Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 87

Văn bản gốc(Tây Tạng)

Trang 9 / 17 (50.000 ký tự/trang)
་མི་དམིགས་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེ་ཉིད་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐྱེ་བ་རྣམ་པར་དག་པར་རྣམ་པར་རྟོག་པ་ཡིན་ནོ། །གལ་ཏེ་ཆོས་དམིགས་པ་ཡང་ཇི་ལྟར་མེད་ན་གང་གིས་ན་དེ་མི་དམིགས་པ་ཁོ་ན་ལ་
བཤད་པའི་མཚན་ཉིད་ཀྱི་སྤྱོད་པར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། དངོས་པོ་ཇི་ལྟར་བྱིས་པས་དམིགས་པ་ཚད་མས་གནོད་པ་ཉིད་ཀྱིས་མེད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ཏེ་འཆད་པར་ཡང་འགྱུར་རོ། །འོ་ན་ཆོས་ཇི་ལྟ་བུར་ཡོད་ཅེ་ན། གང་ཞིག་ཡོད་པ་མ་ཡིན་ཞེས་བྱ་བ་སྨོས་སོ། །
དེ་ནི་ཡོད་དོ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ཏེ། བྱིས་པས་དམིགས་པའི་སྤྱོད་ཡུལ་ནི་སྒྲོ་བཏགས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དེས་སྒྲོ་བཏགས་པས་དབེན་པར་མཚན་ཉིད་གཅིག་པ་ཁོ་ན་དོན་དམ་པའི་ཡོད་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ཉིད་ལ་མཚན་མར་བརྗོད་པའི་འབྲེལ་
པ་དེ་ནི་མེད་ཅེས་བྱ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་ཆོས་དེ་ནི་ཇི་ལྟར་བཏགས་པ་ལྟར་ཡོད་པ་མ་ཡིན་པས་མེད་པའི་སྒྲ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མེད་པ་ཞེས་བྱ་བའོ་ཞེས་གསུངས་པ་ཡིན་ཏེ། མེད་པར་རྣམ་པར་རྟོག་པ་ཡིན་ནོ། །གལ་
ཏེ་གཟུགས་ལ་སོགས་པ་རབ་ཏུ་དབྱེ་བ་ཐ་དད་པའི་ཆོས་ཡོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་འདི་མེད་པ་ཉིད་ཡིན་ཞེ་ན། མ་ཡིན་ཏེ། གཟུགས་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཇི་སྐད་སྔར་བཤད་པ་ལྟ་བུ་སྟེ། བཅོམ་ལྡན་འདས་མ་ལས་ཤཱ་རིའི་བུ་གཟུགས་ནི་ནང་
སྟོང་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཕུང་པོ་ལ་སོགས་པ་དམིགས་པར་རྣམ་པར་རྟོག་པ་ཡིན་ཏེ་སྔ་མ་ཁོ་ན་རབ་ཏུ་སྒྲུབ་པ་ལྷུར་ལེན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར་བྱིས་པ་རྣམས་ཀྱིས་དེ་ཞེས་བྱ་བ་སྨོས་ཏེ།
བྱིས་པ་ཞེས་བྱ་བ་ནི་ཆོས་ཀྱི་རང་གི་ངོ་བོ་མ་རྟོགས་པའོ། །དེ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྣམ་པས་བསྒྲུབ་པས་གཟུགས་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཆོས་ཡོད་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །བརྟག་ཅེས་བྱ་བ་ནི་མིང་དང་གཟུགས་ལ་སོགས་པ་ཉིད་དུ་བརྟགས་ནས་ཞེས་བྱ་

བའི་ཐ་ཚིག་སྟེ། མིང་དང་གཟུགས་སུ་མངོན་པར་ཞེན་པར་རྣམ་པར་རྟོག་པ་ཡིན་ནོ། །དེ་ལྟར་བརྟགས་ནས་ཅི་ཞིག་བྱེད་ཅེ་ན། མེད་དང་ཡོད་པར་བྱེད་ཅེས་བྱ་བ་སྨོས་ཏེ། མེད་པ་ནི་སྐུར་པ་འདེབས་པའི་མཚན་ཉིད་དོ། །ཡོད་པ་ནི་སྒྲོ་འདོགས་པའི་
མཐའི་ངོ་བོ་ཉིད་དོ། །བྱེད་པ་ནི་སློང་བར་བྱེད་པ་སྟེ། མཐའ་གཉིས་ལ་ཆགས་པར་རྣམ་པར་རྟོག་པ་ཡིན་ནོ། །འདི་ཉིད་རང་བཞིན་གྱིས་སྐྱོན་ཆགས་པ་ཉིད་ཡིན་པར། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་བྱ་བ་སྨོས་སོ། །འདི་སྐད་དུ་གཟུགས་ལ་སོགས་
པ་ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་དེ་དག་ལ་སྒྲོ་འདོགས་པ་སྔོན་དུ་འགྲོ་བ་ཡོད་པ་དང་མེད་པར་རྣམ་པར་རྟོག་པ་དག་ཇི་ལྟར་ཕྱིན་ཅི་མ་ལོག་པའི་ངོ་བོར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པ་ལ་ནི་ཡུལ་དང་དུས་དང་རྣམ་པ་ལ་ལྟོས་ནས་མེད་པར་རྣམ་པར་རྟོག་
པའམ་ཡོད་པར་རྣམ་པར་རྟོག་པ་དོན་དམ་པ་པ་ཡིན་པར་འོས་པ་མ་ཡིན་ནོ། །ཕྱིན་ཅི་ལོག་ཀྱང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོངས་སུ་མི་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཁམས་གསུམ་པ་ལས་ངེས་པར་འབྱུང་བའི་བགེགས་མ་རུངས་པ་ཡིན་ནོ་ཞེས་བཤད་པར་འགྱུར་
ཏེ། འདི་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པར་རྣམ་པར་རྟོག་པ་ཡིན་ནོ། །འདི་ལ་གལ་ཏེ་ཇི་ལྟར་ན་ངེས་པར་འབྱུང་བའི་བགེགས་ཡིན་ཡོད་པ་དང་མེད་པར་རྟོག་པ་ཡོད་ཀྱང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ཙམ་དུ་བསྒྲུབས་པས་སྐྱོན་མེད་པའི་གོ་
འཕང་དང་འགལ་བ་མེད་པ་ཁོ་ནའོ་ཞེ་ན། དེ་ནི་མ་ཡིན་ཏེ། ཇི་སྐད་བཤད་པའི་ཕྱིན་ཅི་ལོག་དང་ལྡན་པ་ནི་ཆོས་ཐམས་ཅད་བདག་མེད་པར་མོས་པ་མེད་པར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མེད་པའི་ཕྱིར་རོ། །འཁོར་གསུམ་རྣམ་པར་དག་པ་དང་བྲལ་ན་སྦྱིན་པ་ལ་
སོགས་པ་ཕ་རོལ་ཏུ་ཕྱིན་པའི་ཐ་སྙད་ལ་བརྟེན་པ་མ་ཡིན་ཏེ། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བར་དད་པར་མི་བྱེད་པ་ནས་བྱང་ཆུབ་ནི་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བའི་བར་དུ་དད་པར་མི་བྱེད་ན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་

གསུངས་པ་ཡིན་ནོ། །འདི་ནི་འཕགས་པའི་ལམ་ལ་མི་གནས་པར་རྣམ་པར་རྟོག་པ་ཡིན་ནོ། །དངོས་སུ་མ་བཤད་ཀྱང་རྣམ་པར་རྟོག་པ་སྔ་མ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་ཤུགས་ཀྱིས་རྒྱས་པར་བསྟན་པ་དང་མཐུན་པར་རྗེས་སུ་འབྲང་བར་བྱ་སྟེ། གཟུང་བར་རྣམ་པར་རྟོག་པ་དང་པོ་རྣམ་པ་
དགུ་ཡིན་ནོ། །འོ་ན་གང་ཞིག་ངེས་པར་འབྱུང་ཞེ་ན། བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་། །ཞེས་བྱ་བ་སྨོས་ཏེ། གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་འདི་སྣང་བ་ཙམ་ཡིན་པར་ཤེས་པ་དེས་ནི་སྒྲིབ་པ་མཐའ་དག་གི་གཉེན་པོ་ཐོབ་པའི་
ཕྱིར་ཁམས་གསུམ་པ་ལས་ངེས་པར་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུ་ནི་གཟུང་བར་རྣམ་པར་རྟོག་པ་གཉིས་པ་ཡིན་ནོ། །དེ་ལྟར་གཟུགས་ལ་སོགས་པ་དངོས་པོ་མེད་པར་རབ་ཏུ་བསྟན་པ་བཤད་པ་དང་འཆད་པར་འགྱུར་བས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བཤད་པར་
རིག་པར་བྱའོ། །གལ་ཏེ་གཟུགས་ལ་སོགས་པ་སྣང་བ་ཙམ་དུ་ཟད་ན་དེ་ཇི་ལྟར་ན་དེ་ལ་བདག་ལ་སོགས་པ་འཛིན་པ་ཉིད་དུ་ཤེས་སྙམ་དུ་དོགས་པའི་སྐབས་འཛིན་པར་རྟོག་པ་དང་པོ་རབ་ཏུ་བསྟན་པའི་སྒོ་ནས་བསལ་བའི་ཕྱིར། གང་འདིར་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང་། །ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་གང་ཟག་རྣམ་པ་ཐམས་ཅད་དུ་སྔར་བཀག་པའི་ཕྱིར་དང་ཕུང་པོ་རྣམས་ཀྱང་རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་བྱང་ཆུབ་སེམས་དཔས་འདི་དག་སྒྱུ་མ་དང་འདྲ་བ་ཁོ་ནར་ཤེས་པར་བྱའོ་ཞེས་བཤད་པ་ཡིན་ནོ། །སྒྱུ་མ་སྨོས་པ་ནི་ཡོད་པ་མ་ཡིན་པ་
ལས་སྣང་བ་ཉེ་བར་མཚོན་པ་ཡིན་ནོ། །ཇི་སྟེ་གལ་ཏེ་དེ་དག་སྒྱུ་མ་དང་འདྲ་བ་ཡིན་ན་འོ་ན་ནི་བདག་ཉིད་ཐམས་ཅད་ཀྱིས་མེད་པ་ལས་སྣང་བའི་ངོ་བོ་མ་ཡིན་ཏེ། འདྲ་བའི་གཞི་ནི་ཅུང་ཟད་ཅིག་ཐ་དད་དོ་ཞེ་ན། སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་
པོ་ལ་སོགས་པ་དང་། སྒྱུ་མ་ནི་གཅིག་ཏུ་འཁྲུལ་པའི་བདག་ཉིད་དུ་ཐ་དད་པ་མེད་པའི་ཕྱིར་རོ། །དཔེར་སྨོས་པ་ནི་འཇིག་རྟེན་ན་གྲགས་པ་ལ་ལྟོས་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །བདག་ཅེས་བྱ་བ་ལ་སོགས་པར་བརྟགས་པ་ཙམ་འཛིན་པའི་རྣམ་པར་འདོད་པ་དངོས་པོར་ཡོད་དོ་སྙམ་

དུ་སེམས་པ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་སྒོ་ནས་བསལ་བའི་ཕྱིར་སྣ་ཚོགས་འདུ་ཤེས་བྲལ་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྣ་ཚོགས་ཉིད་ཀྱི་འདུ་ཤེས་ནི་བདག་ལ་སོགས་པ་རྣམ་པ་མང་པོར་འདོགས་པ་སྟེ་དེ་དང་བྲལ་བའོ། །གཟུང་
བ་མེད་ན་དེ་འཛིན་པ་མི་འཐད་པས་དེ་ཙམ་ལ་ཡང་འཛིན་པའི་རྣམ་པར་མངོན་པར་ཞེན་པའི་ཕྱིར་ཏེ། སེམས་ཙམ་བརྟེན་ནས་ཕྱི་རོལ་ནི། །ངོ་བོ་ཉིད་མེད་ཤེས་པར་བྱ། །དེ་བཞིན་ཉིད་ནི་དམིགས་ནས་སུ། །སེམས་ཙམ་ལས་ནི་བཟླ་བར་བྱ། །ཞེས་གང་གསུངས་པ་ཡིན་ནོ། །
དེའི་ཕྱིར་ཕྱིན་ཅི་ལོག་མེད་པས་ཉེ་བར་ཞི་བར་སྤྱོད་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །དེ་ལྟ་བས་ན་འདིས་ནི་ཕུང་པོ་འཁྲུལ་པ་ཙམ་དུ་རབ་ཏུ་བསྟན་པས་གཞན་གྱི་དབང་གི་ངོ་བོ་ཉིད་བཤད་པ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་རིགས་པར་བྱའོ། །ཇི་ཙམ་དུ་འཇིག་རྟེན་གྱི་ཐ་
སྙད་ལ་ལྟོས་ནས་དངོས་པོའི་སྒོ་ནས་བསྟན་པ་དེ་ཐམས་ཅད་ནི་ཀུན་བརྟགས་པ་ཡིན་ནོ། །གང་ཞིག་དེ་ལྟར་མོས་པར་དཀའ་བའི་ཤེས་རབ་བསྟན་པ་ལ་སྐྲག་པར་མི་འགྱུར་རམ་ཞེ་ན། དགེ་བའི་བཤེས་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྒྱུ་གཉིས་ཀྱིས་
ན་འཇིགས་པ་མེད་པར་བཤད་དེ། རྟེན་གྱི་སྟོབས་ཀྱིས་ནི་དགེ་བའི་བཤེས་གཉེན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་ནི་ལྷག་མཐོང་དང་ལྡན་པ་ཉིད་ཀྱི་ཕྱིར་ཏེ། ཤེས་རབ་འཆལ་པ་དགེ་བའི་བཤེས་གཉེན་དང་ཕྲད་པ་ནི་དོན་ཅུང་ཟད་ཀྱང་རྒྱས་པར་མི་
འགྱུར་རོ། །བཟློག་པ་སྐྲག་པའི་རྒྱུ། གང་ཞིག་སྡིག་པའི་གྲོགས་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དྲིང་འཇོག་པ་ནི་བློ་ཞན་པའི་ཕྱིར་རོ། །དེ་ཉིད་གཞན་དག་གིས་ཆོམས་པར་འགྱུར་བའི་ཕྱིར། སྣོད་སོ་མ་བཏང་ཆུས་རེག་ཞིག་པ་བཞིན་ཏེ། ངེས་པར་འབྱེད་
པའི་ཆ་དང་མཐུན་པའི་གནས་སྐབས་ཐམས་ཅད་དུ་ཡོངས་སུ་གཟུང་བ་སྨོས་པ་ཁོང་དུ་ཆུད་པར་བྱའོ། །གང་ཟག་ལ་སོགས་པ་མེད་ན་ཇི་ལྟར་འདི་དེ་དང་དེ་ལས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ཐ་སྙད་འདོགས་ཤེ་ན། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་

