅད་ཅེས་སྨོས་པས་སོ། །དེ་ནས་ནི་མངོན་དུ་བྱང་ཆུབ་པ་སྟེ་མངོན་དུ་རྟོགས་པར་
བྱེད་ཅེས་བྱ་བའི་དོན་ཏོ། །འདི་སྐད་དུ་བྱང་ཆུབ་སེམས་དཔའ་བསྐལ་པ་མང་པོ་ཞིག་ཏུ་ཀུན་རྫོབ་ཀྱི་དངོས་པོ་རྣམས་ཀྱང་མ་ལུས་པར་པདྨའི་འདབ་མ་ལྟར་མ་འདྲེས་པར་རང་གི་མཚན་ཉིད་དང་། ལས་སམ་རྒྱུ་ལ་སོགས་པར་ཤེས་པ་ལ་གོམས་པར་བྱས་ལ། དེ་དག་གི་རང་བཞིན་སྤྲོས་པ་
དང་བྲལ་བའི་ཆོས་ཉིད་ལ་ཡང་ཡུན་རིང་དུ་གོམས་པར་བྱས་པ་ལ་གོམས་པའི་མཐུ་མཐར་ཐུག་པའི་རྟོགས་པ་འདི་སྐྱེ་བ་ན་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་ཅིག་ཅར་ཉིད་དུ་ཡེ་ཤེས་ཀྱིས་ཡུལ་དུ་བྱས་ནས་ཕན་ཚུན་འགལ་བར་སྣང་བ་དག་མི་འགལ་བར་ཡུལ་དུ་
བྱེད་པ་ནི་ཡུལ་གྱི་རང་བཞིན་དེ་ཉིད་དེ་ལྟར་གནས་པའི་ཕྱིར་ཡང་སྟེ་ཇི་སྐད་དུ། འོ་ན་དེ་ནི་རྟོགས་གྱུར་པས། །དེ་ཡི་རང་བཞིན་མངོན་སུམ་ཕྱིར། །མི་མཁས་རྣམས་ཀྱང་དངོས་རྣམས་ཀྱི། །དངོས་པོ་འདི་འདྲ་ཅི་མི་རྟོགས། །མ་ཡིན་ཐོག་མེད་རྒྱུད་ལྕི་བར། །དངོས་པོར་སྒྲོ་བཏགས་དབང་
བྱས་པས། །དེ་ཕྱིར་སྲོག་ཆགས་ཐམས་ཅད་ཀྱིས། །མངོན་སུམ་རྟོགས་པར་མི་འགྱུར་རོ། །དེ་ལ་སྒྲོ་བཏགས་གཅོད་བྱེད་པ། །ཤེས་རབ་བྱེད་པའི་གཏན་ཚིགས་ཀྱིས། །རྗེས་སུ་དཔོགས་ན་ཤེས་པར་བྱེད། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ། །ཞེས་བྱ་བ་ལས་གླེངས་ཏེ།
ཐོག་མ་མེད་པའི་སྲིད་པར་སྐྱེས་པ་དངོས་པོ་ལ་མངོན་པར་ཞེན་པའི་དུག་གིས་དཀྲུགས་པའི་བློ་ཅན་དག་གིས་མངོན་སུམ་ཙམ་དུ་རྟོགས་པས་རྣམ་པ་རྣམས་ཁོང་དུ་ཆུད་པར་མི་ནུས་ཏེ། འདྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དམིགས་པས་བློ་སྣང་བ་དག་གིས་སྐད་ཅིག་མ་མི་རྟོགས་པ་བཞིན་
ནོ་ཞེས་བཤད་ཅིང་དེ་ལས་ཀྱང་བརྩམས་ཏེ། འདིས་ནི་དངོས་པོ་རྣམས་ཀྱི་སྒྲོ་བཏགས་པའི་རྣམ་པ་དབེན་པ་ནི་སྟོང་པ་ཉིད་ཅེས་བྱ་ན། སྟོང་པ་ཉིད་སྒྲོ་བཏགས་པའི་རྣམ་པས་བསྒྲིབས་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོའི་རང་བཞིན་བཟུང་བཞིན་དུ་བྱིས་པ་རྣམས་ཀྱིས་ངེས་པར་མི་འགྱུར་

ཏེ། དེའི་ཕྱིར་གཟུང་མོད་ཀྱི་ཐ་སྙད་གདགས་སུ་མི་རུང་བའི་ཕྱིར་མ་བཟུང་བ་དང་འདྲ་བ་ཉིད་ཡིན་པས་འདི་ནི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེའི་ཕྱིར་བློའི་འཇུག་པའི་དབང་དུ་བྱས་ཏེ། དོན་དམ་པའི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལས་རྣམ་པར་དབེན་
པ་ཡིན་ཏེ། ས་རབ་ཏུ་དགའ་བ་ལ་སོགས་པའི་མཉམ་པར་གཞག་པའི་ཡེ་ཤེས་ལ་ཀུན་རྫོབ་རྣམས་མི་སྣང་བའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་དེ་ཡང་དོན་དམ་པའི་བདེན་པ་ལས་སོ་རྣམ་པར་དབེན་པ་སྟེ་བྱིས་པ་རྣམས་ཀྱི་ཤེས་པ་ལ་ནི་ཀུན་རྫོབ་འབའ་ཞིག་སྣང་བའི་ཕྱིར་རོ། །ཤེས་
རབ་དང་ཐབས་གཉི་ག་ལ་གོམས་པ་ཕུལ་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་པོ་བྱང་ཆུབ་ལ་བཞུགས་པ་དང་། ཐུབ་པའི་དབང་པོ་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་གྱིས་ནི་གཉི་ག་ལྟར་སྣང་བ་རྣམ་པར་བཏང་སྟེ། བདེན་པ་གཉིས་སུ་དབྱེར་མེད་པར་སྣང་བའི་
དབང་གིས་སྲིད་པ་དང་། ཞི་བ་གཉི་གར་མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་སྟེ། དོན་འདི་ལ་སྦྱར་བའི་ཕྱིར་ནི་འཕགས་པ་ས་བཅུ་པའི་ལེའུ་ལས། ས་མི་གཡོ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དག་པར་བསྐུལ་བའི་དབང་དུ་བྱས་ཏེ། དེ་དག་ས་བདུན་ཤེས་