པ་སྨོས་སོ། །ཡང་ན་ཅི་ཞེས་བྱ་བའི་སྒྲ་ནི་སྤོང་བའི་དོན་ཡིན་པའི་ཕྱིར་དེ་ལྟར་གཟུགས་ལ་སོགས་པ་མེད་ན་ཐ་སྙད་འདི་རྒྱུ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཀུན་རྫོབ་ཏུ་འཇུག་གོ་ཞེས་བྱ་བ་འབའ་ཞིག་ལྷུར་བྱ་བའི་དོན་ཡིན་པར་ཟད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་
བའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལ་ཐ་སྙད་འདིའི་རྒྱུ་མཚན་ཁྱད་པར་དུ་བསྟན་པའི་ཕྱིར། ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་ཐམས་ཅད་ལ་ཆགས་པ་ཟད་པ་ནི་རྣམ་པར་རྟོག་པ་
སྤོང་བའོ། །ཅིའི་ཕྱིར་དེར་འདོད་ཅེ་ན། འདི་ལྟར་ཆགས་པ་གཅོད་བྱེད་དེ་རྟོག་པ་མཐའ་དག་སེལ་བའི་ངང་ཚུལ་ཅན་ཡིན་ཏེ། དེའི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའི་མིང་འཐོབ་པོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་དུ་ཕུང་པོ་ལ་སོགས་པ་འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བར་
མཚུངས་མོད་ཀྱི་ཕུང་པོའི་རྒྱུན་གང་ཞིག་བཤད་པ་དང་འཆད་པར་འགྱུར་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་སྒྲུབ་པ་རིམ་གྱིས་སྒྲིབ་པ་ཐམས་ཅད་སྤོང་བའི་རྒྱུ་ཡིན་པ་དེ་ཁོ་ན་བྱང་ཆུབ་སེམས་དཔར་ཐ་སྙད་གདགས་པའི་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་
ནོ། །དེ་ལྟ་བས་ན་འདིས་ནི་སྒྲུབ་པའི་གཞི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་རིགས་བཤད་པ་ཡིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་གནས་སྐབས་ཐུན་མོང་མ་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བར་བསྟན་
པའི་ཕྱིར་རོ། །སྒྲུབ་པའི་དམིགས་པ་བསྟན་པའི་ཕྱིར། རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག །ཅེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རང་བཞིན་གྱི་རིགས་དང་ལྡན་པའི་གོ་ཆ་ལ་སོགས་པའི་སྒྲུབ་པའི་དམིགས་པ་ནི་གཙོར་ན་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་
ཡིན་པའི་ཕྱིར་རོ། །ཆགས་མེད་གྱུར་ཞེས་བྱ་བ་ནི་མཚན་མ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་ཅེས་བྱ་བར་སྦྱར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །བྱང་ཆུབ་སེམས་དཔའ་ཐ་སྙད་གདགས་པའི་རྒྱུའི་ཐབས་ཀྱི་དམིགས་པ་བཤད་ཟིན་ཏོ། །སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པ་

འབྱུང་བ་དེ་ལ་བྱང་ཆུབ་ལ་དམིགས་པའི་སྒྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོར་བསྟན་པའི་རྒྱུ་ཆེ་བའི་བདག་ཉིད་ཀྱི་ཆེད་ནི་རྣམ་པ་གསུམ་སྟེ། སེམས་བསྐྱེད་པའི་ཆེ་བའི་བདག་ཉིད་ནི། སེམས་ཅན་ཚོགས་རྣམས་མང་པོའི་ཞེས་བྱ་བ་ལ་སོགས་པ་འབྱུང་
བ་ཡིན་ནོ། །འདི་ནི་སེམས་ཅན་གྱི་ཚོགས་མང་པོ་ཚད་མེད་པ་སེམས་ཅན་གྱི་ཚོགས་རབ་ཏུ་དབྱེ་བ་དཔག་ཏུ་མེད་པའི་མཆོག་ཕུལ་དུ་བྱུང་བར་གྱུར་པ་ཡིན་ཏེ། འདི་ལྟར་འགྲོ་བ་ཡོངས་སུ་བསྐྱབ་པའི་ཕྱིར་སྨོན་ལམ་ཡོངས་སུ་བཏབ་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །
སྤོང་བ་ཆེ་བའི་བདག་ཉིད་ནི་སེམས་ཅན་གྱི་ཁམས་ཀྱི་བདག་ལ་སོགས་པར་ལྟ་བའི་རྣམ་པ་ཐམས་ཅད་གཅོད་པར་བྱེད་པ་ཡིན་པའི་ཕྱིར་ཏེ་ལྷ་རྣམས་ནི་རྟག་པ་ལ་སོགས་པར་རོ། །རྟོགས་པ་ཆེ་བའི་བདག་ཉིད་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་མཚན་ཉིད་དེ། དངོས་
སུ་མ་གསུངས་ཀྱང་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། རྟོགས་པའི་ཁྱད་པར་མེད་པར་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་སྤངས་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་བུ་ནི་སྒྲུབ་པའི་ཆེད་ཡིན་ཏེ། སྒྲུབ་པ་ནི་ཇི་སྐད་བཤད་པའི་ཆེ་བའི་བདག་ཉིད་ཀྱི་ཆེད་དུ་འཇུག་པའི་ཕྱིར་རོ། །གལ་
ཏེ་དེ་ལྟར་ན་འོ་ན་ནི་ཆེད་དམིགས་པ་ལས་ཐ་མི་དད་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། དམིགས་པ་ནི་སྒྲུབ་པ་དང་དུས་མཉམ་པ་ཉིད་དུ་དེའི་ཡུལ་གྱི་དངོས་པོར་རྣམ་པར་གཞག་པའི་ཕྱིར་ཡིན་ལ་ཆེད་ནི་དེའི་འབྲས་བུ་འབྱུང་བར་འགྱུར་བའི་གནས་སྐབས་ཀྱི་ངོ་བོ་ཉིད་ཡིན་
པའི་ཕྱིར་རོ། །སྒྲུབ་པ་དེ་ཡང་རྣམ་པ་བཞི་སྟེ། གོ་ཆའི་སྒྲུབ་པ་དང་། འཇུག་པའི་སྒྲུབ་པ་དང་། ཚོགས་ཀྱི་སྒྲུབ་པ་དང་། ངེས་པར་འབྱུང་བའི་སྒྲུབ་པའོ། །དེ་ལ་གོ་ཆ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ནི། གཏོང་བ་ཆེ་ཞེས་གང་གསུངས་པ་
ཡིན་ཏེ། ཕྱི་དང་ནང་གི་དངོས་པོའི་རྣམ་པ་ཐམས་ཅད་གཏོང་བའི་བསམ་པ་ཅན་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ནི། བློ་ཆེ་ཞེས་བྱ་བ་ཡིན་ཏེ། རང་དང་གཞན་ལ་བརྟེན་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོའི་བསམ་པ་ཅན་ཡིན་པ་ཉིད་ཀྱིས་བློ་རྒྱ་

ཆེ་བའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་བཞིའི་གོ་ཆ་ནི། མཐུ་ཆེ་ཞེས་བྱ་བ་ཡིན་ཏེ། གཞན་གྱི་གནོད་པ་དང་། དཀའ་བ་བྱེད་པ་དང་། རྣམ་པར་གཡེང་བ་ཉིད་དང་། དེ་ཁོ་ན་ལ་མ་མོས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་བསམ་པ་ཅན་ཡིན་པའི་ཕྱིར་རོ། །
འཇུག་པའི་སྒྲུབ་པ་སྦྱོར་བའི་མཚན་ཉིད་ནི། ཐེག་ཆེན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཐེག་པ་ཆེན་པོ་ནི་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ཇི་སྐད་བཤད་པ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཡིན་ནོ། །དེ་ལ་ཞུགས་པ་ནི་དེ་ལ་སྦྱོར་བ་བྱས་
པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྦྱོར་བ་བྱས་པ་ནི་ཚོགས་ཡོངས་སུ་རྫོགས་པར་བྱེད་དེ་དེའི་ཕྱིར་ཞི་གནས་ཀྱི་ཚོགས་གོ་ཆ་ཆེན་པོ་བགོས་ཞེས་བྱ་བ་སྨོས་ཏེ། རྣམ་པར་གཡེང་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་བསམ་པ་ཅན་ཡིན་པའི་ཕྱིར་གོ་ཆ་ཆེན་པོ་བགོས་པའོ་སྙམ་དུ་
དགོངས་པ་ཡིན་ནོ། །དེ་ཉིད་ཀྱི་མཐུ་བསྟན་པའི་ཕྱིར། བདུད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩེ་གཅིག་པའི་ཡིད་དང་ལྡན་པས་ནི་བདུད་ཐམས་ཅད་ཟིལ་གྱིས་མནན་པར་ནུས་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་ཐ་སྙད་དུ་གདགས་
པས། སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཇི་ལྟར་ཕྱིན་ཅི་མ་ལོག་པར་འགྱུར་ཞེ་ན། སྒྱུ་མ་མཁན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྱུ་མ་མཁན་ཞེས་བྱ་བ་སྨོས་པ་ནི་དེ་སྤྲུལ་པ་དག་ལ་ཀུན་ཏུ་རྨོངས་པ་མེད་པར་བསྟན་པའི་ཕྱིར་རོ། །བཞི་མདོ་ཞེས་བྱ་བ་སྨོས་
པ་ནི་སེམས་ཅན་མང་པོ་ཀུན་དུ་རྨོངས་པའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་རོ། །གསད་བྱ་དེ་དག་ཅི་འདྲ་ཞེས་བྱ་བ་ནི་སྒྱུ་མ་བྱས་པའི་གསད་པར་བྱ་བ་དེ་དག་ཇི་ལྟ་བར་ཞེས་བྱ་བའི་ཐ་ཚིག་གོ། །འགྲོ་ཀུན་ཞེས་བྱ་བ་ནི་འགྲོ་བ་སྤྲུལ་པ་དང་འདྲ་བར་ཤེས་ཞེས་བྱ་བར་སྦྱར་རོ། །ཇི་སྐད་དུ། ཇི་ལྟར་སྒྱུ་
མ་མཁན་ཁོ་ནས་སྒྱུ་མ་བྱས་པ་འཁྲུལ་པ་ཙམ་ཉིད་དུ་ཤེས་ཀྱི་དེ་ལ་ཀུན་དུ་རྨོངས་པའི་ཕྱིར་སྐྱེ་བོ་གཞན་གྱིས་ནི་མ་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཁོ་ནས་སྦྱིན་པར་བྱ་བ་ལ་སོགས་པ་འགྲོ་བ་མཐའ་དག་སྤྲུལ་པ་ལྟ་བུར་ཤེས་སོ་ཞེས་བཤད་པར་

འགྱུར་ཏེ། བྱང་ཆུབ་སེམས་དཔའི་ལྷག་མཐོང་གི་ཚོགས་ཐུན་མོང་མ་ཡིན་པ་ཡིན་ནོ། །ཇི་སྟེ་གལ་ཏེ་འགྲོ་བ་འཁྲུལ་པ་ཙམ་ཡིན་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་བཅིངས་པ་ལས་ཐར་བར་བྱ་བའི་ཕྱིར་འཇུག་ཅེ་ན། གཟུགས་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོད་པ་མིན་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཇི་སྐད་བཤད་པའི་རྣམ་པས་མེད་པ་ལ་བཅིངས་པ་དང་ཐར་པ་མི་འཐད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འོ་ན་ཇི་ལྟར་བྱང་ཆུབ་ཐོབ་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེ་ལྟར་བཤད་མ་ཐག་པ་ལྟ་བུའི་སོ་སོར་རྟོག་པའི་མཚན་ཉིད་ཀྱིས་ཤེས་རབ་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཞུམ་པའི་སེམས་མེད་པ་ཞེས་བྱ་བ་ནི་བརྩེ་བ་ཆེན་པོའི་མཐུས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་ཆགས་པ་མེད་པ་ཞེས་བྱ་བའི་དོན་ཏེ། འདི་ནི་ཟུང་དུ་འབྲེལ་པའི་
ཚོགས་ཡིན་ནོ། །འདི་ཉིད་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་གོ་ཆ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དཔའ་ཆེན་པོར་ཐ་སྙད་གདགས་པའི་རྒྱུ་བཤད་ཟིན་ཏོ། །ཐེག་པ་ཆེན་པོ་ལ་ཞུགས་པ་ཞེས་བཤད་པ་གང་ཡིན་པ་དེ་ལ་ཐེག་པ་ཆེན་པོར་ཐ་སྙད་གདགས་པའི་རྒྱུ་
མཚན་གང་ཡིན་ཞེ་ན། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བས་ན་འདིར་རྒྱུ་བཤད་པ་དེ་གང་ཞེས་བྱ་བ་ནི་བཤད་མ་ཐག་པ་ལྟ་བུའི་ཆོས་དགེ་བའི་རང་བཞིན་ལའོ། །ཞོན་ནས་ཞེས་བྱ་བ་ནི་བདག་ཉིད་ཚོགས་བསགས་པ་ཉིད་ཀྱིས་དེ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་
དག་ཀྱང་བདག་ཉིད་ཀྱི་ཚོགས་ཇི་ལྟ་བ་བཞིན་དུ་འགོད་པའི་ཕྱིར་ཏེ། དེ་ལྟ་བས་ན་རང་དང་གཞན་ཡོངས་སུ་སྨིན་པའི་རྒྱུ་མཚན་ཡིན་པའི་ཕྱིར་འདི་ནི་ཐེག་པ་ཆེན་པོ་ཡིན་ཏེ། ཐེག་པ་གཞན་ལ་རྣམ་པ་འདི་མི་སྲིད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ནི་ཐབས་ལ་མཁས་པའི་
ཚོགས་ཡིན་ནོ། །ཇི་ལྟར་དེ་ལ་འདི་སྙེད་ཀྱི་མཐུ་ཞིག་ཡོད་སྙམ་པ་ལ། མཁའ་འདྲ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ནང་སྟོང་པ་ཉིད་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །གཞལ་

མེད་ཁང་ཆེན་ཞེས་བྱ་བ་ནི་འདི་ལྟར་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་དགའ་བར་བྱེད་པ་ཉིད་ཀྱི་གཞལ་མེད་ཁང་བཞིན་དུ་གཞལ་མེད་ཁང་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཡིན་ནོ། །འདི་ལྟར་དགའ་བ་ནི་ཟག་པ་མེད་པ་སྟེ།
ལམ་གྱི་ཚོགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །སྐྱིད་པ་ནི་རབ་ཏུ་དགའ་བ་ལ་སོགས་པས་རྣམ་པར་དག་པའི་མཚན་ཉིད་ཡིན་ཏེ། བདག་ཉིད་ཇི་ལྟ་བ་བཞིན་དུ་སའི་ཚོགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བདེ་བ་ནི་རྟོག་པའི་འཚེ་བ་ཐམས་ཅད་སྤང་བའི་བདག་ཉིད་ཡིན་ཏེ་གཉེན་
པོའི་ཚོགས་ཡིན་པ་ཉིད་ཀྱི་ཕྱིར་རོ། །མངོན་པར་འཐོབ་བྱེད་ཅེས་བྱ་བ་ནི་མངོན་དུ་ཐོབ་པར་བྱེད་པའོ། །དེ་ལྟ་བས་ན་འདི་ནི་ཐེག་པ་ཆེན་པོ་ཡིན་པས་ན་ཐེག་པའི་མཆོག་ཅེས་བྱ་བ་སྨོས་ཏེ། ཚོགས་ཀྱི་སྒྲུབ་པ་བཤད་ཟིན་ཏོ། །ཚོགས་བསགས་པ་ནི་ངེས་པར་འབྱུང་བར་འགྱུར་བས་
འདི་མན་ཆད་ངེས་པར་འབྱུང་བའི་སྒྲུབ་པ་བརྗོད་པར་བྱ་སྟེ། དེ་ལ་ཐེག་པ་ནི་ཕྱོགས་གཞན་ལ་སོགས་པར་ཕྱིན་པར་བྱེད་པའི་བདག་ཉིད་ཀྱིས་འགྲོ་བའི་བྱེད་པའི་ཁྱད་པར་ཡིན་པར་གྲགས་སོ། །དེ་ལ་འདི་ཕྱོགས་གང་དུ་འགྲོ་ན་ཐེག་པ་ཡིན་ཞེ་ན། གང་ཞིག་ཞོན་ནས་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །ཕྱོགས་ཞེས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། ཆོས་ཐམས་ཅད་ཀྱང་ཡུལ་ལ་སོགས་པའི་བདག་ཉིད་དུ་དམིགས་སུ་མེད་པའི་ཕྱིར་རོ། །དེ་ལྟ་བུ་ནི་མཉམ་པ་ཉིད་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །ཞོན་ནས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་གང་ཞིག་
ཞོན་ནས་འགྲོ་བ་དེ་ནི་ཐེག་པ་ཡིན་པའམ། ཡང་ན་བྱེད་པ་པོ་ཉིད་དུ་བརྗོད་པར་འདོད་ན་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དེ་ཡང་དམིགས་སུ་མེད་ཅེས་བྱ་བ་ལྷག་མ་ཡིན་ནོ། །དེ་ལྟ་བུ་ནི་སེམས་ཅན་གྱི་དོན་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །གལ་ཏེ་འོ་ན་ཇི་ལྟར་མྱ་ངན་
ལས་འདས་པར་འགྲོ་བར་ཐ་སྙད་གདགས་ཤེ་ན། མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་རེ་ཞིག་གཞན་གྱིས་ཀུན་བརྟགས་པའི་འགྲོ་བ་ལ་སོགས་པའི་བྱ་བ་ནི་མི་འཐད་དེ། དེ་ནི་རྫས་ལ་བརྟེན་པའི་ཕྱིར་ལ་ཡན་ལག་ཅན་ལ་སོགས་པའི་རྫས་ཀྱང་མེད་

པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེ་ལས་མ་གཏོགས་པ་མི་དམིགས་པའི་ཡང་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་འོ་ན་ཡུལ་གཞན་དུ་འབྱུང་བ་ཙམ་བྱ་བ་ཡིན་པར་ཟད་མོད་ཅེ་ན་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་མེད་ན་དེ་འབྱུང་བ་
ཡང་མི་འཐད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཀུན་ནས་ཉོན་མོངས་པ་མེད་པ་ཙམ་གྱི་མཚན་ཉིད་དུ་ནི་ཀུན་ནས་ཉོན་མོངས་པ་ཉིད་འགྲོ་བ་མ་ཡིན་ཏེ། དེའི་ཚེ་ན་དེ་མེད་པའི་ཕྱིར་རོ། །རྣམ་པར་བྱང་བ་ཡང་མ་ཡིན་ཏེ། དེ་ཡང་འཁྲུལ་པ་དང་བྲལ་བ་ཙམ་གྱི་ངོ་བོ་ཉིད་
ཡིན་པའི་ཕྱིར་རོ། །གལ་ཏེ་སེམས་བསྐྱེད་པ་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱི་རྣམ་པར་བྱང་བ་ཞིག་དེར་འགྲོ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་འབྲེལ་པ་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་མ་ཡིན་པའི་བདག་ཉིད་ཡིན་ན་ནི་རྣམ་
པར་བྱང་བར་ངོ་བོ་ཉིད་གཅིག་པ་ཡིན་པས་ཅིའི་ཕྱིར་དེར་འགྲོ་བར་འཐད་པ་མ་ཡིན་ནོ། །དེ་ཉིད་དེར་འགྲོ་བར་འགྱུར་བ་ནི་མ་ཡིན་ཏེ། འགྲོ་བ་པོ་དང་བགྲོད་པར་བྱ་བ་དག་ནི་གཞི་ཐ་དད་པའི་ཕྱིར་རོ། །འགྲོ་བ་ལ་སོགས་པ་ཇི་ལྟར་མངོན་པར་ཞེན་པ་གཟུང་བ་ལ་སོགས་པའི་བདག་
ཉིད་དུ་མེད་པའི་ཡང་ཕྱིར་རོ། །དེ་ལྟ་བས་ན་མྱ་ངན་ལས་འདས་པ་ནི་གཙོར་ན་འགྲོ་བ་ལ་སོགས་པ་མི་དམིགས་པ་ཙམ་ཁོ་ན་མ་བཙལ་བས་རབ་ཏུ་འགྲུབ་པའི་དགའ་བ་ཡིན་ནོ་ཞེས་བཤད་པར་འགྱུར་ཏེ། ལྷུན་གྱིས་གྲུབ་པར་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །འདི་ཉིད་འཇིག་རྟེན་ན་
གྲགས་པས་རབ་ཏུ་སྒྲུབ་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་གྱི་ཐ་སྙད་མེ་ཤི་བར་སོང་ངོ་ཞེས་བྱ་བར་ཡང་དེའི་འགྲོ་བ་མི་དམིགས་པ་ཙམ་ཁོ་ན་ལ་འཇུག་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེར་འགྲོ་བ་མི་སྣང་བའམ་དུས་སུ་འཕོས་པ་ཡིན་ནོ་ཞེས་
བྱ་བར་ཡང་རིགས་པ་དང་ལྡན་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་དང་ཚད་མས་གནོད་པའི་ཡང་ཕྱིར་རོ། །དེའི་སོ་ན་འདུག་པ་ཉིད་མི་སྣང་བ་ལ་སོགས་པ་ཡིན་ན་དེ་བཞིན་དུ་དམིགས་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་ཡང་དག་པར་ན་མི་སྣང་བའམ་དུས་སུ་

འཕོ་བ་འགའ་ཡང་མེད་དོ། །མི་དམིགས་པའི་བདག་ཉིད་ཡིན་ན་ནི་དངོས་པོ་དེ་ཉིད་མ་ཡིན་ཏེ། དེ་ཉིད་ནི་གཞན་ཉིད་ཡིན་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ལ་ཐ་དད་པ་མེད་པར་ཐལ་བར་འགྱུར་ཏེ། ཧ་ཅང་སྤྲོས་པས་ཆོག་གོ། །རྒྱུ་དེས་ཞེས་བྱ་བ་ནི་སྔོན་གྱི་མཐའ་
ལ་སོགས་པར་ཐེག་པ་མི་དམིགས་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་དུ་མི་དམིགས་པ་ཉིད་མྱ་ངན་ལས་འདས་པར་ཐ་སྙད་གདགས་པའི་རྒྱུ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །ཐེག་པ་འདིའི་སྔོན་གྱི་མཐའ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་
ལྟ་བུ་ནི་མཐའ་ལས་འདས་པར་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །གལ་ཏེ་རེ་ཞིག་བྱང་ཆུབ་སེམས་དཔའ་ཡང་ཡོད་ལ་དེའི་སེམས་བསྐྱེད་པ་ལ་སོགས་པའི་ཁྱད་པར་ཁོ་ན་ཡང་ཐེག་པ་ཆེན་པོ་ལ་སོགས་པ་ཡིན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་སྔོན་གྱི་མཐའ་དང་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་མཐའ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་སོ། །ཕྱི་མའི་མཐའི་ནི་མི་སློབ་པའོ། །ད་ལྟར་བྱུང་བ་ནི་སློབ་པའོ། །ཡང་ནི་སྔོན་གྱི་མཐའ་ལ་སོགས་པ་ནི་སྤྱིར་འདས་པ་ལ་སོགས་པའི་དུས་ཡིན་ཏེ། དེར་བྱང་ཆུབ་སེམས་དཔའ་གང་
ཟག་ལ་སོགས་པའི་བདག་ཉིད་དུ་མི་དམིགས་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར་དུས་གསུམ་དག་པ་ཞེས་བྱ་བ་སྨོས་ཏེ། མེད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེ་ལྟ་བུ་ནི་ཐོབ་པར་བྱེད་པ་བཀག་པ་ཡིན་ནོ། །འདུས་མ་བྱས་ཞེས་བྱ་བ་ནི་གོང་ནས་གོང་
མའི་གནས་སྐབས་ཀྱི་ངོ་བོ་ཉིད་དུ་མ་བསྒྲུབས་པས་ཏེ། དེ་ལྟ་བུ་ནི་ཐོབ་པར་བྱ་བ་བཀག་པ་ཡིན་ནོ། །སྤྲོས་མེད་ཅེས་བྱ་བ་ནི་རྣམ་པར་བྱང་བ་ཐོབ་པར་དམིགས་པའི་སྤྲོས་པ་མེད་པའི་ཕྱིར་ཏེ། དེ་ལྟ་བུ་ནི་འཐོབ་པ་བཀག་པ་ཡིན་ནོ། །འཐོབ་པར་བྱེད་པ་ལ་སོགས་པ་མི་དམིགས་པ་དེ་ཉིད་
སྒྲིབ་པ་མེད་པ་ཡིན་པའི་ཕྱིར་ངེས་པར་འབྱུང་བའི་མཆོག་ཡིན་ནོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་ནི་ཐོབ་པའི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །མི་དམིགས་པ་ཁོ་ན་ལྷུར་བྱས་ན་ཐབས་དང་བྲལ་བས་ནམ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེ་ན། གང་