རབ་ཐབས་ཀྱིས་རབ་སྦྱངས་ཤིང་། །ཤིན་ཏུ་ཚོགས་བསགས་སྨོན་ལམ་ཆེན་པོ་རབ་ཏུ་བཏབ། །མི་ཡི་དམ་པས་བྱིན་རླབས་དགེ་བའི་རྩལ་ལྡན་ཞིང་། །ཡེ་ཤེས་མངོན་འདོད་མཁས་པ་བརྒྱད་པ་ཡོངས་སུ་གནོན། །བསོད་ནམས་ཡེ་ཤེས་ཉེར་བསགས་སྙིང་རྗེ་བྱམས་ལྡན་ཞིང་། །
ཚད་མེད་སེམས་ཀྱི་རྗེས་སོང་མཁའ་དང་འདྲ་བའི་བློ། །དྲང་སྲོང་ཆེན་པོ་ཆོས་ཐོས་རྟོགས་པའི་སྟོབས་ལྡན་པ། །མི་སྐྱེ་བ་ཡི་བཟོད་པ་ཕྲ་ཞིང་ཞི་བ་རབ་ཏུ་ཐོབ། །སྔ་ནས་མ་སྐྱེས་མི་སྐྱེ་མཚན་ཉིད་མེད་པ་དང་། །མ་བྱུང་འཇིག་པ་མེད་ཅིང་རྒྱུ་བ་མེད་པ་དང་། །དངོས་པོ་སྐྱེ་འཇིག་
མེད་ཅིང་དེ་ཉིད་རྟོག་མེད་པ། །ཡིད་དང་སེམས་ཀྱི་རྒྱུ་བ་མེད་ཅིང་ནམ་མཁའ་འདྲ། །དེ་དང་འདི་འདྲའི་བཟོད་ལྡན་སྤྲོས་པ་མེད་གྱུར་པའི། །མཁས་པའི་ཟབ་སྤྱོད་ཞི་བའི་གནས་རབ་ཐོབ་པ་ཡིན། །དགྲ་བཅོམ་རང་རྒྱལ་འགྲོ་བ་ཀུན་གྱིས་ཤེས་པར་དཀའ། །མཚན་མ་སྣ་ཚོགས་

འཛིན་པའི་འདུ་ཤེས་རྣམ་པར་བསལ། །དེ་ལྟར་གནས་པའི་ཡིད་དང་སེམས་ནི་རྟོག་པ་མེད། །དགེ་སློང་འགོག་དང་ལྡན་ལྟར་རྣམ་པར་རྟོག་མི་འཐོབ། །རྨི་ལམ་ཆུས་ཁྱེར་གཉིད་སད་བཞིན་དུ་རྩོལ་དང་བྲལ། །ཚངས་པའི་གནས་ཀྱི་འདོད་པ་ཇི་བཞིན་ཉིད་ཀྱང་མེད། །སྔོན་
གྱི་བྱིན་གྱིས་བརླབས་ཀྱིས་བདེ་གཤེགས་བསྐུལ་བ་མཛད། །འདི་ནི་བདེ་གཤེགས་དབང་བསྐུར་བཟོད་པ་དམ་པ་སྟེ། །ངེད་ཀྱི་ཡེ་ཤེས་སྟོབས་སྤངས་སངས་རྒྱས་ཆོས་ཀྱི་རྣམས། །དེ་དག་ཁྱོད་ལ་མེད་ཀྱིས་དེ་ལ་བརྩོན་འགྲུས་རྩོམས། །ཅི་ཕན་ཁྱོད་ཀྱི་ཉོན་མོངས་འབར་བ་ཀུན་ཞི་ཡང་། །
འཇིག་རྟེན་ཉོན་མོངས་མེས་ཚིག་དེ་དག་མི་ལྟ་འམ། །སེམས་ཅན་ཕྱིར་སྤྱད་པ་ཡི་སྔོན་གྱི་སྨོན་ལམ་སོམས། །འགྲོ་བ་མཐར་གྱུར་ཡེ་ཤེས་དོན་ཞུགས་ཤེས་རབ་ཀྱིས། །ཆོས་ཉིད་དེ་བཞིན་ཉིད་འདི་མི་རྟོག་རྟག་ཏུ་འདུག །ས་འདི་རྒྱལ་བ་ཉན་ཐོས་རང་རྒྱལ་ཀུན་གྱིས་ཏེ། །འདིས་ནི་འཇིག་
རྟེན་དག་ཏུ་སྟོབས་བཅུ་མི་བརྗོད་དོ། །གཞན་དུ་ཡེ་ཤེས་ཡངས་པ་དུས་གསུམ་ཚད་ཀྱིས་བརྗོད། །དེ་ལྟར་དེ་ལ་མཚུངས་མེད་ལྷ་དང་མིས་མཆོད་པ། །ཡེ་ཤེས་སྒོ་མོ་རྣམ་མང་ཉེ་བར་བསྒྲུབ་པར་མཛད། །རྒྱལ་བའི་ཆོས་སྒྲུབ་ཕ་རོལ་མཐའ་ཡས་ཞུགས་མཛད་པ། །དེ་ལ་སྔོན་གྱི་བྱང་ཆུབ་སྤྱོད་པ་
ཆར་མི་འགྲོ། །ཁྱུ་མཆོག་འདི་དག་ཡེ་ཤེས་ས་མཆོག་འདི་ཐོབ་ནས། །ཕྱོགས་རྣམས་ཀུན་ཏུ་སྐད་ཅིག་གཅིག་གིས་རྒྱས་འགེངས་པ། །ཡེ་ཤེས་ཤུགས་དང་ལྡན་ཞིང་མངོན་ཤེས་མཆོག་ཐོབ་པས། །རྒྱ་མཚོ་ཆེར་ཕྱིན་གྲུ་ཆེན་རླུང་གིས་ཁྱེར་བ་བཞིན། །ཆེད་དུ་བསྐྱོད་སེམས་བྲལ་ཞིང་ཡེ་ཤེས་
ལས་ལ་གནས། །ཞིང་རྣམས་འབྱུང་ཞིང་གནས་པ་རྣམ་པར་སྤྱོད་པར་བྱེད། །ཁམས་རྣམས་བཞི་པོ་ཁ་དོག་ཐ་དད་ཡངས་པ་དང་། །ཕྲ་ཞིང་ཆེ་དང་རྣམ་པར་ཆེ་ལ་ཡང་དག་འཇུག །སྟོང་གསུམ་ཤིན་ཏུ་རྡུལ་ཕྲ་ཀུན་ལ་འཇུག་བྱེད་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་གང་
དག་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་ལ་སྣང་བ་དང་བཅས་པའི་ཡེ་ཤེས་མི་འདོད་ཅིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཞིག་འདོད་པ་ཡང་ཇི་ལྟར་རྣལ་འབྱོར་སྤྱོད་པ་པ་རྣམ་པ་མེད་པར་སྨྲ་བ་རྣམས་ཀྱིས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང་། །དོན་མེད་ཁོང་དུ་ཆུད་

པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་བྱ་བ་དང་། དོན་ནི་དོན་དུ་གྲུབ་གྱུར་ན། །མི་རྟོག་ཡེ་ཤེས་མེད་པར་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་རིགས་པ་མ་ཡིན་ནོ། །ཞེས་བསྟན་པ་དང་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་དོན་