གི་ཞེས་བྱ་བ་ལ་སོགས་པས་སྨོས་སོ། །ཚེ་ཞེས་བྱ་བ་ལ་སོགས་པ་ནི་བརྡར་བཏགས་པ་ཙམ་དུ་ཟད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །སེམས་ཅན་འདུ་ཤེས་མེད་ཅེས་བྱ་བ་ནི་སེམས་ཅན་དུ་མངོན་པར་ཞེན་པ་དང་ལྡན་པ་ལ་ནི་སྙིང་བརྩེ་བ་ཆེན་པོ་མེད་དེ།
དེ་ནི་ཀུན་ཏུ་རྨོངས་པའི་གཉེན་པོ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་དུ་དམིགས་པ་ནི་སྒྲིབ་པའི་གཉེན་པོ་མ་ཡིན་ཏེ་ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་
པ་ལ་སེམས་ཅན་དང་སྡུག་བསྔལ་དུ་ཤེས་པ་ཉིད་སྡུག་བསྔལ་སྤང་སྙམ་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །ཡོངས་རྟོག་ཅེས་བྱ་བ་ནི་རང་དང་གཞན་དག་ཏུ་མངོན་པར་ཞེན་པའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཐབས་དང་ཤེས་རབ་ཀྱི་རང་གི་ངོ་བོ་ཕྱིན་
ཅི་མ་ལོག་པར་བསྟན་པའི་ཕྱིར། བདག་ཅི་འདྲ་བར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་འདྲར་སེམས་ཅན་ཐམས་ཅད་ཤེས་ཞེས་བྱ་བ་ནི་བདག་ཉིད་ལ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྙིང་བརྩེ་བས་ཕན་པ་དང་བདེ་བ་སྐྱེད་པར་ཞུགས་པའི་ཕྱིར་རོ། །དེ་འདྲར་
ཆོས་ཀུན་ཤེས་ཞེས་བྱ་བ་ནི་ཤེས་རབ་ཀྱིས་གཞན་གྱིས་ཀུན་བརྟགས་པའི་སེམས་ཅན་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །དེ་བསྟན་པའི་ཕྱིར་སྐྱེ་བ་མེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ། །དེ་ལྟ་བུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །ཡང་ཅིའི་ཕྱིར་སྐྱེ་བ་ལ་སོགས་པར་རྟོག་པ་ལས་འདས་པ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེ་ན། འཇིག་རྟེན་དག་ན་ཆོས་མིང་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་ལ་སྐྱེ་བ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བདག་
གིས་བྱས་པའི་ཆོས་ཐམས་ཅད་ལ་སྐྱེ་བའོ། །ཡང་དག་འདས་པ་ནི་འགག་པའོ། །སྤངས་ནས་ཞེས་བྱ་བ་ནི་དེ་གཉིས་ཡོངས་སུ་སྤངས་ནས་སོ། །འཆི་མེད་ཅེས་བྱ་བ་ནི་ཉམས་པ་མེད་པ་སྟེ་ཕྱིན་ཅི་ལོག་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །དེའི་ཕྱིར་ཡེ་ཤེས་འདི་ནི་དམ་པ་ཡིན་ནོ། །

དེ་ལས་གཞན་མེད་ཅེས་བྱ་བ་ནི་འདི་ལྟར་འདིའི་གོང་ན་ཡེ་ཤེས་ཕྱིན་ཅི་མ་ལོག་པ་གཞན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་ཡེ་ཤེས་འདི་ཁོ་ན་སྐྱེ་བ་ལ་སོགས་པའི་རྟོག་པའི་དྲི་མ་དང་བྲལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེ་ནི་དམ་པ་མ་
ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་སླའོ། །དེ་ལ་འདིར་ཐེ་ཚོམ་མེད་པའི་འཇིག་རྟེན་ལས་འདས་པའི་ལམ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པ་བསྟན་པའི་ཕྱིར། དེ་ལྟར་སྤྱོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་རབ་ལྡན་ཞེས་བྱ་བ་
ནི་ཤེས་རབ་ཅན་ནོ། །མཉམ་པ་ཉིད་ལ་གནས་པ་ཉིད་བསྟན་པའི་ཕྱིར་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ། །དེ་ལྟ་བུ་ནི་ལམ་གྱི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །དེ་ལ་འདིར་གོ་རིམས་ནི་འདི་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་དག་པའི་
གདམས་ངག་བསྒྲུབས་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ངེས་པར་འབྱེད་པའི་ཆ་དག་སྐྱེད་པར་བྱེད་དོ། །ཐུན་མོང་མ་ཡིན་པའི་སྒྲུབ་པ་དེ་ཡང་རྟེན་གང་ཡིན་པ་དང་དམིགས་པ་གང་ཡིན་པ་དང་། ཆེད་དུ་བྱ་བ་གང་ཡིན་པ་ནས་རྣམ་པའི་བར་དང་ལྡན་པ་ཡིན་ནོ། །
དེ་ལ་འདིར་སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཤད་ཟིན་ཏོ། །འདིའི་རྒྱུ་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཡིན་ལ་དེ་ཡང་དྲོ་བ་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་གིས་ཅི་རིགས་པར་བདག་དང་
གཞན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །སློབ་མ་བསེ་རུའི་ལམ་གང་དང་། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་
དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་འདི་འདྲར་བཤད། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལགས། བཀའ་སྩལ་པ། རབ་འབྱོར་

བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ་ཞེས་བྱ་བ་གང་རྒྱས་པར་གསུངས་པ་ཡིན་ནོ། །
དེ་ལ་བྱང་ཆུབ་སེམས་དཔས་དམིགས་པའི་སྒོ་ནས་དྲོ་བར་གྱུར་པ་ལ་སོགས་པའི་གནས་སྐབས་ཀྱི་ཉན་ཐོས་ཀྱི་ལམ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་ནི་གང་ཞིག་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལ་
དམིགས་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བཤད་དོ། །ཆོས་ཉིད་གནས་པ་ཞེས་བྱ་བ་ལ་ཆོས་ཉིད་ནི་སྟོང་པ་ཉིད་དེ། གང་གི་ཕྱིར་དེ་ལ་གནས་པ་དེའི་ཕྱིར་གཟུགས་ལ་སོགས་པ་ལ་མི་གནས་སོ་སྙམ་དུ་དགོངས་པ་ཡིན་ནོ། །གཟུགས་ལ་སོགས་པ་དང་སྟོང་པ་ཉིད་ལ་གནས་
པ་དགག་པ་དང་བསྒྲུབ་པ་དག་གིས་ནི་གོ་རིམས་བཞིན་དུ་དྲོད་དང་རྩེ་མོའི་གནས་སྐབས་དག་ཤེས་པ་བསྟན་ཏོ། །རྟག་པ་ལ་སོགས་པའི་གཉེན་པོའི་སྒོ་ནས་ནི་རྟག་དང་མི་རྟག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་ནི་ཉེ་བར་མཚོན་པར་ཟད་ཀྱི་ཀུན་འབྱུང་བ་ལ་སོགས་པའི་
རྣམ་པ་དག་ཀྱང་ཡོངས་སུ་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་ནི་བཟོད་པའི་གནས་སྐབས་ཤེས་པ་ཡིན་ནོ། །འབྲས་བུའི་སྒོ་ནས་ནི་འབྲས་བུ་ཐོབ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འབྲས་བུ་ཐོབ་པ་ནི་སློབ་པའི་གནས་སྐབས་ན་ཡོད་པ་ཡིན་ནོ། །རང་སངས་རྒྱས་དང་
རྫོགས་པའི་སངས་རྒྱས་ཀྱི་ས་སྨོས་པ་ནི་གང་ཞིག་མཆོག་ལ་ཡང་མི་གནས་པ་དེ་ཇི་ལྟར་གཞན་ལ་གནས་པར་འགྱུར་ཞེས་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ལྟ་བུ་ནི་ཆོས་ཀྱི་མཆོག་གི་གནས་སྐབས་ཀྱི་ཁྱད་པར་ཡིན་ནོ། །དེ་བཞིན་དུ་མཐོང་བ་དང་བསྒོམ་པའི་ལམ་གྱི་གནས་སྐབས་ཀྱི་
ཁྱད་པར་ཡང་འབྲས་བུ་རྟོགས་པའི་བྱེ་བྲག་གི་ཁོང་དུ་ཆུད་པར་བྱའོ། །ཡང་ཅིའི་ཕྱིར་སངས་རྒྱས་ཀྱི་ས་ལ་ཡང་མི་གནས་ཤེ་ན། རྫོགས་པའི་སངས་རྒྱས་ཀྱི་ས་ནི་ཆོས་ཐམས་ཅད་ལ་མི་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་དེ་དང་འདྲ་བར་བྱང་ཆུབ་སེམས་དཔས་ཀྱང་

གང་ལ་ཡང་མི་གནས་པར་བྱ་དགོས་ཏེ། དེའི་ཕྱིར་ཇི་ལྟར་འདྲེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདུས་མ་བྱས་ཀྱི་ཁམས་ནི་མྱ་ངན་ལས་འདས་པའི་དབྱིངས་སོ། །འདུས་བྱས་ནི་འཁོར་བའོ། །གནས་ལ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་ཉིད་ཀྱི་
གནས་ལ་ཞེས་བྱ་བའི་ཐ་ཚིག་གོ། །གནས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་གཡོས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་གནས་མེད་གནས་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ། །འདིར་ནི་རྣམ་པར་
རྟོག་པའི་ཡུལ་མ་ཡིན་པའི་བརྗོད་དུ་མེད་པ་ཉིད་མི་གནས་པའི་རྒྱུ་ཡིན་པར་རྟོགས་པར་བྱ་སྟེ། འདིའི་དབང་དུ་མཛད་ནས། ལྷའི་བུ་དེ་ལྟར་ན་འདི་ལ་ཅུང་ཟད་ཀྱང་སྟོན་པ་མེད་དོ་ཞེས་བྱ་བ་གང་རྒྱས་པར་གསུངས་སོ། །དེ་ལྟ་བུ་ནི་རང་སངས་རྒྱས་ཀྱི་ལམ་ལ་གཟུང་བའི་རྟོག་
པ་སྤངས་པའི་ཁྱད་པར་ཡིན་ནོ། །འདིས་ནི་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། དེ་ལ་ནི་གཟུང་བའི་རྣམ་པར་རྟོག་པ་མ་སྤངས་པའི་ཕྱིར་རོ། །ལམ་གྱི་རྣམ་པ་ཤེས་པ་འདི་ཉིད་བྱང་ཆུབ་གསུམ་གྱི་རྒྱུའི་དངོས་པོར་བསྟན་པས་ལམ་ཐམས་
ཅད་ཀྱི་ཡུལ་ཅན་ཉིད་དུ་བསྟན་པའི་ཕྱིར། གང་བདག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བཟོད་པ་འདི་ལ་མ་བརྟེན་ཞེས་བྱ་བ་ནི་བདག་ཉིད་ཇི་ལྟ་བ་བཞིན་ལམ་ལ་མོས་པ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་ཀྱི་དཔེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་
སླའོ། །གལ་ཏེ་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཉིད་ཡིན་ན། ཆོས་སྨྲ་བ་ལ་སོགས་པ་དེ་བཤད་པ་ལ་སོགས་པ་མི་འཐད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཆོས་འཆད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་དངོས་པོ་རྣམས་བརྗོད་དུ་མེད་པ་ཉིད་ཡིན་ཡང་བཤད་པ་
ལ་སོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ཏེ། ཐམས་ཅད་སྒྱུ་མ་ལྟ་བུ་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །འདིས་ནི་རང་སངས་རྒྱས་ཀྱི་རྟོགས་པ་འཛིན་པར་རྟོག་པ་མ་སྤངས་པས་རྫོགས་པའི་སངས་རྒྱས་

ཀྱི་རྟོགས་པ་རྟོག་པ་ཐམས་ཅད་ཀྱིས་དབེན་པས་ཁྱད་པར་དུ་འཕགས་སོ་ཞེས་བྱ་བར་བསྟན་པར་ཁོང་དུ་ཆུད་པར་བྱའོ། །མོས་པ་དེ་ལྟ་བུའི་རྟེན་བསྟན་པའི་ཕྱིར་གང་ཟག་བཞི་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་སྲས་བདེན་ལ་མཁས་པ་ནི་མཐོང་བའི་ལམ་
ཐོབ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སོམ་ཉི་སྤངས་པ་ཞེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཉན་ཐོས་དང་རང་རྒྱལ་བའི་ལམ་མངོན་སུམ་དུ་བྱེད་པ་ན་ནི་དེ་ལྟ་མ་ཡིན་ནོ། །ཇི་ལྟར་དེ་དག་གི་འབྲས་བུ་མངོན་དུ་བྱེད་པར་མི་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་
མཁས་རིག་དེ་ལྟར་སྤྱོད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཁས་པ་ནི་བདག་ཉིད་དེར་མི་དམིགས་པའི་ཕྱིར་དེ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱ་ཞེས་བྱ་བའི་དོན་ཏོ། །རིག་ཅེས་བྱ་བ་ནི་མཁས་པ་སྟེ། བདག་ཉིད་ཇི་ལྟ་བ་བཞིན་དུ་ཉན་ཐོས་ལ་སོགས་པའི་ལམ་གྱི་རྣམ་པ་
ལ་མཁས་པའི་ཕྱིར་རོ། །གང་ཞིག་གང་ལ་དམིགས་པ་དེ་ནི་དེའི་བདག་ཉིད་ཁོ་ནར་འགྱུར་བ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྣམ་པར་བྱང་བ་འཕགས་པའི་ལམ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་མཚན་ཉིད་ལ་དམིགས་པ་ཡང་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་ཐལ་བར་
འགྱུར་བའི་ཕྱིར་རོ། །འོ་ན་གང་ལ་སློབ་ཅེ་ན། ཐམས་ཅད་མཁྱེན་ཉིད་ཆེད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཕྱིན་ཅི་མ་ལོག་པ་ཉིད་དུ་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་པ་ནི་ཉན་ཐོས་དང་རང་རྒྱལ་བའི་དྲོ་བར་གྱུར་པ་ལ་སོགས་པའི་
གནས་སྐབས་ཀྱི་མཚན་ཉིད་དོ། །མི་སློབ་པ་ནི་དེ་ལས་བཟློག་པ་སྟེ་གང་ཞིག་རྣམ་པ་ཐམས་ཅད་དུ་གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་མེད་པའི་ཕྱིར་དེ་གཉིས་ལ་མི་སློབ་པ་དེའི་སློབ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་འདི་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུ་ནི་
རང་སངས་རྒྱས་ཀྱི་ལམ་གྱི་དྲོ་བར་གྱུར་པའི་གནས་སྐབས་ཤེས་པ་ཡིན་ནོ། །དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་འགྲིབ་པ་དང་འཕེལ་བར་བྱ་བའི་ཕྱིར་སློབ་ཅེ་ན། གཟུགས་འཕེལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་རྣམས་སྣ་ཚོགས་

པ་ནི་ཚོར་བ་ལ་སོགས་པའོ། །དེ་ལྟ་བུ་ནི་རྩེ་མོར་གྱུར་པ་ཤེས་པ་ཡིན་ནོ། །འོ་ན་ཅི་ཞིག་འཛིན་པར་བྱེད་ཅེ་ན། སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་འཛིན་ལ། །ཞེས་བྱ་བ་སྨོས་ཏེ། ནང་སྟོང་པ་ཉིད་ལ་སོགས་པའི་ཕྱིར་གཟུགས་ལ་སོགས་པ་ལ་ཡོངས་སུ་འཛིན་པ་
མེད་པ་ཉིད་སློབ་པ་དམ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་ནི་བཟོད་པ་ལ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ངེས་འབྱུང་གང་ཡིན་ཞེས་བྱ་བ་ནི་འདི་ལྟར་སྐྱེ་བ་ལ་སོགས་པར་མི་ལྟ་བ་ནི་རྟོག་པ་ཐམས་ཅད་ལས་གྲོལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུ་ནི་ཆོས་ཀྱི་མཆོག་ལ་
ཀུན་དུ་མ་རྨོངས་པ་ཡིན་ནོ། །དེ་ལྟར་རང་སངས་རྒྱས་ཀྱི་ལམ་ཤེས་པ་ཉིད་བཤད་པ་ཡིན་ནོ། །འདི་མན་ཆད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པ་བདེན་པ་བཞིའི་ཡུལ་ཅན་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྡུག་བསྔལ་ལ་དམིགས་པའི་སྒོ་ནས་ནི། གཟུགས་
ནི་ཤེས་རབ་མ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལ་གཟུགས་ལ་སོགས་པ་དང་ཤེས་རབ་དེའི་བདག་ཉིད་དུ་མི་དམིགས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །རྟེན་དང་བརྟེན་པའི་དངོས་པོར་མི་དམིགས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་
ཡིན་ནོ། །ཇི་ལྟར་དེའི་བདག་ཉིད་མ་ཡིན་ཞེ་ན། འདི་ལྟར་གཟུགས་ལ་སོགས་པ་དང་ཤེས་རབ་འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་ལྟ་བུ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །ཇི་ལྟར་རྟེན་དང་བརྟེན་པའི་དངོས་པོ་
མ་ཡིན་ཞེ་ན། འདི་ལྟར་ཡོད་པ་མ་ཡིན་པས་ཐ་དད་མེད་དེ། དེ་ནི་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ། །དེ་ལྟ་བུ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཡིན་ནོ། །དེ་བཞིན་དུ་བདེན་པ་གཞན་དག་ལ་ཡང་བཟོད་པ་དང་ཤེས་པ་རྟོགས་པ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལྟ་ཡིན་ན་འཁྲུལ་
པ་ཙམ་ཡང་ག་ལས་འབྱུང་ཞེ་ན། ཀུན་འབྱུང་བ་ལ་དམིགས་པའི་སྒོ་ནས་ནི་དམིགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པ་ནི་གཟུང་བའི་རྣམ་པར་བགྲང་བ་གཟུགས་ལ་སོགས་པའོ། །དེའི་རང་བཞིན་ནི་རིགས་མཐུན་པའི་རྣམ་པ་དུས་ཕྱིས་འབྱུང་བ་སྐྱེད་

པར་བྱེད་པ་ཉིད་ཡིན་ནོ། །ཕ་མཐའ་མེད་ཅེས་བྱ་བ་ནི་རིགས་མཐུན་པ་རབ་ཏུ་སྐྱེ་བ་སྟེ་རྒྱུན་ཆད་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ནི་འཛིན་པའི་རྣམ་པར་ཀུན་ཏུ་བརྟགས་པའི་ཕུང་པོ་ལ་སོགས་པའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །འོ་ན་ནི་
ནམ་མཁའ་དང་མཚུངས་པ་མ་ཡིན་ནོ་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པར་ན་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་དབེན་པར་མཚན་ཉིད་གཅིག་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་ཡུལ་མཐའ་མེད་པའི་ཕྱིར་ཤེས་རབ་ཀྱང་མཐའ་མེད་
པས་ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་རྒྱུ་དང་བཅས་པར་འབྱུང་བའི་སྡུག་བསྔལ་ཇི་ལྟར་ལྡོག་ཅེ་ན། འགོག་པ་ལ་དམིགས་པའི་སྒོ་ནས་ནི་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུ་ཤེས་ནི་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡིན་ནོ། །ཚུ་རོལ་ཡིན་
ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀུན་འབྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་བཤིག་ནས་ཞེས་བྱ་བ་ནི་བོར་ནས་སོ། །ཕ་རོལ་ཞེས་བྱ་བ་ནི་རྣམ་པར་བྱང་བའོ། །འདི་སྐད་དུ་སྡུག་བསྔལ་གྱི་རྒྱུ་ནི་ཕྱིན་ཅི་ལོག་མ་གཏོགས་པ་གཞན་མེད་ལ་དེ་ཡང་གཉེན་
པོ་མངོན་དུ་གྱུར་པས་བྲལ་བ་ལ་རྣམ་པར་བྱང་བ་ཞེས་གྲགས་ཏེ། དེ་ལ་གནས་པ་རྣམས་ཁོ་ན་སྟོན་པའི་ཐུགས་དང་མཐུན་པར་འཇུག་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །གང་དག་ཅེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་གོ་བར་ཟད་དོ། །ཇི་ལྟར་ན་བདག་ལ་སོགས་པར་དེ་ཉིད་
འདུ་ཤེས་པ་ཙམ་ཀུན་ནས་ཉོན་མོངས་པ་ཡིན་ཏེ། དེ་ནི་འདུ་ཤེས་པར་བྱ་བའི་གཞན་གྱི་དབང་དུ་གྱུར་པའི་ཕྱིར་རོ་ཞེ་ན། ལམ་ལ་དམིགས་པའི་སྒོ་ནས་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་སེམས་ཅན་ལ་སོགས་པའི་ཐ་སྙད་དུས་མཐའ་
ཡས་པ་ཞིག་ཏུ་བརྗོད་པར་གྱུར་ཀྱང་དེས་ཀྱང་སེམས་ཅན་ལ་སོགས་པ་རབ་ཏུ་འགྲུབ་པར་མི་སྤྱོད་དེ། དེ་ལས་མ་བྱུང་བའི་ཕྱིར་དང་དེ་དང་འབྲེལ་པ་རབ་ཏུ་མ་གྲུབ་པའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ་ཞེས་བརྗོད་པར་འགྱུར་རོ། །སེམས་ཅན་ལ་སོགས་པ་སྐྱེ་བ་མེད་པར་རྟོགས་པ་དེ་ཉིད་

གཉེན་པོ་ཕན་ཡོན་ཆེ་བ་ཡིན་པས་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱོད་པ་དེ་ལྟ་བུ་ནི་མཐོང་བ་དང་ཚེ་ཕྱི་མའི་ཡོན་ཏན་སྐྱེ་བའི་རྒྱུ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །མཐོང་བའི་ལམ་བཤད་ཟིན་ཏོ།། །།བམ་པོ་གསུམ་པ། འདི་མན་ཆད་ནི་བསྒོམ་པའི་ལམ་བྱེད་
པ་དང་བཅས་པ་ཡིན་ནོ། །བྱེད་པ་དེ་ཡང་རྣམ་པ་གསུམ་སྟེ། ལུང་བསྟན་པ་ཐོབ་པའི་བྱེད་པ་དེ་ནི། གང་ཚེ་ང་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །འདི་དང་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་བསྡུས་པ་དང་ཞེས་བྱ་བའི་ཐ་ཚིག་གོ། །མཐུན་པར་སྨྲ་འགྱུར་ཞེས་བྱ་བ་ནི་གཞན་
དུ་མི་སྨྲ་བའི་ཕྱིར་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་བཅས་པ་འདི་ཉིད་ལུང་བསྟན་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །མི་བརྫི་བའི་བྱེད་པ་ནི་འདི་འཛིན་པ་ལ་སོགས་པ་ལ་ཞུགས་པ་ལ་དུག་ལ་སོགས་པས་མི་ཚུགས་པ་ཡིན་པའི་ཕྱིར་ཤེས་རབ་ཕ་རོལ་ཕྱིན་པ་
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཛིན་པ་ནི་ཚིག་གི་སྒོ་ནས་མོས་པ་ཡིད་ལ་བྱེད་པས་སོ། །ཆུབ་བྱེད་པ་ནི་དོན་གྱི་སྒོ་ནས་དེ་ཁོ་ན་དང་མོས་པ་ཡིད་ལ་བྱེད་པ་དག་གིས་སོ། །བར་ཆད་བྱེད་པ་མེད་པའི་བྱེད་པ་ནི་འཛིན་པ་ལ་སོགས་པ་ལ་བདུད་ལ་སོགས་པས་གླགས་མི་ཐོད་པ་
ཡིན་པའི་ཕྱིར་བདུད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གླགས་ནི་ཀླན་ཀའོ། །རྙེད་མི་འགྱུར་ཞེས་བྱ་བ་ནི་རྙེད་པར་མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བྱེད་པའི་རིམ་པ་ནི་ལུང་བསྟན་པ་ཡང་དག་པར་ཐོབ་ནས་གཞན་དག་གིས་མི་ཚུགས་ཤིང་བར་ཆད་བྱེད་པ་
མེད་པ་ནི་བྱང་ཆུབ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །བསྒོམ་པའི་ལམ་ནི་རྣམ་པ་གཉིས་ཏེ། དག་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་དང་པོ་ནི་མོས་པ་དང་རྗེས་སུ་ཡི་རང་བ་དང་བསྔོ་བ་ཡིད་ལ་བྱེད་པའི་མཚན་ཉིད་ཡིན་ནོ། །མོས་པ་ཡང་རྣམ་པ་གསུམ་
སྟེ། རང་གི་དོན་གྱི་མོས་པ་ནི་དེ་ཡང་མཆོད་རྟེན་ལ་མཆོད་པ་བས་ཕུལ་དུ་བྱུང་བ་ཚད་ལས་འདས་པའི་བསོད་ནམས་ཉེ་བར་སོགས་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ་ལ་སོགས་པའི་རྟེན་ཡིན་ནོ། །མཆོད་པ་ལས་ཕུལ་དུ་བྱུང་བ་དེ་ཡང་འབྲེལ་པའི་སྒོ་

ནས་ནི། བདེ་གཤེགས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ནི་རྟེན་གྱི་ཁྱད་པར་སྒྲུབ་པའི་སྒོ་ནས་ནི། བྱས་ཤིང་ཞེས་བྱ་བ་གང་འབྱུང་བ་ཡིན་ཏེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ནས་ཞེས་བྱ་བར་སྦྱར་རོ། །དེ་ལ་མང་བ་ཉིད་ཀྱི་
སྒོ་ནས་ནི་དེ་དག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། གང་གཱའི་བྱེ་མ་སྙེད་ཀྱི་ཞེས་བྱ་བ་ནི་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་རྟག་གཟུང་ཞིང་ཞེས་བྱ་བ་ནི་ཡོངས་སུ་རྟག་པ་ཉེ་བར་བཟུང་ནས་ཏེ། ཡང་དག་པར་ན་སེམས་ཅན་དེ་དག་ཐམས་
ཅད་དེ་ལྟ་བུའི་མཆོད་པ་ལ་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །བྱེད་པ་པོ་མང་པོའི་སྒོ་ནས་ནི་སེམས་ཅན་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ་བྱེ་བ་ཞེས་བྱ་བ་ནི་བྱེ་བ་དག་ན་ཡོད་པ་ཞེས་བྱ་བའི་དོན་ཏོ། །བར་ཆད་མེད་པར་སྦྱོར་བའི་སྒོ་ནས་ནི། ལས་གཞན་མི་བྱེད་ཅེས་བྱ་བ་འབྱུང་
བ་ཡིན་ཏེ་མཆོད་པ་བྱེད་ཅེས་བྱ་བར་སྦྱར་རོ། །ཡོ་བྱད་ཀྱི་ཁྱད་པར་གྱི་སྒོ་ནས་ནི། ལྷའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དུས་ཀྱི་ཁྱད་པར་གྱི་སྒོ་ནས་ནི། བསྐལ་པའམ་ཞེས་བྱ་བ་འབྱུང་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ་ལ་སོགས་
པ་ནི་རྫོགས་པའི་བྱང་ཆུབ་ཀྱི་གཙོ་བོའི་རྒྱུར་གྱུར་པའི་ཕྱིར་དེ་བས་ཀྱང་ཆེས་མཆོག་ཏུ་གྱུར་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བསྟི་སྟང་བྱེད་གྱུར་ན་ཞེས་བྱ་བ་ནི་བསྟི་སྟང་བྱེད་པར་གྱུར་ན་ཞེས་བྱ་བ་ཡིན་ནོ། །རང་དང་གཞན་གྱི་དོན་གྱི་མོས་པ་ནི་དེ་ཡང་རང་དང་
གཞན་ཡོངས་སུ་སྨིན་པ་དང་མཐུན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའི་ཡུལ་ཅན་ཡིན་ཏེ། དེའི་དབང་དུ་མཛད་ནས། རིག་སྔགས་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་མ་རིག་སྔགས་ཆེན་པོ་ཉིད་ཡིན་ཡང་འཚེ་བ་ཐམས་ཅད་ཞི་བའི་ཕྱིར་ནི་སྡུག་
བསྔལ་ཆོས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དུས་གསུམ་གྱི་བདེ་བར་གཤེགས་པའི་རྒྱུ་གཅིག་པ་ཡིན་པའི་ཕྱིར་ནི། གང་དག་འདས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཁས་པ་ཞེས་བྱ་བ་ནི་ཤེས་གཉེན་ཅན་ཏེ། ཤེས་རབ་ཀྱི་སྟོབས་ཀྱིས་ཕྱིན་ཅི་མ་