དམ་པའི་བདེན་པ་རབ་ཏུ་ཞི་བ་དེ་ཐུགས་རྗེ་ཆེན་པོས་ཆེད་དུ་མངོན་སུམ་དུ་མི་མཛད་ཀྱི། བདེན་པ་གཉིས་སུ་དབྱེར་མེད་ཅིང་ཕ་རོལ་གྱི་དོན་དང་རྣམ་པར་ཤེས་པ་གཉིས་གང་དུ་ཡང་རྟག་ཏུ་མེད་མོད་ཀྱི། ཆོས་ཀྱི་དབྱིངས་ཀྱི་མཐུ་རླབས་སྣ་ཚོགས་སུ་སྣང་བའི་རྣམ་པར་རི་མོར་བྲིས་པ་ལྟ་བུ་
རྣམ་པ་མ་ལུས་པ་གསལ་བར་གྱུར་པས་བཞུགས་པར་ངེས་སོ། །གང་ཡང་། ས་ལ་གཟུགས་རྣམས་ཡོད་པ་དང་། །ལྷ་ཡུལ་གནས་པའི་ཁྱིམ་རྣམས་ནི། །རྣམ་པ་སྣ་ཚོགས་གང་སྣང་བ། །དེ་དག་ཀུན་གཞི་སྣང་བ་ཡིན། །ཀུན་གཞི་ཀུན་དུ་ལག་པ་སྟེ། །ཀུན་དུ་ཁ་མིག་མགོ་བོ་ཡང་། །
ཅིག་ཅར་རམ་ནི་རིམ་གྱིས་ནི། །ས་རྣམས་ཁྱབ་པར་རབ་ཏུ་གནས། །བྱིས་པ་རྣམ་པར་མྱོས་བྱེད་དེ། །རང་གི་སྙིང་ལ་གང་གནས་པ། །དེ་ནི་དེ་ལ་གཉིས་ཚུལ་དུ། །ལུས་ཀུན་བཀང་སྟེ་རབ་ཏུ་གནས། །ཞེས་བསྟན་ཏེ། དེ་ནས་ཡང་ཀུན་གཞི་ཞེས་བརྡར་བཏགས་པ་གང་ཡིན་པ་དེ་ནི་
བྱིས་པ་རྣམས་ལ་ཆོས་ཀྱི་དབྱིངས་དེ་ཉིད་དེ་སྐད་ཅེས་བྱ་བའི་མིང་དུ་བཏགས་ཏེ་བསྟན་ཏོ་ཞེས་སྟོན་པར་མཛད་པ་ནི། སྟོང་མིན་དངོས་པོ་གང་ཡང་མེད། །ཐོ་བས་རྫ་མ་ཇི་བཞིན་དུ། །དངོས་པོ་གང་ལ་གཞོམ་བྱ་བའི། །དངོས་པོ་དངོས་སུ་ཡོད་མ་ཡིན། །དེ་སྟེ་སྟོང་པའི་དངོས་ཡོད་
ན། །འཇིག་བྱེད་མ་ཡིན་གཞིག་པར་འགྱུར། །གཞིག་བྱ་གཞིག་པར་བྱེད་པ་དག །དེ་ནི་རྣམ་པར་རྟོག་པས་བརྟགས། །ཞེས་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། དང་པོ་བདག་ཏུ་སྨྲ་བ་དང་ཕྱི་རོལ་གྱི་དོན་དུ་སྨྲ་བ་སུན་ཕྱུང་སྟེ། ཤེས་བྱ་ནང་གི་ཡིན་པ་ཉིད་
དུ་བསྒྲུབ་པར་མཛད་ནས། དེ་ནས་ཡང་སླར། དེ་ནི་ཇི་བཞིན་དེར་ནི་སྣང་། །ཇི་ལྟར་སྣང་སྟེ་དེ་བཞིན་མིན། །རྣམ་ཤེས་བདག་མིན་ཚུལ་ཡིན་པས། །རྣམ་ཤེས་མིན་པའི་གཞི་གཞན་སྣང་། །དཔེར་ན་ཁབ་ལེན་མཐོང་བ་ན། །ལྕགས་ནི་མྱུར་དུ་ཡོངས་སུ་འགུལ། །འདི་ལ་སེམས་པ་ཡོད་མིན་ན། །

སེམས་དང་བཅས་པ་བཞིན་དུ་སྣང་། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། །སེམས་མེད་སེམས་དང་བཅས་པ་བཞིན། །འགྲོ་དང་འོང་བས་རྣམ་གཡོ་ཞིང་། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །དཔེར་ན་རྒྱ་མཚོའི་ཐ་མ་ལས། །ངེས་པར་རླབས་ནི་རྣམ་པར་གཡོ། །དེ་བཞིན་
ཀུན་གཞི་རྣམ་པར་ཤེས། །ལུས་ལ་བརྟེན་ཏེ་གཡོ་བར་བྱེད། །ཅེས་བསྟན་ཅིང་། དཔེར་ན་བུ་རམ་མངར་བ་དང་། །མེ་ནི་ཚ་བའི་རང་བཞིན་ཏེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ནི། །སྟོང་པའི་རང་བཞིན་གཅིག་ཏུ་འདོད། །ཅེས་གསུངས་པས། སྣ་ཚོགས་ཆོས་ཀྱི་དབྱིངས་དེ་ཉིད་
སྣང་བ་དང་བདེན་པ་གཉིས་དབྱེར་མེད་པར་བསྟན་ཏོ། །ས་རབ་ཏུ་དགའ་བ་ལ་སོགས་པར་ནི་དེ་དག་གཅིག་མངོན་དུ་བྱས་པ་ན་གཅིག་མི་སྣང་བས་ན་ཕན་ཚུན་བཟློག་པའི་ངོ་བོར་གནས་ཤིང་། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་དེ་དག་དབྱེར་མེད་པར་མོས་པ་ཙམ་ཞིག་བྱེད་པ་ནི་སྔར། དེར་སྣང་གཟུགས་ལ་
སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང་། །ཞེས་གསུངས་པར་གསལ་པོར་བསྟན་པ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་ངེས་པར་འཛིན་པ་དང་
ཞེས་བསྟན་པས་སོ། །ལུགས་ལས་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པའི་ངག་གཅིག་པོ་འདི་ནི་མཚན་ཉིད་རྣམ་པ་བཞི་ཆར་ལ་ཡང་སྦྱར་བར་བྱའོ། །སྦྱིན་པ་ལ་སོགས་པའི་ཡེ་ཤེས་ཞེས་བྱ་བ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་རབ་ཏུ་བསྡུ་བ་མངོན་པར་
རྟོགས་པའི་རིམ་པ་སྨོས་པ་ཡིན་མོད་ཀྱི། དེའི་ནང་ནས་ཀྱང་སྦྱིན་པ་ལ་སོགས་པ་རྣམ་པ་བཅུ་གསུམ་ལས་གང་ཡང་རུང་བ་ཅིག་སྐད་ཅིག་ལ་དམིགས་པས་བཤད་པ་དང་འཆད་པར་འགྱུར་བའི་དོན་མ་ལུས་པ་སྐད་ཅིག་མ་གཅིག་ལ་དམིགས་པར་ནུས་ཏེ། དེའི་རྒྱུ་མཚན་བསྟན་པའི་ཕྱིར།
དངོས་པོ་སོ་སོར་ངེས་པར་འཛིན་པ་དང་བྲལ་བ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གཅིག་ཏུ་གོམས་པས་སོ། །དེའི་ཕྱིར་སོ་སོར་འཛིན་པ་ལས་གོ་བཟློག་པའི་ངོ་བོས་ནི་མང་པོ་གཅིག་ཏུ་བསྡུས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཟོ་བའི་དུམ་བུའི་དཔེས་གཅིག་གིས་ཀྱང་མང་པོ་སྡུད་ནུས་པས་ན། སྦྱིན་

པ་ལ་སོགས་པ་རེ་རེས་ཀྱང་སྦྱིན་པ་ལ་སོགས་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་བསྡུས་པའི་ཕྱིར་ཞེས་ཚིག་རྣམ་པར་སྦྱར་རོ། །སྔོན་གྱི་སྨོན་ལམ་གྱིས་འཕེན་པ་དང་ཞེས་བྱ་བ་ནི། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྟོགས་
པར་གྱུར་ཅིག་ཅེས་བྱ་བ་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པ་རྒྱུན་དུ་བཏོན་པའི་དབང་གིས་ཏེ། དེ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། །བཟང་པོ་སྤྱོད་ལམ་ཇི་ལྟ་བ། །བྱང་ཆུབ་སེམས་ལ་གཞོལ་བ་ཡིས། །བློ་
གྲོས་གཡོ་བ་མེད་པར་བྱ། །ཞེས་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་མཐུ་ནི་ཐམས་ཅད་དེའི་རང་བཞིན་ཡིན་པས་གཅིག་པ་དང་ཐ་དད་པ་ཉིད་མེད་པས་ཡང་དག་པར་ན་གཅིག་གིས་དུ་མ་བསྡུས་པ་ཉིད་ཀྱང་མ་ཡིན་པས་ངོ་མཚར་ཅི་ཞིག་ཆེ་ཞེས་བྱའོ། །ཚིག་ལྷག་མ་རྣམས་ནི་
གོ་སླ་བས་རྣམ་པར་མ་ཕྱེའོ། །སྐབས་བདུན་པའི་འགྲེལ་བཤད་རྫོགས་སོ།། །།དེ་ལྟར་སྐབས་བདུན་པོ་དེ་དག་གི་རྒྱུའི་གནས་སྐབས་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་སྐབས་བརྒྱད་པ་འབྲས་བུའི་བདག་ཉིད་བསྟན་པར་བྱ་བའི་ཕྱིར་སྐད་ཅིག་མ་གཅིག་པའི་
མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམ་པའི་སྐད་ཅིག་མ་གཉིས་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པ་བཞི་ཡིན་པས་ཞེས་བྱ་བ་ནི་ངོ་བོ་ཉིད་དང་། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་རྣམས་སོ། །ཁ་ཅིག་ན་རེ་སློབ་དཔོན་གྱི་ཞལ་སྔ་ནས་ནི་
གཞུང་གཞན་དུ་སྐུ་གསུམ་དུ་བསྟན་པས་དེ་ལྟར་བཞེད་མོད་ཀྱི། འདི་ནི་མཁན་པོ་ཡང་དག་རྣམ་པར་སྣང་མཛད་ཀྱི། །གདམས་ངག་གཙོ་བོར་མཛད་པས་ན། །དེ་ཡི་བཞེད་པ་བཀོད་པའོ། །ཞེས་ཟེར་ཏེ། འོག་ནས་སྐུའི་གྲངས་ངེས་པར་ཐ་དད་པ་བསྟན་པའི་ལུགས་གང་ཡང་སུན་མ་
ཕྱུང་བས་ན། དེ་ལྟར་ངེས་པ་ནི་ཅི་ཡང་མེད་དེ། སློབ་དཔོན་གྱི་ཞལ་སྔ་ནས་ནི་སྐུ་དུར་བཞག་ཀྱང་། ཉེས་པ་མེད་པར་བཞེད་པར་གསལ་ལོ། །དང་པོ་ཞེས་བྱ་བ་ནི་གྲངས་ཀྱི་དང་པོའམ། ཡང་ན་མཆོག་གི་དོན་གྱི་དངོས་པོ་སྟེ། སྔར་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆེ་བའི་

བདག་ཉིད་བསྟན་པའི་སྐབས་སུ་བསྟན་པའི་ཚུལ་གྱིས་སོ། །ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་འདི་ནི་ངོ་བོ་ཉིད་ཀྱང་ཡིན་ལ་སྐུ་ཡང་ཡིན་པས་ན་ངོ་བོ་ཉིད་ཀྱི་སྐུ་ཞེས་གཞི་མཐུན་པའི་བསྡུ་བའོ། །དེ་ལ་ངོ་བོ་ཉིད་ནི་ཆོས་ཅན་ཁྱད་པར་ཅན་རྣམས་ཀྱི་ཆོས་ཉིད་ཁྱད་པར་
ཅན་གང་ཡིན་པ་དེ་འདིར་ངོ་བོ་ཉིད་ཅེས་བྱའོ། །ཆོས་ཅན་ཁྱད་པར་ཅན་རྣམས་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །དེ་དག་གི་ཆོས་ཉིད་ཁྱད་པར་ཅན་གང་ཡིན་པ་ནི་དོན་དམ་པའི་བདེན་པ་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་
ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྟེ། དེའི་ཕྱིར་དེ་བཞིན་ཉིད་རྣམ་པར་དག་པ་དང་རྣམ་པར་དག་པ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ཅན་གྱི་དབང་གིས་རྣམ་པར་གཞག་པ་མ་ཡིན་པ་གཞན་གྱིས་ནི་ཅུང་ཟད་ཀྱང་རྣམ་པར་གཞག་པ་ནུས་པ་མ་ཡིན་ལ། ཆོས་ཅན་དང་། དེའི་ཆོས་ཉིད་ཀྱང་
དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའོ་ཞེས་སྔར་བསྟན་ཏོ། །དེ་དག་གི་རང་བཞིན་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་དེ་དག་གི་རང་བཞིན་ནི་ངོ་བོ་ཉིད་དེ་ཞེས་བྱ་བའོ། །མཚན་ཉིད་ཅན་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་འདི་ཡིན་ཏེ་ཞེས་བྱ་སྟེ། མཚན་ཉིད་
ཅེས་བྱ་བ་ནི་རང་བཞིན་དེའི་ཐ་དད་པ་མ་ཡིན་པའི་ཆོས་ཀྱི་ཁྱད་པར་འགའ་ཞིག་ལ་བློས་ཐ་དད་པར་གཟུང་བའི་ངོ་བོ་ཉིད་ལ་བྱ་བའི་ཕྱིར་ལ་འདིར་ནི་ཐ་དད་པ་མ་ཡིན་པའི་ཆོས་ཀྱི་མཚན་ཉིད་དེ་ཡང་སྐྱེ་བ་མེད་པ་ཉིད་ལ་འདོད་དེ། དེས་ན་རང་བཞིན་དང་དེའི་མཚན་ཉིད་སྐྱེ་བ་མེད་པ་སྟེ། དེ་ལས་
གཞན་མ་ཡིན་པ་བློས་མཚོན་པར་བྱ་བ་དང་། མཚོན་པར་བྱེད་པ་ཙམ་དུ་བཏགས་པའོ། །བཅོས་མ་མ་ཡིན་པའི་དོན་གྱིས་ཞེས་བྱ་བ་ལ། ངོ་བོ་ཉིད་དང་ལྷན་ཅིག་སྐྱེས་པ་དང་། མ་བཅོས་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཏེ། དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་ལྟར་
ཡིན་གྱི་སུས་ཀྱང་བྱས་པ་མ་ཡིན་པས་ཞེས་བསྟན་ཏེ། གསུམ་པ་འདི་ནི་གཏན་ཚིགས་སུ་བལྟ་བར་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ཀྱི་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་སོགས་པའི་མཉམ་པར་གཞག་པའི་ཤེས་པ་སེམས་རྒྱུ་བ་མེད་པ་ནི་དེ་ཐོབ་པ་སྟེ་དེ་དང་

དབྱེར་མེད་པར་འགྱུར་བའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པ་ཡང་དེའི་འཕེན་པ་དང་མ་བྲལ་བས་ན་ཐོབ་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པ་ཉིད་བསྟན་པ་ནི་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་རྟོགས་པས་ཐོབ་པ་ཡིན་ནོ་ཞེས་སྨོས་ཏེ། རྣམ་པར་
ཤེས་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་རྣམས་སོ། །དེ་ཉིད་དོན་དམ་པར་མེད་དུ་ཟིན་ཀྱང་ཀུན་རྫོབ་ཙམ་དུ་དོན་བྱེད་པ་མི་འདོར་བས་ན་སྒྱུ་མ་ལྟ་བུས་ཞེས་བྱ་བ་སྨོས་སོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་
ཡོད་མ་ཡིན་ཏེ། །ཞེས་གསུངས་པས་སོ། །ཐོབ་པ་ནི་སྔ་མ་བཞིན་ནོ། །གཞན་ཡང་ངོ་བོ་ཉིད་ཀྱི་སྐུ་ཐོབ་པ་ནི། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་པས་བྲལ་བའི་སྒོ་ནས་ཐོབ་པ་རྣམ་པར་ངེས་པར་བཞག་སྟེ། ནད་མེད་པ་ཐོབ་པ་
ལྟ་བུའི་དཔེས་སོ། །ཆོས་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཐོབ་པར་རྣམ་པར་གཞག་པ་སྟེ། འདི་ནི་དེ་ཙམ་གྱི་ངེས་པར་གཞག་པར་བྱ་བ་ལས་རྣམ་པ་གཞན་དུ་མི་ནུས་པས་སོ། །འདི་རྣལ་འབྱོར་གྱི་མངོན་སུམ་དུ་བསྒྲུབ་པའི་ཚུལ་ཡང་དེ་ཉིད་
ཡིན་པར་ཟད་དོ། །ཆོས་ཅན་ཀུན་རྫོབ་མཁྱེན་པ་རྣམས་ནི་རང་རིག་པའི་མངོན་སུམ་གྱིས་རྣམ་པར་གཞག་གོ། །དེ་ཉིད་ཀྱང་རྗེས་སུ་དཔག་པ་དང་ད་ལྟར་བས་རྣམ་པར་གཞག་ཅིང་དེ་ཡང་ད་ལྟར་བའི་མངོན་སུམ་ལས་འབྲེལ་པ་ཐོབ་པའོ། །དེ་དག་གི་རིམ་པར་འབྲེལ་པ་ནི་རྒྱུ་རྣམས་