ལོག་པའི་ཕྱིར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་ནི། འདུས་བྱས་བདེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདུས་བྱས་ནི་ཟག་པ་དང་བཅས་པའོ། །འདུས་མ་བྱས་ནི་གཞན་ནོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་
སོགས་པའི་ཚོགས་མཐའ་ཡས་པ་ཞིག་ཡོད་པ་མ་ཡིན་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཅི་ཞིག་ཡོད་ན་གང་གིས་ན་འདི་ཁོ་ན་རིག་སྔགས་ཆེན་མོ་ཞེས་བྱ་ཞེ་ན། འདི་ཁོ་ན་ས་བཞིན་དུ་ཡོན་ཏན་གྱི་ལོ་ཏོག་སྐྱེ་བའི་གཞིར་གྱུར་པའི་ཕྱིར་ནི། ས་བོན་བཏབ་ནས་ཞེས་བྱ་
བ་ལ་སོགས་པ་འབྱུང་བ་ཡིན་ནོ། །བྱང་ཆུབ་ཡོན་ཏན་ནི་སྟོབས་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་ཡོན་ཏན་ལ་སོགས་པའོ། །འཁོར་ལོས་སྒྱུར་བ་བཞིན་དུ་ཡོན་ཏན་རིན་པོ་ཆེ་ལ་རང་དབང་ཡོད་པའི་ཕྱིར་ནི་འཁོར་ལོས་སྒྱུར་རྒྱལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །
འདི་སྐད་དུ་དེ་ནི་བདག་མེད་པ་ལ་ཕྱིན་ཅི་མ་ལོག་པར་ངོ་བོ་གཅིག་པའི་ཕྱིར་དང་དེ་ལ་རག་ལས་ཏེ་རབ་ཏུ་སྐྱེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དེ་ཁོ་ན་ལ་དེ་ལས་གཞན་པའི་ཡོན་ཏན་གྱི་ཚོགས་ཡོད་ཀྱི། གཞན་ལ་ནི་མེད་དོ་ཞེས་བཤད་པ་ཡིན་ནོ། །
གཞན་གྱི་དོན་གྱི་མོས་པ་ནི་དེ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལས་ཡིན་ཏེ། རྟག་ཏུ་གཞན་གྱི་དོན་བྱེད་པའི་ཡུལ་ཅན་ཡིན་ནོ། །དེ་བསྟན་པའི་ཕྱིར། རྒྱལ་བས་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྲི་བའི་ལན་དེ་ཉིད། གལ་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །
གྱུར་ལ་ཞེས་བྱ་བ་ནི་གྱུར་ཏེའོ། །བྱུར་བུར་གཏམས་གྱུར་ཀྱང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་རྣམས་བདེ་བར་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་གྱིས་བྱུར་བུར་བཀང་བར་གྱུར་ཀྱང་ཞེས་བྱ་བར་སྦྱར་རོ། །དེ་དག་ཀྱང་ཡོངས་སུ་བཏང་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་གཞན་གྱི་དོན་
དཔག་ཏུ་མེད་པའི་རྟེན་ཡིན་པའི་ཕྱིར་མཆོད་པར་བྱ་བའི་དོན་དུ་ལེན་ཏོ་ཞེས་བྱ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུ་ནི་ཆུང་ངུ་ཡིན་ནོ། །བདེ་བར་གཤེགས་པའི་རིང་བསྲེལ་ལ་མཆོད་པ་ཡང་ཚོགས་དཔག་ཏུ་མེད་པའི་རྒྱུ་ཡིན་པའི་ཕྱིར་ཅིའི་ཕྱིར་དེ་

ཡོངས་སུ་གཏོང་སྙམ་དུ་བསམས་ནས། ཅི་སླད་ཅེ་ན་ཞེས་བྱ་བ་སྨོས་སོ། །དེའི་ལན་གདབ་པར་སྐུ་གདུང་མི་གུས་བདག་མ་ལགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཀྱང་ཞེས་བྱ་བ་ནི་དེ་ལྟ་ཡིན་ཡང་ངོ་། །ཤེས་རབ་ཡོངས་སུ་བསྒོས་པས་ཞེས་བྱ་
བ་ནི་སྐུ་གདུང་རྣམས་ཤེས་རབ་ཀྱིས་ཡོངས་སུ་བསྒོས་པས་ཞེས་བྱ་བར་སྦྱར་ཏེ། གཟུགས་ཕུན་སུམ་ཚོགས་པ་ཕུལ་དུ་བྱུང་བ་ཡང་ཤེས་རབ་ཀྱི་རྟེན་ཡིན་པས་རབ་ཏུ་ཕྱེ་བའི་ཕྱིར་དང་དེ་རྟོགས་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །མཆོད་པར་བགྱིད་ཅེས་བྱ་བ་ནི་མཆོད་པར་བགྱིད་དོ་ཞེས་བྱ་བའི་
ཐ་ཚིག་གོ། །འདི་ཉིད་ཀྱི་དཔེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་ནི་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པ་བསྟན་པ་ན་དེའི་རྟེན་མ་ཡིན་པའི་ཕྱིར་རིང་བསྲེལ་ལ་མཆོད་པར་མི་འགྱུར་རོ་ཞེ་ན། དེ་ནོར་བུའི་གབ་ཙེའི་ཚུལ་གྱིས་ལན་གདབ་པའི་ཕྱིར། ནོར་བུ་རིན་ཆེན་
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་ཞེས་བྱ་བ་ནི་གབ་ཙེ་དེ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཕྱུང་གྱུར་ཀྱང་ཞེས་བྱ་བ་ནི་ནོར་བུ་དེ་ཕྱུང་ཡང་ངོ་། །དངོས་བསྟན་པའི་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཛིན་འཚལ་ཞེས་བྱ་བ་ནི་ཀུན་འཛིན་པར་འཚལ་བའོ། །
འདི་ནི་ཐར་པ་ལགས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བ་ལྷག་མ་ཡིན་ཏེ། ཤེས་རབ་ཁོ་ན་རྟོགས་པའི་ལྕགས་སྒྲོག་གཅོད་པའི་ཐབས་ཡིན་པའི་ཕྱིར་དང་། དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་གཞན་ཡང་དེ་ལ་རག་ལུས་པའི་ངོ་བོ་ཡིན་པའི་ཕྱིར་ནི་སྦྱིན་པ་སྦྱིན་པའི་སྔོན་
དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །སྔོན་དུ་འགྲོ་བ་ནི་རྒྱུར་གྱུར་པ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ནི་རྣམ་པ་ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་མི་འཐད་པའི་ཕྱིར། ཆུད་མི་གཟོན་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སེར་སྣ་ལ་སོགས་པས་ཟིལ་གྱིས་མི་ནོན་པར་བྱ་བའི་ཕྱིར་
ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་ཆོས་ཡོངས་སུ་འཛིན་པ་ཡིན་ཞེས་བྱ་བ་ནི་དངོས་དང་མཇུག་གི་གནས་སྐབས་དག་ཏུའོ། །ཤེས་རབ་ནི་འབའ་ཞིག་གིས་རང་གི་བྱ་བ་བྱེད་པས་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུ་ནི་འབྲིང་ཡིན་ནོ། །ཤིང་སྣ་ཚོགས་ཀྱི་གྲིབ་མ་བཞིན་དུ་ཕ་རོལ་ཏུ་ཕྱིན་

པ་ཡུལ་སྣ་ཚོགས་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ་གཅིག་པའི་ཕྱིར་ནི་དཔེར་ན་འཛམ་བུའི་གླིང་ན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། འཛམ་བུའི་གླིང་སྨོས་པ་ནི་གླིང་འདི་ན་འདུག་པ་རྣམས་ལ་གྲགས་པའི་ཕྱིར་རོ། །རྣམ་པ་སྣ་ཚོགས་ལ་སོགས་པ་ནི་གོ་རིམས་
བཞིན་དུ་རིགས་དང་དབྱིབས་དང་ཁ་དོག་ཐ་དད་པའི་ཕྱིར་རོ། །བརྗོད་པ་མ་གཏོགས་པར་ཞེས་བྱ་བ་ནི་ཐམས་ཅད་ལ་གྲིབ་མ་ཞེས་བྱ་བའི་མིང་དུ་བརྗོད་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་བའི་ཞེས་བྱ་བ་སྨོས་པ་ནི་དེ་དང་འབྲེལ་པའི་སྦྱིན་པ་ལ་སོགས་པ་སྦྱིན་པར་
བྱ་བ་ལ་སོགས་པ་མི་དམིགས་པའི་རྣམ་པ་ཉིད་དུ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ལ་ཤེས་རབ་ཅེས་བརྗོད་པར་བསྟན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཤེས་རབ་ཀྱི་བདག་ཉིད་ཡིན་པས་གྲོལ་བའི་
རྒྱུའི་ངོ་བོ་ཡིན་པར་ཀུན་དུ་བསྟན་ནས། དེའི་བདག་ཉིད་ཡིན་པར་བསྟན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་དོན་གྱི་མོས་པ་ཆེན་པོ་ཡིན་ནོ། །དེ་བཞིན་དུ་སྔ་མ་དག་ལ་ཡང་ཆུང་ངུ་ལ་སོགས་པའི་བྱེ་བྲག་བདག་ཉིད་ཇི་ལྟ་བ་བཞིན་
དུ་སྦྱར་བར་བྱའོ། །མོས་པ་ཡིད་ལ་བྱེད་པ་འདི་ཉིད་ཀྱི་ཕྱིན་ཅི་མ་ལོག་པར་སྟོན་པའི་བསྟོད་པ་ཤེས་རབ་ལྟར་བཅོས་པ་སྤངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པས་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོས་
མ་ཉིད་གསལ་བར་བྱ་བའི་ཕྱིར། མཁས་པ་ནམ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལ་སོགས་པའི་ཆོས་རྣམས་ཡང་དག་པར་ན་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཤེས་རབ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་གང་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ།
སྟོན་པ་གང་ལ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ལ་མི་དམིགས་པའི་རྒྱུ་བསྟན་པའི་ཕྱིར། ཆོས་ཀུན་སྐྱེ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་ལ་བཀུར་བ་ནི། ལ་ལས་གང་གཱའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་གིས་ན་ཞེས་བྱ་བ་ནི་བྱང་ཆུབ་སེམས་

དཔའ་ཞེས་བྱ་བ་ལྷག་མ་ཡིན་ཏེ། དེ་སྦྱིན་པ་ལ་ཞུགས་པ་ནི་བསམ་པ་དམ་པ་ལས་བྱུང་བ་ཉིད་ཀྱིས་མཆོག་ཏུ་གྱུར་པའི་ཕྱིར་རོ། །སེམས་ཅན་མཆོག་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལའོ། །མཆོག་ཅེས་བྱ་བའི་སྒྲ་ནི་དམ་པར་རྗོད་པར་བྱེད་པ་
ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་གཞན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ཞེས་བྱ་བ་རྒྱས་པར་གང་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཁམས་གསུམ་ལས་འདོད་ཆགས་ལས་བྲལ་བ་ལས་མཆོག་ཏུ་གྱུར་པ་གཞན་ཅི་ཞིག་ཡོད་སྙམ་དུ་བསམས་པ་ཡིན་
ནོ། །དེའི་ལན་གདབ་པར་སྨྲ་མཆོག་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་ལ་བྲིས་པ་ལའོ། །བསླབས་ནས་ཞེས་བྱ་བ་ནི་མཉན་པ་ལ་སོགས་པའི་རིམ་གྱིས་གོམས་པར་བྱས་པས་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་པ་ཉིད་
རྟོགས་པའི་འབྲས་བུ་ཡང་ཅི་རིགས་པར་སེམས་ཅན་རྣམས་ཀྱི་བྱང་ཆུབ་གསུམ་འབྱུང་བ་ཡིན་པས་དེ་ཐོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་རང་གི་ཉོན་མོངས་པ་ཙམ་སྤངས་པའི་མཚན་ཉིད་ཀྱིས་དགྲ་བཅོམ་པ་ཉིད་པས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་གླེགས་བམ་སྦྱིན་
པ་ཇི་སྐད་བཤད་པ་ཁྱད་པར་དུ་འཕགས་སོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ཉིད་རབ་ཏུ་སྒྲུབ་པའི་ཕྱིར་མྱུ་གུ་ལ་སོགས་པ་དང་ཆོས་མཐུན་པར་བསྔགས་པ་བསྟན་པའི་ཕྱིར་མྱུ་གུ་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མྱུ་གུ་ལྟ་བུ་ནི་བྱང་ཆུབ་ཀྱི་སེམས་བསམ་པ་དག་པའི་
སའི་མཚན་ཉིད་ཡིན་ཏེ། དེ་ནི་ཡལ་ག་ལ་སོགས་པ་ལྟ་བུ་འཇིག་རྟེན་དང་ཅིག་ཤོས་ཀྱི་ཆོས་དང་རྫོགས་པའི་བྱང་ཆུབ་རབ་ཏུ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དང་དེ་ཁོ་ན་ཉིད་ལ་མོས་པའི་ས་བོན་ལས་བྱུང་བའི་ཕྱིར་རོ། །ཉི་མ་ལྟ་བུ་ནི་རྣམ་པར་སྨིན་པའི་སས་བསྡུས་པ་ཡིན་ཏེ། དེ་ནི་མངོན་
པར་འདུ་བྱེད་པ་མེད་པར་མཚན་མ་མེད་པས་འོད་གསལ་བའི་ཕྱིར་དང་། སོ་སོ་ཡང་དག་པར་རིག་པའི་འོད་ཟེར་དག་གིས་དེ་ཁོ་ན་ཉིད་རབ་ཏུ་སྟོན་པ་སྔོན་དུ་འགྲོ་བ་ཅན་འགྲོ་བའི་དགེ་བའི་ལས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །མ་དྲོས་པ་ལྟ་བུ་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་སྒྲིབ་པ་ཐམས་ཅད་སྤངས་