བྱ་བ་བྱེད་པའི་རིགས་པ་ཉིད་ཡིན་པའི་ཕྱིར་དང་། འབྲས་བུ་རྣམས་ལྟོས་པའི་རིགས་པ་ཡིན་པའི་ཕྱིར་རོ། །དེ་དག་གི་ངོ་བོ་ཉིད་ལ་ཐེ་ཚོམ་ཟ་བ་ནི་ཆོས་ཉིད་ཀྱི་རིགས་པས་སེལ་བར་བྱེད་དེ། དེས་ན་སངས་རྒྱས་ཀྱི་ས་ལ་ངེས་པར་འབྱེད་པའི་ཚུལ་ནི་རིགས་པ་བཞི་ཆར་གྱིས་བསྒྲུབ་པར་བྱའོ་
ཞེས་བྱ་བར་གནས་སོ། །གཞན་དག་ནི་འདི་ནི་ལུང་གིས་བསྒྲུབ་པ་ཡིན་གྱི་རིགས་པའི་ལམ་གྱིས་བསྒྲུབ་པར་མི་བྱའོ་ཞེས་ཟེར་ཏེ་དེ་དག་གིས་ཀྱང་ལེགས་པར་སྨྲས་སོ། །ཁ་ཅིག་ནི་དེ་མི་འདོད་དེ། ལུང་ནི་རྗེས་སུ་དཔག་པའི་ཚད་མར་འདུས་པའི་ཕྱིར་ལུང་འབའ་ཞིག་གིས་ཇི་ལྟར་ཚེགས་

མེད་པར་འཇུག་པར་བྱ་ཞེས་ཟེར་རོ། །ཡང་དག་པའི་ཀུན་རྫོབ་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་རྗེས་ལས་ཐོབ་པའི་སྣང་བ་ཉིད་ཡིན་གྱི་གཙུག་ལག་ཁ་ཅིག་ལ་བྱིས་པ་རྣམས་ཀྱི་ཐུན་མོང་གི་ཐ་སྙད་ལ་བསྟན་པ་ནི་འདིར་མི་བཟུང་ངོ་། །སྣང་བ་ཞེས་བྱ་བ་ནི་
སྣང་བ་ཙམ་ཡིན་གྱི་དེ་དག་དངོས་པོར་གྲུབ་པའི་མཐུ་ཅན་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོའི་ཞེས་སྨོས་ཏེ། ཀུན་རྫོབ་ནི་དངོས་པོ་ཉིད་དུ་གཞག་པ་མེད་དོ་ཞེས་སྔར་བསྟན་པའི་ཚུལ་གྱིས་ཏེ། དངོས་པོ་ཞེས་བྱ་བ་ཡང་རིགས་པ་དང་ལྡན་པར་
དོན་བྱེད་པར་ནུས་པའི་རང་བཞིན་ཡིན་ན། གང་དག་ཀུན་རྫོབ་པ་དེ་དག་ནི་རིགས་པའི་སྦུངས་མི་བཟོད་པས་ན་དེ་ལྟར་ག་ལ་ཞིག་འགྱུར། དེའི་ཕྱིར་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་འཁྲུལ་པའི་དྲི་མ་མཐའ་དག་མ་ལུས་པར་སྤངས་པ་ལས་ལུས་དང་ངག་གི་བཀོད་པ་སེམས་ཅན་དང་
སེམས་ཅན་མ་ཡིན་པས་བསྡུས་པ་ཇི་སྙེད་ཅིག་སྣང་བ་དེ་དག་ནི་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་དེ་ཉིད་གདུལ་བྱ་རྣམས་ལ་རང་རང་གི་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ཉིད་དུ་སྣང་བའོ། །གདུལ་བྱ་དེ་དག་ཀྱང་གང་ཞེ་ན། སངས་རྒྱས་རྣམས་ནི་དང་པོ་སྟེ་དེ་དག་ལ་ནི་ཆོས་ཀྱི་སྐུ་གཉིས་
པ་ཕན་ཚུན་དུ་སྣང་ངོ་། །དོན་དམ་པའི་སྐུ་དང་པོ་འདི་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡང་ཡུལ་མ་ཡིན་ཏེ། དེ་ནི་ཡུལ་གྱི་རང་བཞིན་གང་དུ་ཡང་མ་གྱུར་པས་སོ། །ཆོས་ཀྱི་སྐུ་སྟེ་གཉིས་པ་ནི་དེ་དག་གི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་དག་ལ་
ལྷུན་གྱིས་གྲུབ་པར་སྣང་སྟེ། དེ་ལ་ཡང་ཐ་དད་པའི་རྟོག་པ་མི་འབྱུང་བའོ། །གདུལ་བྱ་གཉིས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་དག་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྣང་སྟེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་འབའ་ཞིག་ལ་དེར་སྣང་ངོ་། །གཞན་དག་ནི་ས་བརྒྱད་
པ་ནས་བཟུང་སྟེ། དེ་སྣང་བར་སྨྲ་ལ། ཡང་གཞན་དག་ནི་སྨོན་ལམ་དང་བསོད་ནམས་ཆེར་བསགས་པའི་མཐུ་ལས་ཐམས་ཅད་ལ་ཡང་སྣང་མོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཆ་ལུགས་ལ་མངོན་པར་ཞེན་པའི་རིགས་ཅན་དེ་དག་འབའ་ཞིག་ལ་སྣང་བར་མི་འགྱུར་ཏེ། དེའི་ཕྱིར་འཕགས་

པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པའི་མདོ་ལས། དེའི་འཁོར་དུ་ལྷ་དང་ཀླུ་དང་གནོད་སྦྱིན་དང་མི་འམ་ཅི་ལ་སོགས་པ་བསྟན་པ་མཛད་དོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་དེ་དག་གིས་ནི་སྤྲུལ་པའི་སྐུ་ཉིད་ལ་ལོངས་སྤྱོད་རྫོགས་པའོ་ཞེས་མཐོང་བ་བརྩན་པར་བྱས་པའོ། །གདུལ་
བྱ་དམན་པ་ནི་ཉན་ཐོས་ལ་སོགས་པ་སྟེ། དེ་དག་གི་ཡུལ་དུ་ནི་སྤྲུལ་པའི་སྐུ་འབའ་ཞིག་སྣང་ངོ་། །སོགས་པ་ཞེས་བྱ་བ་ནི་མ་ངེས་པ་འབྲས་བུ་གང་ལ་ཡང་མ་ཞུགས་པ་དག་ལའོ། །དེ་ཡང་དྲོ་བར་གྱུར་པ་ཐོབ་པ་ན་ནི་སྤྲུལ་པའི་སྐུ་རྟག་པར་མཐོང་བ་སྟེ། སངས་རྒྱས་ལ་སོགས་པ་
མཐོང་བ་དང་ཞེས་བསྟན་པས་སོ། །དྲོད་ལ་སོགས་པ་མ་ཐོབ་ཀྱང་དེ་ལན་འགའ་ཞིག་མཐོང་བ་ནི་མི་དགག་གོ། །ས་རབ་ཏུ་དགའ་བ་ལ་སོགས་པར་ནི་ཆོས་ཅན་ཐམས་ཅད་མཐོང་བ་ལས་ངོ་བོ་ཉིད་ཀྱི་སྐུ་མཐོང་བར་མོས་པར་བྱེད་དེ། དེར་སྣང་གཟུགས་ལ་སོགས་པ་ལ། །སངས་
རྒྱས་ཉིད་དུ་ངེས་འཛིན་དང་། །ཞེས་བསྟན་པས་སོ། །ཐ་མི་དད་ཀྱང་ཞེས་བྱ་བ་ནི་རང་གི་རང་བཞིན་གྱི་དབང་དུ་བྱས་ཏེའོ། །ཐ་དད་པར་རྣམ་པར་གཞག་གོ་ཞེས་བྱ་བ་ནི་དེའི་མཐུའི་བྱེ་བྲག་གིས་ཐ་དད་པ་ལྟར་སྣང་བའི་དབང་གིས་སོ། །དེའི་ཕྱིར་བྱིས་པ་རྣམས་ལ་འགལ་བར་སྣང་བ་ཇི་
སྙེད་ཅིག་འགལ་བ་ལྟ་བུར་གནས་ཀྱང་འགལ་བ་མེད་པ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ཕྱིར་སུན་དབྱུང་བར་ནུས་པ་མ་ཡིན་པས། གང་དུ་ཡང་བདེན་པ་གཉིས་ཕན་ཚུན་འགལ་བས་གཅིག་གིས་གཅིག་སུན་དབྱུང་བར་ནི་མི་བྱའོ། །རང་གི་རྟོག་པས་གཉི་ག་ལས་
འགལ་བར་མི་བྱའོ། །དེའི་ཕྱིར་འདིར་བྱིས་པའི་གནས་སྐབས་ན་ནི་ཡོངས་སུ་མ་དག་པའི་ཆོས་ཀྱི་དབྱིངས་དེ་སྣ་ཚོགས་སུ་རྣམ་པར་རྟོག་པ་ལ་མེད་བཞིན་དུ་སྣང་ལ། སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་ལ་ནི་ཡོངས་སུ་དག་པའི་དེ་བཞིན་ཉིད་དེ་ཉིད་སྣ་ཚོགས་སུ་སྣང་བའོ། །
དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་ཆེན་གཞིར་གྱུར་པ། །དངོས་མེད་དངོས་པོ་ཡོད་པ་མ་ཡིན་མཁའ་ལྟར་རོ་གཅིག་རྟོགས་པར་དཀའ་བའི་རང་བཞིན་ཅན། །

སྤྲོས་པ་མེད་ཅིང་མི་འགྱུར་ཞི་ལ་མི་མཉམ་མཉམ་པའི་ཁྱབ་པ་ཅན་དེ་སྤྲོས་མེད་པ། །སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། །ཞེས་བསྟོད་པ་མཛད་དེ། གཞན་ལས་ཀྱང་འདིའི་མཚན་ཉིད་བསྟན་པ། གསང་བ་པའི་བདག་པོ་ཆོས་
ཀྱི་དབྱིངས་རྣམ་པར་མི་རྟོག་པ་ཇི་ལྟར་དགོས་པ་ཐམས་ཅད་མངོན་པར་བསྒྲུབ་ཅེ་ན། གསང་བ་པའི་བདག་པོ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་ནི་སེམས་ཅན་ཡང་མ་ཡིན། སྲོག་ཀྱང་མ་ཡིན། ཤེད་ལས་སྐྱེས་པ་ཡང་མ་ཡིན། བྱེད་པ་པོ་ཡང་མ་ཡིན། ཚོར་བ་པོ་ཡང་མ་ཡིན།
གཟུང་བ་ཡང་མ་ཡིན། འཛིན་པ་ཡང་མ་ཡིན་ཞིང་། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད་དེ་འདི་ལ་ནི་དོགས་པ་མེད་དོ། །དེ་བཞིན་རྣམ་པར་མི་རྟོག་པའི། །ཐམས་
ཅད་མཁྱེན་པ་གནས་མེད་འདི། །འགྲོ་བ་རྣམས་ཀྱི་ཕྱི་དང་ནང་། །ཐམས་ཅད་ངེས་པ་ཉིད་དུ་སྒྲུབ། །ཅེས་གསུངས་སོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་སྐུ་བཞིར་གཞག་པའི་ཚེ་ན། ཆོས་ཅན་གྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། སྔར་ཇི་སྐད་དུ་བསྟན་པའི་ངོ་བོ་ཉིད་ཀྱི་ཆོས་ཅན་ནི་འདི་མིན་པའི་ཕྱིར་རོ། །གང་
གི་ཚེ་སྐུ་གསུམ་དུ་བསྟན་པ་དེའི་ཚེ་ནི་ཆོས་ཉིད་ཀྱི་སྐུ་ཞེས་བསྡུས་པ་ལ་བཏགས་པ་སྟེ། ཆོས་ཉིད་ནི་ཆོས་ཅན་ལས་ཐ་དད་པར་བཞག་པར་མི་ནུས་པས་སོ། །སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་སྔར་བསྟན་པ་ཉིད་དོ། །ད་ནི་སྤྲོས་པ་མེད་པ་ཡང་རྣམ་པ་དུ་མར་གནས་པར་བསྟན་པའི་
ཕྱིར། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ངོ་བོ་ཞེས་བྱ་བ་སྨོས་ཏེ། སོགས་པ་ཞེས་བྱ་བ་ནི་ཚད་མེད་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་བརྒྱ་བཞི་བཅུ་རྩ་བཞི་པོ་རྣམས་སོ། །གལ་ཏེ་དེ་ལྟར་རྣམ་པ་དེ་སྙེད་ཅིག་ཡོད་ན་ཇི་ལྟར་ན་སྤྲོས་པ་མེད་པའི་ཡེ་ཤེས་ཞེས་བྱ་ཞེ་ན། ཟག་པ་མེད་