པའི་ངོ་བོ་ཉིད་ཡིན་ནོ། །དེ་མེད་ན་ཆུ་ཀླུང་ལྟ་བུ་ཐོས་པ་ལས་བྱུང་བའི་ཡེ་ཤེས་ལ་སོགས་པ་མི་འཐད་པའི་ཕྱིར་ཏེ། དེ་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་གང་ལས་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་འབྱུང་བ་ནི་ཐོས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུ་བོའི་རྒྱུན་ཏེ།
དེ་ནི་བྱང་ཆུབ་ཀྱི་ས་བོན་རྒྱས་པར་བྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཡོན་ཏན་འཕེལ་བ་ནི་བསམ་པ་དང་བསྒོམ་པའི་བདག་ཉིད་དེ། དེ་ཡང་ཡང་དག་པར་དགའ་བའི་རྒྱུ་ཡིན་པའི་ཕྱིར་མེ་ཏོག་དང་འབྲས་བུ་ལྟ་བུ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ནི་སྟོབས་ལ་སོགས་པ་ཡོན་ཏན་རིན་
པོ་ཆེའི་མཚན་ཉིད་ཡིན་ཏེ། རང་དང་གཞན་གྱི་རྟེན་སྣང་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བསྟོད་པ་ལ་སོགས་པ་འདི་དག་ནི་རང་དང་གཉི་ག་དང་གཞན་གྱི་དོན་གྱི་སྐབས་ཀྱིས་ཐ་དད་པའི་རྣམ་པར་གཞག་པར་རིག་པར་བྱའོ། །དེས་ན་མདོ་གཞན་ལས་དེ་བཞིན་གཤེགས་
པ་རྣམས་ཀྱིས་བསྟོད་ཅིང་བཀུར་ལ་བསྔགས་པ་དག་དང་ཞེས་གསུངས་པ་འདི་ཡང་ལེགས་པར་དྲངས་པ་ཡིན་ནོ། །མོས་པ་ཡིད་ལ་བྱེད་པ་བཤད་ཟིན་ཏོ། །དེ་ལྟར་མོས་པས་ཟིན་པ་ནི་བསོད་ནམས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བའི་ཁྱད་པར་གྱིས་འཕེལ་བར་འགྱུར་བས།
འཇིག་རྟེན་འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྣང་བྱེད་ཅེས་བྱ་བ་ནི་སྣང་བར་བྱེད་པ་སྟེ་སྐར་མ་ཞེས་བྱ་བའི་ཐ་ཚིག་གོ། །སྲོག་ཆགས་ནི་སྲིན་བུ་མེ་ཁྱེར་ལ་སོགས་པ་སྟེ་འདི་ནི་ཉེ་བར་མཚོན་པར་ཟད་དོ། །འོད་ཟེར་གཅིག་ཕྱུང་ཞེས་བྱ་བ་ནི་འོད་གཅིག་ཕྱུང་བ་ལ་ཞེས་
བྱ་བའི་ཐ་ཚིག་གོ། །མི་ཕོད་ཅེས་བྱ་བ་ནི་ཆར་ཡང་མི་ཕོད་ཅེས་བྱ་བར་སྦྱར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བའི་སེམས་ལ་ཉན་ཐོས་ཀྱི་ཚོགས་བསགས་པའི་བསོད་ནམས་ཀྱི་ཚོགས་ཀྱིས་ཆར་ཡང་མི་ཕོད་དོ། །བསམ་པ་དམན་པའི་འབྲས་བུ་ཡིན་པའི་
ཕྱིར་རོ་ཞེས་བསྟན་པ་ཉན་ཐོས་ཚོགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དོན་གོ་བར་ཟད་དོ། །དེ་ལྟར་དགེ་བ་བསགས་པ་འཕེལ་བ་ཡང་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་དགོས་སོ། །དེ་ལྟ་བས་ན་བསྔོ་བ་ཡིད་ལ་བྱེད་པ་རྣམ་པ་ལྔ་སྟེ། མི་དམིགས་པའི་བསྔོ་

བ་ནི་བདེ་བར་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བས་བསྐྱེད་པའི་དགེ་བའི་རྩ་བ་མི་དམིགས་པའི་ཚུལ་གྱིས་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར། འདས་དུས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་
ནོ། །བྱེ་སྟོང་ཞེས་བྱ་བ་ནི་བྱེ་བ་སྟོང་རྣམས་ནའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པ་བསྟན་པ་མ་ནུབ་པ་རྣམས་ཞེས་བྱ་བའི་ཐ་ཚིག་སྟེ། ཡོངས་སུ་མྱ་ངན་ལས་འདས་ནས་རིང་ཞིག་ལོན་པ་ནི་གོང་དུ་འདས་པ་ཉིད་དུ་བཤད་
ཟིན་པའི་ཕྱིར་རོ། །དེ་བར་ཞེས་བྱ་བ་ནི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དམ་པའི་ཆོས་ནུབ་པའི་དུས་ཀྱི་བར་གྱི་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་དེའི་མཚན་ཉིད་ཇི་ལྟ་བུ་ཞིག་ཅེ་ན། ཕ་རོལ་ཕྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པའི་
ངོ་བོ་ཉིད་རྒྱུའི་གནས་སྐབས་ཀྱིས་བསྡུས་པ་དང་སངས་རྒྱས་ཀྱི་ཆོས་ཀྱི་བདག་ཉིད་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྲས་བུས་རབ་ཏུ་ཕྱེ་བ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །གང་ཡང་ཞེས་བྱ་བ་ནི་བསོད་ནམས་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་སྲས་རྣམས་ཞེས་བྱ་
བ་ནི་སངས་རྒྱས་ཀྱི་སྲས་རྣམས་ཀྱི་དགེ་བ་ཟག་པ་དང་བཅས་པ་སྟེ། གཞན་ནི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་བཤད་པའི་ཕྱིར་རོ། །ཟག་པ་མེད་པ་ཞེས་བྱ་བ་ནི་ཆོས་གང་ཡིན་པ་ཞེས་བྱ་བ་ལྷག་མ་ཡིན་ནོ། །བསྡུས་ནས་ཞེས་བྱ་བ་ནི་བློས་བསྡུས་ནས་བསོད་ནམས་དེ་ཞེས་
བྱ་བ་ལ་ཁོང་ནས་དྲང་ངོ་། །བྱང་ཆུབ་ཕྱིར་ཞེས་བྱ་བ་ནི་དེའི་ཆེད་དུའོ། །བསྔོ་ཞེས་བྱ་བ་ནི་ཡོངས་སུ་སྔོ་བར་བྱེད་པའོ། །དེ་ལྟར་ཡོངས་སུ་བསྔོ་ཞེས་བྱ་བ་ནི་ཡོངས་སུ་སྔོ་བར་བྱེད་པའོ། །གལ་ཏེ་སེམས་སུ་འདུ་ཤེས་འབྱུང་འགྱུར་ཞིང་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་ལ་འཛིན་པ་
ལ་སོགས་པར་ཞེན་པ་སྟེ་འདུ་ཤེས་ཀྱི་དོན་ནི་ཐམས་ཅད་ལ་ཡང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །འདུ་ཤེས་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། འདུ་ཤེས་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟ་གནས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་མངོན་པར་ཞེན་པའོ། །འདི་ལྟར་སེམས་

སྔར་བཤད་པའི་འདུ་ཤེས་གསུམ་གྱི་མཚན་ཉིད་ཀྱི་ཆགས་པ་གསུམ་པོ་དེ་ལ་ཆགས་པ་ཡིན་ཏེ། དེ་ལྟ་ན་ཡང་ཡོངས་སུ་བསྔོས་པར་མི་ཆུད་པས་ན་དམིགས་པ་ཡོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོངས་སུ་བསྔོ་བ་ནི་སྔོན་བསགས་པའི་དགེ་བ་ལ་བརྟེན་ནས་རྫོགས་པའི་སངས་རྒྱས་
ཉིད་དུ་རུང་བའི་སེམས་སྐྱེ་བ་ཡིན་ཏེ། སྒྲོ་འདོགས་པའི་སེམས་ནི་དེ་དང་མི་མཐུན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །མི་དམིགས་པ་ནི་ཕྱིན་ཅི་མ་ལོག་པ་ཡིན་པས་ཕྱིན་ཅི་མ་ལོག་པའི་བསྔོ་བ་སྟེ། དེ་ཡང་སྐད་ཅིག་མ་ཉིད་དུ་སོ་སོར་རྟོག་པས་བདག་ཏུ་ཕྱིན་ཅི་མ་ལོག་པའི་སྒོ་
ནས་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་དུ་ཞེས་བྱ་བ་ནི་བྱང་ཆུབ་ཏུའོ། །འདི་སྐད་དུ་རྣམ་པར་རྟོག་པས་ཡུལ་དུ་མ་བྱས་པར་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མི་སྲིད་ལ་དེར་རྣམ་པར་རྟོག་པ་ཡང་དུས་སྔ་མ་པ་ཡིན་པས་དེ་ཞིག་ན་ཡང་དག་པར་ན་དེའི་དམིགས་པར་
གྱུར་པ་བྱང་ཆུབ་ཀྱང་འཇིག་པར་འགྱུར་ཏེ། དེ་དང་ཐ་མི་དད་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །ཆོས་ལ་ཕྱིན་ཅི་མ་ལོག་པའི་སྒོ་ནས་ནི། ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ཕན་ཚུན་གཟུང་བ་ལ་སོགས་པ་མ་ཡིན་པའི་ཕྱིར་དང་ཡང་དག་
པར་ན་མ་སྐྱེས་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ཏེ། ཆོས་ཀྱིས་ཆོས་མི་ཤེས་སོ་ཞེས་བྱ་བ་གང་རྒྱས་པར་གསུངས་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པ་ཡང་སྐྱེ་བ་མེད་པ་ལ་ཡང་མཚན་མར་མི་བྱེད་པ་དང་ལྡན་པ་ཡིན་པས་དེའི་ཕྱིར་མཚན་མ་མེད་པའི་བསྔོ་བ་ནི། གལ་ཏེ་ཞེས་བྱ་བ་ལ་
སོགས་པ་འབྱུང་བ་ཡིན་ནོ། །ཆོས་ཀྱི་མཚན་མ་ཡང་ཁ་ཟས་བཟང་པོ་དུག་དང་འདྲེས་པ་ཟ་བ་ལྟ་བུར་མཐར་གནོད་པའི་ཕྱིར། ཇི་ལྟར་དུག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བས་ན་རྒྱལ་བས་གནང་བའི་ཡོངས་སུ་བསྔོ་བ་ཁོ་ན་མཆོག་ཡིན་པས་སངས་རྒྱས་ཀྱིས་གནང་བའི་
བསྔོ་བ་སྟེ། དེ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟར་རྒྱལ་བས་མཁྱེན་པ་དེ་ལྟར་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ཞེས་བྱ་བ་ནི་དགེ་བ་དེ་ཞེས་བྱ་བར་སྙག་གོ། །དེ་ཡོངས་སུ་མཁྱེན་པ་ཡང་རྣམ་