པ་ཞེས་བྱ་བ་སྨོས་ཏེ། ཟག་པ་ཞེས་བྱ་བ་ཡང་ཁ་ཅིག་ཏུ་ནི་ཉོན་མོངས་པ་ལ་བྱ་བར་ཡང་མཐོང་སྟེ། ཟག་པ་ཟད་པ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་འདིར་བཟུང་སྟེ། ཉོན་མོངས་པ་ཆེད་དུ་མ་སྤངས་པ་བག་ལ་ཉལ་བའི་ཚུལ་ལྟ་བུར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཡོད་པ་ཅུང་

ཟད་པ་དེ་སངས་རྒྱས་ཀྱི་ས་ལ་ཟད་པར་བྱས་པས་སོ། །ཁ་ཅིག་ཏུ་ནི་ཟག་པ་ཞེས་བྱ་བ་རྣམ་པར་རྟོག་པ་ལ་བྱ་བར་མཐོང་སྟེ། ཟག་པའི་དབང་གིས་དེའི་ཉོན་མོངས་པ་རྣམས་སྐྱེ་བ་ནི་ཞེས་བསྟན་པ་ལྟ་བུའོ། །འདིར་ནི་ཕྱོགས་ཕྱི་མ་འདི་གཙོ་བོར་བཟུང་སྟེ། རྣམ་པ་དེ་སྙེད་དུ་ཟིན་ཀྱང་དེ་ལ་རྟོག་
པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པས་ན་ཟག་པ་མེད་པའོ། །ཡང་ན་བསྐལ་པ་གྲངས་མེད་པ་དུ་མ་ཞིག་གི་བར་དུ་དངོས་པོ་རྣམས་ལ་དོན་དམ་པར་འཛིན་པས་བདེན་པར་འཛིན་པ་སྤང་བ་ལ་རབ་ཏུ་གོམས་པར་མཛད་པས་སྣང་བ་རྣམས་སྒྱུ་མ་ཙམ་དུ་ཡོངས་སུ་མཁྱེན་པའི་ཕྱིར་སྒྱུ་མ་ལྟ་བུའི་
རྣམ་པར་རྟོག་པ་མངའ་ཡང་འདི་ལ་ཉེས་པ་མེད་དེ། དོན་འདི་ཉིད་ཐུགས་ལ་བཞག་ནས། སེམས་ཅན་གྱི་ནི་དོན་མཛད་ཐབས། །རྣམ་རྟོག་ཡེ་ཤེས་མངའ་བ་ན། །དེ་ཡིས་ཀུན་མཁྱེན་རྩོམ་པ་ནི། །དེ་དོན་ཡིན་ཕྱིར་ཉེས་པ་མེད། །ཅེས་བསྟན་ཅིང་ཡང་། བདེན་པར་འཛིན་པའི་
དབང་གིས་སྐྱོན། །ཆགས་དང་ཞེ་སྡང་ལ་སོགས་པ། །དགྲ་རྣམས་རང་བྱུང་དེ་ལོག་ན། །དེ་རྣམས་འབྱུང་བར་ག་ལ་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་རང་གི་རྣམ་པར་རྟོག་པ་བདེན་པར་འཛིན་པ་ཉིད་བཅོམ་པ་ལ་གཅིག་ཏུ་འབད་པར་བྱའི། སྒྱུ་མ་ལ་སོགས་པ་ལྟར་གནས་
པའི་ཐ་སྙད་རྣམས་ཀྱིས་ནི་ཤིན་ཏུ་འཇིགས་པར་མི་བྱ་སྟེ། དོན་འདི་ལས་དགོངས་ནས་འཕགས་པ་ལང་ཀར་གཤེགས་པ་ལས། འཆིང་བའི་རྒྱུ་ནི་ཡུལ་མ་ཡིན། །ཞེས་གསུངས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་རིམ་པ་བཞིན་དུ་སྐུ་རིང་བསྲེལ་དུ་བཤིག་པ་ན་མི་དགྱེས་པ་
མི་མངའ་བ་དང་། ཚོར་བ་ཐམས་ཅད་ཀྱིས་མི་འཕྲོགས་པ་དང་། ཐུགས་ཡུལ་རྣམས་ལ་མི་རྒྱུ་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་ལས་མི་འདའ་བའི་ཕྲིན་ལས་རྣམས་མཛད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱིས་ནི་དགེ་བའི་ཆོས་རྣམས་ལས་མི་ཉམས་པ་དང་།
དེའི་མི་མཐུན་པའི་ཕྱོགས་དག་གིས་ཉིད་ཀྱི་རྒྱུད་ལ་ཡོངས་སུ་མི་གོས་པའི་ཕྲིན་ལས་མཛད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ནི་མུ་སྟེགས་ཀྱི་གཙོ་བོ་རྣམས་གདུལ་བ་ལ་སོགས་པའི་རྒོལ་བ་ཚར་གཅད་པ་དང་གཞན་འདུན་པར་མཛད་དོ། །དབང་པོ་རྣམས་ཀྱིས་ནི་དགེ་བ་

རྣམས་ལ་བཞེད་པ་བཞིན་སྦྱོར་བ་ལ་ཐོགས་པ་མེད་པར་མཛད་དོ། །སྟོབས་རྣམས་ཀྱིས་ནི་དགེ་བ་རྣམས་ལ་སྦྱོར་བ་དང་། ནང་དུ་ཡང་དག་པར་འཇོག་པ་ལ་སོགས་པ་དག་ལ་བར་ཆད་ཀྱི་ཆོས་གང་གིས་ཀྱང་བརྫི་བར་མི་ནུས་པར་མཛད་དོ། །བྱང་ཆུབ་ཀྱི་ཡན་
ལག་རྣམས་ཀྱིས་ནི་མངོན་པར་བྱང་ཆུབ་པ་མཛད་པ་ལ་ཉིད་ཀྱི་རྒྱུད་གཞན་དུ་ཐབས་ཀྱིས་གྲོགས་བཙལ་བ་ལ་རག་ལུས་པ་མེད་ཅིང་རང་བྱུང་གི་ཡེ་ཤེས་བརྙེས་པར་མཛད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱིས་ནི་མ་འདྲེས་པའི་ལམ་ལ་བརྟེན་པས་སྒྱུ་རྩལ་ཤེས་ཀྱི་བུ་རིང་
དུ་འཕུར་ལ་སོགས་པའི་སློབ་མའི་རིམ་པས་བྱང་ཆུབ་པར་གྱུར་པ་མ་ཡ