པ་དང་རྒྱུ་དང་མཚན་ཉིད་ཀྱི་སྒོ་ནས་ཡིན་པར་བསྟན་པའི་ཕྱིར། རྣམ་པ་གང་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་ཚུལ་དེ་ལྟར་ན་སངས་རྒྱས་མི་སྤོང་བའི་རྒྱུ་ཡིན་ནོ། །རྒྱལ་བས་གསུངས་པ་སྨྲ་ཞེས་བྱ་བ་ནི་དེས་གནང་བའི་
ཡོངས་སུ་བསྔོ་བ་དང་ལྡན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེའི་ཕྱིར་བསོད་ནམས་ཀྱི་ཚོགས་མཚུངས་པ་མེད་པས་བསོད་ནམས་ཆེན་པོའི་བསྔོ་བ་སྟེ་ལྔ་པ་དེ་ནི་དེ་ལྟར་ཡོངས་སུ་བསྔོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་དམིགས་པ་
ཅན་ཐམས་ཅད་དོ། །ལྷག་མ་ནི་གོ་སླའོ། །དག་པ་འཇིག་རྟེན་པའི་བསྒོམ་པའི་ལམ་བཤད་ཟིན་ཏོ། །འཇིག་རྟེན་ལས་འདས་པ་ནི་སྒྲུབ་པ་དང་རྣམ་པར་དག་པའི་མངོན་པར་རྟོགས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་མངོན་པར་རྟོགས་པ་དང་པོ་ནི་ཕ་རོལ་ཏུ་
ཕྱིན་པ་ཐམས་ཅད་ཀྱི་མིག་ཏུ་གྱུར་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་ཕྱིར་ཏེ། དེ་ནི་དམུས་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དམུས་ལོང་སྨོས་པ་ནི་ཤིན་ཏུ་རང་དབང་མེད་པར་བསྟན་
པའི་ཕྱིར་ཏེ་གཞན་ནི་སྔོན་གོམས་པས་ཀྱང་ལམ་ཤེས་པར་འགྱུར་རོ། །མིག་མེད་ཅེས་པ་ནི་མིག་མེད་པ་དག་སྟེ། དངོས་གཞིའི་གནས་སྐབས་ན་ཤེས་རབ་ཀྱི་མིག་མེད་པའི་ཕྱིར་རོ། །དམིགས་བུ་མེད་པས་ཞེས་བྱ་བ་ནི་མཇུག་གི་གནས་སྐབས་ན་ཤེས་རབ་ཀྱི་དམིགས་
བུ་དང་བྲལ་བའི་ཕྱིར་རོ། །གང་ཚེ་ཞེས་བྱ་བ་ནི་གནས་སྐབས་གང་ནའོ། །ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་བདག་གིར་བྱས་པ་ཞེས་བྱ་བར་སྦྱར་རོ། །འདིའི་མིག་ཅེས་བྱ་བ་ནི་ཤེས་རབ་ཅེས་བྱ་བའི་མིག་ཅེས་བྱ་བར་སྙག་གོ། །
དེ་མེད་ན་རི་མོའི་ལས་བཞིན་དུ་རྙེད་པ་ཕུན་སུམ་ཚོགས་པའི་མཆོག་མེད་པས་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དོན་གོ་བར་ཟད་དོ། །དེ་ཡང་མི་དམིགས་པའི་བདག་ཉིད་ཡིན་པས་མི་དམིགས་པའི་རྣམ་པ་སྒྲུབ་པའི་ཕྱིར་ནི་གང་ཚེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་

ནོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་ལ་སོགས་པ་ལ་དམིགས་པ་དང་འགལ་བས་རྣམ་པ་ཐམས་ཅད་དུ་དབེན་པར་སྤྱོད་ཡུལ་གཅིག་པའི་ཕྱིར་རོ། །འདིས་ནི་དག་པ་འཇིག་རྟེན་པ་ལས་ཁྱད་པར་དུ་
བསྟན་པ་ཡིན་ནོ། །དེའི་སྤྱོད་ཡུལ་ནི་ཆོས་ཐམས་ཅད་སྣང་བ་ཙམ་ཡིན་པའི་ཕྱིར་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་ངོས་དང་འདྲ་བ་ཐུགས་སུ་ཆུད་དོ། །རྗེས་ལས་ཐོབ་པ་ནི་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའི་བར་དུ་གཟིགས་སོ་ཞེས་གང་བཤད་
པ་ཡིན་ནོ། །དེ་ལྟར་ན་དམིགས་པ་དང་བཅས་པའི་སྙིང་བརྩེ་བ་ཡང་འཁྲུལ་པ་ཡིན་པས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་སླའོ། །ད་ལྟར་སྒྲུབ་པ་ནི་རིམ་གྱིས་སྒྲིབ་པ་དང་བྲལ་བས་མངོན་པར་རྟོགས་པ་གཉིས་པའོ། །དེ་ཉེ་བར་བསྟན་པ་ཡང་རིགས་མཐུན་
པ་ལས་རབ་ཏུ་སྐྱེ་བའི་རྒྱུ་ཅན་ཡིན་པས་དེ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྔོན་ཆད་སྤྱོད་པའི་ཚེ་ཞེས་བྱ་བ་ནི་ཚེ་སྔ་མ་ལའོ། །སོམ་ཉི་མེད་ཅེས་བྱ་བ་ནི་བློ་གྲོས་སོམ་ཉི་མེད་པ་ཁོ་ནར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐོས་མ་ཐག་
ཏུ་ཞེས་བྱ་བ་ནི་ཐོས་པ་ཙམ་ཁོ་ན་སྟེ། ཚེ་འདི་ལ་ཞེས་བྱ་བ་ལྷག་མ་ཡིན་ནོ། །སྟོན་པའི་འདུ་ཤེས་སྐྱེད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བར་སྦྱར་རོ། །དེས་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱིས་རྟོགས་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། རྫོགས་
པའི་བྱང་ཆུབ་ཏུ་ངེས་པའི་ཕྱིར་མཐུན་པའི་རྒྱུ་ཕུན་སུམ་ཚོགས་པས་དེ་ཁོ་ན་ཉིད་ལ་མོས་པའི་ཕྱིར་རོ། །འགྱུར་ཞེས་བྱ་བ་ནི་འགྱུར་རོ། །དེ་སྤོང་བའི་རྒྱུ་སེལ་བའི་སྒོ་ནས་ནི། སྔོན་སྤྱོད་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྙེན་བཀུར་བྱས་སུ་ཟིན་ཀྱང་ཞེས་བྱ་བ་
ལྷག་མ་ཡིན་ནོ། །སྤོང་བྱེད་དེ་ཞེས་བྱ་བ་ནི་བདེ་བར་གཤེགས་པ་ལ་མཆོད་པ་ཤེས་རབ་ལ་མོས་པ་མེད་པ་ནི་དེ་ལ་མོས་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །སྐྱབས་མེད་གྱུར་པ་ནི་དེ་ཁོ་ན་ཉིད་སྤོང་ན་བསོད་ནམས་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ལ་མོས་པ་ཕུན་སུམ་ཚོགས་པ་ནི་

དེ་དང་རིགས་མཐུན་པ་ལས་རབ་ཏུ་སྐྱེ་བ་ཅན་ཡིན་པས། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལེགས་པར་དོན་དུ་གཉེར་བ་དེ་སྤོང་བ་དང་ལྡན་པ་ནི་ཚོང་པ་རིན་པོ་ཆེའི་གླིང་དུ་འགྲོ་བ་རང་གི་ཟོང་ཟད་པ་བཞིན་དུ་བདེ་བར་གཤེགས་པ་ལ་མཆོད་པ་ལ་
སོགས་པ་ཡང་དོན་མེད་པ་ཁོ་ནར་འགྱུར་བས། དཔེར་ན་ཚོང་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲས་བུ་དག་པའི་རྣམ་པའི་སྒོ་ནས་ནི་གཟུགས་ཀྱི་དག་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །གཟུགས་ཀྱི་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཕུང་པོ་ལ་སོགས་པའི་ཞེས་
བྱ་བའི་ཐ་ཚིག་གོ། །འབྲས་བུ་དག་པ་ནི་སློབ་པའི་གནས་སྐབས་ན་སྟེ། དག་པ་ནི་སྒྲོ་བཏགས་པས་དབེན་པའི་སྒོ་ནས་ཡིན་པར་སྦྱར་རོ། །དེའི་ཕྱིར་གཟུགས་ལ་སོགས་པ་དེ་དང་མི་སློབ་པའི་གནས་སྐབས་སུ་ཡང་ཐ་མི་དད་པས་འབྲས་བུ་གཟུགས་དག་ཅེས་བྱ་བ་ལ་སོགས་པ་
སྨོས་སོ། །གཞན་ཉིད་ཡིན་བཞིན་དུ་ཇི་ལྟར་དེ་ལྟ་ཡིན་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱེར་མེད་གཅད་དུ་མེད་ཅེས་བྱ་བ་ནི་གོ་རིམས་བཞིན་དུ་རྫས་དང་རྣམ་པ་ཐ་དད་པ་མེད་པའི་ཕྱིར། དེ་ལྟར་རོ་གཅིག་པར་རྟོགས་པ་ཉིད་ཤིན་ཏུ་དག་པ་ཡིན་ནོ་སྙམ་
དུ་དགོངས་པ་ཡིན་ཏེ། དེ་ལྟ་བུ་འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་ཉིད་བཤད་པ་ཡིན་ནོ།། །།འདི་མན་ཆད་ནི་བྱང་ཆུབ་གཞན་ཤེས་པར་བྱས་ནས་སྤང་བར་བྱ་དགོས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ཉིད་དེ། དེ་ཡང་། ཤེས་པས་སྲིད་ལ་མི་གནས་
ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཕུང་པོ་ལ་སོགས་
པ་ཙམ་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་ཤེས་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཅིའི་སླད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། ནང་དང་ཕྱིའི་

ཆོས་འདི་ཙམ་དུ་ཟད་ལ་དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི་ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ་རྣམ་པ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ཡང་སྲིད་པ་དང་ཞི་བ་ལ་མི་གནས་པའི་སྒོ་ནས་སྤོང་བས། ཁམས་གསུམ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། ཁམས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་དག་གོ། །དེ་དག་ལས་ཡང་དག་འདས་པ་ནི་དེ་དག་གི་རང་གི་ངོ་བོ་ཡོངས་སུ་ཤེས་པས་དེ་ལ་སྲེད་པ་མེད་པའི་ཕྱིར་རོ། །རྣམ་པར་གྲོལ་བའང་མིན་ཞེས་བྱ་བ་ནི་གཞན་ལ་ཕན་པར་བྱ་བའི་ཕྱིར་
སྐྱེ་བ་ལ་སོགས་པ་སྟོན་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་ཉོན་མོངས་བསལ་བར་གྱུར་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་དང་བྲལ་ཡང་སྙིང་རྗེ་ཆེན་པོ་གཞན་གྱི་དབང་གིས་གྲོང་དུ་རྒྱུ་བ་བཞིན་དུ་སྤྲུལ་པའམ་སྐྱེ་བ་ལ་དབང་ཐོབ་པས་སྐྱེ་བ་ལ་འགལ་བ་མེད་
པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྐྱེ་བའི་སྲིད་པའི་ཉོན་མོངས་པ། །ཀུན་གྱི་ཉོན་མོངས་ཞེས་བཤད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་མཐུན་པའི་སྐྱེ་བ་ལ་དགོངས་པ་ཡིན་ཏེ་སྤྲོས་པས་ཆོག་གོ། །ཚུལ་ལུགས་རྨད་དུ་བྱུང་བ་འདི་ག་ལས་ཡིན་ཞེ་ན། ཤེས་རབ་
ཕ་རོལ་ཕྱིན་པ་ཡིས་ཞེས་བྱ་བ་སྨོས་སོ། །དེ་ཁྱད་པར་དུ་བྱ་བའི་ཕྱིར་གར་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་གཞན་ལ་སྙིང་བརྩེ་བས་རབ་ཏུ་ཕྱེ་བ་གང་ཡིན་པ་དེ་ནི་མིག་འཕྲུལ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་
མི་མཐུན་པ་ནི་སྲིད་པའི་ཚོགས་སུ་གྱུར་པའི་ཕྱིར་ཕུང་པོ་ལ་མངོན་པར་ཞེན་པ་ཡིན་པས་འགྲོ་བ་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མིང་ནི་ཚོར་བ་ལ་སོགས་པའི་ཕུང་པོ་བཞིའོ། །གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། མིང་དང་གཟུགས་ནི་ཆགས་པའི་གནས་ཡིན་པའི་
ཕྱིར་དང་། རྒལ་བར་དཀའ་བའི་ཕྱིར་འདམ་རྫབ་ལྟ་བུར་འདམ་ཡིན་ནོ། །དེ་དག་ལ་ཆགས་པ་ཡང་སྲིད་པའི་རྒྱུ་མ་རུངས་པ་ཡིན་པས་འཁོར་བའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་ནི་རླུང་གི་འཁོར་ལོ་བཞིན་དུ་ཉོན་མོངས་པ་དང་ལས་དང་ཚེ་རྣམས་རྒྱུན་མི་

འཆད་པར་འབྱུང་བའི་ཕྱིར་འཁོར་ལོ་ལྟ་བུ་ཡིན་ནོ། །དེའི་གཉེན་པོ་ཡང་མི་མཐུན་པའི་ཉེས་པ་རྟོགས་པའི་སྒོ་ནས་ནི་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཁྲུལ་པ་ཞེས་བྱ་བ་ནི་འགྲོ་བ་འཁྲུལ་པ་ཞེས་བྱ་བར་སྦྱར་རོ། །རི་དྭགས་
རྒྱར་ཆུད་འདྲ་ཞེས་བྱ་བ་ནི་རི་དྭགས་རྒྱར་ཆུད་པ་དང་འདྲ་བ་སྟེ། ངེས་པར་འབྱུང་བ་མ་ཐོབ་པའི་ཕྱིར་རོ། །བདག་ཉིད་མ་འཁྲུལ་བས་འགྲོ་བ་བསྐྱབ་པར་འཇུག་པའི་སྒོ་ནས་ནི་ཤེས་རབ་ལྡན་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །རྣམ་པར་རྒྱུ་ཞེས་བྱ་བ་ནི་མིང་ལ་སོགས་པ་ལ་མི་
གནས་པ་རྣམས་སྙིང་རྗེས་འགྲོ་བ་ལ་ཕན་པར་བྱ་བའི་ཕྱིར་འཇུག་གོ། །དེ་ལྟ་མ་ཡིན་ན་བྱང་ཆུབ་གཞན་སྤོངས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ལ་སོགས་པ་འདི་དག་ལ་མི་སྤྱོད་པ་ཁོ་ན་སྦྱོར་བ་ཡིན་པས། སྤྱོད་པ་ཡོངས་དག་ཅེས་བྱ་བ་ལ་སོགས་
པ་གསུངས་ཏེ། ཆགས་པ་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་བརྟེན་པ་དང་ཅིག་ཤོས་ལ་སོགས་པའི་རྣམ་པར་མངོན་པར་ཞེན་པའི་མཚན་ཉིད་དག་གོ། །དེ་ཡོངས་སུ་སྤངས་པའི་